ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་ཐར་མདོར་བསྡུས་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-08-08 11:54:09     རྩོམ་པ་པོ།   བློ་བཟང་ཆོས་དབྱིངས།    ཀློག་ཐེངས།  

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།

བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །

ལེགས་ཚོགས་བྱེ་བས་བསྐྱེད་པའི་མཚན་དཔེའི་སྐུ། །

མཐའ་མེད་འགྲོ་བའི་རེ་སྐོང་དྲུག་ཅུའི་གསུང་། །

ཇི་ལྟ་ཇི་སྙེད་ཚུལ་བཞིན་གཟིགས་པའི་ཐུགས། །

འདྲེན་མཆོག་ཤཱཀྱའི་ཏོག་ལ་གུས་པས་འདུད། །

བདེ་གཤེགས་མཚན་དཔེའི་དཀྱིལ་འཁོར་རྟག་གསལ་ཡང་། །

ཆེར་སྙིགས་ལྔ་བདོའི་སྨག་རུམ་བཅིལ་བ་ལ། །

མཁྱེན་བརྩེའི་ཉི་མ་འགྲོ་བློའི་མཁར་ཤར་ལས། །

ཕན་བདེ་རིན་ཆེན་སྣང་བས་ཁྱབ་མཛད་རྗེ། །

གཞོན་ནུ་མགྲིན་ཞུགས་བྱང་ཆུབ་འོད་ཟེར་ཞབས། །

མཁྱེན་བརྩེའི་གཏེར་གྱུར་བློ་གྲོས་རྒྱ་མཚོའི་དཔལ། །

ངག་ལ་དབང་འབྱོར་ཤེས་རབ་རྒྱལ་མཚན་སོགས། །

རིམ་བརྒྱུད་མཁན་སློབ་རྣམས་ལ་གུས་པས་འདུད། །

སྟོན་ཟླ་ལྟར་དཀར་ལྷག་བསམ་གྱིས་དྲངས་པས། །

སྙན་གྲགས་ཡིད་བཞིན་དབང་རྒྱལ་དཔྱད་བཟོད་ཀྱི། །

སྲི་ཞུ་བགྱིད་ལས་ཕན་བདེ་བཀྲ་ཤིས་རྒྱུན། །

འཛད་མེད་འདོད་རྒུའི་ཆར་ཆེན་འབེབས་ལ་འདུད། །

འཇམ་དབྱངས་མགྲིན་འཁྱུད་སྨྲ་མཁས་དྲིན་ཅན་རྗེའི། །

རྣམ་ཐར་ཚིག་ཉུང་གོ་བདེར་ཡོངས་འཛིན་རྗེའི། །

གསུང་བཞིན་བརྗོད་ལ་མྱུར་མཛད་བླ་མ་རྗེས། །

ལེགས་ཚོགས་སྩོལ་དང་རིང་དུ་སྐྱོངས་ཤིག་རྗེ། །ཞེས་མཆོད་པར་བརྗོད་ནས་འདིར་གང་བཤད་པར་བྱ་བ་ནི།རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་བོས།སྔོན་ཚེ་དེ་བཞིན་གཤེགས་པ་དབང་བོའི་ཏོག །ཉིད་ཀྱི་རྣམ་འཕྲུལ་ཐུབ་དབང་བསྟན་པའི་བདག །དེ་ཉིད་རྡོ་རྗེ་འཛིན་པ་ཆོས་ཀྱི་རྗེ། །དོན་གྲུབ་རིན་ཆེན་ཞབས་ལ་གསོལ་བ་འདེབས། །ཞེས་དང་།པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་ལས་ཀྱང་།ཕྱག་ན་པདྨོའི་ཐུགས་རྗེའི་འོད་ཟེར་གྱིས། །གང་གི་བློ་གྲོས་པདྨོ་ཁ་ཕྱེ་ཞིང་། །ངོ་མཚར་དྲི་བསུང་ཕྱོགས་ཀྱི་འཁོར་ལོ་འགེངས། །དོན་གྲུབ་རིན་ཆེན་ཞབས་ལ་གསོལ་བ་འདེབས། །ཞེས་ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཆེན་པོ་ཞེས་གྲགས་པ།འོ་སྐོལ་གྱི་བླ་མ་དོན་གྲུབ་རིན་པོ་ཆེ་འདིས།སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་ས་བཅུ་མཐར་ཕྱིན།རྒྱལ་བའི་གོ་འཕང་བརྙེས་ཤིང་ཆོས་དབྱིངས་ལས་གཡོ་བ་མ་མཆིས་ཀྱང་། འཇིག་རྟེན་གྱི་ཁམས་མཐའ་ཡས་པར། གདུལ་བྱ་དང་འཚམས་པར་སྐུའི་རྣམ་འཕྲུལ་བསྟན་ཚུལ་ཇི་ལྟར་ན།ལྷ་ལམ་ལས་ཟླ་བའི་དཀྱིལ་འཁོར་གཅིག་ཉིད་ཀྱིས་ས་སྟེང་དུ་ཆུ་སྣོད་ཐ་དད་པ་སྣ་ཚོགས་ཤིག་ཡོད་པའི་ནང་དུ་ཅིག་ཅར་རང་གི་གཟུགས་བརྙན་སྟོན་པ་དེ་བཞིན་དུ་ཐུགས་རྗེས་འབད་རྩོལ་མེད་པར་ཉེ་བར་བསྟན་པ་ལས།རང་ཅག་རྣམས་ལ་ནི་རང་དང་རིགས་མཐུན་པར་སྐྱེ་བ་བཞེས་པ་ནི།ཁམས་གསུམ་ཆོས་ཀྱི་རྒྱལ་བོ་བློ་བཟང་གྲགས་པས་ཀྱང་།དོན་ཟབ་རྒྱལ་བའི་གསུང་གི་གྲུར་ཞུགས་ཏེ། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང་། །རྣམ་གྲོལ་རིན་ཆེན་གླིང་དུ་ལུས་ཅན་རྣམས། །ཀུན་ནས་བཀྲི་མཛད་ཆོས་རྗེའི་ཞབས་ལ་འདུད། །ཅེས་གསུངས་པ་ལྟར་མཚན་བརྗོད་པར་དཀའ་བ་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་པ་དེ་ཉིད་ཀྱི་རྣམ་ཐར་གྱི་མཛད་འཕྲིན་རྒྱ་མཚོ་ཆེན་པོ་འདྲ་བ་ལས། འདིར་ཀུ་ཤའི་རྩེས་བླངས་པའི་ཐིགས་པ་ཙམ་གཏམ་དུ་བྱ་བ་ལ། རྗེའི་རྣམ་ཐར་དང་དགོན་གནས་ཀྱི་ཡོན་ཏན་བཤད་པ། མཁས་གྲུབ་རིམ་པར་བྱོན་ཚུལ་དང་སྒོས་ཀྱི་རྣམ་པར་ཐར་བ་བཤད་པ།མཇུག་དགེ་བ་བསྔོ་བ་བཤད་པ་དང་གསུམ་ལས།དང་པོ་རྗེའི་འཁྲུངས་ཡུལ་ནི།མདོ་སྨད་ཁམས་ཀྱི་སའི་ཆར་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་ཡབ་ཡུམ་དག་གི་སྲས་སུ་འཁྲུངས།གཞོན་ནུའི་ཉིད་ནས་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་།བག་མེད་པའི་རྩེད་འཇོ་མཐའ་དག་ལས་ངང་གིས་ལོགཉེས་སྤྱོད་རྣམས་རང་བཞིན་གྱིས་བསྡོམས།ཀུན་དང་འགྲོགས་བདེ་ཞིང་བདེན་པར་སྨྲ་བ།ཁྲོ་བ་སྤངས་ཏེ་སྙན་པར་སྨྲ་བ།བློ་གྲོས་དཔག་པར་དཀའ་ཞིང་ཆོས་འཚོལ་བ་ལས་ངང་གིས་འཇུག་པ་ཞིག་བྱུང་བས།ཡབ་ཡུམ་གཉིས་དགྱེས་ནས་རབ་ཏུ་བྱུང་བར་མཛད།མདོ་སྔགས་ཀྱི་ཆོས་དུ་མ་ལ་སྦྱངས།ཕྱིས་དབུས་སུ་འབྱོན་པར་བཞེད་ཙ་ན་ལྷག་པར་དམ་པའི་ཆོས་འཚོལ་བ་ལ་དཔའ་ཞིང་རྟུལ་ཕོད་དང་རྟག་དུ་ངུ་ལྟར། རིང་ནས་བགྲོད་པའི་ལམ་གྱི་སྡུག་བསྔལ་བཟོད་པར་དཀའ་བ་རྣམས་ལའང་། ཇི་སྙམ་དུ་མི་སེམས་ཤིང་ལེགས་བཤད་འཚོལ་བ་ལ་རིངས་པར་ཆས་པས། མཐུན་རྐྱེན་གང་དགོས་བསྒྲུབས་སྟེ་དབུས་སུ་ཕེབས། སྙེ་ཐང་བ་བཀྲ་ཤིས་སེང་གེ་སོགས་ལས་ཕར་ཕྱིན་དང་བྱམས་ཆོས་མཐའ་དག་མཁས་པར་བསླབས།གཙང་གི་སྣར་ཐང་དུ་བྱོན་ནས་བཅོམ་ལྡན་རིགས་རལ་གྱི་བུ་ཆེན་བཅོམ་ལྡན་པ་རང་གི་གདན་ས་བ།ལྡོང་སྟོན་རིགས་པའི་སེང་གེ་ལ་ཚད་མ་རྣམ་ངེས་གསན་སྦྱོང་མཛད།དེའི་ཚེ་རིག་པའི་གནས་ཀྱི་དགག་སྒྲུབ་ཅུང་ཟད་དཀའ་བ་བྱུང་བ་ལ།ཐུགས་སྐྱོ་སྟེ་ཞྭ་ལུར་བྱོན་ནས་ཐུགས་རྗེ་ཆེན་པོ་རང་བྱོན་གྱི་དྲུང་དུ་གསོལ་བ་དྲག་ཏུ་བཏབ་ཅིང་ཞབས་ལ་ཁྲག་རྡོལ་གྱི་བར་དུ་ཉིན་མཚན་དུ་བསྐོར་བ་མཛད་པས། བློ་གྲོས་ཀྱི་ནུས་པ་མཆོག་ཏུ་གྱུར་པ་འཁྲུངས།རིག་པའི་གནས་ཐོགས་པ་མེད་པར་གྱུར་ནས་རྩོད་པ་བཟང་བའི་མཆོག་ཏུ་གྲགས་པ་བྱུང་ཞིང་མཐུན་རྐྱེན་དཀོན་པོ་བྱུང་ཡང་སྣར་ཐང་བའི་སྐྱོ་ཚུལ་ལ་བརྟེན་ནས་ཀྱང་ལེགས་པར་སྦྱངས།དེའི་རྗེས་ཞྭ་ལུར་གྲྭ་སྐོར་ལ་བྱོན་པས།རིན་པོ་ཆེ་བུ་སྟོན་ཐམས་ཅད་མཁྱེན་པ་གདན་སར་ཕེབས་ནས་འདུག་པ་ལའང་ཚོགས་སུ་བགྲོ་གླེང་མཛད་པས་ལེགས་པར་ཟིན་ནས་མཁས་པའི་གྲགས་པའང་ཐོབ།སྐྱ་སེར་གྱི་ཚོགས་ཀུན་གྱིས་སྟོན་གྲགས་བཟང་ཞེས་བརྗོད་ཅིང་ཆོས་སྐད་དང་བློ་གྲོས་ཕུན་ཚོགས་ཀྱི་སྙན་པས་བཤེས་གཉེན་མཁས་བཙུན་མང་བོའི་ཡིད་དབང་རྣམ་དཔྱོད་ཀྱི་ལྕགས་ཀྱུས་རང་དབང་མེད་པར་དྲངས་པར་གྱུར་ཏོ། །དེ་ནས་མདོ་ཁམས་སྨད་དུ་ཕེབས།ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད།མདོ་སྔགས་ཀྱི་བསྟན་པ་གང་འཕེལ་མཛད་པའི་སྐབས་ཤིག་ཏུ་བདེ་བ་ཅན་གྱི་གདན་ས་མཛད་པར་ཞུ་བའི་གདན་འདྲེན་བྱུང་བས་དབུས་སུ་ཕེབས། འོན་ཀྱང་གདན་སའི་སྟབས་མ་འཕྲོད།ཡོ་བྱད་མང་དུ་བསྣམས་པ་རྣམས་ཀྱིས་བདེ་བ་ཅན་དང་སྣར་ཐང་སོགས་སུ་གཙུག་ལག་ཁང་དང་དགེ་འདུན་གྱི་ཞབས་ཏོག་རྒྱ་ཆེར་བསྒྲུབས་ནས།ཡབ་ཆོས་ལྡིངས་སུ་རྟོགས་ལྡན་པའི་དྲུང་དུ་བྱོན།ཕྱག་རྫས་གང་ཡོད་བླ་མ་ལ་ཕུལ། གདམས་ངག་མང་དུ་མནོས། སྒྲུབ་པ་ལ་རྩེ་གཅིག་ཏུ་དྲིལ་བས་ཞི་གནས་ཀྱི་མྱོང་པ་ཁྱད་པར་ཅན་འཁྲུངས། སྐབས་ཤིག་གྲུབ་པའི་དབང་ཕྱུག་མཆིམས་བློ་བཟང་གྲགས་པ་དང་མཇལ།མདོ་སྔགས་ཀྱི་གདམས་པ་མང་དུ་གསན།ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་ལ་ནན་ཏན་དུ་གསོལ་བ་བཏབ་པས།བླ་མའི་ཞལ་ནས།འཇམ་དཔལ་གཤིན་རྗེའི་གཤེད་དང་མངོན་སུམ་དུ་མཇལ་འདོད་ན་མདོ་སྨད་དུ་སོང་དང་མཇལ་འོང་གསུངས།དེའི་ཚེ་རྗེ་དོན་རིན་པས་རང་གི་འདོད་དོན་གང་མཆིས་པ་རྣམས་ཞུས་པས།བླ་མའི་ཞལ་ནས།ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད།ཁྱད་པར་བྱ་ཁྱུང་དང་ཤ་སྦྲང་ཟེར་བའི་གནས་གཉིས་སུ་དགོན་པ་ཐོབ་ལ་བཤད་སྒྲུབ་ཀྱི་བསྟན་པ་གང་འཕེལ་གྱིས། སྒོས་སུ་བྱ་ཁྱུང་དུ་བསྒྲུབ་པ་གཙོ་བོར་མཛོད། དེ་དུས་སུ་ཁྱོད་ལ་སློབ་མ་མཁས་གྲུབ་མང་བོ་འོང་བའི་ནང་ནས་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་བས་དེ་རབ་དུ་བྱུང་བ་བྱེད་ཚེ་བློ་བཟང་གྲགས་པ་ཞེས་ངའི་མིང་འདི་ཐོགས་གསུངས་པ་ལ་སོགས་པའི་འབྱུང་འགྱུར་གྱི་ཞལ་ཏ་མང་དུ་གནང་། རྗེ་དོན་རིན་པས་ཀྱང་བླ་མའི་གང་གསུངས་ཐུགས་ལ་བཞག་ནས་སླར་མདོ་སྨད་དུ་བྱོན་ནས་བསྟན་འགྲོའི་དོན་གང་འཕེལ་མཛད།དེ་ནས་གནས་རྣམས་བཙལ་གྱིན་ཕེབས་པས་ཤ་སྦྲང་རྙེད།དེའི་ལ་མིང་ཉི་མ་ཤར་མ་ཐག་ཏུ་པང་དུ་བླངས་པ་འདྲ་བས་ཤར་པང་ཡང་ཟེར།དེར་བཞུགས་དགོན་གནས་བཏབ།ལོ་སྦྲེལ་གྱི་བར་ཕར་ཚད་ཀྱི་ཐོག་དྲངས་བྱམས་ཆོས་རྣམས་དང་།བརྟག་གཉིས།སྤྱོད་འཇུག་སོགས་ཀྱི་བཤད་པ་མཛད།འཕེལ་རྒྱས་བྱུང་ཡང་ཐུགས་བཞེད་ལྟར་ཕན་ཐོགས་མ་བྱུང་བས་ཐུགས་སྐྱོ་སྟེ་དབོན་པོ་ཤཱཀྱ་བཟང་བོ་ཟེར་བ་གདན་སར་བསྐོས།རྗེ་དོན་རིན་པས་བྱ་ཁྱུང་བཙལ་གྱིན་ཕེབས།བྱ་ཁྱུང་མཐོང་བས་གྲོང་ཞིག་ཏུ་བཞུགས་ཚེ།གནས་ཚང་དེར་རྒན་མོ་འཇིགས་སུ་རུང་བ་ཞིག་འདུག་པ་དེས།རང་གི་བྲན་མོ་ཞིག་ལ་བྲག་བྱ་ཁྱུང་ནས་ཡུལ་སྣ་ཡོང་བར་འདུག་པས་ཐང་མ་མྱུར་དུ་དྲིལ་ཟེར་བ་རྗེ་དོན་རིན་པས་གསན་པས་རྒན་མོའི་རྩ་རུ་ཕེབས་ནས་བྲག་བྱ་ཁྱུང་གང་ཡིན་གསུངས་པས་རྒན་མོ་ཁྲོ་གཏུམ་རྔམས་པས་སྡིགས་མཛུབ་བྲག་བྱ་ཁྱུང་ལ་གཏད་ནས་ཅི་བྱེད་དགོས་ན་ཕ་གི་ཟེར་འབར་བཞིན་བསྟ། རྒན་མོ་དེ་ལྷ་མོ་ཁྲོ་གཉེར་མའི་རྣམ་འཕྲུལ་ཡིན་ཞིང་ས་འདུལ་གནང་ནས་རྗེ་དོན་རིན་པ་ལ་བསྟན་པ་ཡིན་ཟེར།དེ་ནས་བྲག་བྱ་ཁྱུང་ལ་གཏད་ནས་ཕེབས།རྨ་ཆུའི་འགྲམ་གྱི་གྲོང་ཞིག་ཏུ་བཞུགས།རྗེ་དོན་རིན་པའི་ཞལ་ནས།རྨ་ཆུ་ལ་དར་ཆགས་སམ་ལྟོས་དང་གསུངས།ཡང་ལྟོས་དང་གསུངས་པ་སོགས་མཐར་གྲྭ་བ་འཚབས་དར་ཆགས་པའི་དུས་མ་ཡིན་པ་ལ་དར་ཆགས་སམ་ལྟོས་དང་གསུངས་པས་ད་དར་ཆགས་འདུག་གོ་ཞེས་ཞུས་དང་ཟེར།དེ་ལྟར་ཞུས་པས་བླ་མའི་ཞལ་ནས་ལེགས་བྱུང་མྱུར་དུ་འགྲོ་གསུངས་ནས་ཕེབས་པའི་ཚེ།རྨ་ཆུ་ལ་དར་སྣམ་དཀར་གྱི་ཟམ་པ་འཕངས་པ་འདྲ་བ་ཞིག་ཆགས་འདུག་པའི་སྟེང་དུ་བླ་མའི་རྟིང་མནན་ནས་ཕེབས། ཕྱི་ནས་འདུག་མི་རྣམས་ཀྱིས་བལྟས་པས་དར་སྣམ་ཟམ་འདྲ་བ་དེས་བླ་མ་དང་དྲིལ་ནས་ཕར་ཐལ་སོང་ཟེར། དེ་ནས་ཅུང་ཟད་ཕེབས་པ་ན་ལ་ཆེན་པོ་ཞིག་ཡོད་པས།ལ་དེར་ཕེབས་སྐབས་ཁྱི་རྒན་ཞིག་ཡོད་པ་དེར་ལུས་པས་ད་ལྟར་དེ་ལ་ཁྱི་རྒན་ལ་དང་། རྨ་ཆུ་ལ་དར་ཆགས་འདུག་ཟེར་བའི་མིའི་དེའི་རིགས་རྒྱུད་འཕེལ་ཞིང་ཆགས་པའི་གྲོང་གི་མིང་ལ་དར་དང་། རྨ་ཆུའི་ཕེབས་ལམ་དུ་སྔོན་དགུན་དར་ཆགས་མི་ཆགས་ཅི་རིགས་ཡོད་སྐད་པ་ལ།ཕྱིས་སུ་དགུན་གསུམ་དར་ཆགས་པ་མངོན་སུམ་དུ་གྲུབ།སྐྱབས་མགོན་དེ་ཉིད་དར་ལམ་དེར་ཕེབས་པ་ནའང་ཐད་དེར་དར་ཆགས་སྔ་བ་དང་འགྲོ་འཕྱི་བ་སོགས་ཀྱི་ངོ་མཚར་ཞིབ་ཏུ་དཔྱད་མཁན་ལ་མངོན་སུམ་དུ་ཡོད་པར་གྲགས།དེ་ནས་བྲག་བྱ་ཁྱུང་དུ་ཕེབས།ཁྱུང་ལྟག་ཏུ་བཞུགས།དེའི་ཚེ་དཔེ་ཁལ་དང་བཅས་པའི་དྲེའུ་ཞིག་ཡོད་པ་བོར་སོང་བ་བཙལ་བས་མདུན་རིའི་ངོས་སུ་ལྗོན་ཤིང་མང་བོ་ཡོད་པའི་ཕུག་ན་ནེའུ་ཞིག་ཡོད་པ་དེར་ཆུ་འཐུང་སྟེ་ཉལ་བསྡད་པ་མཐོང་བས་རྡུང་རྡེག་ཅི་ཙམ་བྱས་ཀྱང་མ་ལངས་ཤིང་རྒྱུ་མཚན་རྗེ་དོན་རིན་པས་གསན་པས་རྗེའི་ཞལ་ནས་འདུག་ས་ནོར་འདུགངའི་འདུག་ས་ཁོས་བཙལ་བ་དེ་ག་ཡིན་འདུག་གསུངས་ནས་དེར་ཕེབས་ནས་བཞུགས།དྲེའུ་ཉལ་སའི་ནེའུ་སྟེང་དེར་ཕྱིས་གཙུག་ལག་ཁང་བཏབ་པ་ལ་ད་ལྟ་མགོན་ཁང་ཞེས་གྲགས།དེ་དུས་གནས་འདིར་བོན་པོ་མང་བོ་ཡོད་པའི་གཙོ་བོ་དེས་བླ་མ་དོན་རིན་པ་སྤྱན་དྲངས།ཞབས་ཏོག་དང་བཀུར་སྟི་ཆེན་པོ་བྱས།སྟན་ལེགས་པ་གཅིག་གིས་གཙོ་བྱས་པའི་འབུལ་བ་བྱས།རྗེ་བླ་མ་དོན་རིན་པས་ཀྱང་བོན་པོ་དེ་སྤྱན་དྲངས།སྟོན་མོས་ཚིམས་པར་བྱས།ལྷམ་ཞིག་གིས་གཙོ་བྱས་པའི་གནང་སྦྱིན་མཛད་པ་ལ་ཁོ་དོགས་པ་ཟོས་ཏེ་འཁོན་དུ་བཟུང་།ཕྱིས་ནི་ཆེར་འཁྲུགས་མཐར་མཐུ་གཏད་བྱེད་རེས་སུ་བྱུང་བས་སྐབས་ཤིག་ཚུར་ཅུང་ཟད་གནོད་པའི་རྣམ་པ་འདྲ་བྱུང་ཞིང་།དེའི་ཚེ་རྗེ་དོན་རིན་པས་ཞལ་ནས་ཞིང་བའི་བཙུན་ཆུང་འདི་གཙོ་བོ་གྱིས་ལ་སྒྲུབ་པ་མཛོད་གསུངས།བླ་མས་གསུངས་བ་ལྟར་བསྒྲུབས་པས་སྐད་ཅིག་གིས་བོན་པོའི་སྡེ་ཐལ་བའི་རྡུལ་ཕྲན་བཞིན་དུ་སོང་།འགའ་ཞིག་ཤོར་བ་རྩུབ་རིང་དུ་བསྡད།དེ་ནས་ཤོར་བ་འགའ་རི་ལུང་འགའ་ཞིག་ཏུ་སྒྲུབ་པ་ལ་བསྡད་ཚེ་ལུས་རིད་ཅིང་འགུལ་བསྐྱོད་མ་ནུས་པར་རིད་ཅིང་གྱོང་སྟེ་ཤི་བའི་ལུང་བ་ལ་ད་ལྟར་བོན་གྱོང་ནང་དང་གོང་གི་བསྡད་པའི་རི་ལ་བོན་པོ་རི་ཟེར།དེ་ནས་རྗེ་དོན་རིན་པས་དགོན་གནས་བཏབ།བཤད་སྒྲུབ་ཀྱི་བསྟན་པ་བཙུགས།འཕེལ་རྒྱས་བཞེད་པ་ལྟར་བྱུང་།སྐབས་ཤིག་སྣང་རར་དོན་གྲུབ་སེང་གེས་སྦྱིན་བདག་མཛད།རྗེ་དོན་རིན་པ་སྤྱན་དྲངས་འགྲོ་དོན་རྒྱ་ཆེར་མཛདགཙུག་ལག་ཁང་བཞེངས།རབ་གནས་བྱས།གསེར་ཁང་ཞེས་མིང་བཏགས།ད་ལྟའི་མེ་མོ་ཡོས་ཡན་ལ་ལོ་བཞི་བརྒྱ་ལྷག་སོང་ཡང་ཞིག་རལ་མ་ཞུགས་པས་ཡ་མཚན་དུ་འཛིན།བྱ་ཚང་ཟེར་བ་ཞིག་ན་ཉེ་ཚན་གྱི་བུད་མེད་ཅིག་ཡོད་པ་དེ་སོ་ནམ་ལ་ཡུར་ལས་ཀྱིས་སྡུག་བསྔལ་བ་གསན་པས་ཐུགས་བརྩེ་བའི་ངང་ནས་དེར་ཕེབས་ཏེ་བྱ་ཚང་དུ་མཆོད་རྟེན་བཞེངས།ཡུར་མནན་གནང་བས་ད་ལྟར་ཞིང་ལ་ཡུར་མ་ཡུར་མི་དགོས་པ་མངོན་སུམ་དུ་གྲུབ་འདུགགཏམ་རྒྱུད་གཞན་མང་དུ་འདུག་ནའང་མང་དུ་དོགས་པས་འདིར་ཆེར་མ་བཀོད།དེ་ནས་གྲྭ་བུ་སློབ་མང་དུ་བྱུང་།བཤད་སྒྲུབ་ཀྱི་སྡེ་བཙུགས།བསྟན་པ་འཛིན་སྐྱོང་སྤེལ་བ་སོགས་གནང་ངོས་ནས་ཡི་དམ་ལྷ་ལ་གསོལ་བ་དྲག་ཏུ་བཏབ་སྟེ་སྔར་གྱི་བླ་མའི་གསུངས་པའི་ལུང་བསྟན་གྱི་དོན་རྣམས་འགྲུབ་ཅིང་སྒྲུབ་པ་མཛད་ཀྱིན་བཞུགས་པའི་སྐབས་ཤིག་རང་གི་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་ཡོད་པ་དེ་ལ།འཇིགས་བྱེད་ཀྱི་བྲིས་སྐུ་བྱིན་རླབས་ཅན་ཞིག་སྲུང་མདུད་གསོལ་རས་དང་བདུད་རྩི་རིལ་བུ།བུ་ཆུང་སྐྱོང་ལུགས་ཀྱི་བཀའ་ཤོག་དང་བཅས་པ་གནང་ནས་ཚེས་གྲངས་འདི་ལ་དེར་སྔ་བར་སླེབས་པར་གྱིས་ཞེས་སོགས་ཞལ་ཏ་གནང་།དེས་ཀྱང་བླ་མའི་གསུང་བཞིན་དུ་སླེབས་པའི་ཚེ།ཐོ་རངས་སྐར་ཆེན་ཤར་བ་དང་དུས་མཉམ་དུ་རྗེ་བློ་བཟང་གྲགས་པ་སྐུ་འཁྲུངས་པ།ནམ་ལངས་པ་དང་བླ་མའི་བཀའ་ཤོག་ཕེབས་པ་ལྷན་ཅིག་ཏུ་འཛོམས་པས་ཡབ་ཡུམ་དག་གིས་རྟེན་འབྲེལ་འགྲིགས་ཟེར་ཤིན་ཏུ་དགྱེས་བར་གྱུར།ཕྱིས་རྒྱུ་མཚན་དེ་རྣམས་བླ་མ་ལ་ཞུས་པས།ངའི་རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་དང་མཇལ་བར་གསོལ་བ་བཏབ།ཁྱད་པར་དུ་ཞལ་ཡང་ཡང་བསྟན་དུ་གསོལ་ཞེས་ཞུས་པས།སང་ཕོད་ད་ཙམ་ལུང་བ་འདིའི་མདའ་རུ་འོང་།དེ་བར་དུ་བདེ་བར་གྱིས་གསུངས་པས།དེ་གང་ཡིན་དཔྱད་པའི་ཕྱིར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཁྱེད་ཀྱི་བུར་འདུག་པ་ཐིག་པ་ཡིན་གསུངས་པ་སོགས་གསང་བའི་གནས་དུ་མ་གསུངས། ཡང་སྐབས་ཤིག་ཀླུ་འབུམ་དགེས་རྗེ་དོན་རིན་པ་སྤྱན་དྲངས།བཀུར་སྟི་ཕུན་སུམ་ཚོགས་པ་བྱས།རྗེ་དོན་རིན་པས་ཀྱང་རྟ་ནོར་གོས་དར་སོགས་ཟང་ཟིང་གི་གནང་སྦྱིན་དཔག་མེད་མཛད་ནས། ཁྱོད་ཀྱི་བུ་འདི་ང་ལ་ཕུལ་ཅིག་ཅེས་བཀའ་སྩལ་གནང་བ། ཡབ་ཀྱིས་ཀྱང་དང་དུ་བླངས་ཏེ་དགའ་སྤྲོ་དང་བཅས་འབུལ་བར་ཞལ་གྱིས་བཞེས།ཕྱིས་དགུང་ལོ་གསུམ་པར་བབ་དུས་དབེན་གནས་ནགས་ཡོན་ཤ་བ་རྫོང་དུ་རྗེ་ཀརྨ་རོལ་བའི་རྡོ་རྗེས་དགེ་བསྙེན་བསྒྲུབས་ཏེ་མཚན་ཀུན་དགའ་སྙིང་བོར་གསོལ། དེ་ནས་དགུང་ལོ་བཞི་བའི་དུས་སུ་ཡབ་ཀྱིས་བུ་ཆུང་ཁྲིད་ཡོང་བའི་ཚེ།རྗེ་དོན་རིན་པས་དེ་རིང་ང་ལ་སློབ་མ་ཞིག་ཕྱོགས་འདི་ནས་འོང་བར་འདུག་པས་ལྟོས་དང་གསུངས་ནས་གྲྭ་པ་ཞིག་ལྟ་རུ་བཏང་བ་དེས་ཀྱང་སྒང་ཞིག་ཏུ་བསྡད་ནས་བལྟས་པས། ཀར་སྐྱའི་གཞུང་དུ་སླེབས་ཚེ་མི་མང་དམག་འདྲ་བ་འོང་བའི་སྣང་བ་བྱུང་། དེ་ནས་ཚུར་ཉེ་རུ་ཉེ་རུ་བྱུང་བའི་ཚེ། དེ་ཡང་ཉུང་ངུར་སོང་བས་མཐར་ས་བཟང་སྒང་ལ་སླེབས་ཚེ། མི་གཅིག་གིས་སྟག་གཅིག་ཞོན་ནས་འོང་བ་མཐོང་། ནང་དུ་སླེབས་ནས་བླ་མ་དང་མཇལ།གྲྭ་པས་སོ་བལྟས་པའི་སྒང་ལ་ད་ལྟར་སོ་བལྟས་སྒང་དང་ཕེབས་ལམ་གྱི་སྒང་ལ་གཅིག་སྟག་སྒང་ཞེས་གྲགས།རྗེ་དོན་རིན་པས་གཞོན་ནུ་ཐོག་མར་གང་གི་སྒོས་སྨིན་པར་བྱེད་ཐུགས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས།ཐོག་མར་གསང་སྔགས་ཀྱི་སྒོས་སྨིན་པར་མཛད་ན་ལེགས་པར་དགོངས་ནས།བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དྲིལ་བུ་བ་དང་།ཀྱཻ་རྡོ་རྗེ་དང།ཕྱག་ན་རྡོ་རྗེ་སོགས་ཀྱི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུརགསང་མཚན་དུ་དོན་ཡོད་རྡོ་རྗེ་ཞེས་བཏགས།རིག་པ་འཛིན་པའི་སྡོམ་པ་དང་དམ་ཚིག་ཡོངས་སུ་རྫོགས་པ་བསྲུང་ཏུ་བཅུག་སྟེ་མིག་གི་འབྲས་བུ་ལྟར་གཅེས་བར་བཟུང་།གཞོན་ནུས་ཀྱང་བདེ་མཆོག་དང་ཀྱཻ་རྡོར་ཀུན་རིག་གཤིན་རྗེའི་གཤེད་ལ་སོགས་པའི་དཀྱིལ་ཆོག་མང་བོ་ཐུགས་ལ་བཟུང་།བདེ་མཆོག་དྲིལ་བུ་བའི་བདག་འཇུག་ལེན་པ་སོགས་མཛད།དགུང་ལོ་བདུན་ལ་སླེབས་པའི་ཚེ།རྗེ་དོན་རིན་པས་མཁན་པོ་དང་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་ལས་སློབ་མཛད་ནས།ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཕོག་སྟེ་སྔོན་གྱི་བླ་མའི་ལུང་བསྟན་ལྟར་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ།རྗེ་བཙུན་འཇམ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོས་ཤེས་རབ་འཕེལ་བའི་ཐབས་མང་དུ་མཛད།རྡོར་དབྱིངས་དང།རྩེ་མོ་དཔལ་མཆོག་ཆོས་དབྱིངས་དང་གསུང་དབྱིངས།གཙུག་དགུ་དང་མི་འཁྲུགས་པ།གྲྭ་ལྔ་ལ་སོགས་པའི་རྒྱུད་སྡེ་འོག་མ་གསུམ་གཤེད་དམར་སྐོར་གསུམ།ལཱུ་ནག་དྲིལ་གསུམ།ཕྱག་རྡོར་འཁོར་ཆེན་སོགས་བླ་མེད་ཀྱི་སྐོར་མང་དུ་གནང་། ཚེ་དཔག་མེད་ཛཻ་ཏཱ་རི། མགོན་པོ་ཕྱག་དྲུག་པ་རྣམ་སྲས་སོགས་ཀྱི་ཆོས་སྐོར་མང་དུ་གནང་ནས། གཞོན་ནུ་ལ་ཞལ་ཏ་མཛད་པ་ནི།གཞོན་ནུ་ཞེས་བོས་ནས།ཁྱོད་ཀྱི་བར་ཆད་བསྲུང་བའི་ལྷ་འཁོར་ཆེན།ཤེས་རབ་བསྐྱེད་པའི་ལྷ་འཇམ་དཔལ་ཨ་ར་པ་ཙ་ན།ཚེ་ལྷ་ཚེ་དཔག་མེད་ཛེ་ཏཱ་རི།མཐུན་རྐྱེན་སྒྲུབ་པའི་ལྷ་རྣམ་ཐོས་སྲས།མི་དང་མི་མིན་གྱི་གནོད་པ་ལས་སྐྱོས་ཅིང་མཐུན་རྐྱེན་བསྒྲུབ་པའི་ལྷ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་རྣམས་ངའི་ཡང་ཡི་དམ་ཡིན།ད་ནི་ཁྱོད་ལ་སྟེར་བ་ཡིན་པས་འདི་རྣམས་ཀྱི་བསྙེན་བསྒྲུབ་དང་གཏོར་མ་སོགས་མ་ཆག་པར་གྱིས་གསུངས།གཞོན་ནུས་ཀྱང་དེ་བཞིན་མཛད་པས་སྐབས་ཤིག་རྩེད་འཇོའི་རྣམ་པས་གོར་འཚོད་ཅིག་ལ་རྩེད་མོ་གནང་བས་ཁོ་བོའི་ལས་ལ་བར་ཆད་བྱུང་བ་ལ་ཁྲོས་ཏེ་གོར་ཐུར་གྱིས་གཞོན་ནུའི་ཞལ་ལ་བསྣུན་པས་རྨ་ཅུང་ཟད་ཅིག་བྱུང་། དེ་མ་ཐག་ཁོ་པོའི་ཁ་ནས་ཁྲག་ཐོན་ནས་ཤི་ཟེར། གཞོན་ནུ་ཉིད་ཀྱང་རྩེད་འཇོའི་རྣམ་པས་གཡེང་བ་མཛད་པར།རྗེ་དོན་རིན་པས་ཕྱིས་འབྱུང་འགྱུར་བརྟག་ཕྱིར་ཐུགས་ཁྲོས་པའི་ཚུལ་གྱིས་འགྲམ་ལྕག་བཏང་ནས་ཕྱིར་ཕུད་པའི་མཚམ་ཤིག་ནས་གྲྭ་བ་ཞིག་ལ་ཁྱོད་སོང་ལ་གཞོན་ནུས་ཅི་བྱེད་ལྟོས་ལ་ཤོག་གསུངས་བ་ལྟར་བལྟས་པས།རྒྱབ་རིའི་རྩེའི་རྒྱབ་ངོས་སུ།དང་བོར་ཞལ་ས་ལ་གླན་ནས་བཤུམ།དེ་ནས་ཕྱག་གིས་ས་ལ་འབྲད་ཀྱིན་བཞུགས་པ། མཐར་བཞེངས་སྟེ་རྡོ་བ་མང་བོར་བསྡུས་ཏེ། གྲལ་རིམ་ཕྱི་ནང་མང་བོ་ཡོད་པར་བྱས་ནས་བསྒྲིག་པ། དེ་ནས་ཀུན་ལ་ཕྱག་དབང་སྟེར་བའི་རྣམ་པ།རེ་འགའ་གསུང་ཆེར་བསྒྲགས་ཏེ་ཀུན་གྱི་མགོར་ཕྱག་ཡུག་ཡུག་མཛད་པ།རེ་འགའ་དབུས་ནས་དཀྱིལ་དཀྲུང་བཅས་སྟེ་ཆོས་འཆད་པའི་རྣམ་འགྱུར་སོགས་རྩེད་མོའི་རིགས་སྣ་ཚོགས་མཛད་པ་མཐོང་བ་བླ་མ་ལ་ཇི་བཞིན་ཞུས་པས་བླ་མའི་ཞལ་ནས་རྟེན་འབྲེལ་འགྲིགས།ད་མྱུར་དུ་སོང་ལ་ང་ཡི་བུ་གཞོན་ནུ་ཁྲིད་ཤོག་གསུངས་པ་ལྟར་ནང་དུ་ཕེབས།བསྟན་པའི་བདག་པོ་དང་ཆོས་ཀྱི་རྒྱལ་བོར་འགྱུར་དགོངས་ནས་སྨན་གྱི་ཤིང་ལྗོན་པ་ཆེན་པོ་མངོན་པར་འགྲུབ་པའི་མྱུ་གུ་ལྟར་ལེགས་པར་བསྐྱངས། རྡོ་རྗེ་འཕྲེང་བ་སོགས་མདོ་སྔགས་ཀྱི་སྒོ་དུ་མ་ནས་རྒྱུད་ལེགས་པར་སྨིན་པར་བྱས། ཁྱད་པར་དུ་བྲག་སྟེང་ནས་ས་དཀྱིལ་ལེགས་པོ་ཞིག་ཡོད་པ་དེར་རྩྭའི་སྤྱིལ་བུ་ཞིག་བཟོས་པའི་ནང་དུ་གཞོན་ནུ་ལ་འཇམ་དབྱངས་ཨ་ར་པ་ཙ་ན་བསྒྲུབ་ཏུ་བཅུག་པས་གཞོན་ནུ་ལ་མཚན་མ་རྟགས་བཟང་པ་ཡ་མཚན་ཅན་མང་དུ་བྱུང་།སྤྱིལ་བུའི་རྩྭའི་རྩེ་མོ་རྣམས་སུ་ཨ་ར་པ་ཙ་དང་རལ་གྲི་གྲངས་མེད་པས་གང་བ་དང་།རེ་འགའ་སྔགས་དང་ཕྱག་མཚན་གུར་ཕུབ་འདུག་པའི་རྣམ་པ་སོགས་བླ་མ་ཡབ་སྲས་མང་བོ་ལ་མཐོང་སྣང་སྣ་ཚོགས་པ་བྱུང་། བླ་མས་ཀྱང་དེ་ནས་བཟུང་སྟེ་གཅེས་བར་བསྐྱངས་ཤིང་། རྡོར་དབྱིངས་དང་གཙུག་དགུ།གཤེད་དམར་སྐོར་གསུམ།ཚེ་དཔག་མེད་ཛཻཏཱ་རི།ཡེ་ཤེས་མགོན་པོ།ཕྱག་རྡོར་སོགས་ཀྱི་ལྷའི་རྣལ་འབྱོར་དང་བཟླས་པའི་རིམ་པ་རྣམས་རྒྱས་པར་བསླབས་ཏེ་གཅིག་དྲིལ་བྱེད་དུ་བཅུག་གོ །རྗེ་དོན་རིན་པ་ལ་སློབ་མ་མཁས་བཙུན་མང་དུ་བྱོན་པའི་ནང་ནས། རོང་སྟོན་ཡིན་པ་ཞིག་ཡོད་པ་དེས་བྲག་མདའ་རུ་སྒྲུབ་པ་མཛད། དེ་བཞིན་དུ་དགོན་པ་བཏབ། རིམ་གྱིས་འཕེལ་རྒྱས་ཆེན་པོ་བྱུང་བའི་མུ་ནས་རྣལ་འབྱོར་དབང་ཕྱུག་སྐལ་ལྡན་རྒྱ་མཚོས་དེར་བཤད་གྲྭ་དང་། དོལ་བུར་སྒྲུབ་གྲྭ་བཙུག་པས་ད་ལྟར་བཤད་སྒྲུབ་ཀྱི་བསྟན་པ་རྒྱས་པས་རོང་བོའི་དགོན་དང་བཀྲ་ཤིས་འཁྱིལ་ཞེས་གྲགས་སོ། །དེ་ནས་གཞོན་ནུ་དགུང་ལོ་བཅུ་དྲུག་བཞེས་པའི་ཚེ།བླ་མའི་ཞལ་ནས།ངའི་བུ་གཞོན་ནུ་དབུས་གཙང་དུ་འགྲོ་བའི་སྐབས་སུ་བབ་འདུག་པས་འགྲོ་བར་གྱིས་གསུངས་ནས་མཐུན་རྐྱེན་གང་དགོས་རྣམས་བསྒྲུབས་སྟེ། དབུས་གཙང་དུ་འབྱོན་ཁར། བླ་མའི་ཞལ་ནས་ཁྱོད་དབུས་གཙང་དུ་འགྲོ་བ་ལ་ངའི་ཆོས་ཤིག་འཆད་པ་ཡིན་པས། ཁྱོད་ཅི་འདྲ་ཞིག་འདོད་པ་ཡིན་གསུངས། གཞོན་ནུས་སེམས་ལ་ཕན་པའི་ཞལ་ཏ་ཞིག་ཐུགས་ལ་འདོགས་པར་ཞུ་ཞུས་པས།རྗེ་དོན་རིན་པས་མ་འོངས་པའི་འབྱུང་བར་འགྱུར་བ་མཁྱེན་པའི་མངོན་པར་རྟོགས་པ་མངའ་བའི་སྟོབས་ཀྱིས།འབྱུང་འགྱུར་དང་མཐུན་པར་དང་བོར་ཐོས་བསམ་འདི་ལ་གྱིས།དེའི་རྗེས་སུ་འདི་ལ་གྱིས་སོགས་ཀྱི་རིམ་པ་དང་དེ་ནས་དེ་དག་གི་དོན་ཉམས་སུ་ལོངས་ལ།དེ་རྗེས་སུ་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པར་གྱིས་སོགས་ཀྱི་རིམ་པ་རྣམས་ཚིགས་སུ་བཅད་དེ་བཀའ་སྩལ་བ་ནི། གཞོན་ནུ་བློ་བཟང་གྲགས་པ་ཁྱོད། །སྔོན་སྦྱངས་དག་པའི་ལས་འཕྲོ་ཅན། །སྔོན་ཚེ་དམ་ཆོས་བདུད་རྩིའི་རོ། ། འཐུང་བའི་བག་ཆག་ཡོད་པར་ངེས། །ཞེས་དང་།ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི། །རྒྱན་དུ་གྱུར་བའི་མངོན་རྟོགས་རྒྱན། །ཐོག་མར་བསླབ་ཅིང་ནན་ཏན་བྱ། །དེ་ལ་མཁས་པར་གྱུར་བ་ན། །ལུང་ཆོས་ཀུན་ལ་འཕྲིག་ཚུལ་འགྱུར། །དེ་ཡང་སེམས་ཀྱི་ཟུར་ལ་ཞོག །དེ་ནས་བྱང་ཆུབ་སེམས་དཔའ་ཡི། །ལམ་དང་སྦྱོར་བའི་རྣམ་བཞག་དག། །སྟོན་པར་བྱེད་པའི་མདོ་སྡེ་རྒྱན། །མཁས་པའི་ཡན་ལག་དག་ཏུ་སློབས། །འཁོར་བ་མྱ་ངན་འདས་པ་ཡི། །རྟེན་དུ་སྟོན་པའི་ཆོས་དང་ནི། །ཆོས་ཉིད་རྣམ་འབྱེད་བསྟན་ཆོས་དང་། །ཐོག་མ་མཐའ་མ་རྣམ་སྤངས་པའི། །དབུ་མའི་ལམ་ནི་སྟོན་པ་ན། །དབུས་དང་མཐའ་ནི་རྣམ་འབྱེད་དང་། །སེམས་ཀྱི་ཆོས་ཉིད་དག་པ་ནི། །སེམས་ཅན་ཀུན་ལ་ཡོད་པ་སྟེ། །དེ་ཉིད་བདེ་གཤེགས་སྙིང་བོར་ནི། །སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ། །བྱམས་ཆོས་ལྔ་བོ་དེ་དག་ལ། །མཁས་པར་བྱེད་པའི་གོ་ཆ་གྱིས། །རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་། །འབྲིང་དུ་སྟོན་པའི་རྣམས་ངེས་དང་། །ཅུང་ཟད་བསྡུས་པ་རིགས་ཐིགས་ཏེ། །ལུས་དང་འདྲ་བའི་བསྟན་བཅོས་གསུམ། །གཏན་ཚིགས་ཐིགས་པ་འབྲེལ་བརྟག་དང་། །རྒྱུད་གཞན་སྒྲུབ་པ་རྩོད་རིགས་ཏེ། །འཕྲོས་པ་ཡན་ལག་ལྟ་བུ་ཟེར། །ཆོས་ཀྱི་གྲགས་པ་ལས་བྱུང་བའི། །ཚད་མ་སྡེ་བདུན་འཛམ་གླིང་ན། །སངས་རྒྱས་བསྟན་པ་གསལ་བྱེད་པ། །ཉི་མ་ཟླ་བ་ལྟ་བུར་གྲགས། །འདི་ཡི་འོག་ཏུ་དེ་རྣམས་སློབས། །དེ་ནས་འགའ་ཞིག་བརྗེད་ནས་འདུགམཚམས་ཤིག་ནས།བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི། །མཐའ་བྲལ་ཆེན་པོའི་ལྟ་བ་ལ། །གལ་ཏེ་མོས་པ་ཡོད་གྱུར་ན། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །དབུ་མ་རིགས་པའི་ཚོགས་རྣམས་དང་། །དེ་ཡི་རྗེས་འབྲང་ཟེར་བ་ཞིག་ཡོད་དེ།ལྷག་མ་རྣམས་བརྗེད་འདུག་གསུངས་སོ། །བླ་མའི་ཞལ་ནས་གཞོན་ནུ་ཁྱོད་འགྲོ་བའི་ལམ་ཡ་གི་ནས་ཁ་ཕྱིར་འཁོར་ལ་ཕ་རྒན་ང་ལ་ལན་གསུམ་གྱི་བར་དུ་ལྟོས་གསུངས།གཞོན་ནུས་དེ་མ་ཐག་ཞལ་འདོན་འཇམ་དཔལ་མཚན་བརྗོད་དབུ་བཙུགས་ནས་བྱོན། ཐུགས་ཞལ་འདོན་ལ་གྲིམས་དྲགས་པས་རི་གདོང་ལ་མ་སླེབས་བར་དུ་བླ་མའི་གསུང་མ་དྲན། དེར་དྲན་ཀྱང་། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །ཞེས་པ་དང་ཕྲད་ནས་ཕྱིར་གཟིགས་མ་བདེ་བར་བྱོན།རི་གདོང་གི་ཕག་ལ་ཐལ་སོང་བར་གཟིགས་ཚེ། བླ་མའི་ཞལ་ནས་བུ་གཞོན་ནུ་གཅེས་བར་བསྐྱངས། མཐར་བུས་ཕ་རྒན་འདོར་རམ་ཞེས་སོགས་གསུངས། ཐུགས་ཁྲོས་པའི་རྣམ་པས་སྤྱིལ་བུ་བྲག་གཡང་ལ་འཕངས་པ་བར་སྣང་དུ་འཇའ་གུར་གྱི་དབུས་སུ་ཡུན་རིང་བཟུང་། ཕྱིས་ཚུར་སྤྱན་དྲངས་ཏེ་ནང་རྟེན་བྱས་པའི་མཆོད་རྟེན་བཞེངས་པར་གཙུག་ལག་ཁང་ཕུབ་པ་ལ་ད་ལྟར་ཨ་ར་པ་ཙ་ནའི་ལྷ་ཁང་ངམ་འཇམ་དབྱངས་སྒྲུབ་ཁང་ཞེས་གྲགས།སྤྱིལ་བུ་འདེགས་བྱེད་ཀྱི་འཇའ་གུར་མཆོག་དམན་ཀུན་གྱིས་མངོན་སུམ་དུ་ད་ལྟའང་མཐོང་བ་འདིའོ། །གཞོན་ནུ་བློ་བཟང་གྲགས་པ་ནི་དབུས་སུ་ཕེབས། མདོ་སྔགས་ཀྱི་ཡོན་ཏན་ཕལ་ཆེར་རྫོགས་པའི་དུས་སུ། ཡུམ་གྱིས་སྐྲའི་ལན་བུ་དང་བཅས་པའི་ཡི་གེ་བསྐུར་བ་ལ། དེའི་ལན་དུ་རྗེ་དཔོན་གྲགས་པ་རྒྱལ་མཚན་རྫོངས་སྟ་མཛད། རྗེ་རང་གི་ཤངས་མ་ཚལ་གྱིས་བྲིས་སྐུ།བདེ་མཆོག་སྲུང་སྐུ་སོགས་རྟེན་མང་པོ་དང་།ཁྱད་པར་རྒྱལ་བ་སེང་གེ་ང་རོའི་སྐུ་པར་ཞིག་གནང་ནས།ང་སྐྱེ་ས་དེ་རུ་རྒྱལ་བ་སེང་གེ་ང་རོའི་སྐུ་འབུམ་ཕྲག་ཅིག་དཔར་ལ་ནང་རྟེན་གྱིས་ལ་མཆོད་རྟེན་མཛོད་དང་ང་ཡུལ་དུ་ཡོང་བ་དང་ཁྱད་མེད་གསུངས་པ་ལྟར་མཛད་པས་མཆོད་རྟེན་ལ་བརྟེན་ནས་དགོན་སྡེ་ཆགས།ཕྱིས་མདོ་སྔགས་ཀྱི་གཞུང་ལ་མཁྱེན་པ་རྒྱས་པ་ཆོས་རྗེ་འོད་ཟེར་རྒྱ་མཚོ་ཟེར་བ་ཞིག་གིས་གྲྭ་ཚང་བཙུགས་འཕེལ་རྒྱས་ཆེན་པོ་བྱུང་བས་ད་ལྟ་སྐུ་འབུམ་ཞེས་གྲགས་སོ། །གཞོན་ནུ་བློ་བཟང་གྲགས་པ་དེས་མདོ་སྔགས་ལ་མཁས་པར་གྱུར་བའི་སྐབས་ཤིག་སྐུ་ལ་སྙུང་ནད་མང་དུ་བྱུང་བས།རྗེ་རང་གི་ཞལ་ནས་དང་བོར་མཚན་ཉིད་ལ་ཞུགས་ནས་འཕྲལ་ལོངས་སྤྱོད་དབུལ།སྐབས་འགའ་ཞིག་ཏུ་འཚེ་བ་མང་བ་དང་།ད་ལྟར་ལུས་ལ་ནད་མང་བ་དང་འདི་རྣམ་ཐོས་སྲས་དང་།མགོན་པོ་ཕྱག་དྲུག་པ།གསང་བའི་བདག་པོ་ལ་སོགས་པའི་བསྙེན་བསྒྲུབ་དང་།གཏོར་བསྔོས་སོགས་མ་ཆག་པར་གྱིས་གསུངས་ཀྱང་།ང་དབུས་སུ་འོང་དུས་ལམ་བར་དང་བདེ་བ་ཅན་དང་ཚལ་སོགས་སུ་སློབ་གཉེར་བྱེད་སྐབས་ཤིག་ཏུ་ཆག་ཅིང་།བླ་མའི་བཀའ་བཞིན་རྔོ་མ་ཐོགས་པས་ལན་འདུག་གསུངས། དེ་ཕྱིན་ཆད་འཁོར་ཆེན་གྱི་བདག་འཇུག་སོགས་དང་བསྙེན་བསྒྲུབ་མ་ཆག་པར་བྱས།རྗེ་དོན་རིན་པའི་རྣམ་ཐར་བརྗོད་པ་ཙམ་གྱི་ཐལ་མོ་སྤྱི་བོར་བརྗོད།བཀའ་དྲིན་ཤིན་ཏུ་ཆེ་གསུངས་ཤིང་སྤྱན་ཆབ་བསིལ།ཞི་བར་གཤེགས་པའི་བླ་མ་གཞན་ལ་ལོ་མཆོད་རེ་ལས་མི་བྱེད་ལ། རྗེ་དོན་རིན་པ་ལ་ཟླ་བ་རེ་རེ་བཞིན་དུ་དུས་མཆོད་མ་ཆག་པར་བྱེད་ཟེར། རྗེ་དོན་རིན་པས་སྐབས་ཤིག་ཁོང་བས་སྣར་ཐང་དང་བདེ་བ་ཅན་དུ་ཇ་སྐོལ་དང་འབུལ་བ་མང་དུ་བཏང་། དེ་དུས་སྟོན་སར་ཞིག་རྗེ་འདི་བའི་སྐུ་དྲུང་ན་བཞུགས་པ་ལ།ཚེས་གྲངས་དང་དུས་ངེས་པར་ཡིད་ལ་ཟུངས་ཤིག་དེ་རིང་སྣར་ཐང་ན་རང་རེའི་ཇ་སྐོལ་དང་འབུལ་བ་བྱེད་ཀྱིན་འདུག་གསུངས། རྗེ་འདི་བས་ཀྱང་དུས་ཚིགས་ཐུགས་ལ་བཞག་ནས། ཕྱིས་འབུལ་སྐྱེལ་རྣམས་མར་ལ་སླེབས་དུས་ལེགས་པར་དྲིས་པས་ཇ་སྐོལ་བྱས་པའི་ཉི་མ་དེ་ཉིད་རང་འདུག་གསུངས། ཡབ་རྟོགས་ལྡན་པ་སྐུ་གཤེགས་ནས་བྱང་སེམས་པ་གདན་སར་བསྐོས།ཁོང་གི་གསུང་ཡིག་འབུལ་སྐལ་དང་བཅས་པ་མདོ་སྨད་དུ་ཁོང་ལའང་བསྐུར་བྱུང་བའི་ལན་རྣམས་ཡར་ལ་བསྐུར་དུས།སྔར་གྱི་འབུལ་སྐལ་བསྐུར་བ་འཕྲོད་པའི་རྒྱུ་མཚན་དང་གསུང་ཤོག་ཐམས་ཅད།གུ་རུ་དཀོན་གཞོན་པ་ལ་མཛད།སྔར་རང་རེ་ལ་བྱང་སེམས་པས་བྱུང་བ་ཡིན་དེ་ལ་མཛད་པ་ལེགས་ཞུས་པས་འདི་ཀས་འོངས་གསུངས།ལན་ཁྱེར་མི་རྣམས་ཀྱིས་དབུས་སུ་སླེབས་ཙ་ན་བྱང་སེམས་པའང་འདས་ནས་གུ་རུ་དཀོན་གཞོན་པ་ཡབ་ཀྱི་གདན་སར་བསྐོས་ཚར་འདུག་གསུངས།དེ་ལྟ་བུ་ལ་སོགས་པའི་ལོ་རྒྱུས་མང་དུ་བསྙད་ཡོད་ཀྱང་མངས་པར་འགྱུར་བས་མ་བྲིས་གསུངས་པ་རྣམས་རྣམ་ཐར་དད་པའི་འཇུག་ངོགས་ལྟར་བཀོད་པ་ཡིན་ནོ། །མདོར་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མངོན་པར་རྟོགས་པའི་ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་པའི་བཤེས་གཉེན་ཆེན་པོའི་སྐུ་ཚེ་ནི་མཐར་ཕྱིན།སྐལ་བ་དང་ལྡན་པའི་གདུལ་བྱ་མང་བོ་སྨིན་གྲོལ་གྱི་ལམ་ལ་བཀོད་ནས་ཞི་བར་གཤེགས་པའི་ཚུལ་བསྟན། དེའི་ཚེ་མེ་ཏོག་གི་ཆར་ཆེན་པོ་བབས། འཇའ་སྤྲིན་དང་ཚོན་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། འདི་ནས་བྱང་ཕྱོགས་ལོགས་སུ་སངས་རྒྱས་རྔ་སྒྲ་སྒྲོགས་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཞིང་དུ་འབྱོན་པར་ནམ་མཁའ་ལས་སྒྲ་མངོན་དུ་བྱུང་བ་ཡིན་ཞེས་དམ་པ་དུ་མའི་གསུང་རྒྱུན་ལས་མང་དུ་ཐོས་པ་མདོར་བསྡུས་སུ་བཀོད་པའོ། །དེ་ནས་བུ་སློབ་ཚོགས་ཀྱིས་གདུང་མཆོད་གང་ལྕོགས་བྱས་སྐུ་གདུང་ལ་འབུམ་པ་ལེགས་པར་བཞེངས་པ་ཕྱིས་ནས། རྗེ་དགེ་འདུན་རྒྱ་མཚོས། ཨ་མདོ་མུན་པའི་སྨག་རུམ་ན། །ཨ་གྲོ་ཆོས་ཀྱི་ཉི་མ་ཤར། །ཞེས་སོགས་ཀྱིས་ཆེས་ཆེར་བསྔགས་པའི་སྤྲུལ་བའི་སྐུ་ཨ་གྲོ་ཆོས་ཀྱི་རྗེ་སླར་ཡང་ལེགས་པར་གཟོས་ཤིང་གསེར་གསོལ་བར་མཛད་ལ།དེའི་རྗེས་སུ་རྗེ་བསོད་ནམས་རྒྱ་མཚོས་སླར་ཡང་གཟོ་གསོལ་དང་གསེར་གསོལ་མེ་ཏོག་འབུལ་བ་མཛད་པ་སོགས་བཀའ་དྲིན་གྱིས་ལེགས་པར་བསྐྲུན་པའི་སྐུ་གདུང་གསེར་གྱི་མཆོད་རྟེན་མཐོང་བ་དོན་ལྡན་ཟག་མེད་ཀྱི་བདུད་རྩི་ལོ་རེེར་འབབ་པའི་སྙན་གྲགས་ཕྱོགས་ཀུན་ཁྱབ་པ། སྐལ་ལྡན་འགྲོ་བའི་བསོད་ནམས་ཀྱི་ཞིང་དམ་པར་གྱུར་བ་མངོན་སུམ་དུ་བཞུགས་པ་ལགས་སོ། །

དེ་ལྟར་བླ་མའི་ཡོན་ཏན་ཅུང་ཟད་ཙམ། །

བརྗོད་ལ་མ་རྟོགས་ལོག་རྟོག་སྒྲོ་བཏགས་སོགས། །

མ་རིག་དབང་གིས་ནོངས་པ་ཅི་བགྱིས་པ། །

ནོངས་འགྱོད་དྲག་པོས་སྙིང་ནས་བཟོད་པར་འབུལ། །

འདི་ལྟར་བསྐྲུན་པའི་དགེ་བས་བདག་ཅག་ནི། །

སྐྱེ་ཀུན་ཐེག་མཆོག་བཤེས་ཀྱིས་རྗེས་བཟུང་སྟེ། །

ལུང་རྟོགས་ཡོན་ཏན་ཚོགས་ཀྱི་མཛོད་འཛིན་ཅིང་། །

སྤངས་རྟོགས་མཐར་ཕྱིན་དོན་གཉིས་ལྷུན་འགྲུབ་ཤོག། །

     ཅེས་པ་འདི་ནི་རྒྱལ་མེ་ཏོག་ཐང་གི་མཁན་པོ་རིན་པོ་ཆེ་བདེ་ཐང་སྤྲུལ་བའི་སྐུ་བློ་བཟང་ཚངས་དབྱངས་ཕྱོགས་ལས་

རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་བཀའ་སྩལ་ཤིན་ཏུ་ལྕི་བ་དང་དུ་བླངས་ཏེ། བྱ་ཁྱུང་མཁན་ཟུར་བ་བློ་བཟང་ཆོས་དབྱིངས་ཀྱིས་

འོལ་ཚོད་དུ་སྨྲས་པ་དབེན་པའི་གནས་སྟག་སྡོང་དཀར་བོ་ནས་བྲིས་པའོ། །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ། །མངྒ་ལཾ། །

   རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

      གསལ་འདེབས།།

              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།
0