དཔའ་རིས་སྟག་ལུང་སྐུ་ཕྲེང་རིམ་བྱིན་ངོ་སྤྲོད་རགས་བསྡུས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 11:51:21     རྩོམ་པ་པོ།   དཔའ་རིས་བསྟན་པའི་རྒྱལ་མཚན།    ཀློག་ཐེངས།  

སྐུ་ཕྲེང་དང་བོ་གཙང་རྟ་ནག་ཀུན་དགའ་རྣམ་སྲས་ཏེ་པཎ་ཆེན་ཡེ་ཤེས་རྩེ་མོའི་སྐུའི་སྐྱེ་བ་གྲགས། བཀྲ་ཤིས་ལྷུན་པོར་སྦྱངས་པ་མཛད། པཎ་ཆེན་བློ་བཟང་ཆོས་རྒྱམ་གྱི་ཐུགས་ཟིན་གྱི་སློབ་མར་གུར་ཅིང་རྗེ་དེ་ཉིད་ཀྱི་བཀའ་ལྟར་ཨ་མདོར་བྱོན།གི་བྱམས་སྐུ་ཆེན་མོ་འདི་སྔོན་ཀོང་ཙེའི་དུས་བཞེངས་པའི་བྱམས་པ་འབུམ་གླིང་བོན་གྱི་ལྷའི་རྣམ་པ་ཅན་དེར་གཙུག་ཏོར་སོགས་བཞེངས་ནས་རྒྱལ་བ་བྱམས་པར་བསྒྱུར་ཏེ་ཞལ་གསེར་ཕུལ། དཔོན་རྟ་མགྲིན་ཟེར་བས་གདན་དྲངས་ནས་ཕེབས་ནས་པཱེ་ཙང་ཏཱ་ཟིའམ་ཧན་སྟག་ལུང་དར་རྒྱས་དགོན་པར་གྲྭ་ཚང་མཚན་ཉིད་བཙུགས།

རྟ་ནག་སྐུ་ཕྲེང་གཉིས་པ་ཀུ་ཤྲཱི་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མ་མཆོག་ནི། བྱ་ཁྱུང་ཉེ་འདབས་འདོ་བ་ནས་སྐུ་འཁྲུངས།སྒོ་མང་ཀླུ་འབུམ་ཁང་ཚན་དུ་བཞུགས་ནས་སློབ་གཉེར་གནང་། ངམ་རིམ་དུ་གྲྭ་སྐོར་མཛད་དེ་རབ་འབྱམས་པའི་མཚན་བཏགས་བླངས། བཀྲ་ཤིས་ལྷུན་པོའི་སྔགས་པ་གྲྭ་ཚང་གི་མཁན་པོ་མཛད། པཎ་ཆེན་རིན་པོ་ཆེའི་ལུང་བསྟན་ལྟར་མདོ་སྨད་དུ་བྱོན། ཆོས་སྡེ་ཆེན་པོ་དགོན་ལུང་དང་། མཆོད་རྟེན་ཐང་། སེམས་ཉིད་དགོན། ཏེ་ཐུང་དགོན་ཆེན།ཧན་སྟག་ལུང་དགོན་བཅས་ཀྱི་ཁྲིར་བཞུགས།གསུང་རྩོམ་དང་ལུང་བསྟན་འགའ་ཞིག་མཛད་དེ་རྟོགས་པ་གྱི་ཉམས་སྣང་གླུ་རུ་བླངས། ཇག་རུང་སྟོད་ནས་ཡར་ལུང་དགའ་ལྡན་བྱམས་པ་གླིང་དང་། ཇག་རུང་སྨད་ནས་སྟག་ལུང་དགའ་ལྡན་དམ་ཆོས་གླིང་བཏབ། མཆོད་གཞིས་ཆེད་དུ་སྔ་ཕྱིར་བོད་དུ་ལན་བཞི་དང་།རྒྱ་ནག་ཏུ་ལན་བཞི་ཕེབས་ཤིང་ཆར་འབེབ་རླུང་མནན་འབེབ་པ་སོགས་ཀྱི་བསྟན་འགྲོའི་མཛད་པ་རྒྱ་ཆེན་གནང་། གོང་མ་ཁང་ཞིའི་མ་ཡུམ་གཤེགས་པས་བླ་མ་མཛད་ཅིང་གོང་མས་རྗེ་ཉིད་ལ་ཧོ་ཐོག་ཐུའི་ཆོ་ལོ་དང་གསེར་གྱི་ཐམ་ཀ་དང་། ཙམ་ཏན་དཀར་བོའི་ཐམ་ཀ གཡུ་ཐམ། གསེར་གྱི་རྟ་སྒ་གསེར་བྲིས་མ་སོགས་གསོལ་རས་གྱ་ནོམ་པ་བསྩལ༎སྟག་ལུང་དགོན་ལ་དྲིན་སྐྱོང་གླིང་ཞེས་པའི་མཚན་སྙན་གནང་།

སྐུ་ཕྲེང་གསུམ་པ་བློ་བཟང་རྣམ་རྒྱལ་ཡིན།

སྐུ་ཕྲེང་བཞི་བ་ཀུ་ཤྲཱི་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ཆིན་གོང་མའི་དབུ་བླར་བཞུགས།སྟག་ལུང་དགོན་པ་ལ་རྒྱབ་སྐྱོར་དགོན་པ་ཞེས་པའི་མཚན་དང་། རྗེ་ཉིད་ལ་ཧོ་ཐོག་ཐུའི་ཆོ་ལོ་དང་བཀའ་ཤོག་ཐམ་ཀ་སོགས་གནང་།ཁང་མིག་བརྒྱ་དང་ལྔ་བཅུ་ལྷག་ལྡན་པའི་ནང་ཆེན་བསྐྲུན་བྱས་ཏེ་མཚན་ལ་གོང་མའི་ཕོ་བྲང་ངམ། སྟག་བླ་བླ་བྲང་དུ་གྲགས།

སྐུ་ཕྲེང་ལྔ་བ་བློ་བཟང་བསྟན་པའི་ཉི་མ་ཡིན།

སྐུ་ཕྲེང་དྲུག་པ་མཁན་ཆེན་དཔལ་ལྡན་ཐུབ་བསྟན་རྒྱ་མཚོ་མཆོག་ནི་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་རབ་ཏུ་བྱུང་། དེའི་དུས་ཇ་སག་བླ་མ་བློ་་ཐུབ་བསྟན་རྒྱ་མཚོ་གཙོས་དགོན་པའི་ལས་སྣེས་སྟོན་ཆེན་ཕུལ། ཁོང་གིས་ལན་གྲུ་སྡེ་བཞིའི་དཀར་ཆག་ཀྱང་བརྩམས།

སྐུ་ཕྲེང་བདུན་པ་མཁན་རྒན་བློ་བཟང་ཐུབ་བསྟན་རྒྱ་མཚོ་མཆོག་སྟེ་ཁོང་ནི་ཀློང་བརྡོལ་བླ་མའི་སློབ་མ་དགུང་ལོ་བརྒྱ་བཞུགས་པར་གྲགས་པ་དེ་ཡིན།

སྐུ་ཕྲེང་བརྒྱད་པ་ཀུ་ཤྲཱི་བློ་བཟང་འཇམ་དབྱངས་རྒྱ་མཚོ་སྟེ།འདི་པའི་སྐྱེ་རྒྱུད་རིམ་བྱོན་ལ་ཁྲི་རྒན་ཚང་ཟེར་གསུངས།གཉིས་ཀའི་འཁྲུངས་རབས་གསོལ་འདེབས་དཔལ་ལྡན་པས་བསྒྲིགས་པ་ཡོད།

སྐུ་ཕྲེང་དགུ་བ་བློ་བཟང་བསྟན་འཛིན་རྒྱ་མཆོག་སྟེ། བླ་བྲང་བཀྲ་ཤིས་འཁྱིལ་ནས་སློབ་གཉེར་མཛད། མཆོད་རྟེན་ཐང་གི་ཁྲིར་ཕེབས། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་དཔོན་གཞོན་པ།དཔའ་རིས་རྫོང་སྲིད་གྲོས་ཨུ་ཡོན། རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་བཞེས།

སྐུ་ཕྲེང་བཅུ་བ་བློ་བཟང་འཇམ་དབྱངས་རྒྱ་མཚོ་རབ་རྒྱན་ས་སྦྲུལ་ལོར་བསང་ཆུའི་རྫོང་རྐྱོའི་རྒྱ་ཞང་སྔགས་པ་སྡེ་བར་ཡབ་འཇིགས་བྱེད་སྐྱབས་དང་།ཡུམ་བདེ་སྐྱིད་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ལ་བྱང་ཆུབ་ནོར་བུར་གསོལ། དགུང་ལོ་ལྔའི་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་འབྲི་ཀློག་བསླབས། དགུང་ལོ་བདུན་སྟེང་འཆམ་ཆེན་ཀེང་རུས་འཁྲབ་པའི་གྲས་སུ་ཞུགས། རྗེ་འཇམ་དབྱངས་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་། མཚན་ལ་འཇམ་དབྱངས་བཀྲ་ཤིས་གསོལ། སྤྱི་ལོ་༡༩༩༣ལོར་ཀུན་མཁྱེན་དྲུག་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ཐུའུ་བཀྭན་སྤྲུལ་སྐུ་དང་། ཟམ་ཚ་སྤྲུལ་སྐུ་གཉིས་དང་མཉམ་དུ་རྟ་ནག་སྤྲུལ་སྐུར་ངོས་འཛིན་གནང་་ཞིང་མཚན་ལ་བློ་བཟང་འཇམ་དབྱངས་རྒྱ་མཚོར་གསོལ། ཞབས་བརྟན་གསོལ་འདེབས་ཀྱང་རྗེ་དེ་ཉིད་ཀྱིས་མཛད། རྗེ་འཇམ་དབྱངས་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ཞིང་བདེ་ཐང་ཞབས་དྲུང་ལས་དབང་ལུང་བཀའ་ཆོས་ཅི་འདོད་དུ་གསན། ད་ལྟ་བླ་བྲང་བཀྲ་ཤིས་འཁྱིལ་སློབ་གཉེར་བྱེད་ཀྱིན་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།