མཁས་གྲུབ་བྱམས་པ་བཟང་བོའི་རྣམ་ཐར།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 12:44:45     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

མདོ་སྔགས་རབ་འབྱམས་ཀྱི་ཕ་རོལ་ཏུ་སོན་ཅིང་མཁས་བ་དང་གྲུབ་པའི་གོ་འཕང་མཐོན་པོར་སོན་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ།རྗེ་བཙུན་བྱམས་པ་བཟང་བོ་མཆོག་ནིཡུལ་མདོ་སྨད་ཀྱི་ཕྱོགས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྒྱལ་མཚན་མཐོན་པོར་སྒྲེང་ཞིང་། ཁྱད་པར་མཁའ་འགྲོའི་གསང་ཆེན་སྙན་རྒྱུད་ཆེན་མོ་མདོ་སྨད་ཀྱི་ཡུལ་འདིར་ཆེས་ཆེར་སྤེལ་བའི་ཐུགས་བསྐྱེད་ལྷུན་གྱིས་གྲུབ་པའི་སྨོན་ལམ་གྲུབ་པའི་སྐྱེས་བུའམ་ཡིན་ནོ། །

འདིའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་ནི་སོ་སོའི་སྐྱེས་བོའི་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་ན་ཡང་འདིར་གང་གི་རྣམ་ཐར་རྒྱ་མཚོ་ལས་སྐྲ་རྩེ་བླངས་པའི་ཆུ་ཐིགས་ཙམ་ཞིག་བརྗོད་པར་བྱའོ། ། དམ་པ་འདི་ནི་རབ་ཡིད་ལྕགས་ཁྱུ་ལོ་སྟེ་སྤྱི་ལོ་༡༨༥༠ལོར་མགོ་ལོག་ཏུ་འཁྲུངས། ཆུང་དུས་ནས་དྭ་ཕྲུག་ཏུ་གྱུར་པས་གཅེན་གཅུང་གཉིས་ཀ་ལྡོམ་བུ་མཛད་ནས་ཕྱོགས་སུ་འཁྱམས།

རྒད་པོ་ཞིག་གིས་གསོས་མོད་དེའི་ཆུང་མས་མི་འདོད་པ་སྣ་ཚོགས་བྱས་པས་སྔར་བཞིན་ཕྱོགས་སུ་འཁྱམས། གཞན་གྱི་ངག་ལས་རྭ་རྒྱ་དགོན་པའི་གནས་ཚུལ་ཐོས་པ་ལས་གཅེན་གྱིས་ཉེར་སྤྱད་ཅུང་ཟད་ཡོད་པ་དེ་དང་གཅུང་བོ་གཉིས་ཀ་འཁུར་ནས་རྭ་རྒྱ་དགོན་པར་ཕེབས། ལམ་སྐེད་དུ་ཚོང་དཔོན་ཞིག་དང་འཕྲད་པས་དེས་ཁྲིད་ནས་རྭ་རྒྱ་དགོན་པར་སླེབས། དགོན་པའི་གླིང་བར་དུ་ཟས་བསླངས་ནས་སྡོད་དུས་དགོན་པའི་གྲྭ་བ་དག་གིས་གཅེན་གཅུང་གཉིས་ཀྱི་གནས་ཚུལ་ཤེས་པས་རྒན་པ་གཉིས་ཀྱིས་སོ་སོར་གསོས། ཁོང་ཆུང་དུས་ནས་མར་ཅུང་ཟད་ལག་ཏུ་འབྱོར་དུས་བཞུས་ནས་ཆུ་བླུགས་ཏེ་ཚག་སྒྲ་གྲགས་སུ་འཇུག་པ་སོགས་ལྕགས་མཁར་ཆེན་མོའི་ལང་ག་བཞུས་པའི་སྐུ་རྩེད་མཛད།ཨ་རིག་དགེ་བཞེས་ཆེན་མོའི་ཁང་བའི་རྩིག་གསེབ་ཅིག་ཏུ་ཁོང་གིས་སློག་དགོས་ཞེས་ཨུ་ཚུགས་བྱས་པ་བཞིན་བསློགས་པས་ཨ་རིག་དགེ་བཤེས་ཆེན་མོའི་རྒྱུན་གཏོར་རྙེད། རྗེས་སུ་ཡང་ཨ་རིག་དགེ་བཤེས་ཆེན་མོའི་བརྒྱ་རྩ་ངོས་བཟུང་བ་སོགས་ཀྱི་གང་གི་ཐུགས་སྤྲུལ་དུ་གྲགས།

དགུང་ལོ་བདུན་སྟེང་ཤིང་བཟའ་ཚུལ་ཁྲིམས་ཕུན་ཚོགས་ལས་རབ་ཏུ་བྱུང་། མཚན་ཉིད་པའི་དགེ་རྒན་ཞིག་བསྟེན་ན་ཡང་། ཁོང་རྒྱུད་གྲྭའི་གྲྭ་བ་སོང་བའི་དབང་གིས་རྒྱུད་གྲྭ་བླ་རྒན་འགའ་རེས་བློ་ལ་མ་བབས་པས་ཁོང་གིས་མཚན་མོར་གསང་སྟབས་ཀྱིས་སློབ་གཉེར་བྱས། སྒོ་ལ་ཙིར་སྒྲ་མི་གྲགས་པའི་སླད་དུ་སྒོ་གླེགས་སུ་ཕྱིང་བ་འཇོག་པ་སོགས་ཐབས་མཁས་པའི་མཛད་པ་མང་དུ་གནང་ནས་སློབ་གཉེར་གྱི་རྒྱུན་བསྐྱངས།

དགུང་ལོ་བཅུ་དྲུག་སྟེ་སྤྱི་ལོ་༡༨༦༤ལོར་ཚོགས་འགྱེད་ཀྱི་དངུལ་ཅུང་ཡོད་པ་དེས་ཆུ་བུར་ཆེན་པོ་ཞིག་ཉོས་ཏེ་ཚོགས་ཆེན་འདུ་ཁང་ལ་ཕུལ་པ་མ་ཤོང་བ་རྗེས་སུ་ཤིང་བཟའ་རྡོ་རྗེ་འཆང་གི་སྙན་དུ་སོན་དུས་བྱམས་པ་བཟང་བོ་བཀྲ་ཤིས་འབྱུང་གནས་སུ་ཤོང་དཀའ་བའི་དགེ་བཤེས་ཆེན་པོ་ཞིག་ཏུ་འགྱུར་གསུངས། དབུས་སུ་འགྲོ་བའི་ལམ་ཁར་བདེ་མཆོག་ཡབ་ཡུམ་མི་ཕལ་བའི་རྣམ་པར་བསྟན་པ་སོགས་ཡ་མཚན་པའི་རྟགས་མཚན་མང་དུ་བྱུང་། དགོན་པ་ཞིག་གིས་མི་འཁྲུག་པའི་དཀྱིལ་འཁོར་གྱི་ཐིག་བཏབ་པ་ནོར་བར་མཐོང་ནས་ཞུས་ཏེ་ཁོང་གི་བསྐྱར་དུ་ཐིག་བཏབ།འགྲོ་བཞིན་དུ་གཉེན་ཁྲོད་འགྲིམ་ནས་ལྷ་ལྡན་དུ་འབྱོར་དུས་ལེགས་པར་གྲུབ།

སེར་བྱེས་སུ་ཞུགས་ནས་སློབ་གཉེར་བྱས། སྐབས་ཤིག་ནད་གཞི་དྲག་པོ་ཐེབས་ནས་ཉལ་ནས་སྡོད་དུས་རྒྱུས་མེད་པའི་དགེ་བཤེས་རྒྱལ་མཚན་ཐོགས་མེད་པ་ཞེས་པ་ཕེབས་ནས་ཁྱོད་ཀྱིས་ནད་འདི་དབུས་ལ་ཡོང་སྐབས་བླ་མ་དང་དགོན་པར་གནང་བ་མ་ཞུས་པའི་རྐྱེན་ཡིན་ན་ཡང་སྐྱོན་མེད་ངའི་རྗེས་སུ་ཤོག་གསུངས་ནས་ཁང་ཚན་གཞན་པ་ཞིག་ཏུ་ཁྲིད། གསོ་བཅོས་བྱས་པས་རིམ་བཞིན་དྭངས་བསྐྱེད་དུ་སོང་། དེ་ནས་བཟུང་རྗེ་དེ་ཉིད་སློབ་དཔོན་དུ་བསྟེན་ནས་མུ་མཐུད་དུ་བརྩོན་པ་རྒྱ་ཆེན་པོ་བསྐྱེད་དེ་བཞེས་རྩམ་ཆད་པ་སོགས་ཀྱི་དཀའ་བ་མང་དུ་སྤྱད།གཞུང་བཀའ་པོད་ལྔ་ལ་མཁས་པར་གྱུར་པས་ཨ་རིག་དགེ་བཤེས་ཆེན་པོའི་རྣམ་སྤྲུལ་སླེབས་སོང་ཞེས་གྲགས་པ་རྒྱས།

སྐབས་ཤིག་ཨ་མདོ་ནས་ཁོང་གཉོར་བའི་དགེ་རྒན་དེས་ཕྱིར་དགོན་པར་ཡོང་དགོས་ལུགས་ཀྱི་འཕྲིན་ནན་ཏན་དུ་སླེབས་པས་ཁོང་གི་བླ་མ་རྒྱལ་མཚན་ཐོགས་མེད་ལ་ཞུས། བླ་མས་ཁྱོད་སོང་ན་དགེ་རྒན་ལ་ངོ་འཕྲད་ན་ཡང་རང་དོན་མི་ལེགས་ཞེས་ལུང་བསྟན་པས་མུ་མཐུད་དུ་སློབ་གཉེར་བྱས། རྒྱུད་སྨད་དུ་ཞུགས་ནས་ཟུར་བཀའ་དང་དཀྱིལ་བཀའི་གདམས་པ་ཡོད་ཚད་མནོས། དེ་དུས་ཀྱང་ཨ་མདོ་ནས་དགེ་རྒན་དེས་མུ་མཐུད་དུ་ཕྱིར་ཡོང་དགོས་ལུགས་ཀྱི་འཕྲིན་བསྐུར་བས་དེ་བཞིན་བླ་མ་ཞུས་པས་ཐུགས་དགྱེས་ཏེ། ངའི་རྨི་ལམ་དུ་ཁྱོད་ཀྱིས་བྱེ་མ་མང་བོའི་གནས་གླང་ཆེན་མཁལ་ཁུག་ལྟ་བུའི་གནས་སུ་མི་མང་བོ་ཞིག་ལ་མེ་ཏོག་དམར་བོ་རེ་གནང་བ་ཐམས་ཅད་ནམ་མཁའ་ལ་འཕུར་བ་རྨིས་པས་གནས་དེ་འདྲ་ཞིག་ཏུ་དགོན་པ་བཏབ་ནས་ནཱ་རོ་རྗེ་བཙུན་མའི་གདམས་པ་སྤེལ་ཐུབ་ན་ཤིན་ཏུ་ལེགས། ཕ་ཡུལ་དུ་འགྲོ་ཁར་ཆོས་སྐལ་ཞིག་ཅིས་ཀྱང་བླུས་གསུངས་ནས་སྒོར་འགའ་གནང་། ཁོང་ལྷ་ལྡན་གྱི་དཔེ་ཁང་དུ་ཕེབས་ནས་བདེ་ལམ་གྱི་བླུ་ཡོན་དྲིས་པས་བླ་མའི་གནང་བའི་སྒོར་གྱི་གྲངས་ཀ་དང་འགྲིག་པས་བླུས། ཕྱིར་ཕེབས་ནས་བླ་མར་དེ་བཞིན་ཞུས་པས་ཐུགས་དགྱེས་ཏེ། ཁྱོད་ཀྱི་གདུལ་བྱ་མདོ་ཁམས་སྨད་ན་ཡོད། དེར་ཤར་རྡོ་རྗེ་གླིང་ཀླུ་ཚང་དགོནདང་ལྷོ་རིན་ཆེན་གླིང་། ཐར་ཤུལ་དགོནནུབ་པད་མ་གླིང་། ཨ་ཚོགས་དགོནབྱང་ཀརྨ་གླིང་དབུས་གཞུང་ཐར་ཤུལ་དགོནཞེས་པའི་དགོན་པ་བཞི་སྐྱོང་ཞིང་ཁྱད་པར་བྱེ་མ་སྐྱ་བོ་ཞིག་གི་འདབས་སུ་ཀླུ་ཚང་དགོནའགྲོ་བ་མང་བོ་ལམ་རིམ་གྱི་གདུལ་བྱར་འགྱུར་རོ་གསུངས། བདེ་ལམ་གྱི་ཁྲིད་ཞུས་པ་དགྱེས་བཞིན་དུ་གནང་ནས་ལྷག་མཐོང་མན་བདག་གཉིས་ཤམ་བྷ་ལར་མཇལ་དུས་གསུང་གསུངས་ནས་མ་གནང་།

༡༨༩༤ལོར་ཕྱིར་ཨ་མདོ་ལ་ཕེབས། ཀིརྟི་རིན་པོ་ཆེ་རྭ་རྒྱ་དགོན་པར་ཕེབས་པར་མཇལ་ནས་སློབ་གཉེར་བྱས་ཚུལ་མཆོད་པའི་སྤྲིན་དུ་ཕུལ། མཚན་ལམ་དུ་ཕོར་བ་རྨ་ཆུ་འཁུར་བ་རྨིས་པ་ཞུས་པས་ཁོང་གིས་དགོན་པར་ཡུན་རིང་མི་བཞུགས་པར་རྨ་ཆུའི་བཞུར་ཕྱོགས་སུ་འགྲོ་དོན་ལ་ཕེབས་ངེས་གསུངས། རྗེ་དེ་ཉིད་ལས་གསང་ཟབ་ཀྱི་གདམས་པ་མང་དུ་མནོས། ཁྱོད་ལ་མཁའ་འགྲོ་བཀའ་འཁྲོལ་བས་ནཱ་རོ་རྗེ་བཙུན་མའི་ཆོས་སྐོར་སྤེལ་ཅི་ཐུབ་བྱོས་གསུངས། ཁོང་གིས་ཤིང་བཟའ་ཚང་ལ་བྱམས་པ་བཟང་བོ་གཅེན་གཅུང་གཉིས་ཀ་བདེ་མཆོག་ཡབ་ཡུམ་དུ་སྣང་བས་ཁྲི་ལས་སྡོད་མི་ནུས་གསུངས།

སྐབས་དེར་འདས་ལོག་ཐེབས་ཤིག་བྱས། ཉམས་སྣང་ལྟ་བུ་ལ་ཀིརྟི་རིན་པོ་ཆེའི་མདུན་དུ་སོང་དུས་ཁྱོད་ཅི་ལ་ཡོང་བ་ཡིན། གདུལ་བྱ་རྫོགས་མེད་པས་ཕྱིར་སོང་གསུངས་པ་བཞིན་སླར་ཡང་སྐུ་ལ་ཞུགས། སྐབས་ཤིག་ཤིང་བཟའ་རིན་པོ་ཆེ་ལ་ཙན་དན་གྱི་ཅོག་ཙེ་ཞིག་ཡོད་པ་མེ་ལ་བསྲེགས་པས་ཁོང་གིས་དེ་གསན་ནས་ཡུད་རིང་ལ་བསམ་ནས་ཨ་རིག་དགེ་བཤེས་ཆེན་མོས་ངའི་སྐུ་གོང་མར་དགོན་པ་གཏོད་དུས་ང་རྒྱུན་ཏུ་དགེ་བཤེས་བཟང་བོའི་ཚུལ་གྱིས་ཁྱོད་ལ་སྐུལ་མ་གཏོང་ཟེར་བ་འདི་ལྟ་བུ་གསུངས། སྐབས་དེར་རྭ་རྒྱའི་ཐར་ཤུལ་ཚང་གི་དགེ་རྒན་དུ་བཞུགས་པས་དེ་ནས་བཟུང་ཐར་ཤུལ་དགེ་རྒན་ཞེས་པའི་མཚན་ཐོགས། རྒྱུད་སྨད་པའི་ཁྲིར་བཞུགས་ནས་བཤད་སྒྲུབ་གྱི་བྱ་བ་མཛད།

རྙེ་བློ་བཟང་ཆོས་ཀྱི་ཉི་མས་༡༩༨༩ལོར་རྙེ་དགོན་སྒྲུབ་དགེ་འཕེལ་གླིང་བཏབ་སྟེ་དགེ་རྒན་ལ་བསླངས། ཤིང་བཟའ་རིན་པོ་ཆེས་ཁོང་ནི་ངེད་དགོན་པར་ཆེད་དུ་བསྟན་འགྲོའི་དོན་དུ་བྱོན་པའི་དགེ་བཤེས་བཞི་ཡོད་པའི་གྲས་ཡིན། ཁྱད་པར་འདི་ཉིད་ཨ་རིག་དགེ་བཤེས་ཆེན་མོའི་ཐུགས་སྤྲུལ་དུ་སོང་བས་དབང་གིས་ངེད་དགོན་པ་ལ་དགོས་པ་ཤིན་ཏུ་ཆེ་ན་ཡང་ཞེས་གསུངས་ཏེ་གནང་། དགོན་འདི་ནི་མང་རའི་གླང་ཆེན་བྱེ་མའི་འདབས་སུ་ཆགས་པས་བླ་མའི་ལུང་བསྟན་དང་མཐུན་ཞིང་། གནས་འདིར་ལམ་རིམ་ཆེ་ཆུང་ཚར་དྲུག་ཅུ་ལྷག་དང་། གཞུང་ཆེ་ཆུང་དུ་མ།སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་བཅས་ཆོས་ཀྱི་ཆར་བ་ཕབ། དགོན་འདིར་དཔྱིད་སྟོན་སྒྲུབ་མཆོད་དང་། གཞི་གསུམ་ལག་ལེན་ངོས་གཙང་བ་བཙུགས། དགོན་འདིར་བདེ་མཆོག་སྤྲུལ་ལྷ་ཁང་བཞེངས། ལྷག་ལྷ་དུ་མའི་ཞལ་གཟིགས་པ་སོགས་ངོ་མཚར་བའི་མཛད་པ་མང་དུ་གནང་།

མང་རའི་ཐར་ཤུལ་སྤྱི་བའི་གདན་དྲངས་པ་བཞིན་ཆོས་ཀྱི་ཆར་བ་ཕབ། གཞི་གསུམ་བཙུགས་ཏེ་མ་འོངས་པར་སྐྱེས་བུ་དམ་པ་ཞིག་གིས་བདག་སྐྱོང་བྱ་ངེས་ཞེས་ལུང་དུ་བསྟན། ཅུང་མ་འགོར་ཡོངས་འཛིན་རིན་པོ་བདག་སྐྱོང་མཛད།ཀླུ་ཚང་དགོན་ན་བཞུགས་དུས་ནམ་ཞིག་དགོན་པ་འདི་ནས་ཆོས་གྲྭ་འཚོགས་ནས་ཐལ་སྐད་ལྷང་ལྷང་སྒྲོག་དུས་མང་ཆུ་ཕར་ཁ་ནས་རྒྱ་རྒྱ་མོས་གླུ་དབྱངས་བླངས་ནས་འགྲོ་བའི་དུས་ཤིག་ལ་སླེབས་རྒྱུ་ཡོད་གསུངས་པ་སོགས་མ་འོངས་མངོན་སུམ་དུ་གཟིགས་པའི་གསུངས་མང་དུ་གནང་། སྐབས་དེར་གནང་བའི་མ་འོངས་ལུང་བསྟན་འཕྲུལ་གྱི་མེ་ལོང་ཞེས་པ་ཞིག་ཡོད་པར་ཡོངས་འཛིན་མཁས་གྲུབ་རྒྱ་མཚོ་མཆོག་གིས་གསུངས། སྐུ་འབུམ་དགེ་བཤེས་སྐུ་ཕྲེང་གཉིས་པ་མཆོག་གིས་ཞུ་བ་བཞིན་ཨ་ཚོགས་དགོན་པར་དབང་ལུང་དང་བཤད་ཁྲིད་མང་དུ་གནང་། རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོག་སོགས་དང་། བཟང་སྤྱོད་ཆེན་མོ་སོགས་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་ཕྱག་ལེན་ལྟར་བཙུགས། དེ་བཞིན་ཐོ་ལེ་དགོན་པ་སོགས་དགོན་པ་དང་སྡེ་བ་མང་བོར་ཕེབས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་གཙོ་བྱས་ཏེ་ཟབ་པ་དང་རྒྱ་ཆེ་བའི་ཟབ་ཆོས་མང་དུ་གནང་། ཕྱོགས་འདིར་མཁའ་འགྲོའི་སྙན་རྒྱུད་ཀྱི་གདམས་པ་མང་དུ་གནང་ནས་སྐྱ་སེར་ཕོ་མོའི་ཁྲོད་དུ་མཁའ་སྤྱོད་ཞལ་བཟང་མངོན་སུམ་དུ་མཇལ་བའི་མང་དུ་བྱུང་།

རྙེ་དགོན་བཤད་སྒྲུབ་དགེ་འཕེལ་གླིང་དུ་བཞུགས་དུས་མཚན་ལམ་དུ་བུད་མེད་རྒན་མོ་མཁར་བ་ཅན་ཞིག་གིས་འདིའི་བྱང་ཕྱོགས་དབུས་གཞོང་ཟེར་བ་ན་འདི་ལས་བྱེ་མ་མང་བ་ཡོད་ཅེས་ཙམ་ནས་ཡལ་བ་ཞིག་བྱུང་བས་བླ་མའི་ལུང་བསྟན་གྱི་དུས་ལ་བབས་པར་དགོངས་ནས་༡༩༡༩ལོར་བྱ་བཏང་གི་བརྟུལ་ཞུགས་བཟུང་ནས་རང་ཉིད་གཅིག་པུར་རྨ་ཆུའི་བྱང་རྒྱུད་དུ་ཕེབས།བཀྲ་ཤིས་ཆོས་ལུང་དུ་སྒྲུབ་པ་མཛད་པས་རྗེ་བཙུན་མའི་དགྱེས་ཞལ་ཡང་ཡང་གཟིགས། ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་སྒྲུབ་ཁང་གི་སྒོར་འཇའ་ཤར་བ་སོགས་ངོ་མཚར་བའི་རྟགས་མཚན་མང་དུ་བྱུང་། ཐར་ཤུལ་སྤྱི་བའི་གྲྭ་བ་དག་གིས་ཁོང་ཚོའི་རིགས་ཀྱི་ཅོད་པཎ་དུ་བཞུགས་དགོས་པར་གསོལ་བ་བཏབ་པ་བཞིན་ཞལ་བཞེས་གནང་། རྭ་འཁྱོག་འོམ་ཚལ་སྤོས་ནས་བཀྲ་ཤིས་པའི་གསོ་སྦྱོང་མཛད་ནས་གཞི་གསུམ་ལག་ལེན་བཙུགས།རིམ་བཞིན་ཁྲ་ལྡིང་ཉི་མ་ལུང་དང་སྦྲུལ་ལུང་འོམ་ཚལ། ཚྭ་ཚྭ་ཨར་རེའི་མར་ཞོལ་དུ་གནས་བཟུང་ན་ཡང་རྗེས་སུ་ད་ལྟའི་གནས་འདི་ཉིད་བླ་མའི་ལུང་བསྟན་དང་མཐུན་པར་དགོངས། ཡིན་ན་ཡང་། ཆོས་སྡེ་དག་གིས་ཆོས་ལུང་དུ་དགོན་པ་འདེབས་དགོས་པའི་གསོལ་བ་བཏབ་པ་བཞིན་དེར་བསང་རྒྱ་ཆེན་པོ་བཏང་ནས་འཕྲིན་བཅོལ་གྱི་ཁ་བཏགས་ཕུལ་བར་ཕོ་རོག་ཅིག་གིས་འཁུར་ནས་རེས་འཕུར་རེས་བབས་ཀྱིས་ད་ལྟའི་དགོན་སའི་མདུན་གྱི་བྲག་ཐོ་དཀར་རིལ་སྟེང་དུ་འཕངས། གནས་འདི་བླ་མའི་ལུང་བསྟན་དང་མཐུན་ཞིང་བཀའ་གདམས་གླེགས་བམ་གྱི་ལུང་བསྟན་དང་ཡང་ཤིན་ཏུ་མཐུན་པས་འདི་གར་ཐར་ཤུལ་དགོན་བཤད་སྒྲུབ་རབ་བརྟན་གླིང་བཏབ་ནས་བཀྲ་ཤིས་འབྱུང་གནས་ཀྱི་ཕྱག་ལེན་ཇི་ལྟ་བུ་བཞིན་དུ་ཆོས་ཐོག་དང་སྒྲུབ་མཆོད་གཞི་གསུམ་ཕྱག་ལེན་ངོས་གཙང་བ་བཙུགས། སྐབས་འདི་དག་ཏུ་ཡི་དམ་མང་བོའི་ཞལ་གཟིགས་པ་དང་།མཁའ་འགྲོའི་གླུ་དབྱངས་གསན་པ། དག་ཞིང་མངོན་སུམ་དུ་མཐོང་བ།ང་བརྒྱད་དང་རིག་གནས་གསར་བརྗེའི་ཆེན་པོའི་གནས་ཚུལ། སྤྱི་ཚོགས་ཀྱི་འགྱུར་ལྡོག་གསུངས་པ་སོགས་མངོན་ཤེས་ལ་ཐོགས་པ་མེད་པའི་རྣམ་ཐར་མང་དུ་སྣང་།

རབ་རྒྱལ་ཆུ་སྤྲེལ་ཏེ་སྤྱི་ལོ༡༩༣༢ལོར་མི་རྟག་པའི་ཆོས་མང་དུ་གསུངས། བུ་སློབ་རྣམས་ལ་རྗེས་སུ་བཤད་སྒྲུབ་ཀྱི་བྱ་བ་ཇི་ལྟར་མཛད་དགོས་པ་སོགས་སློབ་སྟོན་གནང་། ཟླ་བཞི་བའི་ཚེས་བཅུ་བཞིའི་ཉིན་དཔའ་བོ་དཔའ་བོ་འཁོར་ཚོགས་ཀྱིས་སྙན་པའི་གླུང་དང་རོལ་མོས་བསུ་སྟེ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་གཤེགས།

གསུང་ལས་སྐྱེས་པའི་སློབ་མ་ནི་རྗེ་བཙུན་བློ་བཟང་འོད་ཟེར་སོགས་མཁའ་སྤྱོད་མའི་ཞལ་བཟང་མངོན་དུ་གྱུར་བའི་བུ་ཆེན་བརྒྱད་ཀྱིས་གཙོས་པཎ་ཊི་ཏ་ལྷ་སྡེ་ཡེ་ཤེས་རྒྱ་མཚོ་དང་། བཤེས་གཉེན་ཆེན་མོ་འཇམ་དབྱངས་བློ་བཟང་བསྟན་དར་སོགས་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་དང་། གཅིག་ཏུ་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་བ་སོགས་ཤིན་ཏུ་མང་ངོ་། །

བཀའ་འབུམ་དཀར་ཆག་ནིཀཔོད་ལ། ཆོས་སྡེ་ཆེན་པོ་བཤད་སྒྲུབ་རབ་བརྟན་གླིང་གི་བཅའ་ཡིག གཞི་གསུམ་དགོངས་གསལ་ནོར་བུའི་འོད་སྣང་།གཞི་གསུམ་ལེགས་ལེན། གསོ་སྦྱོང་བྱིན་རླབས་འཁྱེར་བདེ།བསླབ་བྱ།དགེ་བསྙེན་སྒྲུབ་ཚུལ་གྱི་ཆོ་གབླ་མའི་རྣལ་འབྱོར་ཤིན་ཏུ་ཟབ་མོ་མཁའ་སྤྱོད་ཞིང་དུ་བགྲོད་པའི་གསང་ལམ།འཕགས་པའི་གནས་བརྟན་བཅུ་དྲུག་གི་བཞུགས་གནས་ངོས་འཛིན་མདོར་བསྡུས། བོད་སྔ་རབས་པ་རྣམས་ཀྱི་ལྟ་བའི་བརྗེད་ཐོ། གང་ཤར་མཆོག་མི་འགྱུར་བདེ་བ་ཆེན་པོའི་རྣམ་རོལ་ཏུ་བལྟ་ཚུལ།ཨེ་ཝཾ་གྱི་གནད་དོན་གསལ་བར་བཀོད་པ། དམ་པ་གོང་མ་རྣམས་ཀྱི་གསུང་ཐོར་བུ་རང་གི་བརྗེད་ཐོར་བཀོད་པ།ཟམ་མོ་སྟོང་ཉིད་སྟོན་པའི་མདོ་སྡེ་སོགས་ལ་ཐོས་བསམ་བྱས་པའི་ཕན་ཡོན། ས་ལམ་གྱི་རྣམ་བཞག འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་བསྙེན་པ་ཆེ་ཆུང་བྱེད་ཚུལ་གྱི་འགྲིགས་ཡིགགཞི་བསྙེན་ཆེན་མོ་བྱེད་ཚུལ་གྱི་ལག་ལེན།མེ་ལྷའི་བསྙེན་པ་དང་དེའི་བཅུཆའི་སྦྱིནསྲེགབསྙེན་སྒྲུབ་སྦྲག་མ་བྱེད་ཚུལ། བསྙེན་ཆེན་གྱི་མཇག་ཏུ་བཅུ་ཆའི་སྦྱིན་སྲེགའཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་མཆོད་ཀྱི་འགྲིགས་ཡིག ཀུན་རིག་གཏང་རག་གི་མཆོད་བསྟོད་བྱ་ཚུལ།བདེ་མཆོག་བསྐྱེད་རིམ་མདོར་བསྡུས། རྗེ་བླ་མ་ལ་བརྟེན་པའི་ཆར་ཆོག ཆར་འབེབས་ཆར་གཅོད་དང་བཅས་པ། ཤྭ་འོད་ཆུའི་འཇིགས་པ་བཟློག་ཐབས།ལྟོ་འཕྱེའི་ཆོ་ག་བསོད་ནམས་དཔལ་སྟེར་།ཀླུ་རྒྱལ་དཀྱིལ་ཆོགམི་འཁྲུགས་པའི་རྡུལ་ཚོན་ཉིན་སྔ་་ཕྱིའི་ཉེར་མཁོ། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་རྒྱུན་གཏོར་མའི་རྣམ་བཞག་སོགས།སྒྲ་དབྱངས་ལྷ་མོའི་བསྙེན་ཡིག་མདོར་བསྡུས།དམ་པའི་དགོངས་རྫོགས་ཆོ་གགདུང་སྲེགའཇིགས་བྱེད་བུམ་བསྐྱེད་དང་བྱང་སྲེགརོ་བསྲེག བ་བྱུང་ལྔ་སྦྱོར་ཚུལ། ཤཱཀྱ་མུ་ནིའི་བསྙེན་ཡིགབར་དོའི་ཚ་གསུར།ཡི་དྭགས་ཆུ་སྦྱིན།ཆོས་སྐྱོང་དང་ཡོན་བདག་བསྒོ་བ ། གཅོད་དབང་ནམ་མཁའ་སྒོ་འབྱེད། བྱ་མར་སར་སྒོ་ངའི་བཤད་པ།བྱ་ཁྱུང་གི་ཕྱག་རྒྱ །ཁྲོས་ནག་བུམ་བསྐྱེད།ཁྲོས་ནག་ཐུན་མོང་མ་ཡིན་པའི་དབང་བསྐུར་ཆོ་གཁྲོས་མ་ལྷ་ལྔའི་ཞི་བའི་སྦྱིན་སྲེགབཀའ་འབུམཔོད་ལ།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བླ་མའི་རྣལ་འབྱོར་མཁའ་འགྲོ་དགྱེས་པའི་གསང་གཏམ།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་གསང་ཆོས་ཟབ་མོའི་བསྐྱེད་རིམ་གྱི་རྣམ་བཞག་མདོར་བསྡུས་མཁའ་སྤྱོད་ཞིང་དུ་བསྒྲོད་པའི་རིན་ཆེན་ཐེམ་སྐས།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་ཤེས་མཁའ་འགྲོའི་གསང་གཏམརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གསང་ཆོས་ཟབ་མོ་བསམ་མི་ཁྱབ་ཐུན་མོང་མ་ཡིན་པའི་ཉམས་སུ་ལེན་ཚུལ་མདོར་བསྡུས་སུ་བཀོད་པ་མཁའ་འགྲོའི་ཞལ་དྲོད་མ་ཡལ་བ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གསང་ཆོས་ཟབ་མོ་བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་ཉམས་སུ་ལེན་ཚུལ་མཁའ་འགྲོའི་ཞལ་དྲོད་མ་ཡལ་བ།བསྙེན་ཡིག་མདོར་བསྡུས། ཞི་བའི་སྦྱིན་སྲེག་ཐབ་རིས་གྲུ་གསུམ་ལ་བརྟེན་ནས་བྱེད་ཚུལ།ཞི་བའི་སྦྱིན་སྲེག་མཁའ་སྤྱོད་ཞིང་དུ་བགྲོད་པའི་མྱུར་ལམ་དང་དེའི་དབང་གི་སྦྱིན་སྲེག་དང་བཅས་པ།མེ་ལྷའི་བསྙེན་པ་དང་དེའི་བཅུ་ཆའི་སྦྱིན་སྲེགརྒྱས་པའི་སྦྱིན་སྲེག བཅུ་ཆའི་སྦྱིན་སྲེགཡུམ་རྐྱང་གི་འཕོ་བ།སིན་དུ་ར་སྒྲུབ་ཚུལ།བདེ་གསང་འཇིགས་གསུམ་གྱི་ཐིག་རྩ།ལྷ་བཅུ་གསུམ་མའི་ནང་ཐིག་དང་རྟ་བབས་སྤྱིའི་ཐིག་འགྲེལ།ཀུན་རིག་གི་ཐིག་རྩ། བདེ་གསང་འཇིགས་གསུམ་གྱི་བློས་བསླངས་བཞེངས་ཚུལ།རྡོ་རྗེ་མི་འཁྲུགས་པ་སོགས་རྒྱུད་སྡེ་འགའི་དབང་གི་ས་བཅད། བདུད་རྩི་རིལ་བུའི་རྟེན་འདུས་ཀྱི་རྣམ་གྲངས་དང་སྦྱོར་ཚུལ་གྱི་ལག་ལེན།ས་ལྷའི་བུམ་གཏེར་གྱི་ལག་ལེན་དང་སྒྲུབ་ཚུལ་སྦ་ཆོག་དང་བཅས། དཔལ་མཁར་གཞི་བསྟོད་བྱེད་ཚུལ། དབང་ཆེན་བླ་བརྒྱུད་ཀྱི་གྲངས་ཐོ།རྟ་མགྲིན་ཡང་གསང་ཁྲོས་པའི་གཏོར་ཆེན་གྱི་འདོན་འགྲིགས།དེའི་སྦྱིན་སྲེག་གི་ལག་ལེན། རབ་གནས་ཆེན་མོའི་རྫས་ཐོ། རཀ་ཏ་སོ་ལྔའི་སྦྱོར་ཚུལ། མགོན་པོའི་གཏོར་སྒྲུབ་ཀྱི་ཕྱག་ལེན་གྱི་འདོན་འགྲིགས།དེའིསྐབས་ཀྱི་གཅེས་པའི་དམ་ཚིགརྡུང་ཡིགསྤོས་སྦྱོར། ཧཱུཾ་དྲུག་གི་དམིགས་རྣམ།གཏོར་སྒྲུབ་ཀྱི་ཟུར་འདེབས། མགོན་པོའི་ཚོགས་འཁོར་ཀིརྟི་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱིས་མཛད་པ།ལྕགས་མཁར་ཐིག་རྩ། ཟུར་དགུའི་འགྲིགས་ཡིག ཟུར་དགུའི་གཏོར་ཆོག་ལིངྒ་སྒྲུབ་ཚུལ་དང་ཁ་བསྒྱུར་བཅས། ལིངྒ་འབྲི་ཚུལ ། གཤིན་རྗེ་གཤེད་ཀྱི་མངོན་སྤྱོད་སྐབས་སུ་ཉེར་མཁོ།དུར་བདག་གཏོར་ཆོག་ཐུན་གཏོར་དང་དེའི་གཏོར་ཟློག་བཅས། ཀྵེ་ཏྲ་པཱ་ལའི་གཏོར་ཟློག མགོན་པོ་དང་ཀེ་ཏྲ་པཱ་ལའི་གཏོར་ཆེན་དྲག་པོའི་ཉེར་མཁོ་ཞལ་ཤེས།ཁྲོ་བཅུའི་གཏོར་ཟློག་བདུད་སྡེ་ཕྱེ་མར་འཐག་པའི་འཁོར་ལོ། དགྲ་ལྷའི་རྒྱལ་བོ་བདུད་འཇོམས་ཐོག་རྒོད་གྱི་བསང་གསེར་སྐྱེམས་བསྐུལ་བ་བཅས་གསང་ཟབ་གདམས་པའི་སྙིང་བོ་མཁའ་འགྲོ་ཞལ་རླངས་མ་ཡལ་བའི་བདུད་རྩིའི་ཐིགས་པ་ལྟ་བུའི་པོད་གཉིས་བཞུགས་སོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།