ཞང་ཞུང་ཆོས་དབང་གྲགས་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 12:43:08     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

སྟོད་མངའ་རིས་སྐོར་གསུམ་ཞེས་པའི་ཆར་གཏོགས།བོད་ཆོས་རྒྱལ་གྱི་གདུང་གིས་བཟུང་པའི་ཡུལ་གྲུ་ཞང་ཞུང་ཞེས་པར་གྲགས་པ་ལ་ཡབ་ཡུམ་རིགས་རུས་ཆོ་འབྲང་ཕུལ་དུ་ཕྱིན་པའི་རྒྱུད་དུ་རྗེ་འདི་ཉིད་རབ་བྱུང་བདུན་པའི་ཤིང་སྤྲེལ་(སྤྱི་ལོ་1404)ལོར་སྐུ་འཁྲུངས།ཆུས་དུས་ཡི་གེའི་ཕྱི་མོ་སློབ་པ་ནས་བཟུང་བསླབ་པར་བྱ་བའི་ཆོས་གང་དང་གང་ལའང་སློབ་དཔོན་གྱི་ཞལ་ནས་ལན་རེ་གཉིས་ཐོས་ཙམ་གྱིས་ཚེགས་ཆུང་ངུས་ཐུགས་སུ་ཆུད།དེ་རྗེས་དབུས་སུ་བྱོན་ཏེ་རྗེ་རྒྱལ་བ་ཡབ་སྲས་གསུམ་དང་མཚུངས་མེད་ཆོས་རྗེ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ནས་མདོ་རྒྱུད་ཀྱི་བཤད་ལུང་དང་ཟབ་མོའི་དབང་ཁྲིད་རྗེས་གནང་བུམ་པ་གང་བྱོའི་ཚུལ་གྱིས་གསན་ཞིང་།སྒྲ་ཚད་སྙན་ངག་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་ཡང་རྦུངས་པ་མཐར་ཕྱིན་མཛད་པས།ཟླ་མེད་པའི་མཁས་པའི་གོ་འཕང་རྙེད་དེ་ཞང་ཞུང་ཆོས་དབང་གྲགས་པ་ཞེས་རྒྱལ་བ་འཇམ་དཔལ་སྙིང་པོའི་སློབ་མའི་ནང་མུས་སད་པ་བློ་གྲོས་རིན་ཆེན་སེང་གེ་དང་འདི་བ་གཉིས་ལ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་སུ་གྲགས།དགུང་ལོ་སོ་ལྔ་པ་ས་རྟ་(སྤྱི་ལོ་1438)ལོར་རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་མཛད།རྗེ་འདི་ཐ་སྙད་ཀྱི་གཙུག་ལག་མ་ལུས་པ་ལ་དབང་འབྱོར་བས་དགའ་ལྡན་པའི་བསྟན་པ་འཛིན་པའི་ནང་ལ་སྙན་ངག་འདི་ལས་མཁས་པ་མ་བྱུང་སྐད།དེ་ནས་ནགས་ཤོད་སྤུས་མདའི་གདན་སར་ཕེབས་ནས་ལེགས་པར་བཤད་པའི་དགའ་སྟོན་གྱིས་བློ་གསལ་གྱི་ཚོགས་སྐྱོང་པར་མཛད།ཝིག་ཆོས་རྫོང་དགོན་བཏབ་ནས་འཕགས་པ་ལྷ་མཐོང་བ་དོན་ལྡན་ལ་ཕུལ།དགུང་ལོ་ང་ལྔ་པ་རབ་བྱུང་བརྒྱད་པའི་ས་སྟག་(སྤྱི་ལོ་1458)ལོར་ཐར་འདོད་སྐྱེ་བོའི་འཇག་ངོགས་ཆབ་མདོ་བྱམས་པ་གླིང་ཞེས་གྲགས་པའི་ཆོས་སྡེ་ཆེན་པོའི་ཁྲི་ཐོག་གཉིས་པ་ལ་མངོན་པར་འཛེགས་ཏེ་ཕར་ཕྱིན་དང་རྒྱུད་སྡེ་རྒྱ་མཚོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།གཞན་དགོན་སྡེ་ཆེན་པོ་གུ་རུ་དཔལ་འཁོར་གྱི་ཁྲི་ལ་ཞབས་པད་བཀོད་དེ་མཁས་པའི་བྱ་བ་རྣམ་གསུམ་གྱིས་བསྟན་འགྲོ་ལ་སྨན་པའི་མཛད་འཕྲིན་སྤེལ།དགུང་ལོ་དྲུག་ཅུ་རེ་དྲུག་པ་རབ་བྱུང་བརྒྱད་པའི་ས་གླང་(སྤྱི་ལོ་1469)ལོར་ནགས་ཤོད་སྤུས་མདའ་རྣམ་རྒྱལ་དཔལ་འབར་དུ་སྐུ་གཤེགས།རྗེ་འདིས་རྣམ་ངེས་འཐད་ལྡན་གྱི་འགྲེལ་བཤད་དང་།དུས་འཁོར་གྱི་བསྐྱེད་རྫོགས་སོགས་ལྗགས་རྩོམ་མཛད་ཅིང་།མཁས་གྲུབ་རིན་པོ་ཆེའི་དུས་འཁོར་ཊཱིཀ་ཆེན་རྩོམ་འཕྲོ་ལུས་པ་མཇག་རྫོགས་པར་མཛད།གཞན་ཡང་སྙན་ངག་གིས་ཡོངས་སུ་སྤུད་པའི་ལྷ་དང་བླ་མའི་བསྟོད་པ།རཱ་མ་ཎའི་རྟོགས་བརྗོད་ལ་སོགས་པ་གངས་ཅན་བོད་ཀྱི་སྙན་ངག་མཁན་ཀུན་གྱི་གཙུག་གི་ནོར་བུ་ལྟར་གྱུར་པའི་སྙན་ངག་གི་ལམ་ནས་དྲངས་པའི་བཀའ་རྩོམ་ཡང་མང་པོ་མཛད།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།