རྗེ་བློ་བཟང་འོད་ཟེར་གྱི་(ཨ་ཁུ་འོ་ལོ་ཚང)རྣམ་ཐར།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 11:48:11     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

རྒྱལ་ཀུན་ཡེ་ཤེས་ལི་ཁྲི་འབར་བའི་རྡུལ། །གུར་ཀུམ་ལང་ཚོའི་གར་གྱིས་རྩེན་པའི་ལྷ།།རྫོགས་ལྡན་དཔྱིད་ཀྱི་སྐྱེ་བ་ལྔ་བའི་དབྱངས། །འགྲོ་ཀུན་ཤེས་རབ་འབར་བའི་དཔལ་དུ་སྒྲོགས། །དེ་ཡང་ཁྱབ་བདག་སེམས་དཔའ་ཆེན་པོ་གང་གི་གདུང་འཚོབ་ཏུ་རྗེ་བཙུན་ཆེན་པོ་བློ་བཟང་འོད་ཟེར་དཔལ་བཟངབོས་བསྐྱངས་པ་ཡིན་ལ་དམ་པ་འདི་ཉིད་ལྡོང་རིགས་ལས་ཆད་པར་གྲགསཔའི་བདུད་ཤུལ་ཀླུ་འབལ་ཐ་མའི་ར་ཚང་ཚོ་བར་རབ་ཚེས་ས་བྱི་སྤྱི་ལོ་༡༨༨༨ལ་ཡ་མཚན་པའི་ལྟས་མང་པོ་དང་བཅས་འཁྲུངས།    དགུང་ལོ་བདུན་སྟེང་མང་རའི་དགོན་ཆེན་དུ་འབྲི་ཀློག་ལ་བྱང་བར་སྦྱངས་ཤིང་རྗེ་བཙུན་བྱམས་པ་བཟང་བོའི་དྲུང་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་།  །ཆུང་དུས་ནས་ལུས་སྦྲིད་པ་ཞིག་རྒྱུན་ཏུ་བྱུང་བ་སྐྱེ་བ་སྔོན་མར་བསྐྱེད་རྫོགས་བསྒོམས་པའི་རྟགས་སུ་དགེ་རྒན་རྡོ་རྗེ་འཆང་གིས་གསུངས།  །རྒྱུད་སྡེ་བཞིའི་ཐིག་རྩ་བློས་བསླང་འདོན་རྟ་དབྱངས་སོགས་ལ་ལེགས་པར་སྦྱངས་ཏེ་མཐའ་རུ་ཕྱིན།  དྷ་ཚ་བཀྲ་ཤིས་ཆོས་སྡིངས་སུ་སྙིགས་དུས་ཀྱི་མ་ཧཱ་པཎྚིཏ་ཞྭ་དམར་བསྟན་འཛིན་རྒྱ་མཚོ་དང་སྨྲ་བའི་སེང་ཆེན་ཁ་སྒང་བློ་བཟང་འཕྲིན་ལས་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་གཞུང་བཀའ་་པོད་ལྔ་ལ་སྦྱངས།།དམ་པ་དེ་དག་ལས་དབང་ཁྲིད་སོགས་བཀའ་ཆོས་གང་བཞུགས་གསན་ཏེ་ཐུགས་ཀྱི་བུམ་བཟང་མངོན་པར་འགེངས་པར་མཛད།།

དེ་ནས་ཕྱིར་ཕེབས་ཏེ་རང་དགོན་དུ་དགེ་རྒན་རྡོ་རྗེ་འཆང་གི་ཇ་མ་ཆུ་ལེན་དང་གཉེར་བ་ལ་སོགས་པའི་ཐུགས་མཉེས་པའི་མཆོད་པ་ལོ་མང་བོར་བསྒྲུབས།དགེ་རྒན་ཚང་མྱ་ངན་ལས་འདའ་ཁར། ང་ཤི་རྗེས་ཁྱོད་འདིར་མ་འདུག  སྡོད་ཀྱང་མི་ཐུབ་པས་ཕྱོགས་ངེས་མེད་དུ་སོང་ནས་རྗེ་བཙུན་ནཱརོ་མཁའ་སྤྱོད་མའིབསྙེན་པ་ལ་འབད་དེ་གསང་ཆོས་ཟབ་མོ་འདི་གཞན་ལསྤེལ་ཅི་ཐུབ་བྱོས།སྤྱིར་ཆོས་འདི་མཁའ་འགྲོའི་སྙན་བརྒྱུད་ཀྱི་གདམས་པ་ཆེས་གསང་ཆོས་སུ་བྱེད་དགོས་མོད་ཀིརྟི་རིན་པོ་ཆེའི་ཞལ་ནས་དབང་སྟ་གོན་བཅས་པ་མནོས་སྐབས་ངའི་རྨི་ལམ་དུ་བུད་མེད་ཅིག་གིས་ལྡེ་མིག་སྤར་བ་གང་བྱིན་པ་རྨིས་པ་ནངས་པར་ཁོང་ལ་ཞུས་ཚེ།འོ །ཁྱེད་རང་ལ་ མཁའ་འགྲོའི་བཀའ་རྒྱ་ཁྲོལ་བ་རེད། ད་ཁྱེད་ཀྱིས་སྤེལ་ཅི་ཐུབ་བྱོསགསུངས།  ངས་རྨི་ལམ་དུ་ལྡེ་མིག་ཁྱོད་ལ་བྱིན་པ་རྨོས་པས་ཁྱོད་ཀྱིས་ཀྱང་སྤེལ་དགོས་ཏེ་འགྲོ་དོན་རྒྱ་ཆེན་པོ་འོང་ཞེས་ལུང་བསྟན་བཅས་བཀས་གནང་བ་བཞིན་མང་རའི་ཁུ་བྱུག་རྫོང་གི་ནགས་སྐེད་ཅེས་པར་སྡོང་བོའི་ཡལ་ག་དང་འདམ་བུ་སོགས་ཀྱིས་སྤྱིལ་ཆུང་ཞིག་བཟོས་ནས་ནཱ་རོ་མཁའ་སྤྱོད་མའི་བསྙེན་པ་ལོ་དྲུག་ལ་མཛད་པས་ལྷག་ལྷ་གང་གི་འཛུམ་ཞལ་མངོན་སུམ་དུ་མཛད་ཅིང་རྟོགས་པ་ཁྱད་པར་ཅན་སྐྱེས།རྨ་ཆུའིའགག་གི་ཕ་བོང་གཉིས་ཀྱི་བར་དུ་སིནྡྷུ་རའི་གཏེར་སྒོ་ཕྱེས་པ་སོགས་ཐུན་མོང་མ་ཡིན་པའི་མཛད་པ་མང་རུང་འབྲི་མ་སྤོབས།

དེ་ནས་ཨ་དགོན་དུ་ཕེབས་ནས་བཅུ་ཆར་བཞུགས།།ནངས་མོ་ཞིག་ལ་ཌ་མརུ་བར་མ་ཆད་པར་གཡུགས་ཤིང་མགུར་བཞེངས་ནས་རྡོ་རྗེའི་གར་མཛད།དེ་ནས་བཟུང་སྣ་ཚོགས་མཛད་པ་སྟོན་ནུས་པའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས་ཤིང་དེར་རྗེ་བཙུན་མའི་དབང་གི་ཐོག་མ་གནང་།དཔལ་རྡོ་རྗེ་འཇིགས་བྱེད་དང་རྗེ་བཙུན་རྡོ་རྗེ་རྣམ་འབྱོར་མ་གཉིས་ཀྱི་སྦྱིན་སྲེག་དང་བཅས་པའི་རྒྱུན་རྗེ་གསེར་ཁང་བ་ཆེན་པོའི་ཕྱག་སྲོལ་ཇི་ལྟ་བུར་ལོ་རེ་ལ་ཡི་དམ་གཉིས་རེས་མོས་ཀྱིས་སྒྲུབ་རྒྱུན་ཆད་མི་ཆོག་པར་བྱས་ཏེ་འདིའི་ཕྱོགས་ལ་འདང་ངེས་ཀྱི་ཐེབས་ཀྱང་གནང་།བྱམས་ཁང་གྱན་ལྔ་ཅན་ཉིས་ཐོག་དེའི་དབུས་སུ་རྒྱལ་བ་མི་ཕམ་མགོན་པོའི་སྐུ་ཉིས་ཐོག་གི་ཚད་དང་་་་ལྡན་པ་བཞེངས་པ་སོགས་ཨ་ཚོགས་དགོན་པའི་ལོ་རྒྱུས་སུ་གསལ།

འབའ་གཞུང་ཁ་སྒང་དུ་ཕེབས། སྔོན་རྡོ་རྗེ་འཆང་གིས་མ་དྲོས་པ་བསྒྲུབས་པའི་གནས་དེར་མ་དྲོས་པའི་སྒྲུབ་པ་མཛད།ཀླུ་དབང་རྒྱལ་བོའི་སྒོ་ནས་་་གཏེར་སྒྲུབ་དང་ཀླུ་དབང་རྒྱལ་པོའི་སྐུ། མ་དྲོས་དཀྱིལ་འཁོར་བཅས་བཞེངས་ཏེ་མཚོ་ཆུང་ངུ་ཞིག་བསྐྱིལ་བར་མ་དྲོས་པའི་མཚོ་ཞེས་བཏགས།དེ་རུ་ཐུགས་རྗེ་ཆེན་པོ་དང་ནཱ་རོ་མཁའ་སྤྱོད་མ། འཇིགས་བྱེད། ཀུན་རིག་བཅས་ཀྱི་དབང་དང་། བསམ་མི་ཁྱབ་ཀྱི་དམིགས་རིམ་གྱི་ཁྲིད།མགོན་ཆོསལྷ་ལྔ་དང་དུར་བདག་ཡབ་ཡུམ། ཞིང་སྐྱོང་སོགས་ཀྱི་རྗེས་གནང་བཅས་མང་དུ་གནང་། རྗེ་བཙུན་མའི་བསྙེན་ཆེན་དང་བཅུ་ཆར་བཞུགས།རྗེ་ཉིད་དབུར་བཞུགས་ནས་དགེ་རྒན་རྡོ་རྗེ་འཆང་སྐུ་བར་བ་དང་། བྲག་་དཀར་ཚང་། རྫོང་སྔོན་ཚང་བཅས་སེར་སྐྱ་བརྒྱད་ཅུ་ལྷག་གིས་བཅུ་ཆའི་་་སྦྱིན་སྲེག་བླུགས།སྡེ་དེར་ལོ་རེ་བཞིན་ཐུགས་རྗེ་ཆེན་པོའི་མ་ཎི་དུང་སྒྲུབ།མཁའ་སྤྱོད་མའི་སྒྲུབ་ཆེན། ཚེས་བཅུའི་མཆོད་པ། ཁྱིམ་རེར་མ་ཎི་མཚན་སྐོར་་སོགས་བཙུགས་ཤིང་སྡེ་བའི་ཕྱོགས་བཞིར་སྣང་སྲིད་ཟིལ་གནོན་དང་གསང་བདག་འཁོར་ཆེན།ཀླུ་དབང་རྒྱལ་བོ། སྒྲོལ་མ་བཅས་ཀྱི་སྐུ་འབུམ་་བཞེངས་རྐ་བར་མའི་རྒྱ་མོ་ཐར་ཞེས་པ་མཇལ་དུས་ཁོང་བར་སྣང་དུ་བཞུགས་པའི་གཟིགས་སྣང་བྱུང།ཁྲི་སྟེང་མཚམས་མདོ་ཞེས་པར་རྗེ་བཙུནམའི་བསྙེན་ཆེན་བཅུ་ཆ་དང་བཅས་སུ་བཞུགས་ཤིང་མཚམས་ཐོག་གོང་་་མར་ལངྒུ་ལིའི་སྒྲུབ་པ་མཛད།ཨ་ལགས་ཨོའུ་རྒྱ་དང་ལྕང་སྐྱ་རིན་པོ་ཆེ་རྣམ་གཉིས་ཀྱིས་དཀར་མོ་ཕུག་དགོན་པར་ཞུས་ཏེ་རྗེ་བཙུན་མའི་དབང་དང་བསམ་མི་ཁྱབ་ཀྱི་ཁྲིད།དུར་བདག་ཡབ་ཡུམ་གྱི་རྗེས་གནང་། པཎ་ཆེན་བདེ་ལམ། ཀིརྟི་རིན་པོ་ཆེའི་རྗེ་བཙུན་མའི་བསྐྱེད་རིམ། དགེ་རྒན་ཚངགི་རྗེ་བཙུན་མའི་བསྐྱེད་རིམ་བཅས་ཀྱི་ཁྲིད་དང་ཀིརྟི་ཚང་གི་རྗེ་བཙུན་་་་་མའི་ཆོ་ག་དང་ཐེག་ཆེན་གསོ་སྦྱོང་གི་ལུང་སོགས་གནང་།དེར་ཡང་རྗེ་བཙུན་མའི་བསྙེན་ཆེན་དང་བཅུ་ཆར་བཞུགས། རྐ་རྒན་གཞོང་དུ་ཆུ་མིག་བརྒྱ་རྩ་འགྲིམས། འབལ་ལྷ་ལྕམ་དགོན་དུ་གཞི་གསུམ་ཆོ་ག་བཙུགས་ཤིང་གསེར་ལག་དགོན་དུ་ཕེབས་ནས་རྗེ་བཙུན་མའི་དབང་གནང་།དེ་དུས་ཨ་ལགས་ཨ་རིག་གི་གཟིགས་སྣང་དུ་རྗེ་བཙུན་མ་དངོས་སུ་སྣང་། སྔ་རྗེས་སུ་དགོན་དེར་ཐེངས་གཉིས་ཕེབས་ཏེ་འཇིགས་བྱེད་དང་རྟ་མགྲིན་ཐུགས་རྗེ་ཆེན་པོ་སོགས་ཀྱིས་དབང་དང་ཚར་ཆེན་གྱི་རྗེ་བཙུན་མའི་ཆོག་ཆེན་དང་ཀིརྟི་ཆོ་ག་སོགས་ཀྱི་ཁྲིད་བཅས་དབང་ལུང་རྗེས་གསུམ་མང་དུ་གནང་།  

འཇིགས་བྱེད་བསྙེན་ཆེན་དང་བཅུ་ཆར་བཞུགས།བདེ་ཆེན་ལྷོ་བྲག་དགོནདུ་རྗེ་བཙུན་མའི་དབང་གསུངས། ཧྲོང་བོ་ནགས་བཟའི་སྤྱི་བར་འབེ་བཟའི་སྐུ་ལོ་དང་མཉམ་དུ་སྦྱིན་སྲེག་མཛད་དུས་འདས་ལྷའི་མཇུག་ཏུ་འབེབཟའི་སྐུ་ལོའི་ཐུགས་ལ་འདས་ལྷ་སྟོང་དབྱིངས་སུ་བསྲེ་བའམ་རང་ལ་བསྟིམ་པ་གང་བཟང་ངམ་ཕྱི་མ་བཟང་སྙམ་དུས་ཁོང་གིས་འོ་དེ་རེད་དེ་རེད།དེ་རང་ལ་བསྟིམ་ན་བཟང་གསུང་བ་ལྟ་བུའི་གཞན་སེམས་ཤེས་པའི་རྣམ་ཐར་ཡང་མང་དུ་སྣང་། ཐོ་ཐུག་ཀ་རིང་མགོན་པོ་ཚང་ནས་རྗེ་བཙུན་མའི་དབང་མང་དུ་གསུངས།ཐུན་ཏེ་ཤ་བྲང་དགོན་དགེ་ལྡན་བཤད་སྒྲུབ་གླིང་ཆགས་སའི་གནས་དེར་ནཱ་རོ་རྗེ་བཙུན་མའི་བསྐྱེད་རྫོགས་ཀྱི་ཁྲིད་དངདབང་ལུང་སོགས་གནང་བའི་སྐབས་སུ་དྲི་ཞིམ་གྱི་ངད་ལྡང་ཞིང་འཇའ་འོད་ཀྱི་གུར་ཕུབས་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་ཞིང་དཔལ་འཁོར་ལོ་སྡོམ་པ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པའི་གནས་སུ་མཐོང་ཞིང་ཡི་དམ་གྱི་དགྱེས་ཞལ་མངོན་སུམ་དུ་མཇལ་བསགནས་འདིར་དགོན་སྡེ་ཞིག་བཏབ་ན་མ་འོངས་པར་ལུང་རྟོགས་ཀྱི་བསྟན་པ་དར་བའི་དགོན་སྡེ་ལེགས་པོ་ཞིག་འབྱུང་བའི་ལུང་བསྟན།རང་དགོན་དུ་འབྲི་བརྒྱད་ཅུ་དང་དངུལ་སྲང་མང་པོ་མར་ཅི་འདོད་དུ་ཕུལ་ནས་རྒྱུན་ཇ་བཙུགས་སྟེ་འཇིགས་བྱེད་དཔའ་བོ་གཅིག་གི་སྒོ་ནས་དྲུག་ཅུ་བ་འདོན་པ་སོགས་བསྟན་འགྲོའི་སྨན་དུ་འགྲོ་བའི་ཐབས་གང་ལེགས་མཛད།འདི་དུས་ལབ་སྐྱབས་མགོན་ཚང་གིས་ལབ་མཁའ་ལྡིང་ཚང་ལ་ཁྱོད་མདོ་སྨད་དུསོངས་ལ་རྗེ་བློ་བཟང་འོད་ཟེར་ཟེར་པའི་ནཱ་རོ་མཁའ་སྤྱོད་མའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡོད་དེ་དེ་ལས་གདམས་པ་ཡོངས་རྫོགས་བླངས་ནབསྟན་འགྲོའི་དོན་རྒྱ་ཆེན་པོ་འབྱུང་ཞེས་ལུང་བསྟན་པ་མདོ་སྨད་ནས་རྒྱ་ནག་རི་བོ་རྩེ་ལྔའི་བར་བཙལ་ནའང་མ་རྙེད་པས་བླ་བྲང་དུ་ཕེབས་ནས་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོར་རྗེ་བཙུན་མའི་གདམས་པ་ཞུས་པར་ང་ལ་གདམས་པ་མེད་གསུངས་ཏེ་ཞལ་གྱིས་མ་བཞེས་ཤིང་ཁོང་གི་དགོངས་པར་བླ་མའི་བསྟན་པའི་མཚན་དང་མི་མཐུན་སྙམ་བཞིན་པའི་དུས་དེར་ཨ་ལགས་གཙང་རྒན་དང་འཕྲད་བླ་མ་དེ་ངའི་ས་ཆ་ན་བཞུགས་ཚུལ་གྱི་གནས་ཚུལ་ཕྲ་ཞིབ་བཤད་དེ་བླ་མ་རིན་པོ་ཆེར་མཇལ་དུ་བྱོན།སྐབས་འདིར་བླ་མ་རིན་པོ་ཆེས་ཐོ་ཐུག་ནས་ཉིན་མང་པོ་མགྲོན་པོ་ཞིག་ཡོང་རྒྱུ་ཡོད་ཅེས་སྒུག་པ་དང་མཇལ་བ་དགྱེས་པ་ཆེན་པོས་རྗེས་སུ་བཟུང་སྟེ་ནཱ་རོ་རྗེ་བཙུན་མའི་དབང་གསུངས་ཤིང་ཨ་ལགས་གཙང་རྒན་ལ་རྗེ་བཙུན་མའི་གདམས་པ་ཡོད་ཚད་བུམ་པ་གང་བྱོའི་ཚུལ་དུ་གནང་དགོས་པའི་བཀས་གནང་སྟེ་ཡབ་སྲས་གཉིས་ཀསརྗེས་སུ་བཟུང་།ལྕགས་འབྲུག་སྤྱི་ལོ་༡༩༤༠ལ་ཐོ་ལེ་དགོན་པའི་དགེ་སློང་དབང་ཆེན་དང་རབ་འབྱོར་སོགས་ཀྱིས་ཞུས་ཏེ་དེ་གར་མཁའ་སྤྱོད་མ་དང་ཀུན་རིག་བདེ་གསང་འཇིགས་གསུམ་གྱི་དབང་།འཕོ་ལུང་སོགས་གནང་། དེར་ཕེབས་ལམ་དུ་རབ་རྒན་དུ་ཕེབས་ཤིང་སྔ་རྗེས་སུ་སྡེ་འདིར་རྗེ་བཙུན་མའི་དབང་ཐེངས་གསུམ་ལ་གནང་།ཆུ་རྟ་སྤྱི་ལོ་༡༩༤༢ལ་མུ་དགེའི་ཆུ་ཚན་དུ་ཕེབས་དུས་སུ་ཐོ་ལེ་དགོན་དུ་ཕེབས། ཆུ་ཚན་གྱི་ནགས་གསེབ་ཏུ་བསམ་མི་ཁྱབ་ཀྱི་ཁྲིད་གནང་།ས་ཕོ་བྱི་སྤྱི་ལོ་༡༩༤༨ལ་བོང་སྟག་ཏུ་ཕེབས་ནས་བོད་སོག་གི་གདུལ་བྱ་མང་པོ་རྗེས་སུ་བཟུང་སྟེ་དབང་ལུང་མང་དུ་གནང་། བོང་སྟག་དཔོན་པོ་ཆོས་རྒྱམ་གྱིས་ལོག་པར་བཟུང་སྟེ་ཆོས་མ་ཞུས་པས་རྒྱུན་པར་རྨི་ལམ་དུ་རྗེ་འདིས་ཁོ་ལ་ཆོས་གསུངས་བས་ཁོ་ནམ་མཁར་འཕུར་བ་སོགས་རྨི་ལམ་ཡ་མཚན་རྨིས་པས་དད་གུས་སྐྱེས་ཏེ་སྤྱི་བོའི་རྒྱན་དུ་བླངས།སོག་པོའི་བང་པེ་ལི་ཞེས་པས་མཐུན་རྐྱེན་སྦྱར་ནས་རྣལ་འབྱོར་བ་བརྒྱད་ཅུ་ལྷག་གིས་བསྙེན་ཆེན་མཛད་ནས་བོང་སྟག་གིས་མཐུན་རྐྱེན་སྦྱར་ཏེ་བུ་ཧའི་གཞོང་དུ་བཅུ་ཆ་བླུགས་ནས་བོད་སོག་གཉིས་ལ་འགལ་བ་ཆེན་པོ་ཞིག་བྱུང་བ་འདུམ་པར་མཛད།བཀའ་འགྱུར་བྲག་ཕུག་ཏུ་ནཱ་རོ་རྗེ་བཙུན་མའི་སྒོ་ནས་ཟས་བཅད་ཏིང་འཛིན་ལ་བརྟེན་ནས་ཉིན་ཞག་བཅུ་བཞིར་སྒོ་བཅད་ཀྱི་སྒྲུབ་པ་མཛད།དེ་ནས་བུ་སློབ་འཁོར་ཚོགས་བསྡུས་ཐུན་བཞིར་བྱས་ཏེ་ཨོཾ་གསུམ་མ་བཟླས་པས་བསྙེན་ཆེན་གསུམ་གྱི་སྔགས་གྲངས་སོང་ཞིང་དགྱེས་པ་ཆེན་པོས་དགེ་འབྲས་ཚོགས་ཞིང་དུ་བསྔོ་བར་མཛད།དད་ལྡན་དག་གིས་ཕུལ་བའི་རྒྱུ་ནོར་ཡོད་ཚད་ཉམ་ཐག་ལ་སྦྱིན་པ་བཏང་།ཏུའུ་ལན་རྫོང་གི་བ་ཡན་ཝོ་ཞེས་པར་རུ་ངན་སྡེ་བར་རྗེ་བཙུན་མའི་དབང་གསུངས།གཞན་བོད་སོག་དག་གིས་གསོན་གཤིན་གཉིས་ཀའི་དོན་དུ་རྒྱུ་ནོར་མང་བོ་ཕུལ་བས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གསོལ་བ་ཤུགས་དྲག་ཏུ་བཏབ་པས་ཧོར་ཟླ་༡༡ཚེས་༢༤ཉིན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་གཟིགས་ཏེ་འདི་ལྟ་བུའི་འཁོར་ལོ་བཞེངས་ནས་སྐོར་དུ་ཆུགས་དང་ཚེ་ལྡན་རྣམས་ཀྱི་རྐྱེན་ངན་བར་ཆད་ཞི་སྟེ་ཚེ་འདས་ངན་སོང་དུ་སྐྱེ་བའི་སྒོ་ཁེག་ཅིང་སྐྱེས་པ་དག་ཀྱང་མྱུར་དུ་གྲོལ་བར་འགྱུར་རོ་ཞེས་གསུངས་པས།ཟབ་ཆོས་དུ་མས་གྲུབ་པའི་འཁོར་ལོ་ཆེ་ཆུང་གཉིས་དང་རྨ་ཆུའི་བྱང་རྒྱུད་ནས་ཆེ་ཆུང་གསུམ་སྟེ་དཔར་ལྔ་བརྐོས་ཏེ་ཕྱོགས་སོ་སོར་བཀྲམ།དེའི་ལོ་རྒྱུས་དང་ཕན་ཡོན་སོགས་ནི་འཁོར་ལོའི་དཀར་ཆག་ལོ་རྒྱུས་སུ་གསལ་བས་འདིར་མང་དུ་དོགས་ནས་མ་སྤྲོས། ཁོང་གི་གསུང་བཀོད་བཞིན་བོང་སྟག་ཆོས་རྒྱམ་གྱིས་སྔ་རྗེས་སུ་བྲག་སེར་ལབ་ཙེ་དང་བཀའ་འགྱུར་རྡོ་བརྐོས་བཞེངས།དམ་པ་འདི་ཉིད་གྲུབ་པའི་གོ་འཕང་ཐོན་པོར་གཤེགས་ནའང་དུས་རྟག་ཏུ་འགྱུར་པ་མེད་པར་ཕྱི་དྲོའི་ཁ་ཟས་དང་ཁྲི་སྟན་ཆེ་ཐོ་ཐ་ན་རུང་ཆུ་འདེབས་པ་སོགས་བཅས་པ་ཕྲ་མོའང་མིག་འབྲས་ལྟར་སྲུང་བ་བསྔོ་རྟེན་དང་སྐྱབས་རྟེན་སོགས་དངོས་རྫས་ཅི་འབྱོར་བ་ཐམས་ཅད་ཆོས་ཕྱོགས་སུ་བསྔོས་པའི་ཡི་གེ་མ་བྲིས་པར་ཞག་ཏུ་མི་འཇོག་པ་དང་རང་ཉིད་ལ་མེད་དུ་མི་རུང་བའི་བརྒྱ་རྩའི་འཐེབ་ཙེ་སོགས་ཀྱང་གཞན་ལ་བྱིན་ཏེ་གཡར་ནས་སྤྱོད་པ་སོགས་དུས་རྒྱུན་ཁོང་གིས་ང་ཤི་རྗེས་བྱ་རྡོ་ཐོག་ནས་འཕུར་བ་ལྟ་བུདགོས་གསུང་བ་ལྟར་སྐྱེ་བོ་མཆོག་དམན་སུས་བལྟས་ཀྱང་ངོ་མཚར་བ་ཞིག་ཡོད།་རབ་རྒྱལ་ལྕགས་སྟག་སྤྱི་ལོ་༡༩༥༠ལོའི་ཧོར་ཟླ་དང་བོའི་ཚེས་བཅུ་ཉིན་ལང་གའི་ཤིང་གི་སྒྲུབ་པ་མཛད་དེ་ཚེས་བཅུ་དྲུག་ཉིན་བུ་སློབ་དག་ལ་ཁྱེད་ཅག་ལས་མཁའ་སྤྱོད་དུ་འགྲོ་འདོད་པ་ཨེ་ཡོད།ཁྱེད་ཅག་སུ་དང་སུ་ཡིན་རུང་བདག་གཞན་གང་གི་ཐད་ནས་བཤད་རྒྱུ་ཡོད་པ་ཚང་མ་ཤོད། དེ་རིང་ནས་ང་ངག་བཅད་ལ་འདུག་རྒྱུ་གསུངས།རྗེ་འཇམ་དབྱངས་འཕྲིན་ལས་ལ་རྗེས་ཕྱོགས་ནས་བསྙེན་སྒྲུབ་དགེ་བའི་ཕྱོགས་ལ་ཅི་ལྕོགས་གྱིས་ངའི་བེམ་པོ་མེ་ལྷར་ཕུལ་ཏེ་གདུང་རུས་རྨ་ཆུར་གཤེགས་ཞེས་གསུངས་དགེ་སློང་བསྟན་དར་བས་བུ་སློབ་རྣམས་ལ་དད་རྟེན་ཞིག་དགོས་ཚུལ་ནན་ཞུས་བྱས་པས།འོ་ན་གདུང་རུས་ལ་ཤིང་གི་མཆོད་རྟེན་ཞིག་བྱས། གསེར་དངུལ་སོགས་རིན་པོ་ཆེ་ལ་ཡིད་བརྟན་མེད་ཅེས་ཐ་མའི་ཞལ་ཆེམས་གནང་ནས་མཉམ་བཞག་གིས་ཉིན་བདུན་ལ་བཞུགས་ཏེ་ཚེས་ཉེར་གཉིས་ཀྱི་སྔ་དྲོར་ཆོ་གའི་ལུས་དཀྱིལ་གྱི་སྐབས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མ་ཛད་དེ་ཐུགས་དམ་འོད་གསལ་ངང་ཞག་བཅུ་གསུམ་ལ་བཞུགས་ཤིང་གདུང་ཞུགས་འབུལ་གྱི་སྐབས་སུ་རང་བསྲེལ་ལ་ཡིག་འབྲུ་དང་སྐུ་གཟུགས་ཀྱི་རྣམ་ཅན་མང་དུ་བྱུང་།གསུང་ལས་སྐྱེས་པའི་བུ་སློབ་ཡང་། ཞྭ་དམར་པཎ་ཊི་ཏའི་མཆོག་སྤྲུལ།  ཨ་ལགས་ཨོའུ་རྒྱ་ཚང་། ཨ་རིག་ཚང་། གཙང་རྒན་ཚང་། གཙང་ཆུང་ཚང་།ཧུར་རྩ་ཚང་། སྨད་སོག་ཚང་། ལྕང་སྐྱ་ཚང་། དགེ་བཤེས་ཚང་། ར་ཆག་ཨ་ཁུ་ཚང་། བྱ་ཐང་ཨ་ཁུ་ཚང་། ཨ་ཁུ་ཆོས་ལྡན་ཚང་སོགས་བན་བོན་སྔགས་གསུམ་བླ་མ་དཔོན་པོ།སེར་སྐྱ་ཕོ་མོ་སོགས་བགྲང་ལས་འདས་ཤིང་བཀའ་རྩོམ་ཡང་། ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་མཁའ་སྤྱོད་བགྲོད་པའི་མྱུར་ལམ།  ཚོགས་མཆོད་བགྲོད་པའི་ཐེམ་སྐས།  དཀྱིལ་ཆོག་མཁའ་སྤྱོད་བགྲོད་པའི་མྱུར་ལམ་མཁའ་འགྲོའི་གསང་མཛོད།སྦྱིན་སྲེག་མཁའ་སྤྱོད་བགྲོད་པའི་མྱུར་ལམ། རྒྱས་པའི་སྦྱིན་སྲེག་དངོས་གྲུབ་འགུགས་པའི་ལྕགས་ཀྱུ། སོགས་ཟླ་མེད་ཀྱི་ལེགས་བཤད་དུ་མ་བཞུགས་ཤིང་བདག་ཅག་གི་རིགས་ཀྱི་ཅོད་པཎ་རྗེ་བཙུན་ཡེ་ཤེས་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་རྗེ་བཙུན་མའི་ཆོ་ག་འདི་འདྲ་ལེགས་པ་ཞིག་མཐོང་མ་མྱོང་ཞེས་ཡང་ཡང་བསྔགས་པ་བརྗོད་པ་ཁོ་བོ་ཅག་གིས་དངོས་སུ་ཐོས་ཏེ་ཞར་བྱུང་ཙམ་མོ།།

                         《ཐར་ཤུལ་དགོན་པའི་གདན་རབས》ལས་བཤུས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།