ཞོགས་དོན་ཡོད་མཁས་གྲུབ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 12:24:25     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

འཕན་ཡུལ་སྨད་ཅུང་པ་ཆུ་སྐོར་ཞེས་པའི་ཁྱིམ་དུ་ཡབ་ཚེ་རིང་ལྷ་སྲུང་དང་།ཡུམ་ཨ་སང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག་སྤྱི་ལོ་1671ལོར་འཁྲུངས།མཚན་ཚེ་དབང་ལྡན་ཞེས་གསོལ།དགུང་ལོ་བདུན་ལ་དགའ་ལྡན་ཁྲི་ཆེན་བློ་བཟང་དོན་ཡོད་དྲུང་དུ་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་ལ་དོན་ཡོད་མཁས་གྲུབ་ཅེས་གསོལ།དགེ་སློང་ཆོས་གྲུབ་བསྟེན་ནས་ཀློག་སློབ་ལ་རྦུངས་པ་མཛད།དགུང་ལོ་བརྒྱད་ནས་བཅོ་བརྒྱད་བར་ལ་ཞོགས་གུར་སྨོན་དགོན་དུ་སྒྲུག་ཞུགས་གནང་།དགུང་ལོ་བཅུ་དགུ་ལ་དགའ་ལྡན་བྱང་རྩེར་བཞུགས་ཏེ་མཁས་དབང་བློ་བཟང་དགེ་ལེགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད།དགུང་ལོ་ཉེར་ལྔ་ལ་ཕེབས་སྐབས་ཞོགས་དགོན་པའི་དགེ་བསྐོས་གནང་།དགུང་ལོ་ཉེར་དྲུག་སྐབས་འཁོར་བའི་སྣང་ཚུལ་ལ་ཐུགས་སྐྱོ་ཤས་འཁྲུངས་ཏེ་སྒྲུབ་དབང་བྱམས་པ་ཆོས་ལྡན་དང་།རྗེ་བཙུན་བསོད་ནམས་དོན་འགྲུབ་སོགས་བསྟེན་ནས་ལོ་མང་རིང་དབེན་སར་དཀའ་ཐུབ་དྲག་པོ་སྤྱད་དེ་སྒྲུབ་པ་ལ་བརྩོན།དགུང་ལོ་ཞེ་གཉིས་ཐོག་སོག་པོ་ཇན་གར་བའི་དམག་དཔུང་སྐྱེད་ཤོད་དུ་སླེབས།དགུང་ལོ་ཞེ་དྲུག་ནས་ལོ་གསུམ་རིང་ཞོགས་གུར་སྨོན་གྱི་ཆོས་གྲྭར་ལོ་ལྟར་ཟླ་བ་གསུམ་རིང་ལམ་རིམ་གྱི་ཁྲིད་དང་།འཇིགས་བྱེད་ཀྱི་དབང་ཆེན་བསྩལ།དགུང་ལོ་ང་གསུམ་ལ་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་སྲིད་འགན་བླངས་ནས་རྗེ་ཉིད་ཁོང་གི་རྩ་བའི་བླ་མར་གྱུར།སྐུ་ཚེ་གང་པོར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་མཐའ་ཡས་པ་མཛད།བཀའ་རྩོམ་ལ་མཚོན་ན།བླ་མ་མཆོད་ཀྱི་ཟབ་ཁྲིད་ཐུན་མོང་མ་ཡིན་པ་བརྒྱུད་ལྡན་བླ་མའི་ཞལ་གདམས།ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་ཡིག་རྒྱས་པ།དཔལ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་སྙིང་པོ།བྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་ལྟ་བའི་སྐོར་གྱི་དྲི་བ་དང་དེའི་དྲིས་ལན་སོགས་པོད་གཅིག་ཙམ་ཕྱག་རྩོམ་མཛད།དགུང་ལོ་རེ་བདུན་བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་སྤྲུལ་ལོར་སྐུ་གཤེགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།