བསེ་ངག་དབང་བཀྲ་ཤིས

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 12:20:57     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

བསེ་ངག་དབང་བཀྲ་ཤིས(༡༦༧༨---༡༧༣༨)ནི་མདོ་སྨད་་རེབ་ཀོང་དུ་འཁྲུངས།མགར་གོང་ཚེ་བརྟན་རྒྱ་མཚོལས་་རབ་ཏུ་བྱུང་།དགུང་ལོ་བཅུ་དྲུག་པར་དབུས་སུ་བྱོན།འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས།དོན་གྲུབ་རྒྱ་མཚོ་སློབ་དཔོན་བསྟེན་ནས་བསྡུས་གྲྭ་སོགས་ཚད་མའི་སྐོར་གསན།དགུང་ལོ་བཅུ་བདུན་པར་སྟག་ཚང་ར་བ་སྟོད་དུ་ལོ་གཅིག་ལ་བསྡུས་ཚན་སྦྱངས།སྒོ་མང་དུསློབ་དཔོན་འོད་ཟེར་རྒྱ་མཚོའི་དྲུང་ནས་ཕར་ཕྱིན་སྐབས་བརྒྱད་པོ་དང་དབུ་མ་བཅས་གསན་ཞིང་འཇམ་དབྱངས་བཞད་པ་བླ་མར་བསྟེན་ནས་ཡང་བསྐྱར་དབུ་མ་དང་ཕར་ཕྱིན་ཡོངས་རྫོགས་གསན་ཅིང་ཐུགས་འཛིན་མཛད།འདུལ་བ་དང་མངོན་པའི་གཞུང་རྣམས་ཀྱང་ལེགས་པར་སྦྱངས་ནས་དཀའ་བཅུ་པའི་མཚན་རྟགས་བླངས།མི་རིང་བར་འཇམ་དབྱངས་བཞད་པའི་རྡོ་རྗེའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས།མཚན་ངག་དབང་བཀྲ་ཤིས་ཞེས་པ་བསྩལ།དགུང་ལོ་ཉེར་དགུ་བར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཕེབས་ནས་གསང་སྔགས་ཀྱི་ཆོས་ལ་སློབ་གཉེར་གྱི་དབུ་བཙུགས།ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་དྲུང་དུ་བདེ་གསང་འཇིགས་གསུམ་སོགས་ཀྱི་རྒྱུད་དུ་མ་གསན་བསམ་ཡུན་རིང་མཛད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་ཐོགས་པ་མེད་པར་གྱུར།

དགུང་ལོ་སོ་གཉིས་པར་འཇམ་དབྱངས་བཞད་པའི་ཞབས་ཕྱིར་མདོ་སྨད་དུ་བྱོན།ལམ་བར་ཕྱག་གཡོག་བྱེད་པའི་ཞོར་ལ་མདོ་སྔགས་ཀྱི་གཞུང་མང་པོའི་དོགས་བཀྲོལ་ཡང་ཡང་མཛད་པས་འཆད་ཉན་ཉམས་ལེན་གང་ལ་ཐུག་ཀྱང་གཞན་དྲིང་མི་འཇོག་པའི་སྤོབས་པ་ཐོབ།ལྕང་སྟག་(༡༧༡༠)ལོར་འཇམ་དབྱངས་བཞད་པས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་གསར་དུ་བཏབ་ཅིང་གྲྭ་ཚང་གསར་འཛུགས་སྐབས་ཁོང་གིས་དགེ་བསྐོས་མཛད་དེ་ཁྲིམས་སྒྲིག་ལམ་ཚང་མ་འབྲས་སྤུངས་སྒོ་མང་གྲྭ་ཚང་ལྟར་མཛད།ལོ་དེའི་སྟོན་ཁར་འཇམ་དབྱངས་བཞད་པས་རང་གིས་འབྲས་སྒོ་མང་གྲྭ་ཚང་དུ་མནབས་མྱོང་བའི་རས་བེར་རྙིང་པ་དང་དབུ་ཞྭ་བཅས་གནང་སྟེ་ཁྱེད་རང་འདི་དག་གྱོན་ནས་བླ་མ་གྱིས་གསུངས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་པར་བསྐོས།

དེ་ནས་བཟུང་དགུང་ལོ་རེ་གཅིག་པ་ས་རྟ་(༡༧༣༨--རབ་བྱུང་བཅུ་གཉིས་པའི་ས་རྟ་)ལོ)ལོའི་བར་ལོ་ཉེར་བརྒྱད་ཙམ་འཆད་ཉན་མཛད། ཐོག་མའི་ལོ་དགུ་ཙམ་རིང་ཆོས་མཚམས་རྣམས་སུ་ཡང་བརྩི་བཞག་ཆག་མེད་དུ་བཏང་བས་འ།ཛིན་གྲྭ་བཅུ་གསུམ་ལ་པོ་ཏི་ལྔའི་འཆད་ཉན་བཙུགས་ཐུབ་པ་བྱུང་ཞིང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པར་བཤད་གྲྭ་ལེགས་པར་འཛུགས་པའི་རྨང་གཞི་བརྟན་པོ་ཆགས་ཐུབ་པ་བྱུང་ངོ་།།

པོ་ཏི་ལྔའི་འཆད་ཉན་ཚང་མ་ཡིག་ཆ་དེ་དག་གི་ཐོག་ནས་མཛད་ཅིང་ཚང་མ་ལ་ཟིན་བྲིས་ཀྱང་བཀོད། ཁྱད་པར་བསྡུས་གྲྭ་ནི་ལོ་རེ་བཞིན་ཐུགས་ཐོག་ནས་བཤད་པ། སྐྱོར་དཔོན་རང་རང་གིས་ཟིན་བྲིས་བྱས་པས།བསྡུས་གྲྭ་ཡོངས་རྫོགས་ཉེར་བདུན་ཡོད་ཀྱང་རྗེས་ནས་དཔེ་རྒྱུན་ཐོར་བར་བརྟེན་དེང་སང་གསུམ་བཞི་ཙམ་ལས་མ་ལྷག་པར་མངོན།

ཁོང་གི་གསུང་ཆོས་ནི་རྟེན་འབྲེལ་གྱི་མཐའ་དཔྱོད་དང་།དབུ་མའི་མཐའ་དཔྱོད།འཇམ་དབྱངས་བཞད་པའི་བློ་རིགས་དང་རྟགས་རིགས་གཉིས་ཀྱི་ཟུར་རྒྱན།འཇམ་དབྱངས་བཞད་པའི་ཡིག་ཆ་རྣམས་ཀྱི་ཟིན་བྲིས་སོགས་གཞུང་པོད་རྣམས་ཀྱི་སྐོར་ལ་གསུང་མང་དུ་ཡོད་ཀྱང་དུས་དབང་གིས་ད་ལྟ་ཚང་མ་ཁ་མི་ཚང་ཞིང་མི་རིགས་དཔེ་མཛོད་ཁང་དུ་བླ་བྲང་པར་མ་པོ་ཏི་གཉིས་བཞུགས་ཡོད།

དགུང་ལོ་དྲུག་ཅུ་རེ་གཅིག་པ་འི་ཟླ་བ་དང་པོའི་ཚེས་ཉེར་ལྔ་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།