ལྷ་བླ་མ་བྱང་ཆུབ་འོད།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 12:19:35     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 སྟོད་ཀྱི་མགོན་གསུམ་གྱི་རྒྱུད་པ།ཧ་ལམ་སྤྱི་ལོ་དུས་རབས་བཅུ་གཅིག་པའི་ནང་འཁྲུངས།འདི་ཉིད་ཀྱི་ཡབ་འཁོར་རེའི་སྲས་ལྷ་ལྡེ་ཡིན་ཞིང་།རབ་ཏུ་བྱུང་ནས་མཚན་བྱང་ཆུབ་འོད་ཅེས་གསོལ།བྱང་ཆུབ་འོད་ཀྱིས་ཁུ་བོ་ལྷ་བླ་མ་ཡེ་ཤེས་འོད་བཙོན་ནས་འདོན་ཕྱིར་དབུས་གཙང་གི་རབ་ཏུ་བྱུང་བ་རྣམས་ལ་གཤམ་ཐབ་ཀྱི་ཁྲལ་དང་།བོད་ཁམས་གླིང་དགུའི་འབངས་ལ་གསེར་གྱི་ཁྲལ་མོ་ཆེ་ཐེངས་གསུམ་བསྡུས།ཕྱག་རྫས་ཡོད་རྒུ་གསེར་དུ་བསྒྱུར་ནས་ཁུ་བོ་བླུ་བར་གར་ལོག་ཏུ་ཕེབས་རུང་།ཁུ་བོས་ཁོང་ཉིད་བཙོན་ནས་འདོན་མ་དགོས་པར་གསེར་དེ་རྣམས་ཁྱེར་ཏེ་རྒྱ་གར་ནས་ཇོ་བོ་རྗེ་གདན་འདྲེན་ཞུས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་འཕེལ་གཏོང་དགོས་པའི་བཀའ་གནང་བ་བཞིན་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་སོགས་ཇོ་བོ་རྗེ་གདན་འདྲེན་པར་མངགས།ཇོ་བོ་བོད་དུ་ཕེབས་སྐབས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་རྟ་དཀར་མི་དཀར་སུམ་བརྒྱ་ཐམ་པས་གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པའི་མཆོད་རྫས་ཐོགས་ཏེ་ཕེབས་བསུར་བཅར།དེ་བཞིན་གླུ་གར་དང་བཀྲ་ཤིས་པའི་ཤིས་པ་བརྗོད་པ་སོགས་གཟབ་ཅིང་རྒྱས་པའི་བསུ་བ་ཞུས།དེའི་སྐབས་སྔར་མེད་པའི་རག་དུང་གསར་དུ་བཟོས་ཏེ་ཇོ་བོ་སྤྱན་འདྲེན་པའི་ཕྱིར་འབུད་པ་དེ་ནས་བོད་དུ་དུང་ཆེན་འབུད་སྲོལ་དར་ལ་དུང་ཆེན་དེ་ལ་ལོ་པཎ་སྤྱན་འདྲེན་པའི་དུང་ཆེན་ཞེས་གྲགས།དེ་སྐབས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེར་ཞུ་རྟེན་དུ་གསེར་མང་པོ་ཕུལ་ནས་ཐོག་མར་གནད་དོན་གསུམ་བཀའ་འདྲི་ཞུས་པ་སྟེ།སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་འཇག་པ་ལགས་སམ་ཅིག་ཅར་དུ་འཇག་པ་ལགས།ཕྱི་ནང་གི་ཁྱད་པར་གང་ལགས།དགེ་སློང་གིས་རྡོ་རྗེ་སྔགས་ཀྱི་དངོས་དབང་གོང་མ་རྣམ་གཉིས་བླང་དུ་རུང་མི་རུང་ཞེས་ཞུས་པའི་ལན་དུ།ཇོ་བོས།རིམ་གྱིས་ཡིན་གསུངས་ནས་ལམ་སྒྲོན་མཛད།སྐྱབས་འགྲོ་དང་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཡོད་མེད་ཡིན།གསང་བ་ཤེས་རབ་ཡེ་ཤེས་ནི་ཚངས་པར་སྤྱོད་པས་བླང་བར་མི་བྱ་ཞེས་གསུངས་སོ།ལྷ་བླ་མ་བྱང་ཆུབ་འོད་འདིའི་སྐུ་རིང་ལ་ལོ་ཆེན་རིན་ཆེན་བཟང་པོས་དམ་པའི་ཆོས་མང་པོ་བསྒྱུར་བ་དང་།འདི་ཉིད་ཀྱི་སྐུ་ཚེའི་སྨད་ལ་པུ་རངས་པ་ཞང་ཆུང་བཙུན་གསལ་ཤེས་རབ་ལ་བཀའ་བསྒོས་ནས་ཡུལ་དབུས་ཀྱི་པ་ཏ་ཤྲཱི་བཛྲ་བོ་ངྷི་དང་།ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་དང་།མ་རྒྱུད་འགའ་ཞིག་ཀྱང་བསྒྱུར་ཡོད་དོ། གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་ ལས་བསྡུ་སྒྲིག་བྱས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།