ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 12:19:10     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ་ནི་མདོ་སྨད་ཀྱི་ཡུལ་གྲུ་ཆེན་མོའི་བྱེ་བྲག་ཨ་ལག་ཤ་ར་རབ་བྱུང་བཅུ་གསུམ་པའི་ས་མོ་ཡོས་ཀྱི་ལོ་༡༧༥༩ལ་སོག་པོའི་རིགས་སུ་སྐུ་བལྟམས།ཁོང་དགུང་ལོ་གཞོན་ནུའི་དུས་ནས་རིག་པའི་གནས་རྣམས་སྦྱོང་བ་ལ་དོན་གཉེར་ལྷག་པར་ཆེ་བས།ལམ་འགྲུལ་རིང་བ་དང་ལྟོགས་གྲང་སོགས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས།དབུས་ལྷ་ལྡན་ཆེན་མོར་སློབ་གཉེར་དུ་ཕེབས། འབྲས་སྒོ་མང་གྲྭ་ཚང་དུ་གྲྭ་སར་ཞུགས།དབུ་ཕར་འདུལ་མཛོད་ཚད་མ་བཅས་ཀྱི་གཞུང་བཀའ་པོད་གསན་བསམ་ནན་སྨིན་མཛད།ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅས་བཞག་པར་གྲགས་པའི་བ་དན་ཕྱོགས་སུ་གཡོ།

མཁས་དབང་དམ་པ་ཀློང་རྡོལ་ངག་དབང་བློ་བཟང་དང་།དཀའ་ཆེན་ཡེ་ཤེས་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་དབང་ལུང་མན་ངག་མང་པོ་ཞུས་ཤིང་།ཁྱད་པར་ཀློང་རྡོལ་བླ་མའི་མདུན་དུ་ཐ་སྙད་རིག་གནས་ཀྱི་སྐོར་སྙན་ངག་སུམ་རྟགས་སོགས་ལ་སྦྱངས་པ་མཐིལ་ཕྱིན་མཛད། དེ་ལྟར་ལེགས་པར་བཤད་པ་གསུང་རབ་རྒྱ་མཚོ་ལྟ་བུར་ཐོས་བསམ་ཡུན་དུ་མཛད་ནས་་རང་ཡུལ་དུ་ཕེབས།ཨ་ལག་ཤའི་གཡོན་དགོན་མི་ཕམ་ཆོས་གླིང་ངམ་དགེ་སྒྲུབ་གླིང་དུ་འཆད་རྩོད་རྩོམ་གསུམ་གྱི་དབུ་ཚུགས།ཁོང་ནི་རིག་པའི་གནས་ཀུན་ཕྱོགས་བརྒྱར་སྤེལ་བ་ལ་ལྷག་བསམ་བཟང་པོ་དོ་ཟླ་བྲལ་བ་ཞིག་ཡིན་སྟབས།བོད་ཀྱི་སྙན་ངག་གི་རྒྱུན་གྱི་བསྟན་བཅོས་མེ་ལོང་མའི་ཁྲིད་རྒྱུད་བཟང་པོ་རྒྱུན་ཆད་ཀྱིས་དོགས་ནས་དགུང་ལོ་ལྔ་བཅུ་ང་གཅིག་ཏུ་ཕེབས་ཀྱང་ངལ་བ་ལ་མ་་འཛེམ་པར་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྡོ་རམས་པ་ལྷ་ཞེའི་མདུན་ནས་ཁམས་སྡེ་དགེའི་དཔལ་སྤུངས་ཀྱི་ཁྲིད་རྒྱུན་ལྟར་སྙན་ངག་མེ་ལོང་ལེའུ་གསུམ་པོ་རྫོགས་པར་གསན་ཞིང་རྩོམ་རྒྱུགས་ཀྱང་ཕུལ།

ཁོང་ནི་སོག་པོའི་རིགས་སུ་སྐྱེས་ཀྱང་བོད་ཡུལ་དུ་ཐོས་བསམ་མཛད་ཅིང་བོད་ཀྱི་རིག་གནས་ཀུན་ལ་ཐུགས་དཔྱད་ཡུན་རིང་མཛད་པའི་རྐྱེན་གྱིས་བོད་ཡིག་གི་བརྡ་སྤྲོད་རིག་པ་དང་།སྙན་ངག་སོགས་ལ་ཐུགས་ལྷག་པར་དགྱེས་ཏེ་སུམ་རྟགས་འགྲེལ་པ།ཡི་གེའི་བཤད་པ།བོད་ཀྱི་བརྡ་གསར་རྙིང་གི་ཁྱད་པར། དག་ཡིག་གཅེས་བསྡུས།སྙན་ངག་ངག་དཔེ་བརྗོད་སོགས་མཁས་དབང་གོང་མ་རྣམས་ཀྱི་ཐུགས་བཞེད་རྣམས་ཞིབ་བསྡུར་དང་།དགག་སྒྲུབ་སྒོ་ནས་ཚིག་ཉུང་ལ་དོན་འདུས་པ་ཕྱི་རབས་པ་རྣམས་ལ་ལྟ་བདེ་བ་མང་པོ་བརྩམས་ཡོད།དེ་ལྟར་གསུང་རབ་ཆོས་ཚན་བཅུ་ཕྲག་བཞི་ལ་ཉེ་བ་བརྩམས་ཡོད་པ་པོ་ཏི་གཉིས་སུ་བྱས་ཏེ་མཚོ་སྔོན་སྐུ་འབུམ་དགོན་དུ་པར་ལ་བརྐོས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།