སྐུ་འབུམ་དགེ་བཤེས་སངས་རྒྱས་ཆོས་གྲགས་ཀྱི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-25 20:29:23     རྩོམ་པ་པོ།   སྐུ་འབུམ་སངས་རྒྱས་རྒྱ་མཚོ།    ཀློག་ཐེངས།  

༄༅།།རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་ཞལ་ནས། གཞུང་ལུགས་བརྒྱ་ཕྲག་ཚོགས་པའི་ཆུ་བོའི་ཁམས།། ཟབ་བརླིང་རྣམ་དཔྱོད་ནོར་བུ་ཀེ་ཏ་ཀས།། བགྲུངས་པར་བྱས་པའི་ཡང་དག་རིང་ལུགས་རྒྱུན།། འབྱེད་མཁས་སངས་རྒྱས་ཆོས་གྲགས་མཚན་ཅན་དེས།། ཀུན་རྨོངས་ཆེར་འཐིབས་རང་ཡུལ་རྒྱབ་བསྐྱུར་ཏེ།། བཤུལ་རིང་དམ་པའི་གདན་སར་ཞུགས་པ་ན།། རིགས་ལམ་འབྱེད་ལ་དྲི་མེད་ཤེས་རབ་མིག། དད་བརྩོན་ཐུར་མས་ཕྱེས་པའི་ཚུལ་དེ་རྨད།། ཅེས་གསུངས་པ་ལྟར། གཞུང་བརྒྱའི་མངའ་བདག་སངས་རྒྱས་ཆོས་གྲགས་དཔལ་བཟང་བོ་ནི། རབ་བྱུང་བཅུ་བཞི་བའི་ཤིང་རྟ་༼ སྤྱི་ལོ་༡༨༣༤ ༽ལོར་སྨད་སོག་ཧ་ལ་ཤན་དུ་ཞེས་འབོད་པའི་ས་ཆར་ཧོར་གྱི་རིགས་སུ་སྐུ་འཁྲུངས། མེས་པོའི་དུས་སུ་འབྱོར་ལྡན་དཔེར་འོས་པ་ཞིག་ཡིན་འདུག་ཀྱང་། དགེ་བཤེས་ཁོང་ཉིད་སྐྱེ་བའི་སྐབས་དེར་དབུལ་ཕྱུག་རན་ཙམ་ཡིན་གསུངས། ལྷ་རམས་པ་སངས་རྒྱས་བསྟན་པའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་བསྒྲུབས། མཚན་སངས་རྒྱས་ཆོས་གྲགས་སུ་གསོལ། ཐུ་ཀུ་སུ་ཁུ་རལ་དགོན་པའི་ཆོས་གྲྭར་ཞུགས་ནས་གཞུང་ལུགས་ལ་སྦྱངས།

དགུང་ལོ་བཅུ་བདུན་པ་ལྕགས་ཁྱི་༼ སྤྱི་ལོ་༡༨༥༠ ༽ལོར་མདོ་སྨད་དུ་བྲོས་སྟབས་ཀྱིས་བྱོན། སྐུ་འབུམ་དང་བླ་བྲང་བཀྲ་ཤིས་འཁྱིལ་གང་རུང་དུ་བཞུགས་རྩིས་ཡོད་ཀྱང་། བཞུགས་སྟབས་མ་བདེ་བར་རེ་ཞིག་རང་ཡུལ་དུ་ཕྱིར་ལོག་མཛད་དགོན་བདག་བཙན་པོ་ཞིག་ཡོད་པར་ཐབས་མཁས་ཀྱིས་གནང་བ་ཁྲོལ་ནས། དགུང་ལོ་བཅོ་བརྒྱད་པ་ལྕགས་ཕག་༼ སྤྱི་ལོ་༡༨༥༡ ༽ལོར་སླར་ཡང་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་བཤད་སྒྲུབ་གླིང་གི་ཆོས་གྲྭར་ཞུགས། སྨད་སོག་ཨོར་ཏུ་སུའི་དགེ་བཤེས་ལྷུན་གྲུབ་ཚང་དགེ་རྒན་དུ་བསྟེན་ནས་བློ་རྟགས་ལ་སྦྱངས། དགེ་བཤེས་ལྷུན་གྲུབ་ཚང་རང་ཡུལ་དུ་ཕེབས་པས་ཇ་རོད་དགེ་བཤེས་ཡེ་ཤེས་མཆོག་གྲུབ་ཚང་དགེ་རྒན་དུ་བསྟེན། ཕར་ཕྱིན་སྐབས་བརྒྱད་ཀ་དེའི་ཟུར་བཀོལ་དང་བཅས་པ།  དབུ་མ། འདུལ་བ། མཛོད་རྣམས་རང་རང་གི་རྩ་འགྲེལ་དང་། སྒོ་མང་ཡིག་ཆ་གཞིར་བཟུང་ཐོག སྐབས་གང་ཡིན་གྱི་རྗེ་ཡབ་སྲས་ཀྱི་གསུང་ཡོད་དོ་ཅོག གུང་ཐང་བསྟན་པའི་སྒྲོན་མེ་དང་། ཆོས་གྲགས་ཀྱི་གཞུང་སོགས་སྦྱར་ཏེ་འཛིན་སྐྱོར་བརྒལ་བརྟགས་ཀྱི་རྩོད་གྲྭ་ལོ་དྲུག་རིང་འགྲིམས། དེའི་ཚེ་དབུས་ནས་ཐུ་མེད་ཡེ་ཤེས་ལྷུན་གྲུབ་ཅེས་པའི་དགེ་བཤེས་མཁས་པ་ཞིག་ཕེབས་པའི་དྲུང་ནས་འདུལ་བའི་གཞི་སྟོད་དང་། ཨ་ལག་ཤའི་དགེ་བཤེས་བསྟན་འཛིན་ལ་འདུལ་མཛོད་ཀྱི་དོགས་གཅོད་མང་བོ་ཞུས། འདུལ་བའི་འཛིན་གྲྭར་བཞུགས་སྐབས་ཧོས་ཧོས་དམག་འཁྲུག་ལངས་པས་རྩོད་པ་དང་ཆོས་གྲྭར་སྔར་རྒྱུན་ལྟར་མེད་ཀྱང་དཔེ་ཀློག་གཞན་གྱིས་བློས་མི་འཁྱུད་པ་མཛད་པར་གསུངས།

དགུང་ལོ་ཉེར་བདུན་པ་ལྕགས་སྤྲེལ་༼ སྤྱི་ལོ་༡༨༦༠ ༽ལོར་ཁུར་ལུག་དགེ་བཤེས་བཤད་སྒྲུབ་ཉི་མའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དུས་གཟིར་གྱི་དབང་གིས་སྐུ་འབུམ་དུ་བཞུགས་མི་བདེ་བ་བཟོས་པས། དགུང་ལོ་སོ་བཞི་བ་རབ་ཚེས་མེ་ཡོས་༼ སྤྱི་ལོ་༡༨༦༧ ༽ལོར་མགོ་ལོག་རྭ་རྒྱ་དགོན་པར་ཕེབས།  དགོན་དེར་དམ་བཅའ་འཇོག་སྐབས་དཔྱོད་ལྡན་ཕལ་ཆེར་སྤ་སྐོང་སྟེ་འཇིགས་ཞུམ་པར་བྱས། དགོན་དེའི་དོན་གཉེར་ཅན་མང་བོར་དཔེ་ཁྲིད་ནར་མར་མཛད། དགུང་ལོ་སོ་དྲུག་པ་ས་སྤྲུལ་༼ སྤྱི་ལོ་༡༨༦༩ ༽ལོར་བྲག་དཀར་སྤྲེལ་རྫོང་བརྒྱུད་ནས་སྐུ་འབུམ་དུ་རིབ་ཙམ་ཕེབས། ཆེ་ཤོས་སྤྲུལ་སྐུའི་ཟླ་གྲས་ཀྴེ་ཏྲ་བ་ལ་དང་འགྲོགས་ཏེ་གསང་ལམ་བརྒྱུད་འཁྲུངས་ཡུལ་ཧ་ལ་ཤན་དུ་ཞེས་པར་ཕེབས།  དེར་ལོ་ངོ་གཅིག་ཙམ་ལས་མ་བཞུགས་པར།  དགུང་ལོ་སོ་བདུན་པ་ལྕགས་རྟ་༼ སྤྱི་ལོ་༡༨༧༠ ༽ལོར་པད་དཀར་ཆོས་གླིང་དགོན་པར་ཕེབས། ཁྲི་འཛིན་ཨ་ས་ཝ་ལྷ་རམས་པ་རྒྱལ་མཚན་ཚང་གིས་གསུང་ནན་བཞིན་ཚོགས་སུ་ཞུགས་ནས་ཕར་ཕྱིན་གྱི་རྩོད་གྲྭ་གནང་། ཕར་ཕྱིན་སྟོན་མོའི་སྐབས་དགུན་ཟླ་འབྲིང་བོའི་ཚེས་ཉི་ཤུའི་ཟླ་བ་མ་ཤར་བར་དུ་དམ་བཅའ་འཇོག་སྲོལ་ལྟར། རྒྱུན་རྟག་པར་ཁས་བླངས་པས་འདུས་པ་ཐམས་ཅད་ཀྱིས་དེ་ནི་གང་དང་ཡང་མི་མཐུན་ཟེར་ཞིང་། རྩོད་པ་དཔེ་མེད་བྱས་ཀྱང་ཁས་ལེན་ཤོར་ཚབས་ཅི་ཡང་མ་བྱུང་ཞེས་གསུངས།

དགུང་ལོ་བཞི་བཅུ་བ་ཆུ་བྱ་༼ སྤྱི་ལོ་༡༨༧༣ ༽ལོར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་ཕུ་རང་དང་། འཇམ་དབྱངས་རྩེ་མགོ་སོགས་གནས་ངེས་མེད་དུ་བཞུགས་ཏེ་བྱང་ཆུབ་ལམ་རིམ་ཆེན་མོ་ཆ་ཚང་ཐུགས་འཛིན་གནང་། ལོ་བཅུ་གསུམ་རིང་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། དགུང་ལོ་ང་གཉིས་པ་ཤིང་བྱ་༼ སྤྱི་ལོ་༡༨༨༥ ༽ལོར་ཨ་རུ་ཧོར་ཆེན་དུ་ཕེབས་ནས་དམ་བཅའ་ལེགས་པར་བཞག དགོན་དེའི་བླ་མ་དད་གུས་ཚད་མེད་སྐྱེས་ཏེ་གནམ་སྔོན་སྤྲུལ་སྐུ་ཧོ་ཐོག་ཐུ་སོགས་ཀྱི་ཡོངས་འཛིན་དང་རྒྱུད་གྲྭའི་ཁྲིར་བཞུགས་དགོས་བྱུང་། ལན་གཅིག་ཉིད་ཀྱི་དགེ་རྒན་ཇ་རོད་ཡེ་ཤེས་མཆོག་གྲུབ་ཚང་ཇ་རོད་བེ་ལིའི་དགོན་ཆུང་ཞིག་ཏུ་བཞུགས་འདུག་པ་མཇལ་བར་ཕེབས་སྐབས། ཇ་རོད་ཨལ་ཐན་ཝ་རུ་སུ་ཟེར་བའི་དགོན་ཆེན་དུ་དགེ་བཤེས་ཡེ་ཤེས་མཆོག་གྲུབ་དཔེ་ཁྲིད་ལ་གདན་འདྲེན་གྱི་དུས་དང་ཁེལ་བས། གདན་འདྲེན་པ་རྣམས་ལ། དགེ་བཤེས་འདི་འདྲ་བ་གདན་དྲོངས་ན། འདིའི་ཚོད་ཀྱིས་ང་ལ་ཅི་ཡང་བཤད་རྒྱུ་མེད་པས་ངེས་པར་གདན་དྲོངས་ཤིག་གསུངས་པ་ལྟར་སྐུ་ཚབ་ཏུ་ཕེབས་དགོས་ཤར་ཏེ། ལོ་གཅིག་ཙམ་གྱི་རིང་ཕར་ཕྱིན་གྱི་བཤད་ཁྲིད་ལེགས་པར་གནང་། གནམ་སྔོན་ཧོ་ཐོག་ཐུའི་དགོན་པ་བཀྲ་ཤིས་དགེ་འཕེལ་དང་། ཐ་སྤོ་སུ་མི་དགོན་གཉིས་སུ་ལོ་ཤས་བཞུགས་རེས་མཛད་ཀྱིན་དབུ་ཕར་འདུལ་མཛོད་རྣམས་ཀྱི་འཆད་ཉན་བསྐྱངས། དགོན་པ་དེ་གཉིས་སུ་སྔོན་ཆད་རང་གཞུང་ཐལ་ཕྲེང་སྟེང་ནས་སློབ་གཉེར་བྱེད་པ་མ་གཏོགས། གཞུང་ཆེན་མོ་རྣམས་ལ་བལྟ་སྲོལ་ཆེར་མེད་ཀྱང་། དགེ་བཤེས་ཁོང་ཉིད་བྱོན་ཚུན་ཆད་གསེར་ཕྲེང་དང་། རྟོགས་དཀའི་སྣང་བ། རྣམ་བཤད་སྙིང་བོ་རྒྱན། རྩ་འཇུག་གི་ཊྰིཀ་ཆེན་སོགས་རྒྱ་བོད་ཀྱི་གཞུང་གུང་བསྒྲིགས་ནས་དོན་གྱི་འགངས་ཚུགས་ལུགས་དང་། ཚིག་གི་ཞིབ་ཆ་འདོན་ཚུལ་སོགས་བློ་སྐྱེད་ཆེན་པོ་བྱུང་བས་དགོན་པ་དེ་གཉིས་ལ་བཀའ་དྲིན་གཞལ་མེད་ཡིན་ཞེས་རྒྱུན་དུ་གླེང་། སྐབས་སྔ་ཕྱི་དེར་གནམ་སྔོན་བཀྲ་ཤིས་དགེ་འཕེལ་དགོན་པར་དགེ་བཤེས་སངས་རྒྱས་ཆོས་གྲགས་ཚང་གིས་གནམ་སྔོན་སྤྲུལ་སྐུ་དང་། ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་དོན་གཉེར་ཅན་མང་བོར་ལེགས་བཤད་གསེར་ཕྲེང་དང་། རྣམ་བཤད་སྙིང་བོ་རྒྱན། རྟོགས་དཀའི་སྣང་བ། ཕར་ཕྱིན་མཐའ་དཔྱོད་དང་ཕར་ཕྱིན་མཆན། སྐབས་བཞི་བའི་བསྡུས་དོན་བཅས་ཀྱི་མཛུབ་ཁྲིད་དང་། དེར་མ་ཟད་རྣམ་འགྲེལ་ཊྰིཀ་ཆེན་རིགས་པའི་རྒྱ་མཚོ་དང་། ཐར་ལམ་གསལ་བྱེད། རྣམ་ངེས་ཊྰིཀ་ཆེན། ཚད་མ་རིགས་རྒྱན།  ཚད་མ་སྡེ་བདུན་སོགས་རྗེ་ཡབ་སྲས་རྣམས་ཀྱི་ལེགས་བཤད་ཐང་མར་བརྡལ་བའི་དགའ་སྟོན་སྤེལ། 

 དགུང་ལོ་ང་དྲུག་པ་ས་གླང་༼ སྤྱི་ལོ་༡༨༨༩ ༽ལོར་སླར་ཡང་རི་བོ་རྩེ་ལྔར་ཕེབས། ང་བདུན་པ་ལྕགས་སྟག་༼ སྤྱི་ལོ་༡༨༩༠ ༽ལོར་མདོ་སྨད་སྐུ་འབུམ་དུ་ཕེབས། ལོ་དེའི་སྟོན་ཀར་རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོར་མཇལ། ང་བརྒྱད་པ་ལྕགས་ཡོས་༼ སྤྱི་ལོ་༡༨༩༡ ༽ལོར་རི་ཁྲོད་མཚེར་མོ་ཆེར་རྗེ་ཞྭ་དམར་རིན་པོ་ཆེའི་དྲུང་ནས་ལམ་རིམ་བདེ་ལམ་གྱི་ཁྲིད་གསན། ང་དགུ་བ་ཆུ་འབྲུག་༼ སྤྱི་ལོ་༡༨༩༢ ༽ལོའི་ཧོར་ཟླ་གསུམ་པའི་ཚེས་བཅུ་བདུན་ནས་ལྡེ་ཚའི་དགོན་དུ་རྗེ་ཞྭ་དམར་རིན་པོ་ཆེའི་དྲུང་ནས་ཆོས་གསན་མཁན་བདུན་ཅུ་ཙམ་དང་ལྷན་དུ་ལམ་རིམ་ཆེན་མོའི་སྐྱེས་བུ་ཆེན་པོའི་ཆོས་སྐོར་སྤྱོད་པ་སྤྱི་བསླབ་བར་དང་། ལྷག་མཐོང་གི་ཕྱེད་ཙམདང་། མཎྚལ་གྱི་ཁྲིད་སོགས་གསན། ལོ་དེའི་ཧོར་ཟླ་དྲུག་པར་རི་ཁྲོད་མཚེར་མོ་ཆེར་རྗེ་ཞྭ་དམར་རིན་པོ་ཆེ་དང་ལྷན་ཅིག་རྣམ་བཤད་སྙིང་བོ་རྒྱན་དང་གསེར་ཕྲེང་གཞིར་བཟུང་། རྗེས་འབྲངས་ཀྱི་ཡིག་ཆ་དུ་མ་གུང་བསྒྲིགས་ཏེ་ལུང་རིགས་ཀྱི་བགྲོ་བ་མཛད། འདི་དུས་དགེ་བཤེས་ཚང་ལ་ན་བཟའ་སོགས་ཕུལ། ལོ་དེའི་དགུན་ཐོག་བན་གྲོའི་མཁར་ནང་གི་སྒྲུབ་ཁང་དུ་རྗེ་ཞྭ་དམར་རིན་པོ་ཆེ་དང་ལྷན་ཅིག་གཞུང་གི་དཀའ་གནས་ལ་འདྲི་རྨེད་གནང་བ་སོགས་སྔར་རྒྱུན་ལྟར་མཛད། དགེ་བཤེས་ཚང་གིས་རྗེ་ཞྭ་དམར་རིན་པོ་ཆེའི་རྗེས་འབྲང་རི་ཁྲོད་པ་དོན་གཉེར་ཅན་འགའ་ཞིག་ལ་གྲུབ་མཐའ་རིན་ཆེན་ཕྲེང་བའི་མཛུབ་ཁྲིད་གནང་། དགེ་བཤེས་ཚང་སྐུ་འབུམ་དུ་བཞུགས་པའི་ཚེ་རི་ཁྲོད་དུའང་ཕེབས་ཏེ་མདོ་སྔགས་ཀྱི་རྣལ་འབྱོར་ལ་ཅི་དགར་རོལ་བར་མཛད། རྗེས་སུ་ཨ་རུ་ཧོར་ཆེན་ཆ་གན་ཧུ་ཐོག་ཐུ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་སྐུ་འབུམ་དུ་སློབ་གཉེར་ལ་ཕེབས་པས་དགེ་བཤེས་ཚང་གདན་དྲངས་ཏེ་ཡོངས་འཛིན་དུ་བཀུར། ཆ་གན་ཧུ་ཐོག་ཐུ་དང་། ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་སློབ་གཉེར་བ་རྣམས་ལ་དབུ་མ་དང་། འདུལ་བ། མཛོད་སོགས་ཀྱི་གཟབ་ཁྲིད་རྒྱུན་རིང་གནང་། དགེ་བཤེས་ཚང་གིས་གཞུང་ཆེན་ཁྲིད་ལུགས་ནི་མདོ་རྒྱུད་དགོངས་འགྲེལ་དང་མཐུན་ཞིང་གོ་བ་བོགས་ཆོད་དུ་སྟེར་ནུས་པ་སོགས་གཞན་དང་མི་འདྲ་བར་བཤད། དེ་ནི་ཡང་ཀྱཱ་ལྷ་རམས་པ་བློ་བཟང་ཆོས་དར་དང་། ལྷ་རམས་པ་སངས་རྒྱས་གཉིས་ཀྱི་ཁྲིད་རྒྱུན་གྱི་དབང་གིས་ཡིན་ཞིང་། སྐུ་འབུམ་གྱི་སློབ་གཉེར་སྔར་ཧོས་ཧོས་འཁྲུག་པའི་རྐྱེན་གྱིས་རྒྱུན་ཆད་པ་སླར་གསོས་ཏེ་དབུ་མའི་བར་ཇེ་བཟང་ལ་སོང་ཡོད་ཀྱང་། མཛོད་འདུལ་གཉིས་ལ་འགྲོ་ལུགས་ཆེར་མེད་པ་ལ། དགེ་བཤེས་ཚང་གིས། དོན་གཉེར་ཅན་མང་བོར་དཔེ་ཁྲིད་ལན་མང་མཛད་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཆོས་སྡེ་འདིའི་རྩོད་ལུགས་བཟང་བོ་འདི་བྱུང་བ་ཡང་དགེ་བཤེས་ཚང་ཁོ་ནའི་བཀའ་དྲིན་ཡིན་པར་གསུངས།     

དགུང་ལོ་དྲུག་ཅུ་བཞེས་པ་ཆུ་སྤྲུལ་༼ སྤྱི་ལོ་༡༨༩༣ ༽ལོའི་ལྔ་བའི་ཚེས་ལྔ་ཉིན་ཁྱུང་ཀྱཱ་བསམ་གཏན་གླིང་དུ་རྗེ་ཞྭ་དམར་རིན་པོ་ཆེའི་དྲུང་དུ་དགེ་བའི་བཤེས་གཉེན་དུ་མ་དང་རི་ཁྲོད་པ་ལྔ་བཅུ་སྐོར་དང་ལྷན་དུ་ལོ་སྔ་མའི་འཕྲོས་ལྷག་མཐོང་ཆེན་མོའི་གཟབ་ཁྲིད་གསན། ལོ་དེའི་དགུན་ཐོག་བན་གྲོའི་སྒྲུབ་ཁང་དུ་རྗེ་ཞྭ་དམར་རིན་པོ་ཆེ་དང་ལྷན་ཅིག་གསེར་ཕྲེང་རྣམ་བཤད་སོགས་རྗེ་ཡབ་སྲས་ཀྱི་གཞུང་གང་བཞུགས་དང་། སྒོ་མང་ཡིག་ཆ། གུང་ཐང་མཆན། ཧལ་ཧ་ཆོས་མཛད་ཀྱི་མཆན། དཔལ་ལྡན་ཆོས་རྗེ་དང་། ཆིངས་སུ་ཅུག་ཐུའི་ཕར་ཕྱིན་གུང་བསྒྲིགས་ཏེ་དཀའ་གནས་རྣམས་ལ་དོགས་གཅོད་གནང་།  རེ་གཅིག་པ་ཤིང་རྟ་༼ སྤྱི་ལོ་༡༨༩༤ ༽ལོའི་སྟོན་ཀར་རི་ཁྲོད་མཚེར་མོ་ཆེར་རྗེ་ཞྭ་དམར་རིན་པོ་ཆེ་དང་ལྷན་ཅིག་ལམ་རིམ་ཆེན་མོའི་ཞི་གནས་བར་གྱི་དཀའ་གནས་རྣམས་ལ་འཕྲོས་པ་དང་དོགས་གཅོད་མཛད། རྗེ་ཞྭ་དམར་ཚང་གིས་ཐུགས་བཀོད་གནང་བ་ལྟར་དགེ་བཤེས་ཚང་གིས་དེར་བཞུགས་རི་ཁྲོད་པ་རྣམས་ལ་འདུལ་བའི་དཔེ་ཁྲིད་གནང་། སྐབས་སྔ་ཕྱི་ཅི་རིགས་པར་དགེ་བཤེས་ངག་དབང་བློ་གསལ་ཚང་གིས་ལམ་ཁྲིད་སོགས་གནང་སྐབས་སྐུ་འབུམ་དགེ་བཤེས་ཚང་ཆེད་ཕེབས་གནང་སྟེ་དཀའ་གནས་རྣམས་ལ་དོགས་སློང་དང་བརྒལ་ལན་མང་དུ་མཛད་པའི་རྣམ་ཐར་བསྐྱངས། རེ་གཉིས་པ་ཤིང་ལུག་༼ སྤྱི་ལོ་༡༨༩༥ ༽ལོའི་བརྒྱད་པའི་ཚེས་ལ་དགེ་བཤེས་ཁོང་ཉིད་ཁྲི་ཀའི་ཁྲི་ཙེ་གོང་མའི་མཚམས་ཁང་དུ་ཕེབས་ཏེ་རྗེ་ཞྭ་དམར་རིན་པོ་ཆེ་ལ་མཛོད་གནས་བཞི་བ་དང་། འགྲེལ་བཤད་གཉིས། མཆིམས་མཛོད། ཐར་ལམ་གསལ་བྱེད། ཡིག་ཆ་རྣམས་བསྡུར་ཏེ་གཟབ་བཤད་རྒྱས་པར་སྩལ། བཅུ་བའི་ཚེས་ལྔ་ནས་དགེ་བཤེས་ཚང་སྐུ་ཁམས་ཅུང་མ་བདེ་བར་ཉེ་འཁོར་གྱི་རི་ཁྲོད་པ་ཚོར་ཞབས་རིམ་སྒྲུབ་ཏུ་འཇུག་པ་དང་། ཤ་གྱའི་སྨན་པ་བོས་ཏེ་གསོལ་སྨན་འགའ་ཞིག་ཕུལ་བས་རིམ་གྱིས་སངས་དྭངས་སུ་གྱུར། རྒྱལ་དབང་རིན་པོ་ཆེས་མཛད་པའི་རྗེ་ཞྭ་དམར་བའི་རྣམ་ཐར་ལས། ཤིང་ལུག་ལོའི་ཧོར་ཟླ་བཞི་བའི་ནང་ལྡེ་ཚར་དགེ་བཤེས་ཁོང་གིས་རྗེ་ཞྭ་དམར་རིན་པོ་ཆེའི་མདུན་ནས་རི་ཁྲོད་པ་བཞི་བཅུ་སྐོར་དང་ལྷན་དུ་ཇོ་ལུགས་སྒྲོལ་མ་ཉེར་གཅིག འདུལ་བའི་བསླབ་བྱ་ཆེན་མོ། གཞི་གསུམ་ཆོ་ག འདུལ་བའི་ལས་ཆོག་འཁྱེར་བདེ་ཀུན་ཕན། བདེ་ལམ་ཟིན་བྲིས་བདུད་རྩིའི་དབྱིངས་ཀྱི་སྒོ་འབྱེད། ཨ་རོལ་རྡོ་རྗེ་འཆང་གི་རྣམ་ཐར་སོགས་གསན་པར་གསུངས། རྣམ་ཐར་དེར་འདི་བསྐྱར་ཟློས་བྱས་འདུག

དགུང་ལོ་རེ་གསུམ་པ་མེ་སྤྲེལ་༼ སྤྱི་ལོ་༡༨༩༦ ༽ལོར་དགེ་བཤེས་ཚང་ཁྲི་ཀའི་རྙེ་དགོན་པར་ཕེབས་ཏེ་རྗེ་ཞྭ་དམར་རིན་པོ་ཆེ་དང་། དགེ་བཤེས་ངག་དབང་བློ་གསལ་རྣམ་པ་གསུམ་གས་ལྷག་མཐོང་ཆེན་མོའི་དཀའ་གནས་ལ་དོགས་གཅོད་དང་འཕྲོས་པའི་སྒོ་ནས་རྫོགས་པར་གཏན་ལ་ཕབ། ལོ་དེའི་ཧོར་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་རྗེ་ཞྭ་དམར་རིན་པོ་ཆེ་དང་ལྷན་ཅིག་ལོ་བའི་རྡོ་རྗེ་བྲག་ཏུ་ཕེབས། ལྷ་བབས་དུས་ཆེན་ཉིན་ནས་བཟུང་རྒྱལ་ཟླ་ཚེས་ཀྱི་བར་དགེ་བཤེས་ཚང་གིས་རྗེ་ཞྭ་དམར་རིན་པོ་ཆེ་དང་། ལ་མོ་ཞབས་དྲུང་དགེ་འདུན་བསྟན་འཛིན་ནོར་བུ། ལ་མོ་ཡོངས་འཛིན་ཤེས་རབ་རྒྱ་མཚོ་བཅས་ལ་རྗེ་རྩ་འཇུག་གི་རྣམ་བཤད་གཉིས་དང་། ཡིག་ཆ་རྒྱས་བསྡུས་གཉིས་སོགས་རྒྱ་བོད་ཀྱི་ཡིག་ཆ་དུ་མ་གུང་བསྒྲིགས་ཏེ། ཟབ་མོ་དབུ་མའི་གཞུང་ལ་ཕན་ཚུན་བརྒལ་ལན་དང་དྲི་གཏུགས་བཅས་ཀྱི་སྒོ་ནས་ཐལ་བཟློག་བར་གྱི་མཛུབ་ཁྲིད་གནང་། འདི་སྐབས་ལ་མོ་ཡོངས་འཛིན་ཚང་གིས་སྐུ་འབུམ་དགེ་བཤེས་ཚང་ལ་དོགས་པ་དཀའ་སླ་ཅི་རིགས་འཕྲལ་དང་འཕྲལ་དུ་འཛེམ་མེད་དུ་ཞུས་པས། རྗེ་ཞྭ་དམར་རིན་པོ་ཆེའི་ཞལ་ནས། དགེ་བཤེས་རིན་པོ་ཆེ་ལས་བློ་སྐྱེད་ལེན་པ་ཤེས་རབ་འདི་ངེས་པར་བཟང་ཞེས་ཐུགས་དགྱེས་པའི་གསུང་བྱོན། ཡང་ལན་གཅིག་དགེ་བཤེས་ཚང་གིས་འཇམ་དབྱངས་བཞད་པའི་གསུང་འདི་མ་གཏོགས་ཡིག་ཆ་གཞན་ན། རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་བཤད་པ་ལས་སྣང་བར་བཤད་པ་མེད་གསུངས་པར། ལ་མོ་ཡོངས་འཛིན་ཚང་གིས་འོ་ན་འཇམ་དབྱངས་བཞད་པས་དེ་ལྟར་གསུངས་པའི་དགོངས་གཞི་ཅི་ཡིན་ཞུས་པར། དགེ་བཤེས་ཚང་གིས། འོ་དེ་འཇམ་དབྱངས་བཞད་པ་ཁོ་རང་ལ་འདྲི་དགོས་པ་རེད་ཅེས་གསུངས་ཟེར། འདི་དུས་བར་ཆད་ཀྱི་རྣམ་པས་དགེ་བཤེས་རིན་པོ་ཆེའི་ཞབས་བསྙུང་འཕར་བ་དང་། ཆིབས་དྲེལ་གློ་བུར་དུ་ཤི་བ་སོགས་མི་བདེ་བ་མང་དུ་བྱུང་བར། རྭ་རྒྱའི་ཀུན་སྤངས་ཆེན་པོ་རྗེ་ངག་དབང་བསྟན་དར་བས་དབུ་མཛད་དེ་དེར་བཞུགས་རི་ཁྲོད་པ་རྣམས་ཀྱིས་ཞབས་རིམ་ཀྱང་མང་དུ་བསྒྲུབས། རྗེ་ཞྭ་དམར་རིན་པོ་ཆེས་མཛད་པའི་ལྷག་མཐོང་ཆེན་མོའི་བརྗེད་བྱང་དགོངས་ཟབ་སྣང་བའི་སྒྲོན་མེའི་སྦྱར་བྱང་དུའང་། སྡེ་སྣོད་རྒྱ་མཚོའི་དགོངས་དོན་དངོས་སྟོབས་ཀྱི་རིགས་པས་འབྱེད་པ་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་དབང་ཕྱུག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བཀའ་དྲིན་མཉམ་མེད་སངས་རྒྱས་ཆོས་གྲགས་དཔལ་བཟང་བོའི་དྲུང་དུ་ལྷག་མཐོང་ཆེ་ཆུང་དང་། རྩ་འཇུག་གི་ཊྰིཀ་ཆེན། ལེགས་བཤད་སྙིང་བོ་སོགས་རྗེའི་གསུང་ཕལ་ཆེར་དང་། དབུ་མའི་མཐའ་དཔྱོད་ཆེ་ཆུང་། ཆོས་རྗེ་དཔལ་ལྡན་པའི་ཡིག་ཆ་གང་ཡོད་སོགས་གུང་བསྒྲིགས་ནས་རེས་མཛུབ་ཁྲིད་དང་། རེས་འབེལ་གཏམ་གླེང་མོའི་ཚུལ་དུ་གསན་བཞེས་གནང་བར་གསུངས།

དགུང་ལོ་རེ་བཞི་བ་མེ་བྱ་༼ སྤྱི་ལོ་༡༨༩༧ ༽ལོར་ཁྱུང་ཀྱཱ་བསམ་གཏན་གླིང་དུ་དགེ་བཤེས་ཚང་གིས་རྗེ་ཞྭ་དམར་རིན་པོ་ཆེ་སོགས་ལ་དབུ་མའི་ཐལ་བཟློག་དང་། བདེན་གཉིས། དུས་གསུམ་བར་གྱི་གཟབ་བཤད་དང་དཀའ་གནས་ལ་དོགས་གཅོད་གནང་། དེའི་རྗེས་སུ་ལྡེ་ཚ་དགོན་པར་དབུ་མའི་ཆུ་འབབ་དང་ཚད་འགོག་གི་གཟབ་ཁྲིད་གནང་།

དགུང་ལོ་རེ་ལྔ་བ་ས་ཁྱི་༼ སྤྱི་ལོ་༡༨༩༨ ༽ལོའི་དབྱར་དུས་དགེ་བཤེས་ཁོང་ཉིད་སྐུ་འབུམ་སྐུ་རྟེན་སྒར་བར་བཞུགས་དུས་རྗེ་ཞྭ་དམར་རིན་པོ་ཆེ་ཕེབས་ཏེ་ཡབ་སྲས་གཉིས་ཀ་མཇལ་འཛོམས་མཛད་ཅིང་དགྱེས་པའི་གསུང་མཆིད་འཕེལ། ལོ་དེའི་ཧོར་ཟླ་དགུ་བའི་ནང་ལྡེ་ཚར་ཕེབས་ཏེ་རྗེ་ཞྭ་དམར་རིན་པོ་ཆེ་ལ་ལྷག་མཐོང་ཆེན་མོའི་དཀའ་གནས་ཞིབ་ཁྲིད་གནང་། དགེ་བཤེས་ཚང་གིས་རྗེ་ཞྭ་དམར་རིན་པོ་ཆེ་མདུན་ནས་རྒྱ་རའི་ལྟ་ཁྲིད་གསན། རེ་དྲུག་པ་ས་ཕག་༼ སྤྱི་ལོ་༡༨༩༩ ༽ལོར་སྒོ་མེ་མཆོད་རྟེན་སྐེད་དགོན་པར་རྗེ་ཞྭ་དམར་རིན་པོ་ཆེའི་མདུན་ནས་ཆོས་གསན་མཁན་བརྒྱད་ཅུ་ཙམ་དང་ལྷན་དུ་ལམ་རིམ་ཆེན་མོའི་སྤྱོད་པ་སྤྱི་བསླབ་དང་ཞི་གནས་ཀྱི་སྐོར། ལྷག་མཐོང་གི་བཤད་པ་མདོར་བསྡུས་བཅས་གསན། བན་གྲོའི་སྒྲུབ་ཁང་དུ་རྗེ་ཞྭ་དམར་རིན་པོ་ཆེའི་མདུན་ནས་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ།  དབུ་མ་རིགས་ཚོགས་དྲུག དབུ་མ་བཞི་བརྒྱ་བ། འདུལ་བ་མདོ་རྩ།  མཛོད་རྩ་བ་རྣམས་ཀྱི་ལུང་དང་། རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་སོགས་གསན་བཞེས་གནང་། དགེ་བཤེས་ཚང་གིས་རྗེ་ཞྭ་དམར་རིན་པོ་ཆེ་ལ་རྗེ་བཙུན་རེད་མདའ་བའི་འགྲེལ་བ་དང་། དར་ཊྰིཀ་སོགས་བསྡུར་ཏེ་ཀུན་བཏུས་ཀྱི་དཔེ་ཁྲིད་གནང་།  རེ་བདུན་པ་ལྕགས་བྱི་༼ སྤྱི་ལོ་༡༩༠༠ ༽ལོར་ལྡེ་ཚ་དགོན་པར་དགེ་བཤེས་ཚང་གིས་རྗེ་ཞྭ་དམར་རིན་པོ་ཆེ་ལ་དབུ་མའི་སྐོར་གྱི་འཕྲོས་རྣམས་རྫོགས་པར་མཛད་འཕྲལ། ཕར་ཕྱིན་གྱི་སྦྱོར་ལམ་དང་རིགས་སོགས་ལ་དཔེ་ཁྲིད་དང་འཕྲོས་པ་གནང་། ལོ་འདི་ལ་དགེ་བཤེས་ཚང་གིས་སྐུ་འབུམ་ནས་ཁོང་གི་དགེ་ཕྲུག་ཨ་རུ་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་ཆེད་གཉེར་གྱིས་རྗེ་ཞྭ་དམར་རིན་པོ་ཆེའི་སྐུ་མདུན་དུ་མངགས། རྗེ་ཞྭ་དམར་རིན་པོ་ཆེ་དང་ལྷན་ཅིག་དམིགས་པ་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་བར་ལ་འཕྲོས་པ་གནང་བས་དགེ་བཤེས་ལེགས་པར་གཟིགས་ཏེ་དོན་གཉེར་ཅན་རྣམས་ལ་དཔེ་ཁྲིད་བྱེད་དུ་བཅུག

དགུང་ལོ་རེ་བརྒྱད་པ་ལྕགས་གླང་༼ སྤྱི་ལོ་༡༩༠༡ ༽ལོར་སྟོང་སྐོར་དགོན་པར་རྗེ་ཞྭ་དམར་རིན་པོ་ཆེའི་མདུན་ནས་ཆོས་གསན་མཁན་མང་བོ་དང་ལྷན་དུ་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་བྱུང་བའི་རྗེས་གནང་ཐུན་མོང་བ་ཡོངས་རྫོགས་དང་། ལྷ་མོ་ཐུན་མོང་མ་ཡིན་པ་མ་གཏོགས་བཀའ་རྒྱ་མ་རྣམས་ཀྱང་གསན་བཞེས་མཛད། དགེ་བཤེས་ཚང་གིས་བཀའ་ཆོས་ཀྱི་བར་གསེང་དུ་རི་ཁྲོད་པ་བློ་ཁ་མཐོ་བ་རགས་བསྡུས་ལ་ལྷག་མཐོང་ཆེན་མོའི་མཛུབ་ཁྲིད་གནང་། འདི་ལོའི་དབྱར་ཟླ་དྲུག་པའི་ནང་རྗེ་ཞྭ་དམར་རིན་པོ་ཆེ་སྐུ་བསྙུང་བཞེས་པས་བསྙུན་འདྲི་རུ་དགེ་བཤེས་ཚང་ཁྱུང་ཀྱཱ་བསམ་གཏན་གླིང་དུ་ཕེབས། ཚེས་ཉེར་གསུམ་གྱི་སྔ་དྲོ་སྐུ་མདུན་དུ་མཇལ་ཏེ་ད་ལྟ་རྒྱལ་བསྟན་ཉམས་དམའ་ཚུལ། བསྟན་པ་སྤེལ་ནུས་པའི་བཤད་སྒྲུབ་ཀྱི་རྩལ་དང་ལྡན་པའི་སྐྱེས་བུ་དམ་པ་དཀོན་ཚུལ། འདི་འདྲའི་དུས་སུ་ཉིད་ལྟ་བུའི་ལུང་རྟོགས་ཀྱི་ཡོན་ཏན་དང་ལྡན་པའི་སྐྱེས་བུ་དམ་པ་ཞབས་པད་བརྟན་དགོས་ཚུལ་སོགས་ལས་བརྩམས་པའི་འབེལ་གཏམ་ལུང་རིགས་ཀྱི་རྒྱབ་སྐྱོར་དང་བཅས་པའི་བརྟན་བཞུགས་ཕུལ་བར། རྗེ་ཞྭ་དམར་རིན་པོ་ཆེ་ནས་ཕྱག་ཐལ་མོ་སྦྱར་ཏེ། ལེགས་སོ་ཁོང་རིན་པོ་ཆེ་འདི་ལྟར་ཕེབས་ཏེ་གསུང་དྲི་མ་མེད་པ་གནང་བ་ནི་ང་ལ་མགོན་པོ་ཚེ་མཐའ་ཡས་པ་མངོན་སུམ་དུ་བྱོན་ནས་འཆི་མེད་ཚེ་ཡི་དབང་བསྐུར་བ་དང་ཁྱད་མེད། ཁོང་རིན་པོ་ཆེས་ཅི་གསུངས་བཀའ་བཞིན་སྒྲུབ་པའི་དམ་བཅའ་བྱེད། ཅེས་བཤེས་གཉེན་ལ་མཆོག་ཏུ་གུས་པའི་གསུང་ལན་མཛད། ལོ་དེའི་ཧོར་ཟླ་བརྒྱད་པའི་ཚེས་ལ་དགེ་བཤེས་ཚང་དང་ཁོང་གི་དངོས་སློབ་ཆ་གན་ཧོ་ཐོག་ཐུ་འཁོར་བཅས་སྨད་ཕྱོགས་སུ་འབྱོན་ལ་ཉེ་བས་ལྡེ་ཚར་རྗེ་ཞྭ་དམར་རིན་པོ་ཆེ་ལ་ཐོན་ཕྱག་ཞུས་པར་ཕེབས་པར་གང་ཅིའི་གསུང་གླེང་འཕེལ། དགེ་བཤེས་ཚང་ལ་དངུལ་དང་འཇམ་ཕྲུག་བཟང་བོ། ནང་མཛོད་བཅས་ཕུལ་ཏེ་བརྟན་བཞུགས་དང་སྐྱབས་འཇུག་ཞུས། དགེ་བཤེས་རིན་པོ་ཆེ་ཕེབས་ཁར་གཟིམ་ཁང་ལྷས་བར་སྐྱེལ་མ་དང་སྤྱན་སྐྱོང་གནང་ཞིང་ཕན་ཚུན་འབྲལ་མི་ཕོད་པའི་རྣམ་པ་མཛད། རྗེས་སོར་ཡང་རྗེ་ཞྭ་དམར་ཚང་གིས་དགེ་བཤེས་རིན་པོ་ཆེ་ལས་གཞུང་ལ་བློ་བསྐྱེད་གནང་བའི་བཀའ་དྲིན་ནི་ནམ་ཡང་གཞལ་བའི་མཐའ་མེད་ཅེས་ཡང་ཡང་གསུངས། ལོ་འདིའི་སྐབས་སྔ་ཕྱི་ལ་དགེ་བཤེས་ཚང་གིས་སྐུ་འབུམ་ཆེ་ཤོས་སྤྲུལ་སྐུ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེའི་མདུན་ནས་གསང་འདུས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་གསན། དགེ་བཤེས་ཚང་སྨད་སོག་ཏུ་བཞུགས་དུས་སྤྲོས་པ་བཙན་ཆོད་ཀྱིས་ལམ་རིམ་གྱི་དམིགས་རྣམ་སྐྱོང་བ་ཁོ་ནར་ཆིག་སྒྲིལ་མཛད། མཐར་དགུང་ལོ་བདུན་ཅུ་བ་ཆུ་ཡོས་༼ སྤྱི་ལོ་༡༩༠༣ ༽ལོར་སྨད་སོག་ཡུལ་དུ་སྐུ་གཤེགས་སམ་སྙམ་མོ།། 

མཆན། དང་བོ།  རྗེ་སྐུ་འབུམ་པའི་གྲྭ་ཤག་ཞིག་གི་མཆོད་ཁང་དུ་བཞུགས་པའི་གླེགས་བམ་གྱི་གདོང་དར་ངོས་སུ་དགེ་རྒན་སངས་རྒྱས་ཆོས་གྲགས་ཚང་གི་ཕྱག་དཔེ་ཞེས་བྲིས་ཡོད་པ་དེའི་ནང་དུ་རྒྱབ་ཡིག་དང་སྦྱར་བྱང་མེད་པའི་ཆོས་ཚན་འགའ་རེ་བཞུགས། དེ་དག་དགེ་བཤེས་ཁོང་གིས་གསུང་བའམ།   ཡང་ན་དངོས་སློབ་རེ་ཟུང་གིས་ཟིན་ཐོ་བཏབ་པའི་ཤོག་དྲིལ་གང་ཡིན་ཆ་མ་འཚལ། དེ་མིན་དགེ་བཤེས་གཞན་གྱིས་མཛད་པའི་ཆོས་ཚན་ཐོར་བུ་འགའ་རེའང་བཞུགས། དེ་དག་གི་མཚན་བྱང་འགོད་ན་འདི་ལྟར། རྒྱལ་དབང་བཅུ་གསུམ་པའི་ཡོངས་འཛིན་ཧལ་ཧ་རྡཱ་ཁུ་རལ་མཁས་པའི་དབང་བོ་སྔགས་རམས་པ་བཤད་སྒྲུབ་བསྟན་དར་གྱིས་མཛད་པའི་འདུལ་བའི་ཟིན་ཐོ་བཞུགས་སོ།། དབུ་ཅན་ལག་བྲིས་མ་སྣ་རིང་ཤོག་གྲངས་༣བྱོན། འདུལ་བ་སྤྱིར་བསྟན་རྒྱན་ཕྲེང་བཞུགས་སོ།། འདིའི་མཇུག་བྱང་དུ་བཤེས་གཉེན་ངག་དབང་བསམ་གཏན་གྱི་འདོད་མོས་ལྟར་དྲིན་ཅན་བླ་མ་རྣམ་གཉིས་ཀྱི་བཀའ་དྲིན་གྱིས་འཚོ་བའི་བསྒྲིགས་པ་པོ་ནི་སྐྱེ་མིང་འཛིན་པ་བསྟན་པའི་སྒྲོན་མེའོ།། དབུ་ཅན་ལག་བྲིས་མ་སྣ་ཐུང་ཤོག་གྲངས་༣༣བྱོན། སྐབས་བཞི་བའི་ནང་ནས་རྩོད་པའི་རིགས་ལུང་འཕྲོས་ཚུལ་འགའ་ཞིག་བཞུགས་སོ།། དབུ་ཅན་ལག་བྲིས་མ་ཁྲི་གང་ཅན་ཤོག་གྲངས༣བྱོན། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཀྱི་ལམ་དང་། ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་འགོག་བྱེད་ཀྱི་ལམ་གཉིས་འགའ་བ་ཡིན་ཏེ། ཞེས་པའི་དབུ་ཤོག་ཅན་དང་། དབུ་ཅན་ལག་བྲིས་མ་སྣ་རིང་ཤོག་གྲངས༥བྱོན། སྦྱིན་པ་ལ་སོགས་རེ་རེར་ནི།།  ཞེས་པ་ནས། བསྡུས་པ་དེ་འདིར་མཐོང་བའི་ལམ།། ཞེས་པའི་སྐབས་དེར་དཔྱད་པ་ལ། ཞེས་དབུ་ཤོག་ཅན་དང་།  འདི་ཤོག་ཚར་གཅིག་ཡིན།  

མཆན། གཉིས་པ། དགེ་བཤེས་སངས་རྒྱས་ཆོས་གྲགས་ཚང་གི་རྣམ་ཐར་མདོར་བསྡུས་འདི་ནི་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་མཛད་པའི་རྗེ་ཞྭ་དམར་བའི་རྣམ་ཐར་དང་། དེར་བཞུགས་པའི་སྐུ་འབུམ་དགེ་བཤེས་ཚང་གི་རྣམ་ཐར་དགུང་ལོ་ང་བདུན་ཡན་གྱི་མཛད་པ་རགས་བསྡུས་ཤིག་ཡོད་པ་དེ་དང་། ལྡེ་ཚའི་ཀུན་སྤངས་གྲགས་པ་དར་རྒྱས་ཀྱིས་མཛད་པའི་རྗེ་ཞྭ་དམར་བའི་རྣམ་ཐར་ཆེན་མོ། སྐུ་འབུམ་ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེའི་རང་རྣམ། ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེས་མཛད་པའི་ལ་མོ་ཞབས་དྲུང་དགེ་འདུན་བསྟན་འཛིན་ནོར་བུའི་རྣམ་ཐར། ལྡེ་ཚའི་དགེ་བཤེས་ཁ་སྒང་སྤྲེལ་ནག་པ་འཕྲིན་ལས་རྒྱ་མཚོས་མཛད་པའི་ཧོར་ཆེན་ཡེ་ཤེས་རྒྱ་མཚོའི་རྟོགས་བརྗོད་དད་ལྡན་སྙིང་གི་གདུང་སེལ་སོགས་ལས་ཅུང་ཟད་བཏུས་ཏེ་རབ་གནས་ས་ཕག་སྤྱི་ལོ་༢༠༡༩ལོའི་ཧོར་ཟླ་༥བའི་ཚེས་༢༠ཉིན་སྐུ་འབུམ་སངས་རྒྱས་རྒྱ་མཚོས་བསྒྲིགས་པའོ། །  

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།