རྗེ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་མཛད་རྣམ་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-09 22:37:47     རྩོམ་པ་པོ།   ཨ་འབོ་ཡོན་ཏན་རྒྱ་མཚོ།    ཀློག་ཐེངས།  

         _DSC5307.jpg

༄༅།། མཁས་གྲུབ་བྱེ་བའི་གཙུག་རྒྱན་མ་ཧཱ་པཎྚིཏ་༸་རྗེ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་མཛད་རྣམ་མདོར་བསྡུས།

    མདོ་སྔགས་རིག་གནས་དང་བཅས་བའི་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་ཁྱུ་མཆོག་རྗེ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི་བོད་རབ་བྱུང་བཅོ་ལྔ་བའི་ས་གླང་སྟེ་སྤྱི་ལོ་( ༡༨༨༩ )་ལོར་མདོ་སྨད་ཀླུ་ཆུའི་སྟོད་རྒྱུད་ཀྱི་སྒྱིས་ཚང་གི་ཆར་གཏོགས་ལུ་ཏོའི་ལྷ་དགེ་ཚང་གི་ཁྱིམ་རྒྱུད་དུ་( ད་ལྟའི་མདོ་ལྷོའི་ཀླུ་ཆུ་རྫོང་ཨ་ལ་ཡུལ་ཚོའི་སྒྱིས་ཚང་ལུ་ཏོ་སྡེ་བ། ) ཡབ་མགོན་ནེ་དང་ཡུམ་ཚེ་ཐར་སྐྱིད་ཀྱི་སྲས་སུ་དགེ་མཚན་གྱི་ལྟས་དུ་མ་དང་བཅས་སྐུ་བལྟམས། སྐུ་ཉིད་བྱིས་པའི་དུས་ནས་བཟུང་རང་བཞིན་བཟང་ཞིང་ཤེས་རབ་ཆེ་བ་སོགས་སྐྱེས་བུ་དམ་པའི་མཛད་པ་ལྷུན་གྲུབ་ཏུ་མངའ་བ་ཞིག་ཡིན་ཞིང་། དགུང་ལོ་བདུན་བཞེས་པ་སྤྱི་ལོ་( ༡༨༩༥ )ལོ་ལྷ་མོའི་གསེར་ཁྲི་སྐུ་ཕྲེང་བཞི་བ་སྒྱིས་ཚང་དུ་ཕེབས་སྐབས་ཤིག་ལ་ཁོང་གི་ཁུ་བོས་གསེར་ཁྲི་རིན་པོ་ཆེའི་སྐུ་མདུན་དུ་ཁྲིད་དེ་བྱིས་པ་འདི་དེ་རིང་ནས་བཟུང་བླ་མ་ཁྱེད་ལ་ཕུལ་བ་ཡིན་པས་ནང་གཟན་ཆུ་ལེན་ཙམ་ལས་མ་ཡོང་རུང་ཁྱེད་ཀྱི་ཐུགས་དགོངས་བཞིན་བྱེད་པ་ལས་བདག་ལ་གཞན་པའི་རེ་བ་གང་ཡང་མེད་ཅེས་ཞུས་བ་ན། ཁོང་གི་ཞལ་ནས་ཁྱོད་ཀྱི་བུ་འདི་ང་ལ་བྱིན་པ་ཧ་ཅང་ལེགས། འདི་ནང་གཟན་བྱེད་དུ་འཇུག་རྒྱུ་མིན། ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ་པར་ཐལ་ཟེར་དགོས་ཞེས་ཁོང་གིས་རྩོད་པའི་རྣམ་འགྱུར་དང་བཅས་མ་འོངས་མངོན་སུམ་དུ་གཟིགས་པའི་ལུང་བསྟན། རྗེ་དེ་ཉིད་ཀྱི་སྐུ་རྗེས་སུ་འབྲངས་ཏེ་ལྷ་མོ་གསེར་ཁྲིའི་གདན་ས་སྟག་ཚང་དཔལ་གྱི་ལྷ་མོ་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་གི་ཆོས་གྲྭར་ཞུགས་ཤིང་། དེར་མཁས་གྲུབ་གཉིས་འཛོམས་ཀྱི་བཤེས་གཉེན་མང་བོ་བསྟེན་ཏེ་བསྡུས་གཞུང་ནས་བརྩམས་ཏེ་སྐབས་བབས་ཀྱི་སྦྱངས་བྱ་ཀུན་ལ་སློབ་གཉེར་རྡོ་རུས་ཐུག་པ་ལྟ་བུའི་བརྩོན་པ་བསྟེན། ཞོར་དུ་རིག་གནས་ཀྱི་སྐོར་ལ་ཐོས་བསམ་དང་དབང་ལུང་བཀའ་ཆོས་ཀྱང་གང་མཚམས་གསན། ( དགུང་ལོ་བདུན་གྱི་ཐོག་མཛོད་དགེ་སྒར་རྙིང་ནས་རབ་ཏུ་བྱུང་བའི་བཤད་ཚུལ་ཞིག་ཀྱང་ཡོད། )

དགུང་ལོ་བཅུ་བཞི་བཞེས་པ་རབ་བྱུང་བཅོ་ལྔ་བའི་ཆུ་སྟག(༡༩༠༢)་ལོར་མཁས་གྲུབ་བྱེ་བའི་བསྟི་གནས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་བྱོན། རྗེ་ཉིད་བླ་བྲང་ལ་སླེབས་པའི་ཉིན་ཀུན་མཁྱེན་བཞི་བ་མཆོག་གིས་ཉེ་གནས་ལ་དེ་རིང་མགྲོན་པོ་གལ་ཆེན་ཞིག་ཡོང་རྒྱུ་ཡིན་གསུང་བས་ཉིན་གང་བོར་སྒུག་ཀྱང་གཞན་མ་ཡོང་བ་ལ་གྲྭ་ཕྲུག་ཅིག་འོངས་པ་ཡིན་ནམ་ཞུས་བས་ཡིན་གསུང་སྐད། དེར་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས་ནས་དམ་པ་ཁོང་གིས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་མཛད་སའི་བླ་མའི་གཙོ་བོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་པའི་དབང་བོ་གུང་ཐང་བློ་གྲོས་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་པོ་༸་རྗེ་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ།  དམུ་དགེ་བསོད་བཀྲ། འགྱིང་ཕྲུག་རིན་ཆེན་རྒྱ་མཚོ། ཆས་བུ་གཤིས་བློ་བཟང་རྒྱ་མཚོ་སོགས་མཁས་དང་གྲུབ་པའི་དབང་ཕྱུག་མང་བོའི་ཞབས་པད་སྤྱི་བོའི་རྒྱན་དུ་བསྟེན་ཏེ་མདོ་སྔགས་རིག་གནས་ཀྱི་བསྡུས་པའི་གཞུང་ལ་ཉིན་མཚན་ལྟོས་མེད་ཀྱིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་འབད་པ་ལྷོད་མེད་མཛད། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་པ་ནས་བཟུང་ཁོང་གིས་སྐུ་ཚེ་གང་བོར་སྤོང་ཀློག་གཉིས་ལས་གཞན་པའི་ཟས་གོས་གནས་མལ་སོགས་ལ་འཚོ་ཐབས་ཙམ་ལས་གཞན་འཇིག་རྟེན་འདོད་ཡོན་མཐའ་དག་སྤངས་ནས་ཆོས་ཀྱི་ཕྱིར་དུ་དཀའ་ཐུབ་སྤྱོད་རྒྱུ་དང་། བསླབ་པ་གསུམ་གྱི་ཉམས་ལེན་དང་སྡེ་སྣོད་གསུམ་གྱི་འཆད་ཉན་ལ་ཚེ་དང་སྙོམས་པའི་སྒྲུབ་པ་ཉམས་བཞེས་གནང་རྒྱུ། ཆོས་མཐུན་གྱི་ཞལ་སློབ་མང་བོ་རྗེས་སུ་བཟུང་སྟེ་སྲིད་ན་དཀོན་པའི་ཁྲིད་ལུང་མན་ངག་སོགས་མཁའ་ཁྱབ་ཏུ་སྤེལ་ནས་དམ་པའི་ཆོས་ཀྱི་ཆེ་བ་སྲིད་མཐའི་བར་དུ་མི་ཉམས་པའི་འཕྲིན་ལས་སྐྱོང་རྒྱུ་སོགས་ཀྱི་དམ་བཅའ་གསུམ་འགྱུར་མེད་ཐུགས་ཀྱི་ཟེའུ་འབྲུར་བསྣམས་ཏེ་བཀའ་པོད་ལྔའི་རྩ་བས་མཚོན་པའི་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ཆེན་དུ་མ་ཐུགས་འཛིན་དང་། དེ་དག་གི་ཁྲིད་དང་མན་ངག ལུང་དང་ཕྱག་ལེན་ཆེ་ཕྲ་ཐམས་ཅད་ཐོབ་ཐོབ་མང་བོའི་རྣམ་གྲངས་གསོག་པ་ཙམ་མ་ཡིན་པར་ཐོས་བསམ་རྣལ་མས་རྩེ་གཅིག་ཉམས་སུ་བཞེས་ཏེ། འཛིན་སྐྱོར་སྦྱངས་དང་གཞུང་དོན་ལ་རྟོག་ཅིིང་དཔྱོད་པའི་བགྱི་བ་ལྷུར་བཞེས་ཏེ་ནམ་རྒྱུན་མཚན་ཕྱེད་ཡོལ་བའི་བར་དུ་གཟིམ་པ་མེད་ཅིང་། སྐབས་འགར་བཞེས་བ་དང་གཟིམ་པ་གཏན་ནས་མེད་པར་དུས་འདའ་བའང་མང་དུ་གནང་བ་སོགས་མདོར་ན་ཁོང་གིས་ཆོས་ཀྱི་ཕྱིར་དུ་དཀའ་སྤྱད་དྲག་པོ་ལྷུར་བཞེས་པ་དང་བཤེས་གཉེན་བསྟེན་པའི་ཚུལ་ལ་འཕགས་པ་རྟག་ཏུ་ངུའི་རྣམ་ཐར་ཁོ་ན་བཞིན་མཛད། ཞོར་དུ་སྒྲ་དང་བཟོ་གསོ། སྐར་རྩིས་སྡེབ་སྦྱོར་སོགས་སྔར་གྱི་རྨང་གཞིའི་ཐོག་ནས་སྦྱངས་པ་དོན་དུ་གཉེར་བས་རེ་རེ་ནས་གསན་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན་པས་བཅུ་ཕྲག་རིག་པའི་གནས་ལ་སྒྲོ་འདོགས་ཆོད་པའི་སྨྲ་བའི་དབང་ཕྱུག་གི་གོ་འཕང་མངོན་དུ་གྱུར་ཏེ་མཁས་གྲུབ་དམ་པ་དུ་མའི་ཐུགས་ཟིན་གྱི་སློབ་མ་གཅིག་པུར་གྱུར།

      ཁྱད་པར་རྗེ་འདིའི་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་དད་པ་སྦྱངས་ཚུལ་ལ་གཞན་གྱི་བློས་དཔག་པར་དཀའ་བ་ཞིག་ཏེ། དགུང་ལོ་སོ་དགུ་བཞེས་པ་སྤྱི་ལོ་ (༡༩༢༨ )ལོར་ཁོང་གི་བླ་མ་རྗེ་གུང་ཐང་བློ་གྲོས་རྒྱ་མཚོ་ཚང་༼  ༡༨༤༤-༡༩༢༨  ༽མཆོད་རྟེན་ས་སྒང་ནས་ཁ་ཆེའི་དམག་གིས་བཀྲོངས་བའི་སྐུ་གདུང་ལས་ཆུ་སེར་མང་བོ་བབས་ནས་རུལ་དྲི་ང་བའི་ཚུལ་གནང་དུས། སྐུ་གདུང་ལ་སྲི་ཞུ་སྒྲུབ་པའི་སློབ་མ་འགའ་རེས་རང་གི་སྣ་ཁུང་དུ་མ་མོག་( སྲིང་བལ་ལ་བླ་བྲང་ཡུལ་སྐད་དུ་མ་མོག་ཟེར། )བརྫངས་ཀྱང་། རྗེ་འདིས་དེ་ལྟར་བྱེད་པ་ཕར་ཟད་སྐུ་གདུང་ནས་བབས་པའི་ཆུ་སེར་ཧུབ་གསུམ་བཞི་ཙམ་ཚམ་ཚོམ་མེད་པར་བཞེས་པས་དེ་ནས་བཟུང་བློ་འཛིན་དང་གོ་སྟོབས་སྔར་ལས་ཆེས་ཆེར་རྒྱས་པའི་ངག་རྒྱུན་ཡོད།

      དགུང་ལོ་ཞེ་གཉིས་བཞེས་པ་སྤྱི་ལོ་( ༡༩༣༠ )་ལོར་བླ་བྲང་ཚོགས་ཆེན་ཞལ་ངོར་བཞུགས།

 དགུང་ལོ་ཞེ་བཞི་བཞེས་པ་སྤྱི་ལོ་( ༡༩༣༢ )ལོར་བཀྲ་ཤིས་འཁྱིལ་གྱི་རིགས་སྨྲ་བྱེ་བའི་དབུས་སུ་དགེ་བཤེས་རྡོ་རམས་པའི་དམ་བཅའ་བཞག་སྟེ་ཕྱོགས་གླང་ཆོས་གྲགས་ལྟ་བུའི་དྲན་དབང་དུ་མ་མི་སྨྲ་བའི་བརྟུལ་ཞུགས་ཀྱི་ས་ལ་བཀོད་པས་དམ་པ་འདིའི་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ལ་ངོ་མཚར་བསྔགས་བརྗོད་ཀྱི་རོལ་མོ་མི་དཀྲོལ་མཁན་གཅིག་ཀྱང་མ་བྱུང་།

       དགུང་ལོ་ཞེ་ལྔ་བཞེས་པ་སྤྱི་ལོ་( ༡༩༣༣ )་ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ནས་དུས་ཀྱི་མཐར་ཡང་གསེར་ཞུན་ཅོད་པན་འཆང་བའི་རིང་ལུགས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་མི་ཉམས་གོང་འཕེལ་དང་། སྐུ་ཚེ་དེ་ཉིད་ལའང་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པའི་ཕྱིར་གསང་བ་སྔགས་ཀྱི་ཕྱོགས་ལ་ཐོས་བསམ་རྩེ་གཅིག་ཏུ་མཛད་དེ་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་རྒྱུད་སྡེ་བཞིའི་མཚོན་པའི་གསང་བ་སྔགས་ཀྱི་དབང་བཀའ་རྗེས་གནང་། རིམ་གཉིས་ཀྱི་ཁྲིད་དང་མན་ངག སྙན་བརྒྱུད་ཀྱི་གདམས་པ་མཐའ་དག་དང་། ཐ་ན་མཆོད་གཏོར་བཤམས་བཟོ་དང་གཏོ་མདོས་ཀྱི་ལག་ལེན་ཚུན་ཆད་གཅིག་ཀྱང་མ་ལུས་པར་བུམ་པ་གང་བྱོའི་ཚུལ་དུ་གསན( སྐབས་ཤིག་ལ་ཐ་སྙད་རིག་གནས་ཀྱི་སྐོར་འགའ་ཞིག་དང་། གཏོ་མདོས་ནམ་མཁའ་སོགས་འདྲེན་གྱི་ལག་ལེན་ཆེད་དུ་དམིགས་ཏེ་སྡེ་དགེའི་དཔལ་སྤུངས་སུའང་ཕེབས་སྐད། )། དེ་ནས་རིང་བོར་མ་ལོན་པར་རིག་པ་འཛིན་པ་དུ་མའི་དབུས་སུ་སྔགས་ཀྱི་དམ་བཅའ་ལེགས་པར་བཞག་སྟེ་དཔལ་ལྡན་མཁས་རྒུའི་སྙན་དབང་གསེར་གྱི་ཡོལ་གོ་རུ་རྡོ་རྗེ་ཐེག་པའི་གསང་ཚིག་གི་ལེགས་བཤད་གདོང་ལྔའི་འོ་མ་གཏན་པ་མེད་པའི་མཆོད་སྦྱིན་དུ་སྤྲོས་པས་ཕྱོགས་ཀྱི་འཁོར་ལོར་གྲགས་སྙན་མུ་ཁྱུད་དཀར་བོའི་བ་དན་ཅིག་ཅར་དུ་གཡོ་བར་མཛད།

    དགུང་ལོ་ཞེ་བརྒྱད་བཞེས་པ་རབ་རྒྱལ་མེ་བྱི་ལོར་༼  ༡༩༣༦   ༽པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་སྐབས་རྗེ་འདི་བས་རང་གི་ཤག་ཏུ་གདན་འདྲེན་ཞུས་བར་པཎ་ཆེན་མཆོག་དགྱེས་བཞིན་དུ་ཕེབས་ཏེ་དུས་འཁོར་སོགས་མདོ་སྔགས་ཀྱི་དཀའ་གནད་ལས་བརྩམས་པའི་དྲི་བ་མང་བོ་གནང་བར་ལན་ཐོགས་མེད་དུ་ཕུལ་བས་པཎ་ཆེན་མཆོག་ཐུགས་ཤིན་ཏུ་མཉེས་ཏེ། ཁོང་གིས་ང་དང་འགྲོགས་ཏེ་བཀྲ་ཤིས་ལྷུན་པོའི་དགེ་རྒན་དུ་ཕེབས་དགོས་ཚུལ་གྱི་ཞལ་ཏ་གནང་ཞིང་། དེའི་སྐོར་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་དང་ཨ་བློ་བློ་བཟང་ཚེ་དབང་སོགས་ལ་པཎ་ཆེན་ཉིད་ནས་ཆེད་གཉེར་གྱིས་གསུངས་སྐབས། ཨ་པ་ཨ་བློས་བདག་གིས་ཐབས་བཀོད་བྱས་ཏེ་དགེ་བཤེས་ཚང་བཀྲ་ཤིས་ལྷུན་པོར་བསྐྱལ་ཆོག་པ་ལས་གནས་སྐབས་པཎ་ཆེན་མཆོག་དང་འགྲོགས་ཏེ་ཕེབས་མི་དགོས་པའི་དགོངས་འཁྲོལ་ཞུས་པ་སོགས་འདི་དང་འདི་ལྟ་བུའི་སྐྱེས་བུ་དམ་པ་མང་བོའི་ཐུགས་དགོངས་ཁོང་གི་སྐུ་ཡོན་གྱིས་འཕྲོག་པའི་རྣམ་ཐར་མང་།

   དགུང་ལོ་ང་གཉིས་ལྕགས་འབྲུག་སྤྱི་ལོ་ (༡༩༤༠ )ལོར་སྟག་ཚང་ལྷ་མོར་ཕེབས་དཔེ་ཁྲིད་དང་དབང་བཀའ་ཆོས་མང་དུ་གནང་།

 དགུང་ལོ་ང་གསུམ་པ་ལྕགས་སྦྲུལ་སྤྱི་ལོ་( ༡༩༤༡ )ལོའི་བོད་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་ཀུན་མཁྱེན་ལྔ་བ་མཆོག་དབུས་ནས་ཕེབས་པའི་དགའ་སྟོན་དུ་སྒྲོག་ཆེན་མདོར་རྨད་བྱུང་ཐོས་བསམ་གླིང་གི་ཚོགས་གུར་ནང་བཅུ་ཕྲག་རིག་གནས་ཀྱི་བང་མཛོད་འཛིན་པ་རྗེ་ལྷ་མོ་ཚུལ་ཁྲིམས་ཁོང་དང་གཞུང་བརྒྱ་སྨྲ་བའི་དགེ་བཤེས་ཨ་མཆོག་གསུང་རབ་རྣམ་གཉིས་ཀྱིས་ཆོས་འཁོར་དང་འཕྲིན་ལས་ཀྱི་བགྲོ་གླེང་རྨད་དུ་བྱུང་བ་གནང་སྟེ་མཁས་དགུའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་མཛད།

དགུང་ལོ་ང་བཞི་བ་སྤྱི་ལོ་( ༡༩༤༢ )ལོར་ཀུན་མཁྱེན་ལྔ་བ་ཆེན་མོའི་བཀའ་ལྟར་བླ་བྲང་རྒྱུད་སྨད་གྲྭ་ཚང་གི་བླ་མ་དབུ་མཛད་ལ་བཞུགས། སྟག་ཚང་ལྷ་མོར་ཕེབས་ཏེ་དཔེ་ཁྲིད་བཀའ་ཆོས་མང་དུ་གནང་། ལྷ་མོ་གསེར་ཁྲི་སྐུ་ཕྲེང་ལྔ་བས་བླ་མར་བཀུར་ཏེ་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞི་གྱུར་མ་སོགས་ཀྱི་ལུང་གསན།

      དགུང་ལོ་ང་ལྔ་བ་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་རྟའི་( ༡༩༤༣ )ལོར་ཀུན་མཁྱེན་ལྔ་བ་རིན་པོ་ཆེས་བཀྲ་ཤིས་འཁྱིལ་གྱི་དགོན་ལག་རྡོ་སྦིས་བསེ་ཆང་དགོན་པའི་ཁྲིར་ཕེབས་དགོས་པའི་བཀའ་གནང་སྐབས། ཐོག་མའི་ཆར་ཁོང་གིས་ཕྲན་རང་གྲྭ་བ་གྲྭ་རྐྱང་ཞིག་གིས་སྦྱིན་བདག་དང་ཁལ་མ་སོགས་གང་ཐད་ནས་ཁྲི་བ་མི་ཡོང་བའི་ཚུལ་གྱི་གནང་བ་ཞུས་ཀྱང་མ་འཁྲོལ་བས་དེར་ཕེབས་ནས་ཆོས་སྦྱིན་བདུད་རྩིའི་མཆོད་ཡོན་བར་མེད་དུ་སྦྲེངས་ཏེ་བསྟན་འགྲོའི་ཕན་བདེའི་མྱུ་གུ་བླ་ལྷག་ཏུ་འཕེལ་བར་མཛད། ལྷག་པར་དུ་དགོན་པ་དེ་ནས་འགྲེལ་བ་བཞི་སྦྲགས་ཀྱི་འཆད་ཉན་ཧ་ཅང་དམར་བ་མཛད་དེ་ཕྱིས་སུ་རྒྱུད་འགྲེལ་གྱི་ཁོངས་གཏུགས་ས་ལྟ་བུར་གྱུར། ཁྲི་མཐར་ཕྱིན་རྗེས་ཀུན་མཁྱེན་རིན་པོ་ཆེར་ཆེད་མཇལ་གྱིས་ད་ནི་བདག་ལ་ཁལ་མ་སོགས་ཆ་རྐྱེན་ཏོག་ཙམ་ཡོད་པས་ཕྱི་ནང་གི་ཁྲི་བ་གང་ཞིག་ལ་མངགས་ཀྱང་གྲྭ་ཚང་རིན་པོ་ཆེ་དང་ཁོང་གི་ཞབས་ཞུར་འགྲོ་ཕྱིན་ཐུགས་དང་བསྟུན་ངེས་ཡིན་ཞེས་ཞུས་པར། ད་གང་ལའང་འགྲོ་མི་དགོས། བསེ་ཆང་ལ་འགྲེལ་བ་ཡག་པོ་ཞིག་འཛུགས་ཐུབ་སོང་བས་ངའི་བསམ་པ་རྫོགས་པ་ཡིན། ད་ནས་བཀྲ་ཤིས་འཁྱིལ་འདི་བཞུགས་སའི་མཐིལ་མཛད་དེ་མདོ་སྔགས་རིག་གནས་དང་བཅས་པའི་ཁྲིད་མན་ངག དབང་རྗེས་གནང་སོགས་ཀྱིས་སློབ་མ་སྐྱོང་བ་གཙོ་བོར་བྱོས་ལ་བསྟན་པ་སྐྱོང་ཞེས་བཀའ་གནང་བའི་ངག་རྒྱུན་བླ་བྲང་ཨ་ཁུ་བློ་བཟང་ལས་དངོས་སུ་ཐོས།

 དགུང་ལོ་ང་དྲུག་པ་སྤྱི་ལོ་( ༡༩༤༣ )ལོར་སྟག་ཚང་ལྷ་མོར་ཕེབས་ཏེ་སྐྱབས་མགོན་གསེར་ཁྲི་སྐུ་ཕྲེང་ལྔ་བ་རིན་པོ་ཆེར་དགེ་ཚུལ་བསྒྲུབས་ཅིང་གྲྭ་ཚང་རིན་པོ་ཆེར་དཔེ་ཁྲིད་བཀའ་ཆོས་མང་དུ་གནང་། རྗེ་ཉིད་དགུང་ལོ་གཞོན་དུས་ནས་གདན་ས་བཀྲ་ཤིས་འཁྱིལ་རང་དུ་ཁོང་གི་དགེ་རྒན་མཁས་པའི་དབང་ཕྱུག་གུང་ཐང་བློ་གྲོས་ཚང་གིས་བཀའ་ནན་ཏན་དུ་གནང་བའི་ངོར་དཔེ་ཁྲིད་མང་དུ་གནང་ཞིང་། ཁྱད་པར་དུ་རྡོོ་རམས་དམ་བཅའ་བཞག་པ་ནས་བཟུང་གངས་ཅན་གྱི་ལྗོངས་ན་གཟི་བྱིན་རབ་ཏུ་འཕྲོ་བའི་རིག་པའི་གནས་བཅུའི་ཁྲིད་དང་མན་ངག་ཅི་མཆིས་སྐལ་ལྡན་གདུལ་བྱ་གང་ན་སུ་མཆིས་མཐའ་དག་ལ་འཛད་མེད་སྦྱིན་པའི་སྤར་ཁ་ཡངས་པོར་ཕྱེ་ནས་གངས་ཅན་སཱ་ལའི་ལྗོངས་ལ་དགེ་ལེགས་བསམ་མི་ཁྱབ་པའི་སྣང་བས་ཁྱབ་པར་མཛད། སྐབས་འདི་ཤེད་ཅིག་ཏུ་ཀུན་མཁྱེན་དྲུག་པའི་ཡོངས་འཛིན་དཀོན་མཆོག་བསམ་འགྲུབ་ཚང་དང་རྣམ་གཉིས་ཀྱིས་རྗེ་བླ་ཁོ་རིན་པོ་ཆེའི་བཀའ་ལྟར་བདེ་ཐང་མཁན་རིན་པོ་ཆེའི་མདུན་ནས་གསུང་འབུམ་ཉི་ཤུ་ལྷག་གི་བཀླགས་ལུང་སོགས་བཀའ་ཆོས་མང་དུ་ཞུས། རྗེ་འདི་ཉིད་ཀྱིས་མདོ་སྔགས་ཀྱི་ཁྲིད་གང་གི་སྐབས་སུའང་དཔྱད་པ་གནད་ཕིགས་ལ་ལུང་རིགས་ཀྱི་དངོས་གཙང་བ། ལྷག་པར་དུས་དང་རྣམ་པ་ཀུན་ཏུ་རང་ཅག་ནང་པ་བ་ཞིག་ལ་མཚོན་ན་ཆེས་གལ་ཆེ་བ་སྐྱབས་འགྲོའི་བསླབ་བྱ་ཡིན་ལ། དེ་ལས་ཀྱང་རང་ཅག་ལ་འབྱུང་སླ་བ་དགག་པའི་བསླབ་བྱ་འདི་དག་ཡིན་གསུང་ནས་དེ་དག་རྩལ་དུ་བཏོན་ནས་འཇིག་རྟེན་པའི་ལྷ་པེ་ཧར་ཏེ་གནས་ཆུང་སོགས་ལ་དག་སྣང་སྦྱངས་པའི་ཟོལ་གྱིས་གཏན་གྱི་སྐྱབས་བཅོལ་བ་དང་། སེམས་ཅན་དམར་བསང་བྱེད་པ། ཁ་ཆེ་བ་སྟེ་( ཡུལ་སྐད་དུ་ཧེ་ཧེ་ཟེར། )མུ་སྟེགས་པའི་རིགས་ལ་འགྲོག་པ་སོགས་མི་རུང་བར་ཡང་དང་ཡང་དུ་གསུང་བར་མཛད་ཅིང་། གནས་ཆུང་སོགས་ལ་སྐྱབས་དང་ཕྱག་འཚལ་ན་མི་འགྲིག་པ་ནི་ཨ་པ་ཨ་བློ་ལྟ་བུའི་ཆོས་འབྲེལ་མེད་པའི་མི་ཆེན་ཚོའི་མདུན་ལ་སོང་ནས་ཕྱག་འཚལ་བ་དང་གཏན་གྱི་སྐྱབས་བཅོལ་ན་ཁོ་རང་ཚོ་ཁྱིམ་པ་རྒད་པོ་ཡིན་པས་མི་དགའ་བའི་རྒྱུར་འགྱུར་ལ། གཟན་སྐྱོར་དང་ཁ་བཏགས་སོགས་མེད་པར་རྗེན་རྗེན་དུ་སོང་ན་ཡང་ཁོ་རང་ཚོ་དཔོན་པོ་མཐོན་པོ་ཡིན་པས་མི་དགའ་བ་སོགས་ཀྱི་ཞིབ་ཆ་ཤེས་དགོས་ཞེས་དཔེ་དང་བཅས་ཏེ་སྐབས་ཀུན་ཏུ་གསུང་བར་མཛད་ཅིང་། བླ་བྲང་ན་ལོ་རེ་བཞིན་རྒྱ་ལོའི་ཚེས་གཉིས་ཉིན་གནས་ཆུང་སྐུ་རྟེན་ལ་ཁོག་ཞུགས་ཀྱིས་ཀུན་མཁྱེན་བླ་མ་དང་དགོན་པ་བཀྲ་ཤིས་འཁྱིལ་བར་ལོ་གཅིག་པོའི་གེགས་སེལ་གྱི་ལུང་བསྟན་ཞུ་ཞིང་། དེའི་འཕྲོར་བླ་མ་དགེ་བཤེས་ཆེ་ཁག་དག་གིས་གནས་ཆུང་སྐུ་རྟེན་ལ་ཁ་བཏགས་འཐེན་དགོས་པས་དེའི་སྐབས་ནམ་ཡིན་ལ་གནས་ཆུང་སྐུ་རྟེན་གྱིས་ཁོང་གི་དབུ་བསྡམས་ཏེ་ཡུན་རིང་མི་གཏོང་བ་བྱུང་བས། ཁོང་ཏོག་ཙམ་རྣམ་རྟོག་གིས་ཨ་ལགས་བླ་ཁོ་རིན་པོ་ཆེར་ངས་ནམ་རྒྱུན་གནས་ཆུང་ལ་ཅུང་ཟད་བཙོག་ཏུ་ལྟ་བའི་སྒོ་ནས་ཕྱག་འཚལ་བ་དང་སྐྱབས་བཅོལ་བ་སོགས་དགག་པའི་རྐྱེན་ལས་ཁོ་ང་ལ་མ་དགའ་བ་ཡིན་ཤས་ཆེ་ཞུས་པར། ཨ་ལགས་རིན་པོ་ཆེས་འཛུམ་དང་བཅས་ཁྱོད་ཀྱིས་དེ་ལྟར་བྱས་པར་གནས་ཆུང་ཁྱོད་ལ་ལྷག་པར་དགའ་བའི་རྟགས་བསྟན་པ་ཡིན་གསུངས་པ་འདི་རང་ཅག་ཕྱི་རབས་པ་དག་གིས་གོ་དགོས་པའི་གནད་དམ་པའོ།།( འདི་ཁོང་གི་དངོས་སློབ་དང་བདག་གི་དགེ་རྒན་བཀའ་དྲིན་ཅན་རྡོ་རམས་པ་འབོ་ར་ཀུན་བཟང་ཚང་གིས་བདག་ལ་སྐྱབས་ཁྲིད་གནང་སྐབས་དངོས་སུ་གསུང་། ) སྐབས་འདི་ཉིད་ཙམ་ན་དམ་པ་འདི་ཉིད་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་བསྟན་པའི་གདུགས་དཀར་གྱེན་དུ་འདེགས་པའི་སྲོག་ཤིང་གཅིག་པུར་འཁུམས་ཞེས་དམ་པ་མང་བོས་གཅིག་མཐུན་དུ་གསུངས།

     དགུང་ལོ་དྲུག་ཅུ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ས་བྱི་( ༡༩༤༨ )་ལོ་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་གཙོར་བྱས་ཕྱོགས་ཀྱི་དགོན་སྡེ་སྟག་ཚང་ལྷ་མོ། ཤིས་ཚང་སྒར་རྙིང་། ཅོ་ནེ་དགོན་ཆེན། ཆས་བུ་གཤིས་དགོན། རྡོ་དཀར་དགོན་པ། ཨ་སྐྱིད་སེ་ར་དགོན། གྲོ་ཚང་དགོན། གླིང་བའི་རི་བོ་དགོན། རྡོ་སྦིས་བསེ་ཆང་དགོན། སོག་པོའི་ཤིང་བཟའ་དགོན། ལྡི་ཚ་དགོན། ཨ་ལ་དེའུ་མགོའི་དགོན། ཨ་ལ་སྒྱིས་ཚང་དགོན། བྱམས་མེ་འབྲས་སྤུངས་དགོན་སོགས་དགོན་སྒྲུབ་སྡེ་མང་བོ་ནས་དབང་བཀའ་ཆོས། ལུང་རྗེས་གནང་། ཁྲིད་མན་ངག་སོགས་གང་ལ་གང་འདོད་དུ་བསྩལ་ཏེ་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་། དགོན་སྡེ་མང་བོར་རྟེན་བཞེངས་དང་གསུང་རབ་མང་བོའི་གནང་སྦྱིན་གྱ་ནོམ་པ་མཛད།

    ལོ་འདིར་ཨ་ལ་དེའུ་མགོའི་དགོན་དུ་གདན་དྲངས་ཏེ་འདུ་ཁང་གསར་བཞེངས་ཀྱི་ས་དང་ཁ་བསྟན་ཕྱོགས་སོགས་ལ་གཟིགས།  མྱི་རྒོད་དུང་རིའི་མགོར་ཞག་བཞུགས་མཛད་ནས་ཐེག་ཆེན་གསོ་སྦྱོང་དང་བཀྲ་ཤིས་གསོ་སྦྱོང་། རྡོ་རྗེ་གཅོད་པ་སོགས་ཀྱི་ལུང་གནང་། སྤྱིར་དེའུ་མགོའི་དགོན་དུ་ཐོག་མར་ཕེབས་པའི་ལོ་ནི་འདི་མིན་པར་འདིའི་སྔོན་ནས་ཐེངས་འགར་ཕེབས་ཟིན་པ་ཡིན་ཀྱང་ལོ་དུས་གསལ་བོར་མ་ངེས་ལ། ཐོག་མར་གདན་འདྲེན་གྱི་གྲོས་མགོ་འདོན་མཁན་ནི་ཨ་ལ་མ་ཁའི་ཨ་ཁུ་སྐལ་བཟང་རྒྱ་མཚོ་( སྣ་འཚང་ )གཙོ་བྱས་པའི་གྲྭ་བ་འགའ་རེས་ཡིན་པ་ལས་དགོན་གཞུང་ནས་གདན་དྲངས་པ་མིན་ལ། དེ་ཡང་ཐོག་མར་ཅུང་གསང་བའི་ངང་ནས་གདན་དྲངས་རབས་ཀྱི་ངག་རྒྱུན་འདུག རྗེས་སུ་གྲྭ་ཚང་གིས་ཁོང་གི་ཡོན་ཏན་ལ་ཤེས་ནས་བཅོས་མིན་གྱི་དད་པ་ཐོབ་སྟེ་ཚང་མས་ཆོས་འབྲེལ་བཞག་པས་རྩ་བའི་བླ་མ་གཅིག་པུར་གྱུར་ཅིང་། ས་འདིའི་སྐྱ་སེར་ཐམས་ཅད་ཀྱིས་དུས་དེ་ནས་བཟུང་སྟེ་ཁོང་གི་མཚན་རྗེན་པར་མི་འབོད་པར་ཨ་ཁུ་རིན་པོ་ཆེ་ཞེས་ཧ་ཅང་རྩིས་མཐོང་ཆེ་བའི་ངང་ནས་འབོད་པའི་རྒྱུན་ད་དུང་ཡང་མ་མཉམ་པར་ཡོད། དེ་ལ་རྒྱུ་རྐྱེན་གཞན་ཞིག་ཡོད་པ་ནི་དགོན་བདག་ལྷ་མོ་གསེར་ཁྲི་སྐུ་ཕྲེང་བཞི་བ་ཚང་ཨ་ལའི་རྒན་པོའི་འགོ་རབས་རེར་དབྱར་བཞུགས་དགུན་བཞུགས་གང་རུང་རེ་གནང་སྲོལ་བྱུང་བའི་གོ་སྐབས་དང་བསྟུན་སྐབས་ཤིག་ལ་གྲྭ་ཚང་གིས་ཁོང་གི་ཐུགས་འདོད་ལྟར་གྱི་དཔེ་ཁྲིད་ཅིག་ཞུས་པ་ན། ཁོང་གིས་སང་ཉིན་འདུ་ཁང་ཁྱམས་ར་ནས་བཞུགས་ས་བཀོད་སྒྲིག་བྱོས་ཞེས་དཔེ་ཁྲིད་གནང་བའི་ཞལ་བཞེས་ཐོབ། ཕྱིར་ཉིན་འདུ་ཁང་ཁྱམས་རའི་སྒོ་ཆེན་ཐད་དུ་ཁྲི་བརྒྱབ་སྟེ་ཁོང་ཉིད་གདན་དྲངས་པར། ཁོང་བ་ཁྲི་ཁར་མ་བཞུགས་པར་ཁྲི་ནང་ནས་གདན་ཁ་གང་མ་ཞིག་བླངས་ཏེ་ཁྱམས་རའི་ཡར་རྩིབ་ནས་ཞལ་མར་འཁོར་ནས་བཞུགས་ཏེ་འཇིགས་བྱེད་དཔའ་གཅིག་གི་ཆོ་གའི་སྟེང་ནས་བསྐྱེད་རིམ་གྱི་ཁྲིད་མདོར་བསྡུས་སུ་གནང་སྟེ་གྲོལ་ཁར་སང་ཉིན་རྭ་གཉིས་ནི་བདེན་གཉིས་གང་ཡིན་ཚང་མས་ཤེས་པར་བྱས་ཏེ་ཁོང་ལ་ཞུ་དགོས་པའི་བཀའ་གནང་། ཕྱིར་ཉིན་དེ་ཇི་བཞིན་ཞུ་མ་ཤེས་པ་སོགས་ཀྱིས་རྟེན་འབྲེལ་མ་ཡོང་བའམ་གང་ལྟར་ཐུགས་དེ་འདྲ་མ་ཚིམ་པའི་རྣམ་པས་ད་ངས་གྲྭ་ཚང་ལ་ཕན་ཐོགས་དཀའ། རྗེས་མ་ང་དང་ཐུགས་རྒྱུད་གཅིག་པ་ཞིག་གིས་ཁྱེད་ཚོར་འདིའི་འཕྲོ་ཕུད་དེ་རྗེས་སུ་འཛིན་ཡོང་ཞེས་གསུངས་ཏེ་མཚམས་བྱས།  རྗེས་སུ་ཨ་ཁུ་རིན་པོ་ཆེ་ལྷ་མོའི་ཚུལ་ཁྲིམས་ཚང་ཁོང་བར་དགོན་གཞུང་ནས་ཐོག་མར་བཀའ་ཆོས་ཞུས་པར། ཁོང་གིས་སྐྱབས་མགོན་གསེར་ཁྲི་སྐུ་ཕྲེང་བཞི་བའི་གསུང་ཇི་ལྟ་བ་བཞིན་ཁྱམས་རར་བཞུགས་ས་བྱེད་དགོས་པའི་བཀའ་གནང་བ་ལྟར་དེར་ཁྲི་བརྒྱབ་ཀྱང་ཁྲི་ཁར་མ་བཞུགས་པར་ཁྲི་ནང་ནས་གདན་ཁ་གང་མ་བླངས་ཏེ་སྔར་གྱི་གསེར་ཁྲི་ཚང་བཞུགས་པའི་ཤུལ་དུ་བཏིང་སྟེ་དེར་བཞུགས་ནས་དཔེ་ཁྲིད་ཀྱང་རྭ་གཉིས་ནི་བདེན་གཉིས་ཞེས་པའི་མཚམས་ནས་གནང་བས་བླ་རྒན་མང་པོས་རྭ་ལོ་ཙཱ་བ་( ལྷ་མོ་གསེར་ཁྲི་སྐུ་ཕྲེང་བཞི་བར་ཡུལ་ཕྱོགས་འདི་ནས་རྭ་ལོ་ཙཱ་བ་ཞེས་འབོད། )དངོས་རེད་གསུང་སྟེ་ཤུམ་ནས་ཚོད་མི་ཟིན་པ་ལྟ་བུར་གྱུར། དེ་ནས་བཟུང་དེའུ་མགོའི་དགོན་པའི་ལུགས་གཉིས་ཀྱི་བགྱི་བ་མཐའ་དག་བཀའ་འདྲི་ཞུ་སའི་ཡུལ་གཅིག་པུར་གྱུར། སྐྱབས་མགོན་གསེར་ཁྲི་སྐུ་ཕྲེང་ལྔ་བ་རིན་པོ་ཆེའི་བཀའ་ལྟར་དགོན་འདིར་བདེ་མཆོག་གི་བདག་འཇུག་ཚུགས་སྐབས་དབྱངས་དཔོན་ཡང་ཁོང་ཨ་ཁུ་རིན་པོ་ཆེའི་བཀའ་ལྟར་བླ་བྲང་རྒྱུད་སྨད་ནས་བླངས་ཏེ་ཕྱག་ལེན་ཆེ་ཕྲ་ཐམས་ཅད་བླ་བྲང་རྒྱུད་སྨད་ལྟར་བཙུགས་ཤིང་། དུས་ཚིགས་ཀྱང་ཧོར་ཟླ་བརྒྱད་པའི་ཚེས་གཉིས་ལ་ས་ཆོག་ཡར་ཚོགས་ཀྱིས་སྐུ་ཕྲེང་བཞི་བའི་གདུང་མཆོད་ཀྱི་ཚུལ་དུ་བཙུགས། ཞོར་དུ་སྔར་ཡོད་གསང་འདུས་དང་འཇིགས་བྱེད་ཀྱི་བདག་འཇུག་ཀྱང་བླ་བྲང་རྒྱུད་སྨད་དང་མཐུན་པར་བཅོས་པས་སྔར་གྱི་འདོན་རྟ་བསྒྱུར་དགོས་པའི་རྐྱེན་གྱིས་གསར་བཙུགས་ལས་ཀྱང་དཀའ་བའི་ངག་རྒྱུན་ཡོད། འཇིགས་བྱེད་བདག་འཇུག་གི་དུས་ཚིགས་བསྒྱུར་ཏེ་ཧོར་ཟླ་དགུ་བའི་བཅོ་ལྔ་ནང་དུ་བླངས་ནས་ལྷ་མོའི་གསེར་ཁྲི་སྐུ་ཕྲེང་དང་བོའི་གདུང་མཆོད་གྱི་ཚུལ་དུ་བཙུགས།  དེའུ་མགོའི་དགོན་པའི་གྲྭ་བ་མང་ཤས་སྐུ་ཚེ་ཐུང་བའི་སྲི་ཞུགས་པ་ལ་ཁོང་གིས་ཐུགས་བཀོད་གནང་སྟེ་དམེ་ཤུལ་མི་ཏོ་ཚང་གདན་དྲངས་ནས་སྲི་ཁ་བཅད་ཅིང་། སླར་ཡང་སྲི་མི་ལྡིང་བའི་རྒྱབ་གནོན་དུ་ལོ་རེའི་དབྱར་ཉི་ལྡོག་ལ་ཁྲི་ཆེན་གཉིས་པའི་གསུང་གི་རྟ་མགྲིན་གཏོར་བཟློག་དང་། དགུན་ཉི་ལྡོག་ལ་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་གི་རྟ་མགོན་སྦྲགས་སྒྲུབ་ཚུགས།

དགུང་ལོ་རེ་གཅིག་པ་སྤྱི་ལོ་( ༡༩༤༩ )ལོར་ལྷ་མོའི་ཤིང་བཟའ་ཚང་གིས་ཞུས་ངོར་བླ་གྲྭ་མང་པོར་བསྟན་འགྱུར་ལས་ལུང་རྒྱུན་བཞུགས་ཚད་གནང་། དེའུ་མགོའི་མགོན་པའི་འདུ་ཁང་གསར་བའི་དྲི་གཙང་ཕུག་ཏུ་བྱམས་ཆེན་བཞེངས་པའི་ཡོན་ཁོང་གིས་སྦྱར། ཞལ་རྩེད་ཀྱི་རྣམ་པས་ངས་བཞེངས་པའི་བྱམས་ཆེན་གྱི་སྤྱན་འུ་ཅག་ལྟར་སྔུན་ས་གཅིག་པུར་ལྟ་མཁན་ཞིག་མིན་པར་སྤྱན་གྱིས་ཐག་རིང་བོར་གཟིགས་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་གཟིགས་པ་ཞིག་བཞེང་དུ་འཇུག་རྒྱུ་ཡིན་ཞེས་གྲྭ་ཚང་ལ་གསུངས། འདུ་ཁང་གསར་བའི་གྱན་ཐང་ཡོད་ཚད་བླ་བྲང་ནས་ལྷ་བཟོ་བཏང་སྟེ་ཨ་ལ་ནས་བཞེང་རྒྱུའི་བཀོད་ཁྱབ་གནང་ཡང་ཕྱིས་སུ་ཁྱོད་ཚོ་ས་ཆུང་ལུང་ཆུང་ཡིན་པས་ལྷ་བཟོ་ཚོས་དེའི་ཚོད་ཀྱིས་བཞེང་འགྲོ་གསུང་ནས་བླ་བྲང་ནས་བཞེང་སྟེ་གདན་འདྲེན་རྒྱུ་བྱས། འདུ་ཁང་གསར་བ་དང་རྟེན་གསུམ་ཡོངས་སུ་གྲུབ་རྗེས་ཁོང་གིས་ལས་སློབ་གནང་སྟེ་རབ་ཏུ་གནས་པ་རྒྱས་པར་བྱས།

   དགུང་ལོ་རེ་བཞི་བ་སྤྱི་ལོ་( ༡༩༥༢ )ལོར་དེའུ་མགོའི་དགོན་དུ་ཕེབས་ནས་སུམ་རྟགས་དག་དག་གསུམ་དང་དབྱངས་ཅན་སྒྲ་མདོ་སོགས་རིག་གནས་ཀྱི་ཁྲིད་དང་། སྐྱབས་ཁྲིད་དང་ལམ་ཁྲིད་སོགས་མང་དུ་གནང་། དགུང་ལོ་རེ་ལྔ་བ་སྤྱི་ལོ་( ༡༩༥༣ )ལོར་གདན་ས་བཀྲ་ཤིས་འཁྱིལ་གྱི་རྒྱུད་སྨད་པའི་འདུ་ཁང་དུ་བླ་སྤྲུལ་དང་དགེ་བཤེས་སོགས་དད་ལྡན་སློབ་མ་སྟོང་ཕྲག་མང་པོར་དཔལ་དུས་ཀྱི་འཁོར་ལོའོ་དབང་ཆེན་གནང་། དགེ་བའི་བཤེས་གཉེན་ཆེན་པོ་རབ་ཕྲུག་བསྟན་འཛིན་རྒྱ་མཚོས་མཎྜལ་བཤད་པ་ཕུལ། ལོ་འདིར་ལྷ་མོའི་ཤིང་བཟའ་ཚང་གིས་ཞུས་ངོར་བཀའ་འགྱུར་གྱི་ལུང་རྫོགས་པར་གནང་སྟེ་འཇུག་ཏུ་སེམས་བསྐྱེད་མཆོད་པ་ཡང་གནང་།དགུང་ལོ་རེ་བརྒྱད་པ་སྤྱི་ལོ་( ༡༩༥༦ )ལོར་སྟག་ཚང་ལྷ་མོར་ཕེབས་ཏེ་དབང་ལུང་ཁྲིད་གསུམ་མང་དུ་གནང་། སྐུ་ཚེ་སྨད་ལ་ལོ་རེ་བཞིན་དུ་སྟག་ཚང་ལྷ་མོར་ཕེབས་ཏེ་ཐུགས་ཧ་ཅང་དགྱེས་པའི་རྣམ་པས་ཁོང་ལ་མངའ་བའི་གདམས་པ་ཐམས་ཅད་ཕངས་མེད་དུ་བསྩལ། དགུང་ལོ་རེ་དགུ་བ་སྤྱི་ལོ་( ༡༩༥༧ )ལོར་སྐུ་ཡུལ་ཨ་ལ་སྒྱིས་ཚང་ནགས་རིའི་དགོན་ཕུན་ཚོགས་དགེ་འཕེལ་གླིང་དུ་སྒྱིས་ཚང་ནགས་རིའི་དགོན་གྲོང་གིས་ཡང་ཡང་ཞུས་པ་ལྟར་ཨ་ལ་ཟམ་ཚའི་སེར་སྐྱ་ཁྲི་ཕྲག་བརྒལ་བར་དུས་འཁོར་དབང་ཆེན་གནང་།

 སྐབས་ཤིག་ཏུ་ཀུན་མཁྱེན་རིན་པོ་ཆེ་དང་ཕྱག་མཛོད་ཚང་རྣམ་གཉིས་ནས་ཁོང་དང་བདེ་ཐང་མཁན་རིན་པོ་ཆེ་སོགས་རྣམ་པ་བཞི་སྐུ་མདུན་དུ་འབོད་པ་གནང་སྟེ་བསྟན་པ་དང་འགྲོ་བའི་གེགས་སེལ་དང་ཁྱད་པར་དུ་རྒྱ་དམག་བཟློག་པའི་ཆེད་དུ་འཇིགས་བྱེད་ཀྱི་འཁྲུལ་འཁོར་ཚར་བཞི་སྒྲུབ་དགོས་པའི་བཀའ་གནང་བ་ལྟར། ཁོང་ཉིད་དེའི་གདམས་པ་ལག་ལེན་དང་བཅས་པ་ལ་ནང་བྱན་ཆུད་པས་འཁོར་ལོ་བྲི་སྒྲུབ་ལ་སོགས་པ་ཡོངས་སུ་འགྲུབ་ཏེ་ཀུན་མཁྱེན་བླ་བྲང་དུ་ཕུལ་བར། རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ཏེ་ལེགས་སོའི་ཁ་བཏགས་སེར་པོ་ཞིག་ཁོང་གི་ཕྱག་ཏུ་གནང་སྟེ། ཁྱེད་བཀའ་དྲིན་ཆེ་མོད་གཞན་པ་ཚོས་ཅི་བཞིན་མ་ཡོང་ཞིང་ད་ནི་འགྲོ་བའི་ལས་ལ་བཟློག་ཏུ་མེད་གསུང་སྟེ་ཚང་མ་གོས་ཆེན་སེར་པོ་ཞིག་གིས་བཏུམ་ནས་ཁོང་ལ་ཕྱིར་གནང་།  ( འདི་ཁོང་གི་ཞལ་སློབ་བླ་བྲང་གྲྭ་བ་དངུལ་རྭ་བློ་བཟང་ལས་དངོས་སུ་ཐོས། ) དུས་ནམ་ཡིན་ཡང་སྐུ་མདུན་དུ་གྲྭ་རྐྱང་རེ་ལྷགས་ཚེ་ཁོང་ལ་ཡོན་བདག་ཚོས་ཕུལ་བའི་དངུལ་སྒོར་དང་དངོས་རྫས་སོགས་ཕངས་མེད་དུ་གནང་བ་དང་། དཔེ་ཁྲིད་སོགས་གང་ཞུས་ཀྱང་དགྱེས་བཞིན་དུ་ཞལ་གྱིས་བཞེས་བ་སོགས་སློབ་མ་ཁྲིད་པའི་རིམ་པ་ལ་ཤིན་ཏུ་མཁས་པས་ཆོས་དང་ཟང་ཟིང་གཉིས་ཆར་གྱིས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་ཅིང་། སྔ་གཞུག་ཏུ་དད་ལྡན་གྱི་སློབ་མ་གྲངས་ལས་འདས་པར་དུས་འཁོར་དབང་ཆེན། མི་ཏྲ་བརྒྱ་རྩ། རིན་འབྱུང་བརྒྱ་རྩ། རྡོ་རྗེ་ཕྲེང་བ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ། སྒྲུབ་ཐབས་རྒྱ་མཚོ། འཇམ་དབྱངས་ཆོས་སྐོར། བདེ་གསང་འཇིགས་གསུམ་སོགས་ཀྱི་དབང་རྗེས་གནང་དང་བསྐྱེད་རྫོགས་ཀྱི་ཁྲིད། བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་གསུམ་དང་ཀུན་མཁྱེན་སྐུ་ཕྲེང་ན་རིམ། དེ་ལས་གཞན་པའི་མཁས་གྲུབ་མང་བོའི་གསུང་འབུམ་གྱི་ལུང་། སྒྲ་ཀཱ་ཙན་དབྱངས་གསུམ་གྱི་ཁྲིད། དུས་འཁོར་ཕྱི་ནང་གཞན་གསུམ་སོགས་སྐར་རྩིས་ཀྱི་སྐོར། གསོ་རིག་རྒྱུད་བཞི། སྡེབ་སྦྱོར་རིན་འབྱུང་། སྙན་གཞུང་དང་ས་དཔྱད་ཀྱི་ཁྲིད་སོགས་མང་དུ་གནང་བ་མཐའ་དག་པར་བརྗོད་གྱིས་མི་ལོང་བས་འདིར་ཆེ་ལོང་ཙམ་དུ་བཀོད་ཅིང་། མདོར་ན་དམ་པ་འདིས་སྐུ་ཚེ་མ་རྫོགས་ཀྱི་བར་དུ་རང་རྒྱུད་སྨིན་བྱེད་ཕྱིན་དྲུག་དང་གཞན་རྒྱུད་སྨིན་བྱེད་བསྡུ་བཞིའི་སྤྱོད་པ་ལྷུར་བཞེས་ཏེ་བྱང་ཆུབ་སེམས་སྦྱོང་གི་གདམས་པ་ཉམས་ལེན་གྱི་མཐིལ་དུ་མཛད་ཅིང་། ཡི་དམ་གྱི་ལྷག་ལྷ་མང་བོའི་བསྙེན་པ་གནད་དུ་སྨིན་པ་མང་བོ་གནང་། དུས་རྒྱུན་ཕེབས་བཞུགས་དང་བཟའ་བཏུང་དང་ན་བཟའ་བཞེས་སྟངས་དཔེ་ཁྲིད་བྱེད་ཚུལ་མཐའ་དག་འདུལ་བའི་བཅས་མཚམས་ལས་མི་འདའ་བར་མཛད་ཅིང་། སྐབས་ཤིག་ཁོང་གི་སློབ་མ་སྨད་སོག་( མཚན་གསལ་བོ་མི་དྲན )དགེ་བཤེས་ཤིག་བླ་བྲང་རིགས་གྲྭ་ཐང་ནས་འཇིགས་བྱེད་ཀྱི་གཞི་བསྙེན་ལ་ལོ་གསུམ་བཞུགས་པ་གྲོལ་ཉིན་ཁོང་ཉིད་བཅུ་ཆའི་སྦྱིན་སྲེག་ཏུ་གདན་དྲངས་པར་སྐྲ་དང་སྨ་ར་སོགས་མ་བཞར་བར་རིང་བོར་བཞག་པ་གཟིགས་འཕྲལ་ཐུགས་ཁྲོས་ཏེ་ཁྱོད་ཀྱིས་འཇིགས་བྱེད་བསྙེན་པའི་དགེ་བ་ལས་སྟོན་པའི་བཅས་པར་འགལ་བའི་ལྟུང་བ་ལྕི་ཞེས་བཀའ་བཀྱོན་པར་མཛད། དགེ་བའི་བཤེས་གཉེན་ཆེན་པོ་གུང་ཐང་བློ་གྲོས་ཚང་ཟི་ལིང་མཱ་ཆི་ཚང་གི་ཧེ་དམག་གིས་བཀྲོངས་པའི་ཉིན་དེར་ཁོང་གི་གུང་ཚིགས་ཀྱི་ཆང་བུ་ཕྱི་རོལ་ཏུ་མ་འཕང་བར་རུང་ཁང་གི་ཐབ་ཐོག་ཏུ་བཞག་ཡོད་པ་ཨ་ཁུ་རིན་པོ་ཆེ་འདི་བའི་ཕྱག་ཏུ་བཟུང་སྟེ་གདུང་མདུན་ཚོགས་པའི་དགེ་བཤེས་ཆེ་གྲས་དག་ལ་རེ་རེ་བཞིན་བསྟན་ནས་བླ་མ་རིན་པོ་ཆེའི་ཕྱག་ལེན་འདི་ལྟར་ཡིན་པས་ཁྱེད་རྣམ་པས་གང་འདོད་མ་བྱེད་ཅེས་འདུལ་བའི་ལག་ལེན་ཕྲ་མོ་ཙམ་ལའང་གྱ་ཚོམ་དུ་མི་འཇུག་པ་ནི་བསྟན་པའི་སྙིང་བོ་རྟོགས་པའི་དམ་པའི་མཛད་བཟང་རྨ་མེད་པའོ།། ཡང་ཨ་ལགས་སྡེ་བ་ཚང་གི་དགེ་རྒན་གྱིས་ཁོང་བ་རི་ཁྲོད་ཅིག་ལ་ཕེབས་ནས་ཉམས་ལེན་བྱེད་དགོས་ཞུས་པར། ཀུན་མཁྱེན་བླ་མས་རང་ཅག་ལ་ཉམས་ལེན་བྱེད་སའི་གདན་ས་འདི་བཏབ་པ་རེད། འདི་ནས་དགེ་འདུན་འདུས་པ་རྒྱ་མཚོ་དང་ལྷན་དུ་ཉམས་ལེན་མི་ཡོང་ན་ལུང་བ་ཁུག་ཀྱོག་ཅིག་ནས་ཁྱོད་གཅིག་པུར་བསྡད་པ་ལ་ཉམས་ལེན་ཨེ་ཡོང་མི་ཤེས། དོན་དུ་ཁྱོད་ཚོ་ཁུར་ལས་སྣེ་ལ་སྐྲག་ནས་བྱོལ་བ་རེད་ཅེས་ཐུགས་མ་དགྱེས་པའི་གསུང་གནང་། ( འདི་དག་དགེ་རྒན་བཀའ་དྲིན་ཅན་ཀུན་བཟང་བས་བདག་ལ་དངོས་སུ་གསུང་བའོ།། ) སྐབས་ཤིག་ཨ་ལ་དེའུ་མགོའི་དགོན་པའི་གྲྭ་ཤག་ཚང་མར་ཕེབས། གྲྭ་བ་ཚོང་བ་དང་ཕྱུག་པོ། ཤག་གི་ར་བསྐོར་དུ་སྔོ་ཚོད་དང་ཞོག་ཁོག་སོགས་བཏབ་ཡོད་པ་དག་ལ་དེ་འདྲའི་དགྱེས་ཉམས་མི་སྟོན་ཅིང་། གྲྭ་རྐྱང་གཉོམ་ཆུང་ཚོ་ལ་ཐུགས་ཧ་ཅང་དགྱེས་དགྱེས་མཛད་དེ་གསུང་ཡང་པོ་དང་འབུལ་བ་གཏན་ནས་མི་ལེན་པར་མ་ཟད་ཚུར་ལ་དངོས་རྫས་ཅི་རིགས་གནང་སྦྱིན་མཛད། གྲྭ་རྐྱང་ཞིག་གིས་ཁོང་རིན་པོ་ཆེར་ལྷམ་འཇའ་ཆེན་ཞིག་ཕུལ་བར། ཁོང་གིས་ཁྱོད་ཀྱིས་སེམས་གཏིང་ནས་ང་ལ་བྱིན་པ་ཨེ་ཡིན་ཞེས་དྲིས་བར་ཁོས་ལོས་ཡིན་ཞུས། དེ་ན་བཟང་གི་ང་ལ་ལྷམ་འདི་མི་དགོས་མོད། དེང་ཕྱིན་ཁྱོད་ཀྱིས་གྲྭ་རྐྱང་ཚོ་ལ་གཡོར་དང་ང་ལ་བྱིན་པ་ལས་ལྷག་པའི་དགེ་རྩ་ཁྱད་པར་ཅན་ཡོད་ཅེས་གསུངས། ( འདི་ལྷམ་འབུལ་མཁན་གྱི་ཨ་ཁུས་བདག་ལ་དངོས་སུ་གསུང་བ་ཡིན། ) ཨ་ལགས་ཚོར་ཡང་དཔེ་ཁྲིད་ཀྱི་སྐབས་སུ་ཁྱེད་ཅག་ཨ་ལགས་ཚོའི་མདུན་དུ་ནད་པ་རེ་ཡོང་བ་ལ་མོ་བཏབ་ནས་སྐུ་རིམ་བཅའ་བ་ལས་སྨན་གཞུང་རེ་སྦྱངས་ཏེ་རྩ་ལ་བརྟག་ནས་སྨན་རེ་བྱིན་ན་དེའི་ཆོད་ཆེ་མོད། ས་དཔྱད་རེ་ཡང་ངེས་པར་དུ་ཁྲིད་དགོས་མ་གཏོགས། ཁྱེད་ཚོ་ཨ་ལགས་ཚོས་ས་མ་སྦྱངས་པར་མཆོད་རྟེན་མི་དགོས་སར་མཆོད་རྟེན་བཞེངས། སྐུ་འབུམ་མི་དགོས་སར་སྐུ་འབུམ་བརྒྱབ་ནས་སྦྱིན་བདག་ཚོའི་མགོ་མནན་ཡོད་པ་ཡང་ངས་མང་དུ་མཐོང་ཞེས་ཡང་ཡང་གསུངས་པ་ཁོང་གི་ཞལ་སློབ་ད་ལྟ་དགུང་ལོ་གོ་བཞིར་སོན་པའི་བླ་མ་གཡུ་བླ་རིན་པོ་ཆེས་བདག་ལ་དངོས་སུ་གསུང་། འདི་དག་གིས་མཚོན་རྗེ་འདིའི་རྣམ་ཐར་གྱི་ཟུར་ཕྲ་མོ་རེས་ཀྱང་ཐར་བ་བླ་ན་མེད་པའི་ལམ་དུ་ཁྲིད་པས་ན་གཞན་དག་ལྟ་ཅི་སྨོས།

     དགུང་ལོ་བདུན་ཅུ་བཞེས་པ་སྤྱི་ལོ( ༡༩༥༨ )་ལོར་ཁོང་དང་རྒན་པ་འགའ་ནང་ཆེན་ཞིག་ཏུ་བཅུག་ནས་ཕེབས་བཞུགས་ལ་རང་དབང་མེད་པར་བྱས། དེར་སྐུ་ཅུང་ཟད་སྙུང་བའི་ཚུལ་བསྟན་པར་ཉིད་ཀྱི་སྐུ་ཚ་རྡོ་རམས་པ་འཇམ་དབྱངས་ཉི་མ་ཁོང་གི་སྐུ་ལ་འཐམས་སྟེ་ངུས་པ་ན། ཁོང་གིས་ཁྱོད་ངུ་མི་དགོས། ང་ཁང་བ་འདིའི་ནང་ནས་གན་གི་ནང་དུ་སོང་ལྟ་བུ་ལས་སྡུག་ཅི་ཡང་མེད། ཕྲེང་བ་འདིས་ངས་བསྟན་འགྲོའི་ཞབས་བརྟན་དུ་འོད་ཟེར་ཅན་མའི་བསྙེན་པ་འབུམ་བདུན་ཅུ་ལྷག་བཏོན་ཡོད། ཁྱོད་ཕྲེང་བ་འདི་དང་ཁ་མ་བྲལ་བར་གྱིས་དང་རྗེས་སོར་དཀའ་ངལ་དང་འཕྲད་མི་ཡོང་གསུངས་ཤིང་། རྗེས་སུ་རིག་གསར་སོགས་ཆབ་སྲིད་ཀྱི་དུས་འགྱུར་ཡ་ང་བའི་ཁྲོད་དུ་དེ་ཁོ་ན་བཞིན་གྱུར་བའི་གཏམ་རྒྱུད་ངོ་མཚར་བ་མང་། དེ་ལྟར་རེ་ཞིག་སྐུ་ཚེ་འདིའི་གདུལ་བྱ་དང་མཛད་པའི་མཐའ་རྫོགས་པ་ན་འཕགས་ཆེན་དམ་པ་རྣམས་སྙིགས་དུས་ཀྱི་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་གཟིགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བ་ཆོས་ཉིད་ཡིན་པས། རྗེ་ཉིད་དགུང་ལོ་བདུན་ཅུ་བཞེས་བ་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་སོ་གཉིས་པ་རྣམ་འཕྱང་ཞེས་བ་ས་ཕོ་ཁྱིའི་ (༡༩༥༨/༨/༡༩ )ལོའི་ཁྲུམས་སྨད་ཟླ་བའི་དམར་ཕྱོགས་སྟོང་བ་དང་བོའི་ནམ་ལངས་ཀྱི་དུས་སུ་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་དང་བཅས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་མཛད། སྐུ་གདུང་རིན་པོ་ཆེ་ཁོང་གི་ཞལ་ཆེམས་བཞིན་གནས་སྐབས་སུ་བླ་བྲང་རྒྱབ་ཡོལ་ལུང་བར་རྗེ་ཉིད་ཀྱིས་བཙལ་བའི་ས་མིག་ཏུ་བཞུགས་སུ་གསོལ་ཞིང་། སྤྱི་ལོ་( ༡༩༦༢ )་ལོ་བསྟན་པ་ཉམས་གསོའི་དོད་ཙམ་བྱུང་བའི་སྐབས་ས་འོག་ནས་ཕྱིར་བཏོན་པའི་བར་ཁྱོན་ལོ་ཧྲིལ་བོ་བཞི་ལ་ཉེ་བར་ས་འོག་ནས་བཞུགས་ཀྱང་སྐུ་གདུང་དང་ན་བཟའ་ལ་རུལ་སུངས་ཅུང་ཟད་ཙམ་ཡང་མེད་པར་མ་ཟད། ཚུལ་ཁྲིམས་ཀྱི་དྲི་བསུང་ཞིམ་པོ་རྒྱང་རིང་བོའི་བར་དུ་བྲོ་བ་སོགས་དམ་པའི་རང་རྟགས་མངོན་དུ་གྱུར་བ་མང་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་ཅིང་། ཁྱད་པར་ཁོང་གི་ཐུགས་སྲས་ལྟ་བུར་གྱུར་བའི་སློབ་མའི་ཡང་རྩེ་དགེ་བའི་བཤེས་གཉེན་ཆེན་པོ་རབ་ཕྲུག་བསྟན་འཛིན་རྒྱ་མཚོས་ཕྱག་གིས་སྐུ་གདུང་གི་ཐོག་ནས་ས་བསལ་སྐབས་ཐུགས་ཀར་རེག་པའི་ཚེ་ད་དུང་དྲོད་ཀྱིས་བཟུང་ཡོད་པ་སོགས་( འདིའི་ཉིན་བདག་གི་དགེ་རྒན་བཀའ་དྲིན་ཅན་འབོ་ར་ཀུན་བཟང་ཡུལ་དངོས་ན་ཡོད་པས་མཐོང་ཐོས་རྣམས་བདག་ལ་གསུང་བའོ།། )བྱིན་རླབས་ཀྱི་མཚན་ཁ་རབ་ཏུ་འབར་བའི་སྐུ་གདུང་ཡིད་བཞིན་ནོར་བུ་ཁོང་གི་གཟིམ་ཁང་དུ་གདན་དྲངས་ཏེ་དད་ལྡན་མང་བོའི་མཆོད་བཀུར་གྱི་ཡུལ་དུ་གྱུར་མོད། དེ་ནས་ཡུན་རིང་མ་འགོར་བར་ཆོས་སྒོ་སླར་ཡང་བརྒྱབ་སྟེ་གངས་རིའི་ལྗོངས་ཀྱི་མཐའ་དབུས་ཀུན་ཏུ་ཆོས་ཞེས་པའི་སྒྲ་སྐད་ཙམ་ཡང་གླེང་མི་ཆོག་པར་ཀླ་ཀློའི་ཡུལ་ལྟར་བསྒྱུར་བས། རེ་ཞིག་སྐུའི་དམར་གདུང་ཡིད་བཞིན་དབང་རྒྱལ་རིན་པོ་ཆེ་ཡང་མཆོད་པའི་ཡུལ་དུ་མ་གྱུར་བར་ཡར་སྦས་མར་སྐུང་མང་དུ་བྱས་ཤིང་། མཐར་གསང་ཐབས་ཀྱིས་རྗེ་ཉིད་ཀྱི་འཁྲུངས་ཡུལ་དུ་གདན་དྲངས་ཤིང་། དེ་ནས་དད་ལྡན་མང་བོས་སྲོག་དང་བསྡོས་ནས་ཐབས་བཀོད་སྣ་ཚོགས་ཀྱིས་སྲུང་སྐྱོབ་བྱས་ཀྱང་། རབ་བྱུང་བཅུ་དྲུག་པའི་མེ་རྟ་སྤྱི་ལོ( ༡༩༦༦ )་ལོ་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་ལས་འགུལ་ལམ་ཟིང་འཚུབ་ཡ་ང་བ་འགོ་བཙུགས་པའི་བགྲང་བྱའི་ནང་སྐུ་གདུང་རིན་པོ་ཆེ་རྒྱ་ལག་ཏུ་ཤོར་ཏེ་འཕྲིན་ལས་ཀྱི་མཇུག་བཙན་གྱིས་བསྡུ་དགོས་བྱུང་ཞིང་། དེ་ཡང་གངས་ལྗོངས་ཕྱི་ནང་སྣོད་བཅུད་ཀྱི་དགེ་མཚན་མཐའ་དག་རྨེག་མེད་དུ་གཞོམ་པ་ལ་ལོག་པའི་མཐུ་གྲུབ་པའི་གཤེད་མ་སྙིང་ལ་ཡིད་སྲུབས་བདག་པོའི་གདོན་ཞུགས་པ་མང་བོ་ཕྱི་ནང་གང་སར་རྩྭ་སྐྱར་མེ་མཆེད་པ་བཞིན་ཁྱབ་པ་དེ་དག་དང་སྨོན་ལམ་གཅིག་པ་འགས། སྐབས་དེར་ཨ་ལ་ཡུལ་ཚོའི་སྲིད་གཞུང་གིས་བདག་བཟུང་བྱས་པའི་དེའུ་མགོའི་དགོན་པའི་དགོན་ཤུལ་ནས་(སྔར་ཨ་ཁུ་རིན་པོ་ཆེ་ཁོང་དེའུ་མགོའི་དགོན་པར་ཕེབས་སྐབས་ཤིག་ལ་ས་འདི་ནས་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་ཐུབ་ན་རབ་ཡིན་ཀྱང་། གནས་སྐབས་སུ་ཁྱོད་ཚོས་བཞེང་མི་ཐུབ་པས་འདི་ལྟར་གྱིས་གསུངས་ནས་རྡོ་ཁྲི་ཆུང་ཆུང་ཞིག་རྩིག་ཏུ་བཅུག དེའི་ཁར་ཁོང་གིས་རྡོ་ལེབ་ཡག་པོ་ཞིག་ལ་བྱང་ཆུབ་མཆོད་རྟེན་གྱི་ཐིག་རྩ་ཕབ་ནས་གཞན་ལ་བརྐོ་རུ་བཅུག་སྟེ་བཞུགས་སུ་གསོལ་ནས་རབ་གནས་གནང་། རྗེས་སུ་རིག་གསར་གྱི་སྐབས་ཁོང་རིན་པོ་ཆེའི་སྐུ་གདུང་གི་འཕྲིན་ལས་ཀྱི་མཇུག་བསྡུ་ས་དེ་ཡང་ཏག་ཏག་ས་མིག་དེར་འཁེལ་བ་རེད།)སྐུ་གདུང་རིན་པོ་ཆེར་ཆེད་དུ་དགག་རྒྱག་གི་ཚོགས་འདུ་རྒྱ་ཆེན་པོ་ཞིག་བསྡུས་ཏེ་མང་ཚོགས་ཀྱི་མདུན་ནས་རྒྱལ་བའི་བསྟན་པ་དང་སྐུའི་དམར་གདུང་ལ་ཁྱད་གསོད་དང་བརྙས་སྨོད་ཡ་ང་བ་བྱས་མཐར་ས་གསུམ་ན་རྙེད་པར་དཀའ་བའི་སྐུ་གདུང་ཡིད་བཞིན་དབང་གི་རྒྱལ་བོ་དེ་ཉིད་སྟ་གྲི་སོགས་ཀྱི་ངར་ལ་དྲངས་ཏེ་ལྷག་མེད་དུ་བྱས། སྐབས་དེར་ཁོང་ཉིད་དགོངས་པ་དག་ཞིང་དུ་གཏད་ནས་ལོ་ཧྲིལ་བོ་བརྒྱད་འགོར་ཡང་གཤེད་མ་དེ་དག་གི་སྐུ་གདུང་ལ་སྟ་རེ་དང་གྲི་སོགས་བསྣུན་པའི་ཚེ་སྐུ་མཚལ་མང་དུ་བཞུར་བ་མངོན་སུམ་མིག་གིས་མཐོང་བའི་མི་ད་ལྟ་ཡང་མང་དུ་ཡོད་དོ།། ( འདི་ནི་སྐབས་དེར་ཡུལ་དངོས་ན་ཡོད་པའི་བདག་གི་ཕ་དམ་པ་སོགས་མང་བོའི་ངག་ལས་དངོས་སུ་གོ )

 དམ་པ་ཉིད་ཀྱི་ལྗགས་རྩོམ་དང་སློབ་མའི་སྐོར་ལ་རྗེ་ཉིད་བཅུ་ཕྲག་རིག་པའི་གནས་ཀྱི་ཕ་མཐར་སོན་པའི་པཎྚིཏ་ཆེན་པོར་གྱུར་སྟབས་ཞལ་སློབ་གྲངས་ལས་འདས་པ་མཆིས་ཤིང་། ལྷག་པར་སྐབས་དེའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་ཆེན་ནས་ཇ་མ་ཆུ་ལེན་ཚུན་ཆད་ཁོང་གི་སློབ་མར་མ་གྱུར་བ་ཕལ་ཆེར་མེད་པ་ལྟ་བུ་ཡིན་པས་མཐའ་དག་བརྗོད་ཀྱིས་མི་ལང་མོད། གཙོ་ཆེ་བ་འགའ་ནི་ལྷ་མོའི་གསེར་ཁྲི་སྐུ་ཕྲེང་ལྔ་བ་རྗེ་བློ་བཟང་རྣམ་རྒྱལ་ལུང་རིགས་སེངྒེ། ལབ་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ། གསེར་ཏོག་ཚང་། ཤིང་བཟའ་པཎྚིཏ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། བྲག་དགོན་པ་ཚང་། བྱམས་མེའི་དཔོན་བླ་ཚང་། བླ་མ་ཆོས་སེངྒེ། ཅོ་ནེ་མཁན་པོ་ཚང་། རྗེ་ཉིད་ཀྱི་སྐུ་ཚ་སྒྱིས་དགེ་ཚང་། ཅོ་ནེ་སུམ་པ་ཚང་། གུར་ཡག་ཚང་། བཀྲ་ཤིས་འཁྱིལ་གྱི་མཁས་པའི་ཡང་རྩེ་རབ་ཕྲུག་བསྟན་འཛིན་རྒྱ་མཚོ། འགྱིང་རྒན་ཚང་། ཨ་ལགས་རྣམ་གྲོལ་ཚང་། མཁས་དབང་དམུ་དགེ་བསམ་གཏན། སྐུ་འབུམ་གྱི་ཁྲིར་བཞུགས་པའི་ཀུའུ་བ་བཤད་སྒྲུབ་རྒྱ་མཚོ། ལྷ་མོའི་གསེར་ཁྲིའི་ཡོངས་འཛིན་ཡོན་ཏན་རབ་རྒྱས། ལྕང་སྐྱ་འཇིགས་མེད་དར་རྒྱས་ཀྱི་སྤྲུལ་སྐུ་ཨ་ལགས་གསེར་ལག པཎ་ཆེན་ཡོངས་འཛིན་རྗེ་འཇམ་དབྱངས་རྒྱ་མཚོ། གུང་ཐང་ཡོངས་འཛིན་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ། དགེ་བཤེས་ཆེན་པོ་གསེར་རྟ་གྲགས་པ་རྒྱ་མཚོ། སྨད་སོག་བཛྲ། དོར་ཞི་གདོང་དྲུག་སྙེམས་བློ། གདོང་ཟུག་ཉ་ཚང་། གཡུ་བླ་དཀའ་བཅུ་བ་འཇིགས་མེད་ཚུལ་ཁྲིམས་དཔལ་བཟང་རྒྱ་མཚོ། རྡོ་རམས་པ་འབོ་ར་ཀུན་བཟང་། རྩིས་རམས་པ་ཤེས་རབ་ཆོས་འཕེལ། ཉིད་ཀྱི་སྐུ་ཚ་འཇམ་དབྱངས་ཉི་མ། སྟག་ཚང་ལྷ་མོའི་དགེ་བའི་བཤེས་གཉེན་ཆེན་པོ་དཀོན་མཆོག་རྒྱལ་མཚན་དང་རྗེ་ངག་དབང་གྲགས་པ་སོགས་འགྲོ་བ་དུ་མའི་འདྲེན་པར་གྱུར་བའི་བླ་ཆེན་དང་བསྟན་པའི་གདུགས་དཀར་གྱེན་དུ་འདེགས་པའི་བསྟན་འཛིན་གྱི་སྐྱེས་བུ་མང་དུ་མཆིས་སོ།།  (འགའ་རེས་མཁས་དབང་དགེ་འདུན་ཆོས་འཕེལ་ཡང་སློབ་ཁོངས་སུ་དྲངས་པ་མཐོང་མོད་ཕལ་ཆེར་མིན་ཤས་ཆེ་སྟེ། བླ་བྲང་ན་བཤད་སྒྲོས་ཤིག་ལ་ཨ་ཁུ་ལྷ་མོའི་ཚུལ་ཁྲིམས་ཚང་དགུང་ལོ་བགྲེས་བོའི་དུས་ཆོས་གྲྭར་གཟིགས་རྟོགས་ལ་ཕེབས་སྐབས་ཤིག་ལ་དགེ་ཆོས་ཀྱིས་བཀའ་རམས་ཞོལ་གྱི་དགེ་བཤེས་རྣམ་པ་ཕེབས་ལམ་དུ་རྐང་བ་བརྐྱངས་ཏེ་ཁོ་ལ་ཚ་ཞིག་མ་ཕོག་ན་ལམ་མི་སྟེར་ཟེར་ནས་འདུག་པ་ཁོང་གིས་གཟིགས་ནས། གྲྭ་བ་སྔོ་ཧྲེང་བ་ཀན་སུ་རེད། ཅི་མ་ཉན་ཞེས་བཀའ་འདྲི་གནང་བར་རྒྱུ་མཚན་ཞུས་པས། ཨ་ཁ། ད་མ་བཟང་ནི་རེད། བསོད་ནམས་ཟད་པའི་རྟགས་རེད་ཅེས་གསུངས་པ་༧བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཆང་རྗེ་འཇམ་དབྱངས་རྒྱ་མཚོའི་ཞལ་སྔ་ནས་ངོས་སུ་ཐོས། གལ་ཏེ་ཁོང་གི་སློབ་མ་ཡིན་ན་ལྡི་ཚ་སྐམ་པོ་སྐབས་དེར་བླ་བྲང་ན་གྲགས་ཆེ་བས་སུ་ཡིན་འདྲི་མི་དགོས་པར་ཕལ་ཆེར་ངོ་ཟིན་པར་སྙམ། གཞན་དུ་ན་བར་ཐག་རིང་བ་དང་ཁོང་སྐུ་བགྲེས་བས་སྤྱན་གྱིས་མ་ཟིན་པའང་ཡིན་སྲིད།

 ལྗགས་རྩོམ་གྱི་སྐོར་ལ་རྗེ་ཉིད་ཀྱིས་དངོས་སུ་མཛད་པ་དང་བུ་སློབ་རྣམས་ཀྱིས་ཟིན་བྲིས་མཛད་པ་སོགས་མཐའ་ཡས་ཀྱང་ད་ལྟ་དེབ་གཟུགས་སུ་དཔར་ཟིན་པ་དང་དེ་མིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔེ་མཛོད་དཀར་ཆག་ཏུ་དངོས་སུ་མཇལ་རྒྱུ་ཡོད་པའི་སྐོར་ནི། འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་པ་ནོར་བུའི་འཕྲེང་བ་ཞེས་བྱ་བའི་འགྲེལ་བ་ཀུན་བཟང་ཞིང་གི་ཉི་མ་གཞན་ཕན་སྣང་བའི་མཛོད་ཅེས་བྱ་བ། དེའི་སྤྱིར་བསྟན། དེའི་གཞི་སྨད་ཀྱི་སྐབས། འདུལ་བའི་སྤྱིར་བསྟན་གྱི་མུ་བཞི། དགེ་སློང་མའི་བསླབ་བྱའི་སྡོམ་ཚིག བདེ་ལམ་བླ་མའི་ཞལ་རྒྱུན་མན་ངག་གནད་ཀྱི་སྙིང་བོ། ཆོས་མངོན་པ་མཛོད་ཀྱི་བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཀྱི་འགྲེལ་བ།  ལྷ་མོའི་གསེར་ཁྲིའི་མཆོག་སྤྲུལ་རིན་པོ་ཆེ་ལ་འཛིན་ཆོས་སུ་གནང་བའི་བསྡུས་གྲྭ་རིགས་འཕྲུལ་དཔྱིད་ཀྱི་ཕོ་ཉ། བོད་མཁས་པའི་སྙན་ངག་གི་དཔེར་བརྗོད་ཀྱི་ཚིག་དོན་འགའ་ཞིག་ལས་བརྩམས་པའི་དྲི་བའི་ལན་དྲན་པའི་ཆུ་རྒྱུན། མ་ཧཱ་ཙི་ནའི་རྩིས་རིག་དགེ་ལྡན་མཁས་དབང་ཡོངས་ཀྱི་ཕྱག་རྒྱུན་དུ་བསྟར་བའི་རྡེལ་འགྲེམ་འཐོར་བསྡུས་རྒྱས་འདྲིལ་དུ་བཀོད་པ་དཔྱོད་ལྡན་སྤྱི་ནོར། དེ་ལ་མཁོ་བའི་རེའུ་མིག ཀེག་རྩིས་སོགས་ཀྱི་རྡེལ་འགྲམ་དཔག་བསམ་ཤིང་གི་འབྲས་བཤད། ས་དཔྱད་ཚིག་དོན་ཀུན་གསལ་འདོད་དགུ་འབྱུང་བའི་བུམ་བཟང་།དུར་ས་སྤོ་ཚུལ་ཆ་ལག་ཚང་བ་བདེ་སྐྱིད་ཀུན་འབྱུང་། ཏིང་ངེ་འཛིན་གྱི་དབང་བཞི་བྱིན་རླབས་ལེན་ཚུལ། ལྷ་མོ་རིག་བྱེད་མའི་མངོན་རྟོགས། རིག་བྱེད་མའི་ཀླུང་རྟ། འདུས་པ་འཕགས་ལུགས་ཀྱི་ས་ལམ་བགྲོད་ཚུལ། ཁྲོ་བོ་མི་གཡོ་བའི་མངོན་རྟོགས། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་མངོན་རྟོགས། རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་བཀའ་སྒོ་དང་ཕུར་མདུད་མདུད་ཚུལ། ལྷ་མོ་གསེར་ཁྲི་སྐུ་ཕྲེང་བཞི་བའི་རྣམ་ཐར་མདོར་བསྡུས། བཅའ་ཡིག་གི་སྐོར་འགའ་ཞིག་བཅས་ཁྱོན་གསུང་འབུམ་པོད་བཞི་བཞུགས་སོ།།  དེ་ལྟར་མཁས་གྲུབ་བྱེ་བའི་གཙུག་རྒྱན་མ་ཧཱ་པཎྚིཏ་༸རྗེ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་མཛད་རྣམ་མདོར་བསྡུས་སུ་བཀོད་པ་རེ་ཞིག་རྫོགས་སོ།།

      ཞེས་པ་འདི་སྤྱི་ལོ་༢༠༠༩-༩-༡༥དུས་ཚེས་ཁྱད་པར་ཅན་ལ་ཨ་འབོ་ཡོན་ཏན་རྒྱ་མཚོས་བྲིས་པའོ།

      ཟུར་ཞུ། རྣམ་ཐར་མདོར་བསྡུས་འདི་༢༠༠༩་ལོའི་ཟླ་༩་བར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སྐད་ཡིག་ཟུར་བཀོལ་བསླབ་དེབ་ཀྱི་དགོས་མཁོར་དམིགས་ནས་ཁོ་ཚོས་མཁོ་སྤྲོད་བྱས་པའི་རྗེ་ཉིད་ཀྱི་སྐུ་ཚ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇམ་དབྱངས་ཉི་མའི་ས་བོན་ལ་སྣོན་པ་གང་མཚམས་བཏབ་སྟེ་བྲིས་པ་ཡིན་མོད། རྗེས་སོར་བསླབ་དེབ་དཔར་སྐྲུན་བྱས་དུས་བདག་གིས་བྲིས་པ་ཁ་ཚང་མ་བཀོད་ཅིང་། གཤེགས་ལོའི་དགུང་གྲངས་ཀྱང་ནོར་ནས་བཀོད་པ་སོགས་ཀྱིས་འདིར་སྐབས་དེར་བྲིས་པ་ལ་སླར་ཡང་སྣོན་པ་ཅུང་ཟད་བཏབ་སྟེ་བཀོད་པའོ།། ༢༠༡༧-༣-༢༨ལ།

                                

             རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
  གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།