ཡར་ལུང་དགོན་གྱི་དྭགས་པོ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 11:56:41     རྩོམ་པ་པོ།   དཔའ་རིས་བློ་བཟང་རྒྱ་མཚོ།    ཀློག་ཐེངས།  

རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དགུང་ལོ་སོ་བཞིའི་ཐོག་མཚོ་སྔོན་ཟི་ལིང་དུ་བྱོན་ཏེ་གནས་སྐོར་བའི་ཆ་ལུགས་ཀྱིས་གསེར་ཁོག་དགོན་དུ་ཕེབས།མལ་བླ་མ་གྲུབ་ཆེན་ཚང་དང་ཞུ་ལུ་བ་བློ་བཟང་དཔལ་ལྡན་པར་མགོན་པོས་ལུང་བསྟན་པར་བརྟེན། ཁོང་ཚོས་རྒྱལ་བ་ཚངས་དབྱངས་པ་ཡིན་པར་ཤེས་ནས་བསྙེན་བཀུར་བླ་ན་མེད་པ་མཛད།དེ་ནས་ཨ་ལག་ཤར་ཕེབས། དགུང་ལོ་སོ་བརྒྱད་བཞེས་པ་ལྕགས་བྱི(སྤྱི་ལོ༡༧༢༠)ལོའི་ཟླ་ལྔ་བའི་ནང་དཔོན་གཡོག་འགའ་དང་བཅས་གསེར་ཁོག་ཏུ་བྱོན་པར།ཆུ་བཟང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གཙོས་མཛད་པའི་འདུས་སྡེ་ཐམས་ཅད་ཀྱིས་བཀུར་སྟི་བསམ་གྱི་མི་ཁྱབ་པར་མཛད་ཅིང་།ཚོགས་ཆེན་གྱི་འདུ་ཁང་དུ་རྗེ་ཉིད་ཚོགས་དབུས་སུ་ཕེབས་པར་ཞུས། ཚོགས་དབུས་སུ་འབྱོན་སྐབས། སྦྱིན་བདག་བཟང་བོ་ཞིག་གིས་མང་ཇའི་ཐོག་བསྔོ་འབྲས་ཞུས་པར།སྡེ་སྲིད་ཀྱིས་གནང་བའི་ཕྱིན་དྲུག་ལ་སྦྱར་བའི་བསྔོ་བ་རྒྱས་པ་ཞིག་གནང་སྐབས། རྗེ་ཉིད་ཀྱི་གསུང་ནི་དོན་གྱི་ཚངས་པའི་དབྱངས་དང་འདྲ་བས་དགེ་འདུན་ཡོངས་རྫོགས་བཤུམ་པ་མཛད་ནས་ཀུན་གྱིས་ཡིད་འཕྲོག་ཅིང་ངེས་པ་དང་བ་འདྲེན་པ་ཞིག་བྱུང་ནས་ཆོས་འབྲེལ་ཞུས་པར།ལམ་རིམ་བསྡུས་དོན་གྱི་བཤད་ལུང་གནང་། དེ་ནས་བཟུང་གསེར་ཁོག་གི་བླ་མ་དགེ་འདུན་སྡེ་དང་བཅས་པའི་མཆོད་གནས་སུ་གྱུར་ནས།ཆུ་བཟང་རིན་པོ་ཆེ། མལ་གྲུབ་ཆེན་ཚང་སོགས་ཀྱིས་གཙོས་མཛད་པའི་བླ་ཆེན་རྣམས་ཀྱིས་ཆོས་བཀའ་ཡང་ཅི་རིགས་ཞུས་ནས་ནང་ཕན་ཚུན་དུ་ཐུགས་ནང་ཧ་ཅང་གཙང་བར་གྱུར།དགུན་མགོ་མའི་བར་དུ་བཞུགས་ནས་མར་ཨ་ལག་ཤར་ཕེབས་སྐབས། ཆུ་བཟང་རིན་པོ་ཆེ་སོགས་ཀྱིས་སང་ཕོད་སླར་ཡང་འབྱོན་དགོས་ཀྱི་སྙན་གསན་ཞུས།

དེ་སྐབས་སོག་ཡུལ་ཧལ་ཧ་དང་ཨོར་ཏུ་སུ་སོགས་ཀྱི་ཡུལ་མཐའ་བ་ཕལ་ཆེར་གྱིས་ཐོས་ནས་མཇལ་མཁན་རིམ་གྱིས་མང་དུ་གྱུར།དེའི་ཕྱི་ལོ་ལྕགས་གླང(སྤྱི་ལོ༡༧༢༡)ལོའི་ཟླ་ལྔ་བའི་ནང་སྔར་ལོར་ཞུས་པ་ལྟར་ལན་གསུམ་པར་གསེར་ཁོག་ཏུ་ཆིབས་ཞལ་བསྒྱུར།དགོན་དེའི་དགེ་འདུན་ཡོངས་རྫོགས་ཀྱིས་སེར་ཕྲེང་ཚར་དུ་དངར་བར་མཛད། ཆོས་སྐྱོང་འཁོར་བཅས་སེར་ཕྲེང་གི་སྣ་ལ་བསུ་བ་མཛད་ནས་སྔར་ལས་ཀྱང་ལྷག་པའི་རྩིས་མཐོང་དང་བཀུར་སྟི་བསམ་གྱིས་མི་ཁྱབ་པ་དང་བཅས་རྗེ་ཉིད་བསྟན་འགྲོའི་དོན་ཁོ་ནས་དུས་འདའ་བར་མཛད།

དེ་སྐབས་ཇག་རུང་དགོན་པ་རྙིང་བ་གསེར་ཁོག་གི་བུ་དགོན་ཡིན་གཤིས་དེ་གའི་བླ་མའི་བསྐོ་བཞག་གསེར་ཁོག་པས་བྱེད་དགོས་པས།དེ་དུས་ཇག་རུང་གྲོང་རི་དགོན་གྱི་རྒན་རབས་རྣམས་གྲོས་མཐུན་པར་གསེར་ཁོག་ལ་སོང་ནས་བླ་དཔོན་ཐམས་ཅད་ལ་ཞུས་ནས།རྗེ་ཉིད་བླ་མར་མཛད་དགོས་ཞེས་ཞུས་པར། ཆུ་བཟང་རིན་པོ་ཆེ་སོགས་བླ་དཔོན་རྣམས་ཀྱིས་འདི་བླ་མ་གཞན་དང་མི་འདྲ། རྗེ་ཉིད་ལ་ཞུས་གསུངས་ནས་ཆུ་བཟང་རིན་པོ་ཆེས་ཀྱང་རྗེ་ཉིད་ལ་བླ་མར་གནང་དགོས་ཀྱི་སྐོར་ལུང་བསྟན་དང་བཅས་ནན་ཆེར་གནང་འདུག་ཀྱང་རྗེ་ཉིད་ཀྱིས་རེ་ཞིག་ཞལ་བཞེས་མ་གནང་།དེ་ནས་ཇག་རུང་བས་རྗེ་ཉིད་ལ་ནན་ཏན་གྱིས་གསོལ་བ་བཏབ་པར། དེ་སྐབས་ཇག་རུང་གི་འདུ་ཁང་ལ་དམག་ཟོར་མའི་སྐུ་ཐང་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོའི་ཕྱག་བྲིས་མ་བཀྲ་ཤིས་ལྷུན་པོའི་རྟེན་ཁྲོད་ནས་བརྐུས་པ་ཞིག་ཡོད་པ་དེ་གློ་བུར་དུ་རྗེ་ཉིད་ཀྱི་གཟིགས་སྣང་ལ་བྱུང་ནས་གཟིགས་བསྡད་པས།ལྷ་མོ་དེའི་ཕྱག་གི་རལ་གྲིའི་ཡུ་བའི་སྡིག་པ་ར་ཙའི་རྐང་བ་རྣམས་སིར་སིར་འཕར་ནས་ཡོད་པ་དེ་ལ་ཐུགས་གཡེངས་ནས་དེ་དག་ལ་ཁྱོད་ཚོའི་བླ་མ་ལོས་བྱེད་གསུངས་ཏེ།རེ་ཞིག་ནས་ངས་ཁྱོད་ཚོ་ལ་གང་ལབ་གསུངས་པར། ཁོང་ཚོས་བླ་མའི་ཞལ་བཞེས་གནང་གྲུབ་ཅེས་ཞུས་པས། འོ་ན་ཁྱོད་ཚོའི་འདུ་ཁང་དེར་ལྷ་མོའི་སྐུ་ཐང་ཞིག་ཡོད་དམ།དེའི་ཕྱག་ན་ག་འདྲ་ཞིག་འདུག་གསུངས་པར། ཇག་རུང་བ་རྣམས་ཀྱིས་རང་གི་ཐང་ག་ལ་ཉམས་མ་བཞག་པས་བཤད་རྒྱུ་མེད་ནས།ཕལ་ཆེར་གྱིས་བེ་ཅོན་ཡིན་ཞུས་པར། རྗེ་ཉིད་བཞད་བཞད་ནས་རང་གིས་བརྟེན་པའི་ཐང་ག་ལ་ཞིབ་ཏུ་མི་བལྟ་བའི་དྲོས་ཡོད་པས།དེ་ལ་བེ་ཅོན་མི་འདུག  སྡིག་པ་ར་ཙས་ཡུ་བ་བྱས་པའི་རལ་གྲི་འདུག  ང་དེའི་སྡིག་རྩ་འཕར་བ་ལ་སེམས་གཡེངས་ནས་ཁསབླངས་ཚར་འདུག་པས་ད་རེས་ཁྱེད་རང་རྣམས་ཕྱི་ལ་སོང་།ང་རང་སྟོན་ཟླ་འབྲིང་བོའི་ཚེས་མགོ་འདི་ནས་ཐོན་པར་བྱེད་གསུངས་པར། ཁོང་རྣམས་དགའ་དག་ནས་ཕྱག་མང་བོ་འཚལ་ཏེ་སོང་།

དེ་ནས་གསེར་ཁོག་ལ་རེ་ཞིག་བཞུགས་ནས་ཟླ་བ་བརྒྱད་པའི་ཚེས་གསུམ་ལ་ཇག་རུང་ཕྱོགས་སུ་ཆིབས་ཁ་བསྒྱུར།ཞག་འགའ་ནས་ཇག་རུང་གི་བསུ་བར་དགོན་པའི་བླ་མ་གྲྭ་རྒན། པྲ་སྟི་ནང་སོ། འབྲི་གུང་ནང་སོ། ཐང་རིང་གི་གོ་ང་སྤྲུལ་བའི་སྐུ་དང་།ཁོང་ཚོའི་ནང་སོས་མཚོན་པའི་ཚོ་དྲུག་དགོན་སྡེ་བཅུ་གསུམ་གྱི་རྟ་བ་སྟོང་དང་ལྔ་བརྒྱ་ལྷག་གིས་བསུ་བ་ཕོན་ཆེ་བར་འབྱོར་ནས་སྔར་ནང་སོ་བཟང་བོ་རྒྱལ་མཚན་གྱིས་གོང་ས་ལྔ་བ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གདན་དྲངས་པའི་རས་གུར་ཆེན་པོ་ཨ་མདོའི་ཡུལ་ན་མཚར་དུ་འཛིན་པ་ཞིག་ཡོད་པ་དེ་ཕུབ་ནས་དེའི་ནང་དུ་རྗེ་ཉིད་གདན་དྲངས།གསོལ་སྟོན་རྒྱས་པར་བཤམས། དེ་དུས་ཁོ་ཚོས་ཨ་མདོའི་དཔའ་རིས་ལུགས་ཀྱི་གཏམ་ལབ་ལོབ་རྒྱས་པར་འབུལ་སྐབས། སྔར་ཇག་རུང་ཚོ་དྲུག་དགོན་སྡེ་བཅུ་གསུམ་ཟེར་བ་འདི་ཚོ་ན་ཡོང་སྐབས་ཀུན་མཁྱེན་རྒྱལ་དབང་ལྔ་བ་ཆེན་མོ་རྒྱ་ནག་ཏུ་བྱོན།དེ་དུས་ང་ཚོའི་དགོན་སྡེའི་ཡ་གྱལ་ནང་སོ་བཟང་བོ་རྒྱལ་མཚན་ཟེར་བ་དེས་རས་གུར་ཆེན་པོ་འདི་རྒྱལ་དབང་རིན་པོ་ཆེ་ལ་དམིགས་ནས་བཟོས་ཏེ།འདིའི་ནང་དུ་རྒྱལ་དབང་རིན་པོ་ཆེ་བྱོན་ནས་ཡུལ་ཕྱོགས་ཀྱི་འཚོགས་པ་ཡོངས་ལ་ཆོས་དང་འཇིག་རྟེན་གྱི་འདོད་དོན་བསྐངས་པར་མཛད།དེ་དུས་ཇག་རུང་བས་ཁྲི་འབུལ་བྱེད་སྐབས། ནང་སོ་བཟང་བོ་རྒྱལ་མཚན་གྱིས་བོངས་ཚོད་རྔ་མོང་དང་འདྲ་བའི་རྟ་དཀར་བོ་རྣ་བའི་སྤུ་མདོག་གཞན་ཡིན་པ་ཆ་འགྲིགས་སུམ་བརྒྱ་འབུལ་སྐབས་རྒྱ་བོད་ཧོར་གསུམ་པོས་ངོ་མཚར་མཚར་བྱས་བ་དེ་སྐབས་བཞུགས་གུར་འདིའི་ནང་དུ་ཕུལ་བ་ཡིན།དེ་སྐབས་ཀྱང་རྗེ་ཉིད་སྐུ་དངོས་འདི་འདྲ་བྱས་ནས་སླར་སྔར་གྱི་བཞུགས་གུར་ནང་དུ་སྐུ་ལུས་ལྕི་མོ་དེ་ཡང་མོར་བྱས་ཏེ་གསེར་གྱི་ཕ་ཝང་སྒོ་ཁར་འགྲིལ་ནས་ཕེབས་པ་འདི་ང་ཚོ་ལས་དང་སྐལ་བར་ལྡན་པ་ཡིན།དཀའ་ལས་སྐྱ་བས་བྱས་ཀྱང་། དངོས་གྲུབ་གཟར་བུས་ལེན་ཟེར་བ་ལྟར་བོད་ཁྲི་སྐོར་བཅུ་གསུམ་དཀའ་ལས་བྱས་ཀྱང་། ཉི་མ་ཨ་མདོའི་ཡུལ་ལ་ཤར་བ་རེད་ཟེར་ནས་གཏམ་མང་བོ་བྱས་སོང་བར།རྗེ་ཉིད་ཀྱི་ཞལ་ནས། ཁྱོད་ཚོས་སྙད་སྙོད་མང་བོ་མ་བྱེད་པར་ངས་ཆོས་དང་འཇིག་རྟེན་གྱི་ལབ་ཡར་གང་བྱས་དང་དུ་ལོངས། ངས་ཀྱང་ཕན་ཅི་ཐོགས་བྱེད་གསུངས་པས་རྒན་གཞོན་ཐམས་ཅད།རྟ་རྒྱུག སྟོབས་འཛིངས་པ་སོགས་དགའ་སྤྲོ་དཔག་མེད་ངང་ནས་རྗེ་ཉིད་དགོན་པར་གདན་དྲངས་ནས་སོང་།

བརྒྱད་པའི་ཚེས་བཅུ་གསུམ་ཉིན་དགོན་པའི་ཁྲི་ལ་བཞུགས་སྐབས་འཇའ་ཤར་བ་དང་། ནམ་མཁའ་ལས་རྔ་སྒྲ་སྒྲོགས་པ་སོགས་ངོ་མཚར་བའི་ལྟས་བཟང་སྣ་ཚོགས་བྱུང་བས་ཨ་མདོ་ཡོངས་ཀྱིས་གླེང་ཞིང་ཡ་མཚན་དུ་གྱུར་འདུག  དེ་ན་ཡོད་པའི་རྒྱའི་ཚོང་བ་རྣམས་ཀྱིས་ཀྱང་།འདི་ད་སངས་རྒྱས་དངོས་རེད་ཅེས་ངོ་མཚར་བར་བྱེད་ཟེར། རྗེ་ཉིད་དེ་སྐབས་ལྷ་མོའི་ཞལ་ཐང་གི་མདུན་དུ་བྱོན་ཏེ། ཁྱེད་ཚོའི་ལྷ་མོའི་ཕྱག་ན་བེ་ཅོན་ཡོད་ཟེར་བ་གང་ན་འདུག  སྡིག་ཙས་ཡུ་བ་བྱས་པའི་རལ་གྲི་འདུག་མོད་གསུངས་ནས་ཇ་ཕུད་དཀར་ཡོལ་ཡུ་རིང་གང་བ་ཞིག་ལྷ་མོའི་ཞལ་དུ་བསྟབ་པས་ས་ལ་ཐིགས་པ་གཅིག་ཙམ་མ་ལྷུང་བར་ལྷ་མོའི་ཞལ་དུ་ཐིམ་སོང་བ་ཀུན་གྱིས་མཐོང་ནས།རྗེ་ཉིད་ཀྱི་མངོནཤེས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་དད་ཅིང་རྗེས་སུ་ཡི་རངས་ནས་སྒོ་གསུམ་གྱི་གུས་འདུད་སྔར་ལས་ཀྱང་ཆེས་ལྷག་པར་གྱུར་འདུག

ཕྱུག་རྩི་ཚང་ཟེར་བའི་བླ་མ་སྐུ་ན་བགྲེས་པོ་ལུང་རྟོགས་ཀྱི་ཡོནཏན་ལ་མངའ་བརྙེས་པ།ལྕང་སྐྱ་ངག་དབང་ཆོས་ལྡན་པ་དང་དུས་ཐོག་གཅིག་པའི་དངོས་སློབ་ཡིན་པ་དེ་ཉིད་སློབ་ཆུང་ལ་བཞག་ནས། འདི་ལོ་ངེད་རང་གཉིས་སོག་ཡུལ་དུ་འགྲོ་དགོས།རྗེས་སོར་འདི་ག་ནས་བསྡད་ཆོག་མོད། རྗེས་ཕོད་ག་འདྲ་ཡོང་ཞེས་གསུངས་ཀྱང་སྣང་བརྟགས་བཏང་མི་འདུག  དེ་སྐབས་ལོ་མཇུག་བར་དུ་བཞུགས་ཏེ་ཨ་ལག་ཤར་ཕེབས་སྐབས།ཆིབས་སྐྱེལ་མང་བོ་དང་བཅས་པས་བྲག་འགག་གི་ལུང་བ་དེ་ནས་ཆིབས་ཁ་འཐེན་ཏེ་རེ་ཞིག་བར་དུ་ཡས་མས་ལ་གཟིགས་པའི་མཐར།ངས་ད་དགོན་པ་ལུང་བ་འདི་ལ་འདེབས་རྒྱུ་ཡིན། བླ་བྲང་དང་འདུ་ཁང་འདི་ན་རྒྱག་རྒྱུ་ཡིན། དེ་དུས་ཁྱོད་ཚོས་ཁང་པའི་གནས་འདི་དང་འདི་ལ་གྱིས་ཞེས་བཀའ་གནང་བས།ཁོང་ཚོའི་བསམ་པ་ལ་དགོན་པ་སྔར་ནས་ཡོད་པ་ལ་ད་ལྟ་དགོན་གསར་ཞིག་བཞེངས་དོན་མེད་པ་འདྲ་ཡང་ཅི་ཡིན་ནའང་བསམས་ནས་གང་གསུངས་ལ་ལགས་སོ་ཙམ་ཞུས་འདུག་ཀྱང་དགོངས་གཞི་ཡོད་པ་དེ་སྐབས་མ་ཤེས་འདུག  དེ་ནས་འཇའ་མོ་བཀའ་བཅུ་ལ་རྗེ་ཉིད་ཀྱི་ཞལ་ནས།རྗེས་ཕོད་འཇིགས་པ་ཆེན་པོ་ཞིག་ཡོང་རྒྱུ་རེད། ཁྱད་པར་དུ་ཁྱོད་ལ་འཇིགས་པ་ཆེན་པོ་དེ་ཡོང་སྐབས་ང་ཁྱོད་ཀྱི་རྩར་སླེབས་ཡོང་།དེ་དུས་གསོལ་བ་ཐོབ་གསུངས་པར་ཁོས་ལགས་སོ་ཙམ་ཞུས་འདུག  དེ་ནས་ཕྱུག་རྩི་སློབ་རྒན་སོགས་ཀྱིས་ཕྱག་གཡོག་ཞུས་ནས་ཨ་ལག་ཤ་ལ་ཕེབས་ནས་བཞུགས།ཆུ་ཡོས(སྤྱི་ལོ༡༧༢༣)ལོ་ལ་མཚོ་ཁའི་སོག་པོ་བསྟན་འཛིན་ཝང་ལ་བདུད་ཀྱིས་བརླམས་ནས། གོང་མར་ཐོ་འཚམས་པས་གསེར་ཁོག་གིས་གཙོས་དགོན་སྡེ་ཆེ་ཕྲ་མང་རབས་ལ་རྒྱ་དམག་གིས་མེར་སྦྱར།ཆུ་བཟང་རིན་པོ་ཆེས་གཙོ་བའི་སྐྱེས་བུ་དམ་པ་མང་བོ་ཞིང་མཆོག་གཞན་དུ་གདན་དྲངས། དགེ་འདུན་གྱི་སྡེ་རབ་ཏུ་མང་བོ་བསད།ཁ་ཤས་རི་དང་ནགས་སུ་བྲོས། དེ་དུས་དེའི་ཞོར་ལ་ཇག་རུང་དགོན་རྙིང་སྟོན་ཀའི་མཚམས་སུ་མེ་ལ་སྦྱར། འཇའ་མོ་བཀའ་བཅུ་བས་རྟ་གཅིག་ཞོན་ནས་དགོན་པའི་རྒྱབ་རིའི་རྩེ་ལ་སོང་ནས་རྟ་སྡོང་བོ་ཞིག་ལ་བཏགས་ནས་ཁོ་རང་གཡང་ལ་ལྕེབ་གྲབས་བྱས་པས།རྗེ་ཉིད་ཀྱི་གསུང་ལྷང་ལྷང་བས། འཇའ་མོ་བཀའ་བཅུ་བྲོས་བྲོས་ཞེས་གསུངས་པ་ཐོས་ནས་ཡར་མར་ལ་བལྟས་པས། ཁོའི་རྒྱབ་ཕྱོགས་ཀྱི་ཕ་ཝང་ཞིག་གི་སྟེང་ན་ཕོ་རོག་ཅིག་ག་དྲག་ག་དྲག་ཟེར་ནས་འཕུར་སོང་བ་དང་།ཁོས་སྔར་གྱི་ལུང་བསྟན་སེམས་ལ་གློ་བུར་དུ་ཤར་ནས་བླ་མ་ཕོ་རོག་གི་གཟུགས་སུ་སྤྲུལ་ཏེ་ཕེབས་པ་ཡིན་པར་ཤེས་ནས་རྒྱ་དམག་ཕྱོགས་ལ་བལྟས་པས་རྒྱ་དམག་ན་བུན་ལྟར་འཐིབས་ནས་སླེབས་པ་མཐོང་སྟེ་རྗེ་ཉིད་ཀྱི་གསུང་བཀོད་ལྟར་བྲོས་པས་ཐར་བར་གྱུར་ཏོ།།འཇའ་མོ་བཀའ་བཅུ་འདི་སྔར་བོད་ན་ཡོད་དུས་རི་བོ་དགེ་ལྡན་གྱི་གནས་བརྟན་བྱས་སྐབས་རྗེ་ཉིད་གདན་སར་ཕེབས་ནས་རི་བོ་དགའ་ལྡན་དུ་རྗེ་རིན་པོ་ཆེའི་གསེར་སྡོང་ལ་མཇལ་བར་གནང་སྐབས་སྐུ་ན་ཕྲ་བས།བཀའ་བཅུ་བ་འདིས་སྐུ་བཏེགས་ནས་མཆོད་སྡོང་ལ་དབུ་གཏུགས་པའི་ལོ་རྒྱུས་ཀྱང་ཡོད། ཕྱིས་སུ་རྗེ་འཇམ་མགོན་བླ་མའི་སྐུ་གདུང་རྗེན་པར་མཇལ་མྱོང་བ་བཅས་ལས་འཕྲོ་བཟང་བོ་ཡོད་པ་ཞིག་ངེས་པར་ཡིན་འདུག  རྒྱ་དམག་སོང་བའི་རྗེས་སུ། ཉིན་ཞིག་དགོན་པའི་ལུང་བའི་ནང་དུ་ཚོགས་བརྡ་དུང་སྐད་ལྷང་ལྷང་གྲགས་པ་ཐོས་པས།རི་ལུང་དང་ནགས་གསེབ་ཏུ་བྲོས་པའི་དགེ་འདུན་པ་རྣམས་འཚོགས་པ་ན། འདུ་ཁང་འཚིག་པའི་ཤུལ་དུ་ཚོགས་དུང་དཀར་རུག་གིས་ལྷག་ཡོད་པ་མཐོང་བས་དུང་དེ་ལ་དུང་དཀར་མོ་རང་གྲགས་ཟེར་ཞིང་དུང་དེ་ཆིག་སྟོང་དགུ་བརྒྱད་དགུ་བཅུ་ལོའི་བར་དུ་ཡར་ལུང་དགོན་པའི་རྟེན་ཁྲོད་དུ་བཞུགས།རྗེ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐུ་ཚེ་འདི་ལ་རུང་གསུམ་འདེབས་པའི་ལུང་བསྟན་ཡོད་པར་སྔ་རབས་ཀྱི་དམ་པ་སྐུ་རྒན་པ་རྣམས་ཀྱིས་གསུངས་ཤིང་།རྗེ་བླ་མ་ཉིད་གདན་ས་ན་བཞུགས་དུས་རོང་ངུར་སྨྲིག་དང་། རོང་བྱམས་ཆེན་གཉིས་ཉམས་པར་གསར་གསོས་མཛད་པ་དང་། ལར་ཨ་མདོ་ན་ཇག་རུང་དགོན་ཆེན་ཐོས་བསམ་དར་རྒྱས་གླིང་འདེབས་དགོས་པ་ནི།བཀའ་གདམས་གླེགས་བམ་རིན་པོ་ཆེ་ལས། སྤྲུལ་བ་རེ་རེ་ཙམ་རྒྱ་ནག་པོའི་ཡུལ་དུ་འགྲོ་བ་དང་། འབྲིང་གི་མཚམས་དང་། རུའི་མཚམས་ཏེ།དེ་དག་ནི་རིན་ཆེན་གསལ་བས་བྱིན་གྱིས་བརླབས་པ་རྒྱལ་བ་འབྱུང་བའི་གནས་བསྟན་པ། སྤྲུལ་བ་དུ་མ་འགྱེད་པ་དང་། མདའ་དོག་ཕུ་ཡངས་མེ་ཏོག་པདྨ་འདྲ་བའི་གདན་སྟེང་ན་སྤྲུལ་བ་དུ་མས་འོད་ཟེར་འགྱེད་ཅིང་།དམ་པ་དེ་དག་གི་རྣམ་ཐར་ཡང་ཕྱིས་གསལ་ལ། དེ་ཉིད་ཀྱིས་ཀྱང་བྱའི་གདོང་བ་ཅན་འདི་ཙམ་ནས་འབྱུང་ངོ་ཞེས་ལུང་བསྟན་ཅིང་།དེ་ཡང་བྲ་ཞེས་པའི་དགོན་པར་དྲུག་ཅུ་ཁ་རལ་ནས་འགྲོ་བ་འཛིན། ཞེས་སོགས་ཀྱི་དོན་ནི། དེ་ཡང་རྗེ་ཉིད་ཀྱིས་དང་བོ་རྒྱ་ནག་ཏུ་གདན་དྲངས་པ་གླེང་གཞི་བྱས་ནས།འབྲིང་ཞེས་པའི་མིང་ཟུར་ཅན་གྱིས་སའི་བྱང་གི་མཚམས་དང་། རུ་ཞེས་པ་མཚོ་གཡས་རུ་དང་གཡོན་རུའི་ལྷོའི་མཚམས་སུ་ཀུན་དཀར་ནོར་ཟེར་བའི་ས་ཆ་ཡོད་པར་བསྟན་ཏེ།དེ་དག་ནི་རིན་ཆེན་གསལ་བས་ཞེས་རྗེ་ཉིད་ཀྱི་མཚན་རྒྱན་ལ་རིན་ཆེན་ཞེས་པས་གསལ་བར་ཤེས་སོ་ཞེས་བསྟན་ལ། བྱིན་གྱིས་རླབས་པ་རྒྱལ་བ་འབྱུང་བའི་གནས་བསྟན་པ་ཞེས་པ་ནི།འབྲོམ་གྱི་མཚན་ལ་མི་འཇུག་ལ། བྱིན་གྱིས་བརླབས་པའི་སྤྲུལ་བ་དེ་ལ་དེ་སྐབས་ཀུན་གྱིས་རྒྱལ་བ་རིན་པོ་ཆེ་ཞེས་སྨོས་པའི་སྐབས་ཡིན་པས།དེ་ལྟའི་རྒྱལ་བ་དེ་ཉིད་གོང་དུ་སྨོས་ཟིན་པའི་ས་ཆའི་མཚམས་དེ་ལས་བྱུང་ནས་ཡུལ་གཞན་དུ་འབྱུང་བའི་གནས་དེ་དག་བསྟན་པ་ཡིན་ནོ་ཞེས་པའོ།།སྤྲུལ་བ་དུ་མ་འགྱེད་པ་ནི་གནམ་དེ་འདྲ་ཞིག་ནས་ཕེབས་པ་ནས་བཟུང་སྤྲུལ་བ་དེ་འགྱེད་པ་འདྲ་བར་མཐའ་དབུས་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པའི་མཛད་པས་གཞན་དོན་ཁོ་ནོར་མཛད་པའོ།།མདའ་དོག་ཕུ་ཡངས་མེ་ཏོག་པདྨ་འདྲ་བའི་གདན་སྟེང་ན་ཞེས་པས་ཡར་ལུང་དགོན་ཐོས་བསམ་དར་རྒྱས་གླིང་གཞིར་བཅས་ནས་བཞུགས་པ་ལ་ཟེར།དེའི་མདོ་ཤིན་ཏུ་དོག་ཅན། ཕུ་ཡངས་པ། གནས་ཡོད་ལུགས་པདྨའི་འདབ་མ་འདྲ་བར་བསྟན་ཏོ། །

སྤྲུལ་བ་དུ་མའི་འོད་ཟེར་འགྱེད་ཅིང་ཞེས་པའི་སྤྲུལ་བ་དེ་ཆོས་ཀྱི་སྒོ་དུ་མའི་འོད་ཟེར་གྱི་བསྟན་པ་གསལ་བར་བྱེད་པར་བསྟན་ཅིང་འོད་ཟེར་གསལ་བའི་དོན་ཡིན་ནོ།།དམ་པ་དེ་ཉིད་ཀྱི་རྣམ་ཐར་ཡང་ཕྱིས་གསལ་ལ་ཞེས་པ་འདི་ལ་དོན་གཉིས་ཅིག་ཅར་དུ་བསྟན་ལ།ཚིག་དངོས་ཀྱིས་དམ་པ་ཉིད་ཀྱི་རྨད་དུ་བྱུང་བའི་རྣམ་པར་ཐར་བ་ཕྱིས་སུ་གསལ་ཞིང་། ཀུན་གྱིས་ཚད་མར་འཛིན་པའི་དུས་གཅིག་ངེས་པར་འབྱུང་ངོ་ཞེས་བསྟན་ནས༑ཤུགས་ཀྱིས་རེ་ཞིག་གསང་སྟབས་ཀྱིས་ཕེབས་པ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱིས་ཀྱང་བྱའི་གདོང་བ་ཅན་འདི་ཙམ་ནས་འབྱུང་ངོ་ཞེས་ལུང་སྟོན་ཞེས། རྗེ་ཉིད་ཀྱིས་སོག་ཡུལ་དུ་ཕེབས་པའི་མེ་སྤྲེལ་ལོར་གནང་བའི་ལུང་བསྟན་པ།དེ་ལོ་བཅུ་གཉིས་ཀྱི་མཚམས་ནས། ཆོས་རྒྱལ་ཁྱུང་གི་གདོང་བ་ཅན་ཞིག་འབྱུང་། །དེ་ཡི་མཚན་གྱི་ཟུར་ནི་ནམ་མཁས་བརྒྱན། །ལོ་ནི་དགུ་མཐའི་གྲངས་ལས་ཆེས་ལྷག་ཅིང་།།རྒྱལ་བའི་བསྟན་པ་ཉི་མས་གསལ་བ་འདྲ། །ཕྱོགས་བཞིའི་དགྲ་བཞི་མིང་གི་ལྷག་མར་བྱེད། །ཅེས་གསུངས་ཡོད་པ་འདི་ལ་དཔྱད་ན་གོ་སླའོ།།དེ་ཡང་བྲ་ཞེས་པའི་དགོན་པ་དྲུག་ཅུ་ཁ་རལ་ནས་འགྲོ་བ་འཛིན་ཅེས་པས། ཇག་རུང་ཐོས་བསམ་དར་རྒྱས་གླིང་འདིའི་གནས་མིང་དགོན་ལ་བཏགས་པ་བྲག་འགག་གི་དགོན་པ་ཟེར་ཞིང་།རྒྱ་སྐད་དུ་ཧྲི་མིན་ཟི()ཟེར་བ་ཡིན་ལ། ཧྲི་མིན་ནི་བྲག་སྒོ་དང་ཟི་ནི་དགོན་པའོ། །དེ་ལྟ་བུའི་དགོན་པ་རྗེ་ཉིད་ཀྱིས་སྐྱོང་སྐབས་སྤྱིར་སེམས་ཅན་རྣམས་དྲུག་ཅུའི་ཁ་རལ་ཡིན་པའམ།དམ་པ་ཉིད་དགུང་ལོ་དྲུག་ཅུ་རེ་བཞིའི་བར་དུ་བསྟན་པ་བསྐྱངས་ནས་འགྲོ་བ་འཛིན་ནོ་ཞེས་པའོ། །དེས་ན་གནས་དང་གང་ཟག་དུས་སྐབས་སོགས་ས་ལེ་སིང་ངེ་ལུང་བསྟན་པའི་ལུང་བསྟན་ཁྱད་པར་ཅན་དང་མཐུན་པར་བྲག་འགག་ཅེས་པའི་ལུང་བར་དགོན་པ་གསར་དུ་བཞེངས་པར་མཛད་པ་ལ་རྗེ་ཉིད་ཀྱི་ཐུགས་རྗེའི་མཐུ་སྟོབས་རྨད་དུ་བྱུང་བའི་དཀའ་ཐུབ་ཀྱི་བཟོད་པའི་གོ་ཆ་ལེགས་པར་བགོས་ཏེ་བརྩོན་པ་དྲག་པོའི་ཤུགས་ཀྱིས་བསྟན་འགྲོར་ཕན་བདེའི་ཁུར་བླ་ན་མེད་པ་རྒྱན་དུ་བཞེས་ནས་ཤིང་འབྲུག(སྤྱི་ལོ༡༧༢༤)ལོར་ལྟོ་འཕྱེའི་ཐིག་དང་ས་བརྟག་བསླང་སོགས་རྒྱུད་སྡེ་ནས་བཤད་པ་ལྟར་གནང་ནས་དབུ་བརྩམས་བར་མཛད་ཀྱང་ཡོ་ལང་གི་རླངས་པ་མ་ཡལ་བས།མེ་ལུག(སྤྱི་ལོ༡༧༢༧)ལོ་ནས་མགོ་བརྩམས་ཏེ་བྲག་འགག་གི་ལུང་བའི་ཆུའི་ཚུ་རོལ་གྱི་དགོན་གནས་དེ་རྒྱའི་ས་ཡིན་གཤིས། དངུལ་སྲང་བརྒྱ་ཕྲག་འགས་ཉོས་ནས་བླངས་ཏེ།ལུང་བ་དེའི་ནང་དུ་འདུ་ཁང་དང་བླ་བྲང་གྲྭ་ཤག་སོ་སོའི་གཞི་འཛིན་ས་བགོས་ནས་གནང་ཞིང་། རང་རང་གི་ས་དེར་འདུ་ཁང་བླ་བྲང་གྲྭ་ཤག་སོགས་ཀྱི་མིང་བཏགས་པའི་གཡའ་ལེབ་ཆེ་ཆུང་ཅི་རིགས་པ་ཕུབས་ནས་བཞུགས་སྐབས།ཡར་མར་ལ་ཁ་འཐོར་བའི་དགེ་འདུན་པ་ལྔ་བརྒྱ་ལྷག་འདུས་ཤིང་གནས་འཆའ་བའི་སྐབས་སུ། ཐུར་ཆེན་མཁར་ཏེ་རྒྱ་སྐད་ཀྱིས་ཁྲ་ཁུག་གཡི་ཟེར་སའི་རྒྱ་དཔོན་དབང་བཙན་པའི་རྐྱེན་གྱིས་དགོན་པ་བཞེངས་སུ་མ་བཅུག་པར།དེ་རིང་བརྩིགས་པའི་གཡའ་མ་སང་ཉིན་བཤིགས། སང་ཉིན་བརྩིགས་པའི་རྡོ་གཡམ་རྗེས་ཉིན་བཤིགས་ནས། ལྷ་ཁང་ཉིན་བརྩིགས་མཚན་མོར་བསྒྱེལ།།རི་རྡོ་ཐམས་ཅད་ཀླུངས་སུ་ཕབས། །ཞེས་པ་ལྟར་ནས་ཡོད། སྐབས་ཤིག་ཐུར་ཆེན་མཁར་གྱི་དཔོན་པོ་རྙིང་བ་ཆོས་དད་མེད་པ་དེ་མཁར་གཞན་ཞིག་ལ་སོང་ནས།དེའི་ཚབ་མི་ལ་རྒྱ་དཔོན་ཆོས་དད་ཅན་ཞིག་བསྡད་པ་དེ་ལ་རྗེ་ཉིད་ཀྱིས་རྟ་བཟང་འགའ་དང་། དངུལ་རྡོ་ཚད་འགས་འཛིན་ལ་བྱས་ནས་རྒྱུ་མཚན་བྱས་པར།ཁོ་འདི་ན་ཟླ་བ་གསུམ་ཙམ་ལ་སྡོད་རྒྱུ་ཡིན། དེའི་བར་ལ་ལྷ་ཁང་རྟེན་དང་བཅས་པ་ཞིག་ཨེ་འགྲུབ་ལྟོས། དེ་ལས་འགྱངས་ན་དཔོན་པོ་རྙིང་བ་སླེབ་ན་ཁོ་བོ་ཕྱོགས་གཞན་དུ་འགྲོ་དགོས་པས་དེས་ཅི་བྱེད་མི་ཤེས་ཟེར་བྱུང་བར།བཟོ་བ་རྣམས་བཀུག་ནས་ལྷ་ཁང་ཞིག་རྒྱ་བོད་ཐམས་ཅད་ཀྱིས་ཉིན་མཚན་མེད་པར་བརྩིགས་ནས་དེའི་ནང་དུ་གོང་མའི་ཞབས་བརྟན་དང་།བསྟན་འགྲོའི་དོན་ལ་དམིགས་ནས་རྗེ་བཙུན་བྱམས་མགོན་གྱི་སྐུ་ཐོག་ཚད་གཅིག་ལ་འཁོར་དུ་ཉེ་སྲས་བརྒྱད། རྟ་མགྲིན། ཕྱག་རྡོར་དང་བཅས་པའི་སྐུ་མི་ཚད་ལས་ཆེ་བ།གཞན་ཡང་བྲག་རི་སོགས་ཀྱི་བཀོད་པས་མཛེས་པར་བྱས་པ། ཚོན་རྩི་གསེར་གཟུངས་གཞུག་སོགས་ཡན་ལག་མ་ཚང་བ་མེད་པར་གྲུབ་ནས་རབ་གནས་རྒྱས་པར་མཛད་དེ།འདུ་ཁང་སྐྱ་ལེབ་མར་གྲགས་པ་དེ་བརྩིགས་ནས་དགོན་པའི་གཟུགས་བརྙན་ཙམ་ཞིག་ཆགས་ཡོད་པའི་སྐབས་ཤིག རྒྱ་དཔོན་རྙིང་བ་དེ་སླེབས་ནས་རྒྱ་དམག་མང་བོ་དང་བཅས་བྱུང་ནས་བྱམས་ཁང་གི་རྒྱ་ཕིབས་སྟེང་གི་གྱོ་མོག་བཀོག་ནས་ཕངས་པའི་སྐབས་སུ།རྗེ་ཉིད་ཀྱིས་རྒྱ་དཔོན་དེ་ལ་ཞབས་པུས་གཉིས་ཀྱི་ལྷ་ང་ས་ལ་བཙུགས་ཤིང་བསོད་ནམས་བརྒྱ་ཕྲག་དུ་མས་བསྐྲུན་པའི་དབུ་དེའང་ས་ལ་གཏུགས་ནས་ཕྱག་གནང་སྟེ་འོ་དོད་བས།རྒྱ་འབུལ་སྟོང་འབུལ་བྱས་པས་རྒྱ་དཔོན་དེས་ལྷ་ཁང་མ་བཤིགས་པར་བཟློག་ཐུབ་ཙམ་བྱུང་། དེ་ཉིན་དགེ་འདུན་ཡོངས་རྫོགས་ཐུགས་ཚད་མེད་སྐྱོ་ཞིང་།དམ་པ་འདི་ལྟ་བུ་ལུང་བ་འདིར་བསམ་བཞིན་དུ་མ་ཕེབས་ན། ང་ཚོའི་བསྟན་འགྲོའི་དོན་ཆེན་འདི་དག་འགྲུབ་པ་ལ་དཀའ་ཁག་ཇི་ལྟར་ཆེ་ཨང་ཞེས་གླེང་ཟེར།རྒྱ་དཔོན་དེ་ཉིན་མཁར་ལ་ལོག་སྐབས་ལམ་བར་དུ་རྟ་ལས་ལྷུང་སྟེ་བུ་ག་དགུ་ནས་ཁྲག་འཛག་པས་ཤི་བ། ཕྱིས་སུ་ལྷ་ཁང་ཁྱམས་ཀྱི་ལོག་རིས་ངོས་ལ་ལོ་རྒྱུས་འདི་བྲིས་ཡོད།དེ་སྐབས་གོང་མ་རྒྱལ་བོས་བཀའ་བསྒྲགས་ནས། ཉན་ཙོན་ཏུས་བཤིགས་པའི་དགོན་སྡེ་ཆེ་ཕྲ་ཐམས་ཅད་ལ་རང་རང་གི་གཞི་འཛིན་པའི་ས་ཆ་ལུང་བ་ཐམས་ད་རང་རང་གི་འདོད་མོས་ལྟར་གནང་ནས་དགོན་པ་རྣམས་བཞེངས་རྒྱུའི་བདག་རྐྱེན་དགོས་པའི་གསེར་ཡིག་བྱུང་བ་ལྟར།ཡོའུ་ཅང་གྱུན་གྱིས་དགོན་སྡེ་མཐའ་དག་གསར་དུ་བཞེངས་ནས་གོང་མ་རྒྱལ་བོའི་ཐུགས་རྗེ་ལ་བརྟེན་ནས་རྒྱལ་བསྟན་ཉིན་མོ་ལྟར་གསར་ནས་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་ལྟར་གྱུར་ཅིང་།དེ་དུས་བོད་ཁམས་ཡོངས་རྫོགས་བདེ་འཇགས་ལ་སོང་གཤིས། ཇག་རུང་ལའང་དགོན་པ་གསར་དུ་བཞེངས་ཆོག་པའི་གསུང་བཀོད་དང་།དགོན་གནས་སོགས་མཐའ་དག་ལག་རྩེར་སྩོལ་བར་མཛད་དོ། །

ཁྱད་པར་དུ་ལྕགས་ཁྱི(སྤྱི་ལོ༡༧༣༠)ལོར་ཡོའུ་ཅང་གྱུན་གྱིས་རྗེ་ཉིད་ལང་ཀྲིག་ཧྥི(ཁཻ)ལ་གདན་དྲངས་ཏེ།ཅོང་ག་ལ་དམག་འདྲེན་པའི་ཆེད་དུ་སྐྱབས་འཇུག་དང་སྐུ་རིམ་སྒྲུབ། དེ་སྐབས་ཕ་རོལ་གྱི་དཔུང་ཚོགས་མ་ལུས་འཇོམས་པའི་རྟེན་འབྱུང་དུ་རྟ་དམག་གོ་མཚོན་ཐོགས་པ་བརྒྱ་ཕྲག་མང་བོས་གཡས་རིམ་དང་གཡོན་རིམ་དུ་གྲ་བསྒྲིགས་ནས་དཔའ་ཞིང་འཇིགས་པའི་རྔམ་བརྗིད་ཚར་དུ་དངར་བར་བྱས་ཏེ།དེ་དབུས་སུ་རྗེ་ཉིད་ཀྱིས་ཞག་བདུན་ལ་དགྲ་ལྷའི་དཔང་བསྟོད་དང་། ཆོས་རྒྱལ་གྱིས་གཏོར་ཟོར་དགྲ་ཕྱོགས་སུ་འཕངས་བར་མཛད་པས།ཅང་གྱིན་སོགས་དམག་མང་གིས་དངུལ་སོགས་ཀྱི་འབུལ་བ་ཕོན་ཆེ་བ་བྱུང་། དེ་ནས་བརྩམས་ཏེ་འདུ་ཁང་ཆེན་མོའི་སྟ་གོན་བགྱིས་ནས་ལོ་ཁ་ཤས་ནས་གྲུབ་ཅིང་།གོང་མ་གནམ་སྐྱོང་ཁྲི་ལ་བཞུགས་ནས་ལོ་བརྒྱད་པའི་ཐོག་གྲྭ་ཤག་དང་མཆོད་རྟེན། ཐ་ན་འབུམ་ཁང་དང་བཅས་པ་ཡོངས་སུ་རྫོགས་པར་གྲུབ་ཅིང་།གོང་མའི་མཛོད་ཀྱི་བཀའ་བསྟན་འགྱུར་གཉིས་དངུལ་སྲང་སྟོང་ཕྲག་ལྔས་གདན་དྲངས། འདུ་ཁང་ལ་དངུལ་སྲང་སྟོང་ཕྲག་བདུན། གཞན་ཡང་གྲལ་གདན།བླ་རེ། འཕན། རྒྱལ་མཚན་སོགས་མཐའ་དག་རྗེ་རང་གི་ཕྱག་རྫས་ཀྱི་སྟེང་ནས་བཞེངས། རྗེ་ཉིད་ཀྱིས་གཙོས་པའི་དཔོན་གཡོག་ཉིས་བརྒྱ་དང་ལྔའི་ཏུའུ་ཐེས(ཅྱོ)ཀྱང་བསྩལ་ནས།སྔར་གྱི་དགོན་པ་རྙིང་བའི་དུས་སུ་གོང་མ་བདེ་སྐྱིད་ཀྱིས་གནང་བ། རྗེ་ཉིད་ཀྱིས་གཙོས་མཛད་པའི་མི་དྲུག་ཅུ་རེ་བརྒྱད་ལ་ཞྭ་ཏོག་དང་།མི་ཉིས་བརྒྱ་དང་ལྔ་ལ་དངུལ་དང་ཕོགས་བཅས་བསྩལ་བ་གསར་དུ་གསོས་ནས་གནང་ཞིང་། དེ་ཡང་རྗེ་ཉིད་ལ་དངུལ་སྲང་གསུམ་དང་།གཞན་རྣམས་ལ་སྲང་དོ་ཞོ་ལྔ་རེ། རྗེ་ཉིད་ཀྱི་ཕོགས་ལ་གྲུས་ནས་འཇགས་གསུམ་དང་། གཞན་རྣམས་ལ་གྲུས་ནས་འཇགས་གཉིས་རེ་ཡིན།དེ་སྐབས་དགོན་པ་འདེབས་མཁན་གྱི་མཚན་དྭགས་པོ་བླ་མའང་ཟེར་བའི་སྟབས་ཀྱིས། དགོན་པའི་མཚན་ཡང་རྒྱ་སྐད་ཀྱིས་དྭགས་པོ་ཟི(ཕི)ཞེས་ཏུའུ་ཐེས་ནང་དུ་བཀོད་འདུག  རྗེ་ཉིད་ཀྱིས་དགོན་པའི་མཚན་ལ་ཆོས་སྡེ་ཆེན་པོ་ཡར་ལུང་དགོན་ཐོས་བསམ་དར་རྒྱས་གླིང་ཞེས་བཏགས་པར་མཛད།ཕྱིས་སུ་གྲྭ་ཚོགས་ཧ་ཅང་རྒྱས་ནས་དགེ་འདུན་པ་ཆིག་སྟོང་བརྒལ་བས། ཇག་རུང་དགོན་ཆེན་དུ་གྲགས། དེ་ལྟར་རྗེ་བླ་མ་འདི་ཉིད་ཀྱིས་སྤྱིར་བསྟན་འགྲོའི་དོན་ཁོ་ན་དང་། བྱེ་བྲག་ཏུ་འཇམ་མགོན་བླ་མའི་རིང་ལུགས་དྲི་མ་མེད་པ་འཛིན་སྐྱོང་སྤེལ་བའི་ཆེད་དང་།ཡང་སྒོས་རྒྱ་ནག་གོང་མའི་ཆོས་སྲིད་ཟུང་དུ་འབྲེལ་བའི་མངའ་ཐང་བླ་ནས་བླར་འཕགས་གཤིས། དེ་ལ་བརྟེན་པའི་རྒྱ་བོད་ཧོར་གྱིས་མཚོན་པའི་སྐྱེ་དགུ་མཐའ་དག་བདེ་སྐྱིད་ཀྱི་དཔལ་ལ་འགོད་པའི་ཕྱིར་དུ་ཆོས་སྡེ་ཆེན་པོ་འདི་ཉིད་བཞེངས་ནས་གཞུང་བཀའ་པོད་ལྔའི་འཆད་ཉན་བཙུགས།དུས་བཞིའི་ཆོས་ཐོག་དང་། ཆོས་གྲྭའི་སྒྲིག་ལམ་སོགས་ཀྱི་སྐོར་བཀྲ་ཤིས་སྒོ་མང་གི་ཕྱག་ལེན་ལྟར་དང་། སྔགས་ཕྱོགས་རྒྱུད་སྡེ་བཞིའི་སྐོར་རྣམས་རྒྱུད་སྨད་དང་།ལྷ་མོ་སོགས་འགའ་ཞིག་ཆོས་འཁོར་རྒྱལ་གྱི་ཕྱག་ལེན་ཚུལ་བཞིན་དུ་བཙུགས་པར་མཛད། གཞན་ཡང་བསྟན་པའི་གཞི་མ་ཚུལ་ཁྲིམས་ཡིན་ཚུལ་གྱི་ལབ་ཡར་བཅའ་ཡིག་གི་སྐོར་གཟབ་རྒྱས་གནང་ཞིང་།ཕྱིས་སུ་སྡེ་སྲིད་སངས་རྒྱས་པའི་སྤྲུལ་སྐུ་ལྷ་བཙུན་ངག་དབང་རྡོ་རྗེ་བོད་ལ་རྫོང་བརྡ་གནང་དུས་རྗེ་ཉིད་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་བོར་ཞུ་ཤོག་རྒྱས་པ་འབུལ་བའི་ལེ་ཚན་དང་བཅས་ཕུལ་ནས།བཅའ་ཡིག་ཆེན་མོ་དེ་ལྗགས་རྩོམ་གནང་ནས། རྗེ་ཉིད་ལ་གསུང་ཤོག་རྟེན་ལེ་ཚན་དང་བཅས་འབུལ་གནང་མཛད།

མདོར་དྲིལ་ན་ཇག་རུང་ཐོས་བསམ་དར་རྒྱས་གླིང་འདི་ཉིད་གོང་མ་ཡུང་赌ང་དགུང་ལོ་ལྔ་བའི་ལུག་ལོ་ནས་དབུ་བརྩམས་ཏེ། གནམ་སྐྱོང་དགུང་ལོ་བརྒྱད་པའི་ཕག་ལོར་བཞེངས་གྲུབ་པ་ཡིན།

ཡང་ལོ་གཅིག་སུ་མི་ཐུ་ཟེར་བའི་ས་ནས་རི་བོ་པོ་ཏ་ལའི་སྤྱན་རས་གཟིགས་ཀྱི་སྐུ་རྒྱ་ནག་གི་ལི་རྙིང་མི་ཚད་ཆེ་བ་ཙམ་ཞིག་རྙེད་ནས།སྐུ་དེ་ཤིན་ཏུ་ལྕི་བ་མི་སྟོབས་ཅན་འགས་ཀྱང་བཏེགས་མི་ཐུབ་པ་ཞིག་བཞུགས་པ་དེ་རྗེ་ཉིད་ཀྱིས་གསན་ནས་མི་འགའ་བཏང་སྟེ་གདན་འདྲེན་ཞུས་པར།སྐུ་དེ་ཤིན་ཏུ་ཡང་བར་གྱུར་ནས་རྔ་མོང་ལ་བཀལ་ཏེ་གདན་འདྲེན་བྱས་ཤིང་། རྗེ་ཉིད་ཀྱིས་གཡའ་འདོན་མཛད་ནས་གཟུངས་གཞུག་ཚད་ལྡན་ཕུལ།ཇག་རུང་ཐོས་བསམ་དར་རྒྱས་གླིང་གི་འདུ་ཁང་ནང་ལ་རྟེན་གྱི་གཙོ་བོར་གནང་བ་ཡིན། འདུ་ཁང་དང་སྐུ་དེ་མ་འཇིག་བར་དུ་སྐུ་དེ་ལ་འོད་ཟེར་འཕྲོ་བ་དང་འཇའ་ཤར་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་རྟགས་ཁྱད་པར་ཅན་མངོན་སུམ་དུ་ཡོད།ཕྱིས་སུ་སྤྱི་ལོ༡༨༦༦ལོའི་ཟླ་བདུན་པའི་ནང་དུ་ཧི་ཀྲིག་གི་ཧོས་རིགས་མཱ་དྲན་འོག་གིས་གཙོ་བྱས་ནས་ཧོས་དམག་མང་བོ་ཁྲིད་དེ་དཔའ་རིས་ཀྱི་བོད་མི་ཁྲི་དགུ་ལྷག་དམར་གསོད་བྱས་པ་དང་ཆབས་ཅིག་ཇག་རུང་དགོན་ཆེན་གསར་བ་འདི་མེར་བསྲེགས་ཏེ་ཐར་བར་བཏང་བས་སྤྱན་རས་གཟིགས་ཀྱི་སྐུ་འདིའང་སྐབས་དེར་མེད་པར་བཟོས།

མེ་འབྲུག(སྤྱི་ལོ༡༧༣༦)ལོར་གོང་མའི་བཀའ་བབས་ནས་ཝང་གིས་གཙོས་པའི་ཨ་ལག་ཤ་བ་ཡོངས་རྫོགས་མཚོ་སྔོན་པོར་སྤོས་ནས་གཞིས་བཟུང་ཞིང་།དེ་དུས་རྗེ་ཚངས་དབྱངས་པ་པོ་རོ་ཆུ་འགག་ན་རེ་ཞིག་བཞུགས་ནས། ཨ་ཅེ་ནེར་གཞི་གནང་ནས་ལོ་ངོ་དགུ་བ་ལ་སླར་གོང་མའི་བཀའ་ཨ་ལག་ཤར་སྤོས་ནས་བཞུགས།དེ་སྐབས་ཏཱེ་ཐང་དགོན་ཆེན་དང་། འབྲུ་གུ། གྱང་རིང་། རྒྱབ་ཚེ། སེམས་ཉིད། རྒྱ་ཡག  ཨོར་ཚོ། ཞྭ་དམར། རྒྱ་ལྡོག་གཉིས། ཧོར་དགོན་པ། ཀན་ཆེན།འབྲི་གུང་སོགས་དུས་གཅིག་ལ་དགོན་སྡེ་བཅུ་གསུམ་གྱི་མཁན་པོ་མཛད་ཅིང་། མཱ་ཡང་དགོན་པ་དེ་རྗེ་ཉིད་ཀྱི་ཐུགས་སྲས་ཆོས་རྗེ་ངག་དབང་ལྷུན་གྲུབ་ཕེབས་ནས་གསར་དུ་བཏབ་པ་ཡིན།ཏཱེ་ཐུང་ལ་ཕེབས་པའི་ལོ་རྒྱུས་ནི། དཔའ་རིས་སེར་ཚུད་ཀྱི་ཁྱིམ་ཚང་ཞིག་གིས་རྗེ་ཉིད་གདན་འདྲེན་ཞུས་ནས་ཕེབས་པར།ཏཱེ་ཐུང་དགོན་གྱི་བླ་མ་ལོའུ་ཀྱ་ཞབས་དྲུང་གིས་ཐོས་ནས། རྗེ་ཉིད་ཡིན་པར་ཐེ་ཚོམ་ཟོས་ནས་ཡོང་སྐབས་དང་དུས་འགྲིགས་པས།ཁོང་གིས་སྤུན་མཆེད་དཔོན་པོ་ཐོ་སི་དང་དགོན་པའི་དགེ་འདུན་མང་ལ། སང་ཉིན་དྭགས་པོ་བླ་མ་དེ་བོད་ཀྱི་སྦྱིན་བདག་ཅིག་གིས་གདན་དྲངས་ནས་ཕེབས་རྒྱུ་རེད་ཟེར་བ་ཞིག་ཐོས།བླ་མ་དེ་རྒྱལ་བ་ཚངས་དབྱངས་པ་རེད་ཟེར་ནས་གྲགས་འདུག་ཀྱང་། ད་དུང་ཡིད་ཆེས་བྱེད་པ་དཀའ་མོར་འདུག  ངེད་རང་སྔར་གྲྭ་ས་ན་ཡོད་དུས་རྒྱལ་བ་ཚངས་དབྱངས་པའི་སྐུ་མདུན་དུ་དུས་རྒྱུན་བཅར་ནས་རྗེ་དེས་ཀྱང་བདག་རྐྱེན་བསམ་གྱིས་མི་ཁྱབ་པ་གནང་གི་ཡོད།བླ་མ་དེ་རྗེ་ཚངས་དབྱངས་པ་མིན་མོད་སྙམ། གལ་ཏེ་ཡིན་ན་ངས་མི་ཤེས་པའི་དྲོས་མེད། སང་ཉིན་དེ་ཕྱོགས་སུ་སྦྱིན་བདག་ཅིག་གིས་ང་ཡང་འབོད་ཡོད་པས།དེར་འགྲོ་དུས་བླ་མ་དེ་དང་ཐུག་པ་ཞིག་བྱེད། ཁོང་མིན་ན་ངས་མ་མཐོང་བ་ལྟར་ལམ་བསྙེགས་ནས་འགྲོ་རྒྱུ་དང་། གྲྭ་བ་མང་ཡང་འབབ་པ་ཙམ་ཞིག་བྱེད་མི་དགོས།གལ་ཏེ་ཡིན་སྲིད་ན་ངེད་རང་རྟ་ལས་མཆོངས་ནས་འབབ་ཡོང་བས་ཁྱོད་ཚོས་དེ་དང་མཐུན་པར་དགོས་པ་གཞིར་བཞག་ཅེས་བསྒྲགས་ནས།དེ་དུས་རྗེ་ཉིད་ཀྱང་ཕར་ལ་བྱོན་ནས་ཁོས་ཚུར་ལ་ལམ་གཅིག་ཏུ་འཕྲད་པ་བྱས་ནས་གྲྭ་བ་ལྔ་བཅུ་ཙམ་གྱིས་བསྐོར་ནས་ཡོད་པ་ལ།ལམ་བར་དུ་ཕན་ཚུན་ལམ་ཁ་གཅིག་ན་ཐུག་བྱུང་བར། ཁོས་ས་འདོམ་བདུན་བརྒྱད་ཀྱི་ཚོད་ནས་རྗེ་ཉིད་ཀྱི་ཞལ་ངོ་ཤེས་ནས་རྟ་ལས་མཆོངས་ནས་བབས་ཏེ་སྡོང་བོ་རྩ་བ་ནས་བཅད་པ་ལྟར་ས་ལ་འགྱེལ་ནས་འདྲེ་ལྡོག་ཅིང་སེམས་ཤིན་ཏུ་སྐྱོ་བ་ཚད་མེད་པས།ངག་ནས་སྨྲེ་སྔགས་འདོན་ཅིང་ངུས་ནས་ཕྱག་ཕུལ་བས། རྗེ་ཉིད་ཁོང་གི་མདུན་དུ་བྱོན་ནས། ཁྱོད་ཀྱིས་སེམས་འཚེར་མ་བྱེད། སྤྱིར་བོད་གངས་ཅན་པའི་ལས་ཟད་ནས།ཡང་སྒོས་སུ་ང་རང་གི་ལས་ཐོག་ཏུ་བབས་པ་ངས་བདག་གིར་བྱས་པ་ཡིན། སེམས་འཚེར་གཏན་ནས་མ་བྱེད། རྣམ་པ་འདི་འདྲ་ཡིན་ནའང་དོན་དུ་གདུལ་བྱའི་དོན་བསམ་གྱིས་མི་ཁྱབ་པར་འགྱུར་བས་ཤིན་ཏུ་དགའ་བ་ཚད་མེད་པ་སྒོམས་ཤིག  ཅེས་གསུངས་པས་ཁོང་ད་གཟོད་དྲན་པ་རྙེད་དེ་ཁ་བཏགས་ཕུལ་ནས་ཕྱག་དབང་ཞུས་པས།གཞན་གྲྭ་མང་གིས་མཇལ་ནས་ཕྱག་དབང་ཞུས་སོང་།དེ་ནས་ལོའུ་ཀྱ་བླ་མ་དེ་ཉིད་ཕར་ལ་སོང་ནས། ཁོ་རང་གི་ཕ་སྤུན་དཔོན་པོ་ཐོ་སི་དང་།དགོན་སྡེ་ཆེ་ཆུང་རྣམས་ལ་རྒྱལ་དབང་རིན་པོ་ཆེ་ཡིན་པར་ཐག་གཅོད་ཅེས་དྲིལ་བསྒྲགས་ཏེ། ལོའུ་ཤི་བན་ཡོངས་རྫོགས་ཀྱིས་བླ་མར་མཆོད་དགོས་ཞེས་ནན་ཏན་གྱིས་བསྒོས་ཏེ།བླ་མ་ཁོ་རང་གིས་གཙོས་པའི་དཔོན་གཡོག་མང་བོས་རྗེ་ཉིད་ཇག་རུང་དགོན་ཆེན་ནས་གདན་འདྲེན་བྱས་པས། རྗེ་ཉིད་ཀྱིས་ཀྱང་ཐུགས་བརྩེ་བའི་སྒོ་ནས་བྱོན་ཏེ།ཏཱེ་ཐུང་དགོན་ཆེན། བྲག་དགོན། རྡོ་རྗེ་འཆང་གུར་མགོན་སོགས་རྟེན་བྱིན་ཅན་མཐའ་དག་ལ་མཇལ་ནས་སྐུ་ཁྲུས་གསོལ། སྨོན་ལམ་སོགས་གཟབ་རྒྱས་གནང་།དགེ་འདུན་པ་རྣམས་ལ་མཇལ་ཁ་གནང་། དེ་ཉིན་ནས་བཟུང་སྟེ་ཀླུ་སྐྱབས་དཔོན་པོས་གཙོས་པའི་སྐྱ་སེར་དྲག་ཞན་ཡོད་དོ་ཅོག་གིས་རྗེ་ཉིད་ལ་མ་ཕྱེད་པའི་དད་པ་ཐོབ་ནས་ལོའུ་ཤིན་བྷ་ཡོངས་སུ་རྫོགས་པ་ཐུན་མོང་མ་ཡིན་པའི་སྦྱིན་པའི་བདག་པོར་གྱུར་ཏོ།།ས་དེ་གའི་ལྷ་ཁང་ནང་གི་བློས་བསླངས་གསུམ་ཡོད་པའི་དབུས་མ་དེའི་ཤར་སྒོ་ནས་ཞུགས་ཤིང་ལྷོ་སྒོ་ནས་ཐོན་ཏེ།སླར་ཡང་ལྷོ་སྒོ་ནས་ཞུགས་ཤིང་ནུབ་སྒོ་དང་བྱང་སྒོ་སོགས་ནས་དེ་བཞིན་མཛད་སོང་བར། མི་གཞན་གྱི་མགོ་བོ་ཙམ་ཡང་ཆུད་དཀའ་བ་ལ་རྗེ་ཉིད་ཐོགས་མེད་དུ་འབྱོན་པར་མཛད་པས་དེ་དག་གིས་དད་པ་སྔར་བས་འཕེལ་སྐད།དེ་ནས་ཁོང་ཚོ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་ལྟར་ཏཱེ་ཐང་གི་ཁྲི་ལ་བཞུགས་ནས་རྡོ་རྗེ་འཆང་གི་དུས་མཆོད་ཆེན་པོ་དེ་ལྷ་ལྡན་གྱི་ཆོ་འཕྲུལ་སྨོན་ལམ་གྱི་ཕྱག་ལེན་ལྟར།གསུང་ཆོས་སྨོན་ལམ། འཆམ་གཏོར་རྒྱག་སོགས་མ་ཚང་བ་མེད་པར་གསར་འཛུགས་མཛད། དེ་སྐབས་དཔོན་པོ་ལོའུ་ཐོ་སི་རང་གིས་སྦྱིན་བདག་བགྱིས་ནས།དགེ་འདུན་སྟོང་ཕྲག་གཅིག་དང་ལྔ་བརྒྱ་འདུས། དེ་ནས་བཟུང་ད་ལྟའི་བར་དུ་ལོ་རེ་བཞིན་དུ་ཆད་པ་མེད་པར་ཆུ་བོའི་རྒྱུན་བཞིན་དུ་བཙུགས་པ་ལགས།དེ་སྐབས་ཞྭ་ནག་གི་འཆམ་རྗེ་རང་ཉིད་ཀྱིས་བསླབས་པར་མཛད། ཇག་རུང་དགོན་ཆེན་ཡར་ལུང་ཐོས་བསམ་དར་རྒྱས་གླིང་གི་འབག་འཆམ་ཡང་རྗེ་རང་ཉིད་ཀྱིས་བསླབས་ནས་སྐུ་ཞོག་གྲྭ་ཚང་གི་ཕྱག་ལེན་ལྟར་བཙུགས་པར་མཛད།དེ་ཡང་ཇི་སྐད་དུ། འཕགས་པས་ན་དང་རྒ་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་དང་། སངས་རྒྱས་མྱ་ངན་ཡོངས་མི་འདའ།།ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་སོགས་གསུངས་པ་ལྟར་ངེས་དོན་དུ་འཇིགས་པ་མེད་པའི་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་སྐུ་བརྙེས་པ་ལ་སྐྱེ་འཇིག་སོགས་མི་མངའ་ནའང་།སེམས་ཅན་ཡོངས་སུ་སྨོན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བར་སྟོན། །ཅེས་གསུངས་པ་བཞིན་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ།རྗེ་ཉིད་དགོན་ཁག་རྣམས་སུ་ཕེབས་སྐབས་དགེ་འདུན་མང་དང་སྐྱབས་འཇུག་ཞུ་མི་རྣམས་ལ། ཁྱོད་ཚོ་ཐམས་ཅད་ཀྱིས་ང་ལ་ཞིབ་ཏུ་ལྟོས་ལ་ཡིད་ལ་ཞོག་དང་རྗེས་སོར་འཆི་བའི་ཚེ་ཕན་འདོགས་ཡོང་།རྒྱུན་པར་ཡང་སེམས་ལ་བཞག་ནས་དད་པ་གྱིས་དང་བླ་མའི་བྱིན་རླབས་ལ་རྒྱང་རིང་ཐུང་མེད་དོ་གསུངས་ནས་ཕྱག་དབང་བསྔོ་སྨོན་བཀྲ་ཤིས་སོགས་སྔར་ལས་རྒྱས་པར་མཛད།ཏཱེ་ཐང་དགོན་ཆེན་གྱི་ཁྲིའི་དགོངས་པ་ནན་ཏན་བྱས་ཞུས་ནས་ཁྲི་བརྗེས་པ་དང་ད་ང་བློ་བདེ་གསུངས། དེ་བཞིན་དུ་ཇག་རུང་དགོན་ཆེན་གྱི་ཁྲིའི་དགོངས་པ་ནན་ཏན་གསུངས་ཀྱང་ཕུལ་མ་མྱོང་བ་ན།སླར་སྦྱོར་ཏེ་ངས་ལོ་ཉི་ཤུ་རྩ་ལྔར་དགོན་བདག་དང་ཁྲི་བ་གཅིག་ལྕོགས་བྱས་པ་ཡིན། ད་ང་ལོ་ལོན་པས་མི་ནུས་པར་འདུག  ཁྲི་ཐོག་ཏུ་གཤེགས་ན་མི་ལེགས་ཞེས་དགོངས་པ་དགོས་ཚུལ་གསུངས་ཏེ།མཐར་རབ་བྱུང་བཅུ་གཉིས་པའི་མེ་སྟག་སྟེ་སྤྱི་ལོ༡༧༤༦ལོའི་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ནང་སོག་ཨ་ལག་ཤའི་སྨོན་ལམ་རྗེས་འབྲང་གླིང(ཐིགི་ཉེ་འདབས་སུ་སྐུ་མྱ་ངན་ལས་འདས་སོ།།གསུང་རྩོམ་ལ་དགུང་ལོ་བཅུ་གཅིག་ཐོག་མཛད་པའི་རྟ་མགྲིན་གྱི་བསྟོད་པ་དང་། ཨ་ལག་ཤའི་བསང་མཆོད།ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསོལ་འདེབས། ཏཱེ་ཐུང་རྡོ་རྗེ་འཆང་གི་དཀར་ཆག་ངོ་མཚར་དོན་གྱི་དྲི་བསུང་ཡོངས་སུ་རྫོགས་པའི་པད་དཀར་ལྗོན་བཟང་།ཚངས་དབྱངས་རྒྱ་མཚོའི་མགུར་གླུ་སོགས་བཞུགས། དེས་ན་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཞེས་བོས་ཞུས་བགྱིས་ན་མཚན་མངོན་ཆེས་ཤིང་། དུས་ཐོག་དེར་དགག་བྱ་ཆེ་བས་གསང་བར་མཛད་པའི་མཚན་ལ་དྭགས་པོ་བླ་མའམ་ཨ་ལག་ཤ་རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་སོགས་སུ་འབོད་པའི་དམ་པ་འདི་ཉིད་ཞལ་བཞུགས་སྐབས་སུ་དད་ལྡན་སེར་སྐྱ་རྣམས་ཀྱིས་བྱང་ཕྱོགས་སྐྱེ་དགུ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན་དུ་སྤྲུལ་སྐུ་རྒྱུན་མི་འཆད་པར་འབྱོན་དགོས་པའི་གསོལ་བ་བཏབ་པ་ལ་ཞལ་བཞེས་གནང་བ་ལྟར།རྒྱལ་དབང་སྐུ་འཕྲེང་རིམ་བྱོན་དང་ཐུགས་རྒྱུད་གཅིག་པ། ཀུན་གྲོལ་ནོ་མོན་ཧན་སྐུ་འཕྲེང་གཉིས་པ་བློ་བཟང་ཐུབ་བསྟན་རྒྱ་མཚོ་ནི་སྤྱི་ལོ༡༧༤༧ལོའི་ཟླ་བཞི་བའི་ཚེས་བརྒྱད་ཉིན།བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད་ཨ་ལག་ཤ་གུང་ལ་འཁྲུངས། ལྷ་བཙུན་པཎྡི་ཏ་ངག་དབང་རྡོ་རྗེ་མཆོག་གིས་རྗེ་ཚངས་དབྱངས་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་མཛད་ཅིང་ཡོངས་འཛིན་དུ་བཞུགས།དགུང་ལོ་ལྔ་ལ་ཕན་བདེ་རྒྱ་མཚོ་གླིང་དུ་ཕེབས་ནས་གདན་ཁྲིར་མངའ་གསོལ། དགུང་ལོ་བཅུ་གཅིག་སྟེང(སྤྱི་ལོ༡༧༥༧)པཱ་རོན་ཁས་དགའ་ལྡན་བསྟན་རྒྱས་གླིང་གི་ཁྲིར་ཞབས་པད་འཁོད།དགུང་གྲངས་བཅོ་བརྒྱད་ཐོག་པེ་ཅིན་དུ་ཕེབས་ནས་གོང་མས་དྭགས་པོ་ཧོ་ཐོག་ཐུའི་འཇའ་ས་གནང་། ཡར་ལུང་དགོན་དུ་ཆོས་གྲྭར་ཞུགས།ཕྱིས་སུ་དབུས་སུ་ཕེབས་ནས་པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་ལ་གཏུགས། མདོ་སྔགས་ཀྱི་གསན་བསམ་རྒྱ་ཆེར་མཛད། པཎ་ཆེན་རིན་པོ་ཆེས་དྭགས་པོ་པཎྡི་ཏ་ཀུན་གྲོལ་ནོ་མོན་ཧན་གྱི་ཆོ་ལོ་བསྩལ།དེར་བརྟེན་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་ལ་ཀུན་གྲོལ་གོང་མ་རིན་པོ་ཆེ་ཞེས་ཞུ། དཔའ་རིས་ཇག་རུང་བས་འདིའི་སྐུ་འཕྲེང་རིན་བྱོན་ལ་ཨ་ལག་ཤ་རྒྱལ་སྲས་ཚང་དུའང་འབོད།

ཀུན་མཁྱེན་འཇིགས་མེད་དབང་བོའི་རྣམ་ཐར་དུ། སྤྱི་ལོ༡༧༧༡ལོར་འཇིགས་མེད་དབང་བོ་ཚང་ཨ་ལག་ཤ་ཡ་མིན་དང་ཉེ་བར་ཕེབས་སྐབས་བསྟན་པའི་གསལ་བྱེད་དྭགས་པོ་ཀུན་གྲོལ་ནོ་མོན་ཧན་ནས་གདན་འདྲེན་ཞུས་པ་བཞིན་དཔོན་གཡོག་ཉུང་བསྡུས་དེ་ཆིབས་བསྐྱོད།ལམ་ནས་ལྷ་བཙུན་པཎྡི་ཏ་དར་རྒྱས་མོ་མོན་ཧན་གྱིས་ཨུར་གེར་གདན་དྲངས་ཏེ་བསྙེན་བཀུར་ཡང་དག་ཞུས་པར་ཆོས་བཀའ་ཅི་རིགས་གནང་།དེ་ནས་དྭགས་པོ་སྤྲུལ་བའི་སྐུ་རིན་པོ་ཆེས་གཙོས་དགེ་འདུན་མང་གིས་སེར་སྦྲེང་དང་བཅས་སྤྲུལ་བའི་སྐུའི་གཟིམས་ཁང་དུ་ཕེབས།དེར་བཞུགས་རིང་བསྙེན་བཀུར་གཟབ་རྒྱས་བསྟར་ཞིང་། སྤྲུལ་བའི་སྐུ་ནས་ཞུས་ངོར་རྡོར་དབྱིངས་ཀྱི་དབང་སོགས་ཟབ་ཆོས་མང་དུ་བསྩལ།ཁོང་གི་མ་ཡུམ་དང་གུང་བཅས་ཀྱིས་གདན་དྲངས་པ་སོ་སོར་ཡང་ཕེབས་ཏེ་རེ་འབྲས་སྨིན་པར་མཛད། ཕྱོགས་རིས་མེད་ནས་མཇལ་བ་མང་དུ་འདུས་པ་ལ་ཆོས་འབྲེལ་དང་ཕྱག་དབང་བསྩལ་ཏེ་ཕན་བདེའི་ལམ་ལ་བཀོད།

དཔའ་རིས་ཇག་རུང་དགོན་ཆེན་ནས་དྭགས་པོ་རིན་པོ་ཆེ་ཀུན་གྲོལ་ནོ་མོན་ཧན་གྱིས་སོས་ཀ་སྙན་གསན་ཕུལ་ཡོད་པ་ལྟར་གདན་འདྲེན་པ་ཡང་བསྐྱར་གྱིས་འོང་བས་ལྔ་བའི་ཚེས་བཅུ་བདུན(སྤྱི་ལོ༡༧༧༤)ལ་དེ་ཕྱོགས་སུ་ཀུན་མཁྱེན་རིན་པོ་ཆེ་ཆིབས་བསྐྱོད་དེ་ཇག་རུང་ཡར་ལུང་དགོན་དུ་རྒྱུད་པ་གྲྭ་ཚང་གསར་འཛུགས་མཛད། ཡང་དེ་ཉིད་ལས། ཨ་ལག་ཤ་དགོན་པར་བཞུགས་རིང་ལ་དྭགས་པོ་ཀུན་གྲོལ་ནོ་མོན་ཧན་གྱིས་ཞུས་ནས་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང་།ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་། ཞེས་དང་། དེ་ནས་ལྔ་བའི་ཚེས་བཞི(སྤྱི་ལོ༡༧༧༩)ལ་ཨ་ལག་ཤ་དགོན་ནས་ཆིབས་ཁ་ཕྱིར་བསྐྱོད།ཀུན་གྲོལ་ནོ་མོན་ཧན་ནས་ཆིབས་སྐྱེལ་ཞུས། བོ་རོལ་གྱི་ས་ཆར་དགོན་རྙིང་གི་ཤུལ་གཟིགས་ནས་འདི་ས་དཔྱད་བཟང་བས་སླར་དགོན་པ་ཐོབ་གསུངས་པ་ལ་ཁོང་གིས་ཀྱང་ཕྱིས་སུ་བཀའ་བཞིན་བསྒྲུབས།ཞེས་དང་། ཀུན་མཁྱེན་གདན་སར་ཕེབས་ནས་དྭགས་པོ་ཀུན་གྲོལ་ནོ་མོན་ཧན་གྱིས་བསྐུལ་ངོར་ས་ལམ་གྱི་རྣམ་བཞག་ཐེག་གསུམ་མཛེས་རྒྱན་ལྗགས་རྩོམ་མཛད།ཅེས་འབྱུང་ངོ་། །

ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་བོའི་ས་ལམ་གྱི་རྣམ་བཞག་ཏུ།ས་ལམ་གྱི་རྣམ་བཞག་ཐེག་གསུམ་མཛེས་རྒྱན་ཞེས་བྱ་བ་འདི་ནི། ཨ་ལག་ཤ་ནས་བྱང་ཕྱོགས་སྐྱེ་དགུའི་འདྲེན་མཆོག་དམ་པར་གྱུར་བ་ཀུན་གྲོལ་ནོ་མོན་ཧན་རིན་པོ་ཆེས།བཀྲ་ཤིས་པའི་ལྷ་རྫས། དངུལ་གྱི་མཎྜལ་དང་བཅས་བསྐུལ་ངོར། བཙུན་པ་དཀོན་མཆོག་འཇིགས་མེད་དབང་བོས་སྦྱར་བའོ། །ཞེས་ལྗགས་རྩོམ་འདི་ཀུན་གྲོལ་ནོ་མོན་ཧན་མཆོག་གིས་བསྐུལ་མ་མཛད་པར་མངོན་ནོ།།

དྭགས་པོ་ཀུན་གྲོལ་ནོ་མོན་ཧན་བློ་བཟང་ཐུབ་བསྟན་རྒྱ་མཚོ་ནི་རྩོམ་པར་མཁས་པར་མ་ཟད།བཟོ་རིག་པའི་གནས་ལའང་མཁས་པའི་ཡང་རྩེར་སོན་པས། དཔལ་ལྡན་ལྷ་མོ་སོགས་ཀྱི་ཐང་ག་དངོས་བཞེངས་མཛད་དེ་དགའ་ལྡན་བསྟན་རྒྱས་གླིང་སོགས་དགོན་སྡེ་དུ་མའི་དད་རྟེན་དུ་གནང་ངོ་།།ཁོང་ནི་དགུང་གྲངས་རེ་གཅིག་བཞེས་པ་སྤྱི་ལོ༡༨༠༧ལོའི་ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་གཤེགས་སོ།།

དྭགས་པོ་སྐུ་འཕྲེང་གསུམ་པ་བློ་བཟང་ཆོས་དར་རྒྱ་མཚོ་ནི་སྤྱི་ལོ༡༨༠༨ལོའི་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་ཡབ་འཇམ་དབྱངས་དོན་གྲུབ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཆུ་བཟང་རིན་པོ་ཆེའི་སྐུ་ཚ་ཡིན། པཎ་ཆེན་རིན་པོ་ཆེའི་དྲུང་དུ་སྡོམ་པ་བཞེས། དགུང་ལོ་དྲུག་ཐོག་གདན་ཁྲིར་བཀོད། དགུང་ལོ་བཅུ་གསུམ་དང་བཅོ་བརྒྱད་ལ་པེ་ཅིན་དུ་ཐེངས་གཉིས་ཕེབས་ཏེ་ཐུགས་གཉེར་གནང་།མཁྱེན་རབ་གཞན་དང་མི་འདྲ་བས་སྤྱི་སྒོས་ཀྱི་དོན་ཐུགས་དཔྱོད་ཞིབ་པ་ཞིག་མངའ། སྤྱི་ལོ༡༨༢༨ལོའི་ཟླ་དྲུག་པའི་ཉེར་བརྒྱད་ལ་ཨ་མདོར་ཕེབས་པའི་ལམ་བར་དུ་སྐུ་གཤེགས།སྐུ་གདུང་རིན་པོ་ཆེ་ཡར་ལུང་དགོན་དུ་བཞུགས།དྭགས་པོ་རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་སྐུ་འཕྲེང་བཞི་བ་ཡེ་ཤེས་ཚུལ་ཁྲིམས་དར་རྒྱས་རྒྱ་མཚོ་ནི་སྤྱི་ལོ༡༨༢༩ལོའི་ཟླ་དྲུག་པའི་ཚེས་དྲུག་ཉིན་ཨ་ལག་ཤའི་འབྲོག་ཁྱིམ་ཞིག་ཏུ་སྐུ་བལྟམས།པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་དུ་གསེར་བུམ་དཀྲུགས་ཏེ་ཐུགས་ཐག་བཅད། དགུང་ལོ་དྲུག་སྟེང་དགའ་ལྡན་བསྟན་རྒྱས་གླིང་གི་གདན་ཁྲིར་ཞབས་སོར་འཁོད།དགུང་ལོ་བཅུ་གསུམ་ལ་དབུས་སུ་ཕེབས་ཏེ་ཐུགས་གཉེར་མཛད། དགུང་ལོ་ཉེར་གཉིས་ཐོག་སྤྱི་ལོ༡༨༥༠ལོའི་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་སྐུ་གཤེགས།

དྭགས་པོ་ཀུན་གྲོལ་ནོ་མོན་ཧན་སྐུ་འཕྲེང་ལྔ་བ་དཀོན་མཆོག་སྐལ་བཟང་ལེགས་བཤད་མཆོག་ནི་སྤྱི་ལོ༡༨༥༡ལོའི་ཟླ་བཅུ་བའི་ཚེས་བཞིའི་ཉིན་ཨ་ལག་ཤའི་ཝང་གི་སྲས་སུ་སྐུ་འཁྲུངས།དགུང་ལོ་བཅུ་དྲུག་ཐོག་ཨ་ལག་ཤའི་ལྷོ་དགོན་དགའ་ལྡན་བསྟན་རྒྱས་གླིང་དུ་ཕེབས་ནས་གདན་ཁྲིར་མངའ་གསོལ། དགུང་ལོ་སོ་གསུམ་སྟེང

རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་དཀོན་མཆོག་སྐལ་བཟང་ལེགས་བཤད་མཆོག་ནི་མཐར་དགུང་ལོ་ཞེ་དགུའི་ཐོག(སྤྱི་ལོ༡༩༠༠)སྐུ་གཤེགས།

དྭགས་པོ་རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་སྐུ་འཕྲེང་དྲུག་པ་ངག་དབང་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་མཆོག་ནི་སྤྱི་ལོ༡༩༠༡ལོའི་ཟླ་བཅུ་གཉིས་པའི་གནམ་གང་ལ་སྐུ་བལྟམས།དགུང་ལོ་བཅུ་གཉིས་སྟེང་གདན་སར་བཀོད། དེ་ནས་དབུས་སུ་ཕེབས་ཏེ་ཐུགས་གཉེར་གནང་། ཡང་འཕགས་ཡུལ་རྒྱ་གར་དུ་གནས་མཇལ་མཛད།ཕྱིས་སུ་ཧྲང་ཧེ་དང་རྒྱལ་ས་པེ་ཅིན་སོགས་སུ་ཕེབས་ཏེ་མཐར་ཨ་ལག་ཤར་ཕྱིར་ལོགཁོང་ནི་རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་དྭགས་པོ་རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་སྐུ་འཕྲེང་ལྔ་བའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཅིང་།ཕྱིས་སུ་རྒྱལ་དབང་བཅུ་གསུམ་པ་ཆེན་མོ་ཨ་ལག་ཤར་ཕེབས་དུས། དྭགས་པོ་ཚང་གི་བཞུགས་ཁྲི་དང་ངེད་ཀྱི་ཁྲིའི་མཐོ་དམན་མཉམ་པར་གྱིས་ཞེས་གསུངས་དོན་ནི་ཐུགས་རྒྱུད་གཅིག་པའི་རྐྱེན་གྱིས་སོ།།དྭགས་པོ་ཚང་མཐར་དགུང་གྲངས་ང་བརྒྱད་ལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན།

                             ཡར་ལུང་དགོན་པའི་ལོ་རྒྱུས་ལས་བཤུས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།