ཤན་ཏི་བ་བློ་གྲོས་རྒྱལ་མཚན

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 12:21:51     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

ཤན་ཏི་བ་བློ་གྲོས་རྒྱལ་མཚན་ནི་རབ་ནོར་མེ་ལུགསྤྱི་ལོ༡༤༨༧ལོར་མངའ་རིས་སྟོད་དུ་ཉང་གི་གདུང་བརྒྱུད་པ་ཡབ་རིག་འཛིན་ཞི་བ་བཟང་བོ་དང་། ཡུམ་བྱིན་ཟ་ལམ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། ཡང་ཡུམ་གཉིས་ལ་སྲས་འདི་ལས་མ་འཁྲུངས། ལོ་གཉིས་སྐབས་མཁས་གྲུབ་དམ་པ་རིན་ཆེན་དཔལ་བཟང་གི་དྲུང་དུ་བྱོན་པས་སྐུ་སྐྱེ་སྔ་མའི་གསུང་མང་དུ་ཕེབས།དེ་ནས་བཟུང་དམ་པ་དེས་དགའ་གླིང་པ་ཞེས་འབོད་པར་མཛད།དགུང་ལོ་བཅུ་གཅིག་པ་ལ་དམ་པ་དེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས།བློ་གྲོས་རྒྱལ་མཚན་དུ་མཚན་གསོལ།དགུང་གྲངས་བཅུ་གཉིས་ནས་ཚད་མ་རྣམ་འགྲེལ་གྱི་གཞུང་བློ་འཛིན་གནང་།མཁས་པ་མང་པོའི་དབུས་སུ་བགྲོ་གླང་མཛད་པས་རྣམ་དཔྱོད་ལ་ཐམས་ཅད་ཀྱིས་བསྔགས་པའི་ཆུ་སྐྱེས་འཐོར།དེ་ནས་གཙང་དུ་ཕེབས་ལམ་གསེར་ཏོག་ཅན་དུ་བཞུགས་ཏེ་ཆོས་རྗེ་ཤཱཀྱ་མཆོག་ལྡན་དང་མཇལ།ཤཱཀྱ་མཆོག་གིས་ཆོས་རྗེ་བློ་གྲོས་རྒྱལ་མཚན་པ་ཞེས་བསྔགས་བརྗོད་རྒྱ་ཆེར་མཛད།དགུང་ལོ་བཅོ་ལྔ་པ་ལྕགས་བྱ་ལོར་བཀྲས་ལྷུན་དུ་ཕེབས།ལོ་དེ་གར་པཎ་ཆེན་ཡེ་ཤེས་རྩེ་མོས་མཁན་པོ་དང་།དགེ་རུ་རབ་འབྱམས་པས་སློབ་དཔོན།མཁས་མཆོག་ཤན་ཏི་པས་དུས་གོ་བར་མཛད་དེ་དགེ་ཚུལ་གྱི་སྡོམ་པ་ནོད།དེ་ནས་བཟུང་རྗེ་འདི་ལ་ཤན་ཏི་པ་ཞེས་གྲགས།པཎ་ཆེན་ཡེ་ཤེས་རྩེ་མོ་ལས་བཀའ་གདམས་གླགས་བམ་ཆ་ལག་ཡོངས་རྫོགས་དང་།དཀའ་ཆེན་བཞི།དབུ་མ་རྩ་འཇུག་གི་ཏིཀླ་རྣམས་གསན།དགུང་ལོ་ཉེར་ལྔ་པ་ལྕགས་ལུག་ལ་པཎ་ཆེན་ཡེ་ཤེས་རྩེ་མོའི་བཀས་རྒྱལ་མཆོག་དགེ་འདུན་རྒྱ་མཚོ་གདན་འདྲེན་དུ་དབུས་སུ་ཕེབས།དགུང་གྲངས་སོ་གཅིག་པ་བྱ་ལོ་ཟླ་བ་བཅུ་གཅིག་གི་ཚེས་བརྒྱད་ལ་རྒྱལ་མཆོག་དགེ་འདུན་རྒྱ་མཚོ་ལས་བསྙེན་པར་རྫོགས།ལོ་དེ་ནས་བཟུང་དཀྱིལ་ཁང་གྲྭ་ཚང་གི་མཁན་པོ་ལོ་ཉེར་གཅིག་མཛད།དེ་ནས་གདན་སའི་ཁྲི་པ་ལས་ཐོག་པས་ཁྲི་པ་འོས་འགབ་གསུམ་ལ་བརྟག་པ་ན་རྗེ་འདི་ལ་བབས་པས་གནང་སྦྱིན་རྒྱ་ཆེ་དང་འབྲེལ་སྙན་ངག་གི་ལམ་ལས་དྲངས་པའི་ཆབ་ཤོག་བསྩལ་ཏེ་རྒྱལ་དབང་དགེ་འདུན་གྲུབ་པའི་རྒྱལ་ཚབ་ཏུ་མངའ་གསོལ།གདན་ས་ལོ་མང་པོ་བསྐྱངས་ཏེ་ཐོས་གླིང་རབ་འབྱམས་པ་གདན་སར་བསྐོ་བཞག་གནང་སྟེ་མངའ་རིས་ཕྱོགས་སུ་ཕེབས།མཐོང་ལྡིང་གི་ཁྲི་ལ་ཕེབས་ནས་སྐལ་ལྡན་གྱི་གདུལ་བྱ་བགྲང་ལས་འདས་པ་སྨིན་གྲོལ་དུ་བཀོད།རི་གསུམ་དབུས་མ་དུང་ཁrཔྱེན་དུ་བསླང་བ་ལྟ་བུར་བླ་བྲང་གི་འགྲམ་བཏིང་།རི་གཉིས་བར་དུས་སུ་(གུ་གེའི་)བཀྲ་ཤིས་ལྷུན་པོ་བཏབ།འདུ་ཁང་ཀ་བ་བཅུ་དྲུག་གཙང་ཁང་དང་བཅས་པ།མཆོད་ཁང་ཀ་བཞི་མ།རྟེན་གཙོར་གསེར་ཟངས་ཀྱི་རྗེ་ཙོང་ཁ་པའི་སྐུ་བརྙན་གྱིས་གཙོས་སྐུ་གསུང་ཐུགས་རྟེན་མང་དུ་བསྐྲུན།གཞན་ཡང་མགོན་ཁང་དང་།རུང་ཁང་།གྲྭ་ཁང་སོགས་མང་པོ་བཞེངས།གྲུབ་ཆེན་ཆོས་རྡོ་རྗེས།བཅུ་ཕྲག་བརྒྱད་མཐའ་རྫོགས་པ་ན།དགའ་ལྡན་བྱམས་པའི་དྲུང་དུ་འགྲོ།འཇམ་དཔལ་སྙིང་པོ་དངོས་དང་མཇལ།ཞེས་སོགས་ལུང་བསྟན་པ་ལྟར་དགུང་གྲངས་གྱ་གཅིག་པ་རབ་ཕྱོགས་མེ་ཡོས་(སྤྱི་ལོ་1567)ལོའི་ཟླ་བ་ལྔ་པའི་ཚེས་ཉེར་ལྔ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ།སྐུ་གདུང་བཞུགས་སུ་ཕུལ་བར་རིང་བསྲེལ་དང་གཞན་ཡང་སྐུ་གདུང་ཁྲུས་པའི་ཆུ་ལའང་རིང་བསྲེལ་མང་པོ་བྱོན་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་།དྲུང་གནས་པ་བློ་གྲོས་ཆོས་སྐྱབས་ཀྱིས་འགན་བཞེས་ནས་དགོངས་རྫོགས་སུ་གཙུག་ལག་ཁང་དང་རྗེ་བཙུན་བྱམས་མགོན་གྱི་སྐུ་བཞེངས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།