ལོ་ཙཱ་བ་རིན་ཆེན་བཟང་པོ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 12:22:25     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་ཤིན་ཏུ་ཆེ་བའི་ལོ་ཙཱ་བ་རིན་ཆེན་བཟང་པོ་འདི་ཉིད་བོད་པ་རྟ་(སྤྱི་ལོ་958)ལོར་མངའ་རིས་གུ་གེའི་ཆ་ཝཾ་ར ་རུ་སྐུ་འཁྲུངས།དགུང་ལོ་བཅུ་གསུམ་པར་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་།དགུང་ལོ་བཅུ་བདུན་ལ་ཕེབས་སྐབས་འཕགས་ཡུལ་དུ་བྱོན་ནས་ལོ་བཅུ་བཞུགས།ཇོ་བོ་ན་རོ་ཏ་པ་སོགས་པཎྚི་ཏ་བདུན་ཅུ་རྩ་ལྔ་བསྟེན་ནས་མདོ་དང་།སྔགས།སྒྲ་རིག་པ།ཚད་མ།གསོ་བ་རིག་པ་སོགས་མཐར་ཕྱིན་པ་རྦུངས་ཏེ་བོད་དུ་བྱོན།དགུང་ལོ་ཞེ་དགུ་པར་པཎྚི་ཏ་ཟླ་འོད་བཟང་པོ་དང་།ངྷི་ན་སེ།ཀ་མ་ལ་རཀྵི་ཏ་ལས་བསྙེན་པར་རྫོགས།མངའ་བདག་ལྷ་ལྡེ་བཙན་གྱི་བླ་མ་མཛད་པས་ལྷ་ལྡེས་པུ་ཧྲངས་གཞེར་གྱི་གནས་གཞི་ཕུལ་བར་ཁྲ་ཙའི་གཙུག་ལག་ཁང་དང་།རོང་གི་གཙུག་ལག་ཁང་སོགས་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས།མདོ་སྡེའི་སྐོར་གཞུང་གྲངས་བཅུ་བདུན་དང་།མངོན་པའི་གཞུང་སོ་གསུམ།རྒྱུད་ཀྱི་ལེ་ཚན་བརྒྱ་རྩ་བརྒྱད་སོགས་རྒྱ་གཞུང་བོད་དུ་བསྒྱུར་བ་དང་འགྱུར་བཅོས་མཛད་པ་ཤིན་ཏུ་མང་ཞིང་།ཁྱད་པར་དུ་གསང་སྔགས་ལ་མཆོག་ཏུ་མཁས་ཤིང་འགྲན་ཟླ་བྲལ་བས།འགོས་ལོས།བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་དར་ཆེ་བ་ཡང་ལོ་ཙཱ་བ་འདི་ཁོ་ནའི་བཀའ་དྲིན་ཡིན་ཞེས་བསྔགས་བརྗོད་མཛད།བོད་དུ་གསང་སྔགས་གསར་མའི་ཐ་སྙད་དེའང་ལོ་ཆེན་རིན་བཟང་ནས་འགོ་ཚུགས།དེ་བཞིན་གསོ་བ་རིག་པའི་སྐོར་ལ་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་།དེའི་འགྲེལ་པ་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགས་མཛད་པའི་ཟླ་ཟེར་སོགས་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པ་བོད་དུ་དར་རྒྱས་བྱུང་བས་མ་ཚད།དཔལ་ཕག་མོ་གྲུ་བའི་དུས་རྒྱ་ནག་ཏུའང་དར་ཏེ་རྒྱ་དཔར་དུ་བརྐོས་ཡོད།མདོར་ན་ལོ་ཙཱ་བ་འདི་ཉིད་རིག་གནས་གང་ལ་འཆད་རྩོད་རྩོམ་བསྒྱུར་ཐོགས་པ་མེད་པར་གྱུར་ཏེ་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བ་ཐམས་ཅད་ཀྱི་ཐོག་མར་གྱུར།དགུང་ལོ་གྱ་ལྔར་ཕེབས་སྐབས་ཇོ་བོ་རྗེ་མངའ་རིས་སུ་བྱོན་པ་དང་མཇལ་ཏེ་གདམས་ངག་གསན་ཅིང་ཇོ་བོས་སྒྲུབ་པ་ལ་བསྐུལ་བས་སྒྲུབ་ཁང་གི་སྒོ་གསུམ་རིམ་ལ་དམ་བཅའ་གསུམ་བྲིས་ཏེ་རྩེ་གཅིག་གིས་སྒོམ་མཛད་པས་གྲུབ་པ་ཐོབ་སྟེ་མཐར་དགུང་ལོ་གོ་བརྒྱད་པ་རབ་བྱུང་དང་པོའི་ཤིང་ལུག་(སྤྱི་ལོ་1055)ལོར་སྐུ་གཤེགས།སློབ་མའི་གཙོ་བོ་ནི།ལོ་ཆུང་ལེགས་པའི་ཤེས་རབ།གུར་ཤིང་བརྩོན་འགྲུས་རྒྱལ་མཚན།གྲབ་པ་གཞོན་ནུ་ཤེས་རབ།གྱི་ནོར་ཛྙ་ན་བཅས་ཐུགས་ཀྱི་སྲས་བཞི་དང་།གསོ་རིག་གི་བརྒྱུད་པ་འཛིན་པའི་སློབ་མ་པུ་རངས་ཀྱི་སྨན་པ་བཞིས་གཙོས་མཁན་བུ་ཤིན་ཏུ་མང་།གཞན་འདི་ཉིད་ཀྱི་འགྱུར་ལ་མང་དུ་ཡོད་ཀྱང་འདིར་མ་བཀོད་དོ། གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་ ལས་བསྡུ་སྒྲིག་བྱས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།