ཧལ་ཧ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 12:20:22     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

ཇིང་གིར་རྒྱལ་རབས་ཉེར་བདུན་པ་ཧལ་ཧའི་རྒྱལ་པོ་ཨ་སུ་ཐའི་རྡོ་རྗེ་རྒྱལ་པོ་ཞེས་བྱ་བ་རྒྱལ་བ་བསོད་ནམས་རྒྱ་མཚོའི་ཞབས་ཟིན་པ་དེའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཕག་(སྤྱི་ལོ་1635)ལོར་འཁྲུངས།མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་བ་དབེན་ས་སྤྲུལ་སྐུ་ལས་རབ་ཏུ་བྱུང་།འབྲས་སྤུངས་སྔགས་པ་བླ་མ་ནམ་མཁའ་བསོད་ནམས་གྲགས་ཡོངས་འཛིན་དུ་གདན་དྲངས།དགུང་ལོ་བཅོ་ལྔ་པར་སྐུ་འབུམ་དང་བྱ་ཁྱུང་བརྒྱུད་དེ་དབུས་གཙང་དུ་ཕེབས།པཎ་ཆེན་ཆོས་རྒྱན་ལས་དགེ་ཚུལ་བསྒྲུབས།པཎ་ཆེན་རིན་པོ་ཆེས་ཏཱ་ར་ནཱ་ཐའི་སྐུ་སྐྱེར་ངོས་བཟུང་།དགུང་ལོ་བཅུ་བདུན་ཐོག་རྒྱལ་དབང་ལྔ་པ་མཇལ།རྒྱལ་དབང་མཆོག་ལས་དབང་རྡོར་ཕྲེང་སོགས་གསན།བྱ་ཁྱུང་བྲག་གི་ཁྲིར་མངའ་གསོལ།ལོ་དེའི་དགུན་དུས་ཧལ་ཧའི་བཞུགས་སྒར་དུ་ཕེབས།དགུང་ལོ་ཉེར་གཅིག་སྟེང་དབུས་སུ་ལན་གཉིས་པ་ཕེབས།དེའི་ཕྱི་ལོ་སླར་ཡང་སོག་ཡུལ་དུ་བྱོན།བྱ་ཁྱུང་དགོན་པར་གོས་སྐུ་ཆེན་ཞིག་ཕུལ།དགུང་ལོ་ང་གཉིས་སྟེང་བོད་ནས་རྒྱལ་བའི་སྐུ་ཚབ་དགེ་ལྡན་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ་ཧལ་ཧར་ཕེབས།ཚོགས་འདུའི་སྟེང་རྣམ་གཉིས་མཉམ་ཁྲི་ལ་བཞུགས།ཧལ་ཧ་དང་ཨོ་རོད་ཀྱི་ནང་འཁྲུག་བསྡུམས།དེ་ནས་རྒྱ་ནག་གོང་མའི་མདུན་དུ་ཕེབས།གོང་མས་བསུ་བཀུར་ཚད་མེད་ཞུས།ལོ་ཙཱ་བ་མང་པོ་བོས་ནས་དག་ཡིག་ཟ་མ་ཏོག་སོག་སྐད་དུ་བསྒྱུར།རྗེ་ཉིད་ཀྱིས་སོག་ཡིག་གསར་བཟོས་འགའ་རེ་གནང་།ཨ་ཙ་རའི་སྐད་ཀྱང་མཁྱེན།དགུང་ལོ་རེ་དྲུག་ཐོག་སླར་སོག་ཡུལ་དུ་ཕེབས།དགོན་པའི་རྟེན་སོགས་ལ་ཞིག་གསོས་རྒྱ་ཆེར་གནང་།དགུང་ལོ་གྱ་དགུ་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་(སྤྱི་ལོ་1723)ལོར་འདས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།