ཀོའུ་བ་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-14 22:36:33     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ།    ཀློག་ཐེངས།  

 ཀོའུ་བ.jpg

༄༅། ། ཆོ༵ས་ཀྱི༵་འབྱོར་བས་གདུལ་བྱའི་དབུལ་བ་སེལ།།  ཟབ་དང་རྒྱ་ཆེའི་ནོར་བུའི་མཛོད་ལ་དབང་།།  སྐུ་གསུམ་རྒྱ༵མཚོ༵འི་གོས་ཅན་ཐ་གྲུ་ལ།།  དབང་བསྒྱུར་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ།།  གང་དེའི་ལྗགས་ཀྱི་པད་ཚལ་ལས་འོངས་པའི།།  ངོ་མཚར་རྨད་བྱུང་གཏམ་གྱི་སྦྲང་རྩིའི་བཅུད།།  སྐལ་བཟང་བུང་བ་རྣམས་ལ་ད་སྦྱིན་གྱི།།  དད་པའི་གར་བྱོས་བསྟོད་པའི་གླུ་ལོངས་ཤིག།  དེ་ལ་འདིར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་མཁས་གྲུབ་བསྟན་པའི་ཉི་མ་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ནི།  སྤྲུལ་བའི་རྒྱལ་པོ་ཁྲི་རལ་བ་ཅན་ལ་སོགས་པས་བྱིན་གྱིས་བརླབས་པའི་ས་ཁྲི་ཀ༼ དེང་སྐབས་མདོ་སྨད་ཁྲི་ཀ་འོག་མ་ཞེས་གྲགས་པའི་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་སྐར་མ་ཐང་སྡེ་བ་ཡིན།  ༽ཞེས་བྱ་བར་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི༼  ཕྱི་ལོ༡༥༧༡ ༽ལོ་ལ་ཡབ་བསོད་ནམས་རིན་ཆེན་དང་ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  དེ་ཡང་བདག་ཉིད་ཆེན་པོ་འདི་ཡུམ་གྱི་མངལ་དུ་བཞུགས་པའི་ཚེ།  ཡུམ་ལུས་བདེ་བ་དང་སེམས་ལ་དགའ་བ་རྒྱས་པ་དང་ཉམས་དང་རྨི་ལམ་དུ་མར་དུང་གི་སྐ་རགས་བཅིངས་པ་ལ་སོགས་པའི་ཡ་མཚན་པའི་ལྟས་མང་དུ་བྱུང་། དོན་འདི་ལ་དགོངས་ནས་བླ་མ་རིན་པོ་ཆེ་རང་ཉིད་ཀྱི་ཞལ་ནས།  མ་དྲིན་ཅན་ལུས་ཀྱི་སྒྲོམ་བུ་རུ།།  ཡིད་རྣམ་ཤེས་མགྲོན་པོས་གནས་བཅས་ཚེ།།  ཡུམ་ལུས་བདེ་སེམས་ལ་དགའ་བ་རྒྱས།།  རིགས་མི་དམན་རྨི་ལམ་ཉམས་ལ་ཤར།།  ཞེས་གསུང་།  ན་ཤིན་ཏུ་གཞོན་པའི་དུས་ནས་རྩེད་མོ་དང་ཀུ་རེ་སོགས་བག་མེད་པའི་གནས་ལ་བསམ་པ་གཏིང་ནས་ལོག་པས་རྩེད་མོ་སོགས་ཆེར་མི་མཛད་ཅིང་།  སྤྱིར་དཀོན་མཆོག་གི་རྟེན་མཐོང་ཚད་དང་།  ཁྱད་པར་དུ་རབ་བྱུང་དང་དེའི་རྟགས་མཐོང་ཚད་ལ་ཕྱག་འབུལ་གནང་།  སྐབས་ཤིག་རང་གི་ན་བཟའ་སེར་པོ་ཞིག་དབུ་སྔས་སུ་བཞག་ནས་ཕྱག་ལ་སོགས་པ་ཕུལ།  དེ་ལ་དགོངས་ནས་རྗེ་རང་ཉིད་ཀྱི་ཞལ་ནས།  བདག་སྐྱེས་ནས་བྱིས་པ་ཆུང་ངུའི་དུས།།  འཕྲལ་བག་མེད་ཀྱི་རྩེད་འཇོ་ཆེར་མི་བྱེད།།  སྐྱབས་དཀོན་མཆོག་གི་རྟེན་ལ་དད་ཅིང་གུས།།  སྒོས་རབ་བྱུང་གི་ཕྱོགས་ལ་ལྷག་པར་མོས།།  ཞེས་གསུང་། 

དགུང་ལོ་བདུན་བཞེས་པ་མེ་མོ་གླང་གི༼  ཕྱི་ལོ༡༥༧༧  ༽ལོ་ལ་བླ་མ་གོང་མ་ཆོས་ཀྱི་རྒྱལ་མཚན་པའི་སྤྱན་སྔར་བྱོན་ནས་ཡི་གེ་འབྲི་ཀློག་དང་ཁ་ཏོན་ཆོས་སྤྱོད་འཛིན་པ་སོགས་ལ་ཞུགས་པས་ཡི་གེ་འདྲི་འདོན་གཉིས་ལ་མཁས་པ་དང་ལྗགས་བདེ་བ་དང་འཛིན་ཡངས་པ་དང་བློ་གསལ་བའི་མཆོག་ཏུ་གྱུར་བས།  བླ་མ་དང་མཆེད་གྲོགས་ཀུན་གྱིས་ངོ་མཚར་བའི་གནས་སུ་འཛིན། ལོ་བདུན་ནས་བཟུང་སྟེ་བཅུ་བདུན་གྱི་བར་དུ་བླ་མ་གོང་མའི་སྤྱན་སྔར་རྒྱུན་ཆགས་སུ་བཞུགས་ནས་ཆོས་མང་དུ་གསན་པ་ལ་སོགས་པ་བྱས།

དགུང་ལོ་བཅུ་བཞི་བཞེས་པ་ཤིང་ཕོ་སྤྲེའུ༼  ཕྱི་ལོ༡༥༨༤  ༽ལོར་མདོ་སྨད་ཀྱི་སའི་ཐིག་ལེ་ཤར་ཙོང་ཁར་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྤྱན་སྔར་རབ་དུ་བྱུང་།  སྟོང་སྐོར་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་དང་སྤྲུལ་བའི་སྐུ་བསོད་ནམས་ཡེ་ཤེས་དབང་བོ་ལ་སོགས་པའི་བླ་མས་མཚན་ཅན་མང་དུ་མཇལ་ཞིང་། ཁྱད་པར་དུ་བསོད་ནམས་ཡེ་ཤེས་དབང་བོའི་དྲུང་དུ་བཀའ་ཆོས་མང་དུ་གསན།  དེ་དག་ལ་དགོངས་ནས་ལོ་རྒྱུས་རིན་ཆེན་ཕྲེང་བ་ལས། ལོ་བདུན་ནས་རང་ལོ་བཅུ་དྲུག་བར།། སྔོན་ཐོས་བསམ་ལ་གོམས་པའི་བག་ཆགས་ཀྱིས།།  བློ་གསལ་ཞིང་ལྕེ་བདེ་ཚིག་འཛིན་སོགས།།  གྲོགས་གཞན་གྱིས་ངོ་མཚར་ཆེ་བར་འཛིན།།  ཞེས་གསུང་།   

དགུང་ལོ་བཅུ་བདུན་བཞེས་པ་མེ་མོ་ཕག་གི༼  ཕྱི་ལོ༡༥༨༧  ༽ལོ་ལ་བླ་མ་གོང་མས་ཟང་ཟིང་གི་མཐུན་རྐྱེན་གྲོགས་དང་བཅས་ཏེ་དབུས་ཕྱོགས་སུ་བརྫངས།  ལོ་དེ་ལ་དབུས་སུ་ཕེབས་ནས།  རྗེ་བླ་མའི་གདན་ས་རི་བོ་དགའ་ལྡན་དུ་ཆོས་ཀྱི་རྗེ་བྱམས་པ་རྒྱ་མཚོའི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་སླར་ཡང་བཞེས།  མཁས་པའི་དབང་བོ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་སྤྱན་སྔར་ལྷ་མོ་དབྱངས་ཅན་མའི་རྗེས་གནང་སོགས་གསན།  ཆོས་རྗེ་དམ་ཆོས་དཔལ་འབར་ལ་ཆོས་འབྲེལ་ཞུས། གནས་དེ་དང་འབྲས་སྤུངས།  སེ་ར་རྣམས་ཀྱི་རྟེན་མཇལ་ཞིབ་ཏུ་མཛད།  ལྷ་སར་བྱོན་ནས་ཇོ་ཤཱཀ་སོགས་ཀྱི་སྤྱན་སྔར་གང་འདོད་ཀྱི་སྨོན་ལམ་ཐུགས་འདུན་དྲག་པོས་བཏབ།  དོན་དེ་དག་ལ་དགོངས་ནས་ལོ་རྒྱུས་རིན་ཆེན་ཕྲེང་བ་ལས།  དུས་དེ་རྗེས་བཅུ་བདུན་ཕག་གི་ལོ།།  མི་བདག་ལ་བཀའ་དྲིན་ཆེ་ངེས་པའི།།  ཕ་བླ་མས་མཐུན་རྐྱེན་གྲོགས་དང་བཅས།།  ཞིང་དག་པ་དབུས་གཙང་ཕྱོགས་སུ་བརྫངས།།  རྗེ་སངས་རྒྱས་དངོས་དང་ཁྱད་མེད་པའི།།  རྟེན་ཇོ་ཤཱཀ་གཉིས་ལ་བྱིན་རླབས་ཞུས།།  རྗེ་བླ་མའི་གདན་སས་གཙོ་བྱས་པའི།།  མཚོ་ཆེན་པོ་འདྲ་བའི་གྲྭ་ས་མཇལ།།  ཞེས་གསུང་།  དེ་ནས་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེར་བཞུགས་ནས་སྒོ་མང་གི་ཆོས་གྲྭར་བྱོན་ནས་ཆོས་ཀྱི་རྗེ་ཆུ་བཟང་བྱམས་པ་ལྷུན་གྲུབ་བསྟེན་ནས།  ལོ་ངོ་མཐོང་གཉིས་སུ་བསྡུས་གྲྭ་བརྩིས་པས།  རིགས་པའི་འཆར་སྒོ་དང་འཛིན་དང་དོན་དཔྱོད་ཀྱི་ཤེས་རབ་སོགས་གང་གི་སྒོ་ནས་ཀྱང་མཆེད་གྲོགས་མཐའ་དག་ལས་ལྷག་པར་གྱུར།  དེ་རྗེས་ཕར་ཕྱིན་གྱི་ཐལ་ཕྲེང་།  སྤྱི་དོན་འཛིན་པ་སོགས་ལ་ཞུགས་པས་ཕར་ཕྱིན་གྱི་ཚིག་དོན་གཉིས་ཀ་ལ་སློབ་དཔོན་སེང་གེ་བཟང་པོ་ལྟར་འགྲན་ཟླ་དང་བྲལ་བའི་མཁས་པར་གྱུར། སྐབས་དེར་ཆོས་རྗེ་ཆུ་བཟང་བས་སྒོ་མང་གི་སློབ་དཔོན་བཞག་ནས།  ཞྭ་དམར་རབ་འབྱམས་པ་བརྩོན་འགྲུས་རྒྱ་མཚོ་རང་གི་རྒྱལ་ཚབ་ཏུ་བསྐོས་པས།  བླ་མ་དེ་ཉིད་ཀྱི་སྤྱན་སྔར་དབུ་མ་འདུལ་མཛོད་རྣམ་འགྲེལ་སོགས་གསན་ནས་མཁས་མང་འདུས་པའི་དབུས་སུ་ཕྲ་ཞིང་འཛངས་ལ་ཞིབ་པའི་རྣམ་དཔྱོད་ཀྱིས་གཏན་ལ་ཕབ་པས་མཁས་པ་རྣམས་སྔར་མིང་ཙམ་ཡང་ཐོས་མ་མྱོང་བའི་ལེགས་བཤད་གསར་བ་དུ་མའི་བདུད་རྩིས་ཡིད་ཀྱི་བུམ་བཟང་གང་བས།  ལུས་ཀྱི་བ་སྤུའི་འཁྲི་ཤིང་དད་པའི་བསེར་བུས་བསྐྱོད་པ་ལས་བྱུང་བའི་སྙན་གྲགས་དྲི་བསུང་གི་དོ་ཤལ་ཁ་བ་འཛིན་པའི་ཅོ་སྐྱེས་སྒེག་མོ་ཡང་སྐལ་བཟང་དུ་བྱས་པས།  རང་ཉིད་ཀྱི་རྒྱན་ཆ་སྔ་མ་རྣམས་ལ་སྲེད་པ་དོར་ནས་ཨེ་མ་མ་ལ་བདག་ནི་མེའི་ཕོ་ཉས་མ་བོས་ཀྱི་བར་དུ་འདི་དང་འདི་འདྲ་པའི་དམ་པའི་ཁུར་འཛིན་པ་ལ་ཅིའི་ཕྱིར་བརྩོན་པ་མི་སྐྱེད་སྙམ་ནས་སྙིང་སྟོབས་ཆེན་པོའི་ཕྱོགས་ལ་ཞུགས་པར་གྱུར་ཏོ།།

དགུང་ལོ་ཉི་ཤུ་རྩ་དྲུག་བཞེས་པ་མེ་ཕོ་སྤྲེའུ༼  ཕྱི་ལོ༡༥༩༦  ༽ལོ་འབྲས་སྤུངས་ཀྱི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཕར་ཚད་གཉིས་ལ་གླེང་བསྲེས་བྱས་པས། དཔང་དུ་བཞུགས་པའི་སྡེ་སྣོད་འཛིན་པ་རྣམས་ནི་དད་པ་དང་དགའ་སྤྲོས་མྱོས།  རང་ལ་རྩོད་པར་ཁས་བླངས་པའི་གྲོགས་ཟླ་ནི་འཇིགས་སྐྲག་གི་རི་རབ་ཤིན་ཏུ་ལྕི་བས་ནོན་ཏེ་རོ་འཛིན་དྲང་སྲོང་ཁའི་དབེན་ཁང་དུ་སྨྲ་བཅད་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།།  དེ་ལྟར་བཀའ་བཅུའི་མཚན་གསོལ་ནས།  དགུང་ལོ་ཉེར་བདུན་བཞེས་པ་མེ་མོ་བྱ༼  ཕྱི་ལོ༡༥༩༧  ༽ལ་རིགས་པའི་འབྱུང་གནས་གཙང་ཕྱོགས་སུ་ཕྱག་ཕེབས།  བཀྲ་ཤིས་ལྷུན་པོར་དཀྱིལ་ཁང་བའི་སློབ་དཔོན་མཁས་པ་སངས་རྒྱས་རྒྱ་མཚོ་བསྟེན་ནས་ཚད་མ་རྣམ་འགྲེལ་ལ་སྦྱངས།  གནས་དེར་པཎ་ཆེན་ཆོས་དཔལ་རྒྱ་མཚོ་བ་ལ་འཇམ་དབྱངས་གཙོ་འཁོར་ལྔ་བ།  ཚེ་རྟ་གཉིས།  སྨེ་བརྩེགས་དང་དཔལ་ལྡན་ལྷ་མོའི་རྗེས་གནང་སོགས་གསན།  གངས་ཅན་ཆོས་འཕེལ་དུ་བྱང་བའི་སློབ་དཔོན་པའི་སྤྱན་སྔར་ཡང་ཚད་མའི་སྐོར་མང་དུ་གསན།  སླར་བཀྲ་ཤིས་ལྷུན་པོར་བྱོན་ནས།  རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་པ་ལ་བཞུགས།  དེའི་ཚེ་བསྙུང་ནད་ཕྲན་བུ་ཞིག་ཡོད་པས་ཐུགས་དམ་བརྟག་པ་ཞུ་བ་དང་།  བསྙེན་རྫོགས་བསྒྲུབ་པའི་ཞུ་བ་འབུལ་བའི་ཆེད་དུ་ཉེ་གནས་ཆོས་རིན་ཆེན་པ་ཕྱག་ཡིག་དང་བཅས་ཏེ་པཎ་ཆེན་རིན་པོ་ཆེ་དབེན་པར་བཞུགས་པའི་སྤྱན་སྔར་བཏང་བས།  པཎ་ཆེན་རིན་པོ་ཆེས་ཡིག་ལན་དུ།  སྔོན་ནས་ཆོས་ཀྱི་མཛའ་བས་ཡོངས་བཟུང་བས།། ལེགས་བཤད་རླབས་ཕྲེང་གཡོ་བའི་རྒྱ་མཚོ་ཆེ།།  བསླབ་གསུམ་ནོར་བུའི་འབྱུང་གནས་གང་དེ་ཡིས།།  ལེགས་པར་སྤྲིངས་པའི་སྙན་ཚིག་གང་གཱའི་རྒྱུན།།  ལོ་མ་མཆོད་རྟེན་དབུ་བ་དཀར་པོ་ཡི།།  དོ་ཤལ་མུ་ཏིག་ཕྲེང་བ་ལ་འཁུ་བར།།  བཅས་ཏེ་བདག་ཅག་ལག་པའི་ནོར་འཛིན་གཞིར།།  སྙོམས་པར་བབས་པས་ཀུན་དགའི་རྩི་ཐོག་རྒྱས།།  དེང་སང་པདྨ་དབང་ཆེན་ནག་པོའི་གཤེད།།  བསྒྲུབ་པའི་བརྩོན་པར་གནས་པ་མཆོག་ཏུ་དགེ།  སྙིང་བོའི་དོན་འབྲས་མི་གདུག་དྲི་ང་བ།།  སྔོན་ལས་ངན་པའི་བག་ཆགས་ཚན་ཆེ་བས།།  རང་སྣང་འཁྲུལ་བའི་དབང་གིས་བྱུང་དེ་ཡང་།།  རྣམ་དཔྱོད་ཅན་གྱིས་སྟོན་པའི་བཀའ་ཇི་བཞིན།།  གསོད་པར་འོས་ཤིག་ཡན་ལག་བཅད་ཐར་ན།།  ལེགས་པ་ཇི་ལྟར་རང་སྣང་མ་དག་པའི།།  ངལ་བས་མ་འོངས་དམྱལ་སོགས་འབྲལ་འགྱུར་བས།།  སྤྲོ་བར་ལས་ནི་བདག་གིར་བྱ་བའི་རིགས།།  གཞན་དུ་རྨི་ལམ་མི་གཙང་དོང་ལྷུང་སྟེ།།  དྲི་མས་གོས་ཤིང་སྡུག་བསྔལ་མྱོང་གྱུར་ཀྱང་།།  ལས་ངན་བག་ཆགས་དབང་གིས་མ་ཡིན་པ།།  དངོས་སུ་གྲུབ་པ་མེད་ལྟར་ཤེས་པར་གྱིས།།  ཞེས་སོགས་ཀྱི་བཀའ་ཡིག་གནང་།  དེ་ནས་ཎ་ཆེན་རིན་པོ་ཆེས་བཀས་བསྐུལ་བ་དང་།  རང་ཉིད་ཀྱང་དམ་པ་སྔ་མ་རྣམས་ཀྱི་རྣམ་ཐར་དང་མཐུན་པར་བྱ་བའི་ཆེད་དུ་བྱང་ངམ་རིང་གི་ཆོས་སྡེར་བྱོན་ནས།  ཚད་མ་རྣམ་འགྲེལ་ལ་སོགས་པའི་པོ་ཏི་དུ་མ་ལ་གསུང་བཤད་གནང་བའི་སྒོ་ནས།  རབ་འབྱམས་ཀྱི་གླིང་བསྲེས་བྱས།

དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ཞེས་པ་ས་ཕོ་ཁྱིའི༼  ཕྱི་ལོ༡༡༥༩༨  ༽ལོ་ལ།  དབེན་ས་ཆོས་ཀྱི་ཕོ་བྲང་དུ་སྐུ་ཚེ་སྔ་མར་ཡང་དམ་པའི་ཆོས་ཀྱི་བདུད་རྩིས་ཡོངས་སུ་བསྐྱངས་པའི་བདག་ཉིད་ཆེན་པོ་རྡོ་རྗེ་འཆང་ཆེན་པོ་དང་ངོ་བོ་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་མཇལ།  སྐུ་མཐོང་བའི་མོད་ལ་སྣང་བ་འགྱུར་ཞིང་།  གསུང་ཐོས་པས་མོས་གུས་ཚད་ལས་འདས་པ་འཁྲུངས།  དེ་ཡང་དང་པོ་མཚན་ཐོས་པ་ཙམ་ནས་བ་སྤུ་གཡོ་བའི་དད་པ་རང་དབང་མེད་པར་སྐྱེ་བ་སོགས་བྱུང་བས།  སྐྱེ་བ་སྔ་མ་རྣམས་སུ་ཡང་དཔོན་སློབ་ཀྱི་འབྲེལ་བ་ཡོད་ངེས་སུ་འདུག་གསུངས།  བླ་མ་རིན་པོ་ཆེས་མཁན་པོ་དང་ལས་སློབ་གཉིས་ཀ་མཛད།  རྗེ་དབོན་ལེགས་ཚོགས་ལྷུན་གྲུབ་པས་གསང་སྟོན་མཛད་ནས་བསྙེན་པར་རྫོགས།  དེའི་ཚེ་ལས་ཆོག་གི་སྐབས་སུ་ཐུགས་ཡངས་བ་ཅིག་བྱུང་བས་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་སམ་མ་སྐྱེས་སྙམ་པའི་ཐེ་ཚོམ་སྐྱེས། དེའི་ནུབ་མོ་ཐོ་རངས་ཀྱི་ཆ་ལ་རྣལ་ལམ་དུ་རྒྱལ་བ་བློ་བཟང་དོན་གྲུབ་ཀྱི་བཀའ་དྲིན་ཟེར་བ་ཅིག་བྱུང་།  ཕྱི་ཉིན་པར་པཎ་ཆེན་རིན་པོ་ཆེའི་དྲུང་དུ་ཐེ་ཚོམ་སྐྱེས་ཚུལ་དང་རྨི་ལམ་བྱུང་ཚུལ་རྣམས་ཞུས་པས།  བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་སམ་མ་སྐྱེས་ངས་བརྟག་པ་ཅིག་བྱ་གསུང་ནས་བརྟག་པ་ཅིག་མཛད། དེའི་ཚེ་པཎ་ཆེན་རིན་པོ་ཆེའི་ཞལ་ནས།  ཁྱེད་རང་གི་རྨི་ལམ་དང་།  ངའི་བརྟག་གང་ལ་བརྟགས་ཀྱང་།  ཁྱེད་ལ་བསྙེན་རྫོགས་ཀྱི་སྡོམ་པ་ངེས་པར་སྐྱེས་འདུག་གསུངས། བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་ཀྱང་ད་དུང་ལས་གྲལ་ཅིག་ཏུ་འདུག་བསམ་པས་བསྒྲུབ་སྐྱོར་ཅིག་ཐུགས་རྗེས་འཛིན་དགོས་ཞུས་པས།  སླར་ཡང་བསྙེན་རྫོགས་སུ་བསྒྲུབས།  བླ་མ་རིན་པོ་ཆེ་ཡང་བླ་མ་འདི་ཉིད་ལ་ཐུགས་མཆོག་ཏུ་མཉེས་ཤིང་།  བླ་མ་འདི་ཉིད་ཀྱང་བླ་མ་རིན་པོ་ཆེ་ལ་མཆོག་ཏུ་དད་པས།  པཎ་ཆེན་རིན་པོ་ཆེ་བསྟེན་ནས་ཐོས་བསམ་སྒོམ་གསུམ་ལྷན་ཅིག་མཛད།  དེའི་ཚེ་བླ་མའི་ཐུགས་རྗེ་སྔོན་གྱི་བག་ཆགས་འཕྲལ་གྱི་བརྩོན་འགྲུས་དྲག་པོ་རྣམས་ལ་བརྟེན་ནས།  ངེས་འབྱུང་གི་བསམ་པ་བྱམས་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་རྟོགས་པའི་ཤེས་རབ་རྣམས་རྒྱལ་བའི་གསུང་རབ་ནས་བཤད་པ་བཞིན་འཁྲུངས་འདུག  དེའི་རྒྱུ་མཚན་ནི།  བླ་མ་རིན་པོ་ཆེ་རང་ཉིད་ཀྱི་ཞལ་ནས།  ཁོ་བོ་དབེན་ས་ན་འདུག་པའི་ཚེ་སེམས་ཅན་གྱི་སྡུག་བསྔལ་ཡིད་ལ་དྲན་ཙམ་ནས་མིག་ནས་མཆི་མ་འཁྲུགས་པ་དང་ལུས་ཀྱི་བ་སྤུ་གཡོ་བ་སོགས་བྱུང་།  དུས་རྒྱུན་དུ་ཆོས་འདི་དག་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་པའི་བསམ་པ་སྐྱེ་བ་ཅིག་བྱུང་།  འབྲས་སྤུངས་སུ་འདུག་པའི་ཚེ་ན་ཡང་སྲིད་པའི་ཕུན་ཚོགས་མཐའ་དག་ལ་ཞེན་པ་གཏིང་ནས་ལོག་པས་མཆི་མ་བཅད་པའི་མི་ཆོད་པ་ལན་མང་དུ་བྱུང་གསུང་།  ཡོན་ཏན་འདི་དག་ནི།  བོད་དབུས་གཙང་ཁམས་གསུམ་མངའ་རིས་རྒྱ་གར་ནག་བལ་བོ་རྣམས་ཀྱི་གྲུབ་ཐོབ་པ་ཕལ་མོ་ཆེས་ཆ་ཤས་ཙམ་དུ་བསྐྲུན་པར་མི་ནུས་པའི་རྣམ་པར་ཐར་བ་ཡིན་ཞིང་།  རྒྱལ་བ་སྲས་བཅས་རྣམས་ཀྱིས་བསྟོད་པའི་ཕྲེང་བས་བསྔགས་པར་འོས་ན་གཞན་རྣམས་ཀྱིས་ལྟ་ཅི་སྨོས། དེའི་ཕྱིར་དམ་པ་འདིའི་རྣམ་པར་ཐར་བ་ཐོབ་པའི་མོད་ལ་དུག་སྦྲུལ་ལ་དབྱུག་པའི་རེག་པ་ལྟར་ཡིད་ཀྱི་སྐྱེས་བུ་ཕྲག་དོག་གི་ཚེར་མའི་མལ་དུ་མ་ཉལ་ཅིག  བླ་མ་འདིའི་བླ་མ་རིན་པོ་ཆེའི་སྤྱན་སྔར། གསང་འདུས།  ཡི་དམ་བདེ་མཆོག་གསུམ་གྱི་དབང་།  བཀའ་གདམས་ལྷ་བཞིའི་དབང་།  དམག་ཟོར་མའི་དབང་བཞི་ཡོངས་རྫོགས།  མགོན་པོ་བཅུ་གསུམ་གྱི་རྗེས་གནང་། བེག་རྩེ་ལྕམ་སྲིང་གི་རྗེས་གནང་།  སྣར་ཐང་བརྒྱ་རྩ་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་།  ཚེ་རྟ་ཟུང་འབྲེལ།  ཚེ་དཔག་མེད་དཀར་པོ།  འཇམ་དབྱངས་སྨྲ་སེང་།  གུ་རུ་དྲག་པོ།  ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ།  རྣམ་རྒྱལ་མ།  འཇམ་དཀར།  གདུགས་དཀར།  སྒྲོལ་མ་ཉེར་གཅིག  རིགས་གསུམ་མགོན་པོ།  གུར་ཞལ་གཉིས།  རྟ་མགྲིན་ལྕགས་རལ།  ཐུབ་དབང་།  བྱམས་པ།  ཨུ་ཙ་ར།  ལྷ་མོའི་རྗེས་གནང་རྣམས་དང་།  ལམ་རིམ་ཆེ་འབྲིང་ཆུང་གསུམ།  བ་སོ་ཆོས་རྗེས་མཛད་པའི་ལྟ་ཁྲིད།  མཁས་གྲུབ་རྗེས་མཛད་པའི་ལྟ་བའི་རྒྱབ་ཤ་གཅོད་པའི་ཡི་གེ  བྱ་དཀའ་བའི་མཛེས་རྒྱན།  རྩ་ལྟུང་རྣམ་བཤད།  བླ་མ་ལྔ་བཅུ་བའི་འགྲེལ་བ།  ཀ་མ་ལ་ཤཱི་ལའི་སྨྲ་སེང་གི་ལས་ཚོགས།  བསླབ་བྱ་གནམ་རྩེད་ལྡེང་མ།  རྒྱལ་བ་བློ་བཟང་དོན་གྲུབ་ཀྱི་འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར།  ཐུན་དྲུག་གི་རྣལ་འབྱོར་ཚིགས་བཅད་མ།  ཡི་དམ་གྱི་བསྐྱེད་རིམ།  ལམ་རིམ་གྱི་ཁྲིད་ཡིག  རྗེ་དགེ་འདུན་རྒྱ་མཚོའི་བཀའ་འབུམ།  སྤྱོད་འཇུག  གནས་རྙིང་རྗེའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད།  དཔའ་ཅིག་གི་མངོན་རྟོགས།  ས་གསུམ་མའི་ཊྰིཀྐ  ཞི་ཁྲོ་སྦྲགས་སྒྲུབ།  ཡི་གེ་བཞི་བའི་ཟློག་པ།  ཞི་བ་ལྷའི་རྟོགས་བརྗོད།  སེང་གདོང་མའི་ལས་ཚོགས།  ལོ་མ་གྱོན་མའི་མངོན་རྟོགས་ལས་ཚོགས།  རྣམ་གཞག་རིམ་པའི་ཊྰིཀྐ།  མགོན་པོའི་བསྙེན་བསྒྲུབ་ལས་གསུམ་སྟོན་པའི་དཔེ་རྣམས་ཀྱི་ལུང་དང་།  དགྲ་ནག  གཤེད་དམར།  དཔའ་ཅིག་གི་དབང་ལ་སོགས་པ་གསན།  དེའི་ཚེ་བླ་མ་རིན་པོ་ཆེ་འདིས།  པཎ་ཆེན་རིན་པོ་ཆེའི་སྐྱེ་བ་བརྒྱུད་རིམ་གྱི་རྣམ་ཐར་གསོལ་འདེབས་ཞུ་བའི་ཆེད་དུ།  དགེ་ལེགས་ཀུན་གྱི་དཔལ་གྱུར་མཁས་པ་མཆོག།  བློ་བཟང་བསྟན་ལ་རང་གཞན་དོན་གཉིས་གྲུབ།།  བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་སྒྲེང་མཁས་པ།།  ཞེས་སོགས་ཀྱི་ཡི་གེ་ཕུལ་བ་དང་།  བླ་མ་གཞན་རྣམས་ཀྱིས་ཀྱང་བསྐུལ་བ་ལ་བརྟེན་ནས།  ཐུབ་དབང་ཞབས་པད་མ་པཎ་ཆེན་རིན་པོ་ཆེ་རང་ཉིད་ཀྱིས་མཛད་དོ།། 

༧ཐུབ་དབང་ཞབས་པད་མ་ཞེས་པའི་གསོལ་འདེབས་བྱིན་རླབས་ཅན་དེ་ཉིད་ཆ་ཚང་བར་དགོད་ན་འདི་ལྟར། 

༄༅།།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།།  རྗེ་བཙུན་བླ་མ་བློ་བཟང་དོན་གྲུབ་ལ་སྐྱེས་རབས་ཀྱི་སྒོ་ནས་བསྟོད་པ།  བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ།།  ཐུབ་དབང་ཞབས་ཀྱི་པད་མོ་ལ་ཆགས་པའི།།  ལེགས་བཤད་སྤྲང་རྩིས་མྱོས་པའི་རྐང་དྲུག་པ།།  རྨད་བྱུང་རྟོགས་པའི་དབྱངས་སྙན་སྒྲོགས་པ་ཅན།།  ཐེག་མཆོག་ཉན་ཐོས་གྱུར་ལ་གསོལ་བ་འདེབས།།  ཀཻ་ལ་ཤས་མཛེས་ནོར་བུའི་ཕོ་བྲང་ཆེར།།  དཔལ་ལྡན་དང་པོའི་སངས་རྒྱས་རྩ་བའི་རྒྱུད།།  སླར་ཡང་སྡུད་མཛད་འཇམ་དབྱངས་ཞེས་གྲགས་པའི།།  རིགས་ལྡན་རིགས་ཀྱི་གཙོ་ལ་གསོལ་བ་འདེབས།།  གྲུབ་པའི་གོ་འཕང་མཐོན་པོར་གཤེགས་གྱུར་ཀྱང་།།  སྣ་ཚོགས་གདུལ་བྱའི་བསམ་པ་ཇི་བཞིན་དུ།།  ལེགས་ལྡན་རང་རྒྱུད་ཤིང་རྟའི་སྲོལ་འབྱེད་མཁན།།  ཀླུ་སྒྲུབ་སྲས་ཀྱི་མཆོག་ལ་གསོལ་བ་འདེབས།།  རྗེ་བཙུན་རྣལ་འབྱོར་མ་ཡིས་རྗེས་བཟུང་ནས།།  རྒྱུད་སྡེའི་དོན་ལ་ཐོགས་མེད་མཁྱེན་པ་རྒྱས།།  འཆད་རྩོད་རྩོམ་པས་ཐུབ་བསྟན་ཉིན་མོར་མཛད།།  འཇིགས་མེད་འབྱུང་གནས་ཞབས་ལ་གསོལ་བ་འདེབས།། དམ་ཆོས་འཛིན་པའི་སྨོན་ལམ་སྟོབས་རྒྱས་པའི།།  འཕགས་ཡུལ་མཁས་གྲུབ་དུ་མའི་ཞབས་བསྟེན་ཅིང་།།  འདུལ་བའི་ལམ་བཟང་ཕྱོགས་འདིར་གསལ་མཛད་པ།།  སྒྲ་སྒྱུར་དམ་པའི་ཞབས་ལ་གསོལ་བ་འདེབས།།  འཇམ་པའི་དབྱངས་ཀྱིས་དངོས་སུ་བྱིན་རླབས་པས།།  ཤེས་བྱ་ཀུན་ལ་ལྟ་བའི་རྣམ་དཔྱོད་ཀྱིས།།  རིག་གནས་རྒྱ་མཚོའི་མཐར་སོན་པཎྜི་ཏ།།  ཀུན་དགའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།།  གསང་སྔགས་རྙིང་མའི་གདམས་པ་བདུད་རྩིའི་ཆུས།།  སྐལ་བཟང་བྱས་པ་གྲུབ་པའི་ཡ་མཚན་གྱིས།།སྣང་སྲིད་ཟིལ་གནོན་དམ་ཅན་བྲན་དུ་འཁོལ།།  རྣལ་འབྱོར་དབང་ཕྱུག་ཞབས་ལ་གསོལ་བ་འདེབས།།  རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པའི།།  སྲས་ཀྱི་ཐུ་བོའི་ཚུལ་བཟུང་བསྟན་པའི་གཉེན།།  འཛམ་གླིང་མཁས་པའི་གཙུག་རྒྱན་དགེ་ལེགས་དཔལ།།  མཁས་གྲུབ་ཆེན་པོའི་ཞབས་ལ་གསོལ་བ་འདེབས།།  མདོ་རྒྱུད་ཀུན་ལ་མཁྱེན་པའི་ལུས་སྟོབས་རྒྱས།།  བསླབ་གསུམ་རིམ་གཉིས་གསེར་གྱི་དྲ་བ་མཛེས།།  རྣམ་དག་རིགས་པའི་མཆེ་མ་མངོན་མཐོ་བ།།  ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས།།  བློ་བཟང་དགོངས་དོན་བསམ་འཕེལ་དབང་གི་རྒྱལ།།  རྨད་བྱུང་སྒྲུབ་པའི་རྒྱལ་མཚན་རྩེར་མཆོད་པས།།  སྐུ་གསུམ་འདོད་དགུའི་ཆར་འབེབས་དབེན་ས་བ།།  གྲུབ་མཆོག་དམ་པའི་ཞབས་ལ་གསོལ་བ་འདེབས།།  དགེ་ལེགས་ཡོན་ཏན་མ་ལུས་འབྱུང་བའི་གནས།།  དྲི་མེད་བློ་བཟང་བསྟན་པའི་ཁང་བཟང་རྩེར།།  ཆོས་ཀྱི་རྒྱལ་མཚན་འཛིན་པའི་དཔལ་ཡོན་ཅན།།  དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།  དེ་ལྟར་བསྟོད་པའི་རྣམ་དཀར་དགེ་བའི་མཐུས།།  སྐྱེ་བ་ཀུན་ཏུ་དམ་པས་རྗེས་བཟུང་ནས།།  ཚུལ་བཞིན་བསྟན་པས་རྒྱལ་བའི་དམ་ཆོས་ཀུན།།  རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་པར་ཤོག།  འདིས་མཚོན་དགེ་བས་ཚེ་རབས་ཐམས་ཅད་དུ།།  ཐེག་མཆོག་དམ་པའི་མགོན་དང་མི་འབྲལ་ཞིང་།།  མཐའ་ཡས་རྒྱལ་བའི་ཆོས་ཚུལ་ཀུན་བཟུང་ནས།།  བསྟན་དང་འགྲོ་བའིདཔལ་དུ་བདག་གྱུར་ཅིག།  ཕན་བདེའི་དཔལ་གྱུར་བློ་བཟང་བསྟན་པའི་གཉེན།།  བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་འཛིན་པའི་མཆོག།  སྐལ་བཟང་གདུལ་བྱའི་དཔལ་དུ་ཞབས་བརྟན་ཅིང་།།  ཐུབ་བསྟན་རྒྱ་མཚོ་རྟག་ཏུ་རྒྱས་བྱེད་ཤོག།  དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི།།  མཁྱེན་བརྩེའི་བདག་ཉིད་བློ་བཟང་གྲགས་པའི་དཔལ།།  མགོན་དེའི་ཆོས་ཀྱི་རྒྱལ་མཚན་མངོན་མཐོ་བ།།  ལྷར་བཅས་འགྲོ་བའི་གཙུག་ན་བརྟན་གྱུར་ཅིག།  ཅེས་རྗེ་བཙུན་དམ་པ་གྲུབ་པའི་དབང་ཕྱུག་བློ་བཟང་དོན་གྲུབ་ཀྱི་སྐྱེ་རབས་དང་མཐུན་པར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ནི།  དགེ་བའི་བཤེས་གཉེན་སྣེ་སྣོད་འཛིན་པ་དུ་མས་བསྐུལ་བའི་ངོར་ཚད་མར་གྱུར་པ་ལས་ཐོས་པ་བཞིན་དུ་རྒྱལ་ཁམས་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས།  དབེན་ས་ཆོས་ཀྱི་ཕོ་བྲང་གི་གཙུག་ལག་ཁང་དུ་ཐོགས་མེད་དུ་སྨྲས་པའོ།།    

དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས།  པཎ་ཆེན་ཆོས་དཔལ་རྒྱ་མཚོ་པ་ལ་འཇམ་དབྱངས་གཙོ་འཁོར་ལྔ་པ་དང་།  ལྷ་མོ་སོགས་ཀྱི་རྗེས་གནང་མང་དུ་ཞུས།  སླར་དབུས་སུ་བྱོན་ནས།  དགེ་ལྡན་དུ་རྒྱུད་གྲྭར་ཞུགས་ཏེ་ཆོས་རྗེ་རྣམ་རྒྱལ་དཔལ་བཟང་པའི་སྤྱན་སྔར་འདུས་པའི་བསྐྱེད་རྫོགས་ལ་ཞིབ་ཏུ་སྦྱངས།  དགུན་ཆོས་དེ་ཙམ་མ་གཏོགས་རླུང་གི་བསྙུང་ནད་ཀྱི་སྟབས་ཀྱིས་རྒྱུན་དུ་ཡུན་རིང་བཞུགས་མ་ཐུབ་པར།  སླར་འབྲས་སྤུངས་སུ་ཕེབས།  སྔགས་པའི་སློབ་དཔོན་ནམ་མཁའ་བཟང་པོ་ལ།  བདེ་མཆོག་ལུས་དཀྱིལ།  ཕག་མོ་བཅུ་གསུམ།  འདུས་པ་འཇམ་རྡོར།  རྣམ་སྣང་མངོན་བྱང་སོགས་ཀྱི་དབང་དང་།  མཁའ་སྤྱོད་མ་དཀར་དམར་གྱི་རྗེས་གནང་སོགས་ཆོས་དཀའ་ཅི་རིགས་པ་གསན།  མཚམས་ཤིག་སྐྱིད་སླད་ཀྱི་རེ་དགོན་དུ་ཕེབས་ནས།  ལྷ་རིན་པོ་ཆེ་ལ།  མགོན་པོ་ཏྲཀྴད་དང་དུར་ཁྲོད་བདག་པོ་སོགས་ཀྱི་རྗེས་གནང་དང་།  ཁྱུང་པོ་མགུར་བརྒྱད་ཀྱི་གདམས་ངག་སོགས་ལུང་ཡང་མང་དུ་གསན་ཅིང་།  སྐྱེ་བརྟག་ཞུས་པས་བསླབ་གསུམ་ལྡན་པའི་མི་ལུས་ཐོབ་པར་ལུང་བསྟན།  ཡང་སྐབས་ཤིག་ཉིན་སྡེངས་སུ་ཕེབས་ནས།  སེམས་དཔའ་ཆེན་པོ་ངག་དབང་ཆོས་ཀྱི་རྒྱ་མཚོ་ལ།  དཔེ་ཆོས་རིན་སྤུངས།  ཧོར་སྟོན་པའི་བློ་སྦྱོང་སོགས་ཀྱི་ཆོས་བཀའ་མང་དུ་མནོས་ཤིང་ཐུགས་དམ་བརྟག་པ་མཛད་པས་ཡི་དམ་གྱི་ལྷ་འཇམ་དབྱངས་སུ་ལུང་བསྟན།  སླར་འབྲས་སྤུངས་སུ་ཕེབས།  འཇམ་དབྱངས་བློ་གྲོས་རྒྱ་མཚོ་ལ།  རིམ་ལྔ་གསལ་སྒྲོན་གྱི་ཞིབ་བཤད།  རིམ་ལྔའི་དམར་ཁྲིད།  འདུས་པའི་རྩ་རྒྱུད།  བདེ་མཆོག་འདོད་འཇོ།  རྫོགས་རིམ་རྣལ་འབྱོར་ཆེན་པོ་སོགས་ལུང་གི་རིམ་པ་དང་།  འཇམ་དཀར་སྒྲོལ་མ་དཀར་སྔོན།  ཨུ་ཙ་ར།  སྨྲེ་བརྩེགས་སོགས་ཀྱི་རྗེས་གནང་གི་བཀའ་དྲིན་ཡང་མང་དུ་ནོད་ཅིང་མདོ་སྔགས་ཀྱི་དཀའ་བའི་གནས་ལ་དྲིས་གཏུགས་ལེགས་པར་མཛད་པས་ཐུགས་མཆོག་ཏུ་རིངས་པར་བྱས།  དེའི་ཚེ་ས་གསུམ་མའི་བསྡུས་དོན་སོགས་རྩོམ་གྱི་ཕྲེང་བས་མཁས་པ་རྣམས་མཉེས་པར་མཛད།

དགུང་ལོ་སོ་གསུམ་བཞེས་པ་མཛེས་བྱེད་བྱ་བ་ཆུ་མོ་ཡོས་ཀྱི༼  ཕྱི་ལོ༡༦༠༣  ༽ལོ་ནས་བརྩམས་ཏེ་ཇི་སྲིད་ཞིང་གཞན་མ་གཤེགས་ཀྱི་བར་དུ།  ཉིན་རེ་བཞིན་འཆགས་མེད་ཀྱི་ཐུགས་དམ་གྱི་རིམ་པ་ལ།  ཡི་དམ་བཅུ་གསུམ་མའི་ཆོ་ག ཡིག་བརྒྱ་བརྒྱ་རྩ།  ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོས་དང་བཅས་པ།  གཏོར་མ་བརྒྱ་རྩ།  ཛམ་སེར་ནག་གི་ཆུ་སྦྱིན་དང་བཅས་པ།  ཕུང་བོ་གསུམ་པའི་མདོ།  ཡན་ལག་བདུན་པ་བརྒྱ་ཕྲག་དང་བཅས་པ།  ཆོས་ཞུས་ཀྱི་བླ་མ་རྣམས་ཀྱི་སྐུ་བསྟོད། མདོ་སྒྲོལ་རྩ་ཤེས་དང་བཅས་པ་རྣམས་ལ་རྩེ་གཅིག་ཏུ་གཞོལ་བས་ཉམས་རྟོགས་ཀྱང་ཆེས་ཆེར་འབར་རོ།།  ཁྱད་པར་དུ་ཐུན་དྲུག་རྣལ་འབྱོར་གྱི་སྒོ་ནས་སྡོམ་གསུམ་གྱི་ཉེས་ལྟུང་གིས་མ་གོས་པར་མཛད་ཅིང་།  བརྒྱ་ལ་གལ་སྲིད་གོས་ནའང་མྱུར་དུ་ཕྱིར་བཅོས་པའི་ཐབས་ལ་འབད་པ་དང་།  བླ་མའི་རྣལ་འབྱོར་ལམ་རིམ་གྱི་ཁྲིད་དང་བཅས་པ་ཐུགས་ཉམས་སུ་བསྟར་བས་རྗེས་ཐོབ་ཀྱི་བྱ་བ་ཅི་མཛད་ཀྱང་མཉམ་གཞག་གི་སྟོབས་ཀྱིས་དོན་དང་ལྡན་པ་ཡིན་ནོ།།  པཎ་ཆེན་རིན་པོ་ཆེ་དབུས་ཕྱོགས་སུ་ཕེབས་པའི་ཚེ་ཡང་ཆོས་བཀའ་མང་དུ་གསན་ཅིང་།  ཁྱད་པར་ཁམས་སུ་འབྱོན་ཁར་དུས་རྟག་ཏུ་ཐུགས་རྗེས་འཛིན་དགོས་ཚུལ་ཞུ་ཡིག་གི་ལམ་ནས་ཕུལ་བའི་ཚེ།  ལན་དུ་འདི་སྐད་གསུངས།  མཐའ་ཁོབ་མུན་གླིང་སྐྱེ་བའི་རྒྱར་ཆུད་ཀྱང་།།  དབུས་གཙང་དག་པའི་ཞིང་བགྲོད་དམ་པ་བསྟེན།།  ཟབ་མོའི་ལུང་དང་རྟོགས་པའི་བདག་ཉིད་དུ།།  བྱས་ཏེ་རང་ཡུལ་ལྡོག་པར་རིགས་པ་དེ།།  འཇིག་རྟེན་མིག་གྱུར་རིན་ཆེན་བཟང་པོ་སོགས།། བདེ་བར་ཁ་བ་ཅན་ལྗོངས་བགྲོད་པ་བཞིན།  ཡིད་གཅུག་མ་བུ་ཡུན་རིང་འབྲལ་མཐོང་ན།།  མ་སྨད་འཕྲེང་བཞིན་བསླབ་བྱ་བྱེད་པ་ལྟར།།  དགེ་བའི་མཛའ་བས་སྦྲེལ་བ་བདག་ཅག་གཉིས།། རྣམ་དཀར་སྔོན་ལས་དབང་གིས་འདིར་འབྲེལ་ཞིང་།།  འདིར་ཡང་བཟང་པོའི་གོམས་པ་བརྟན་བྱས་ཏེ།།  ཚེ་རབས་ཀུན་ཏུ་འབྲལ་མེད་ཆོས་སྤྱད་ནས།།  མཐར་ཐུག་ཆོས་ཀྱི་དབྱིངས་སུ་རྩེ་བར་སྨོན།།  ཞེས་སོགས་གསུངས།   

དགུང་ལོ་སོ་བཞི་བཞེས་པའི་ཤིང་ཕོ་འབྲུག༼  ཕྱི་ལོ༡༦༠༤  ༽ལ་རང་ཡུལ་དུ་ཕེབས།  ཡོན་བདག་གྲྭ་བུ་སློབ་དང་བཅས་པ་རྣམས་ལ་ཆོས་ཀྱི་ཆར་ཆེན་པོ་ཕབ།  དམར་སེར་བྱ་བ་མེ་སྦྲུལ༼  ཕྱི་ལོ༡༦༡༧  ༽ལ་ཤར་ཙོང་ཁའི་སྐུ་འབུམ་བྱམས་ཆེན་གླིང་གི་ཁྲི་ཐོག་ཏུ་ཕེབས།  བློ་གསལ་འདུས་པ་རྒྱ་མཚོའི་ཚོགས་ལ་བསྡུས་པ་དང་ཕར་ཕྱིན་གྱི་ཐལ་ཕྲེང་ལ་སོགས་པའི་ལེགས་བཤད་ཀྱི་དགའ་སྟོན་མང་དུ་འགྱེད་པར་མཛད་ཅིང་།  ཡོན་བདག་རྣམས་ལའང་གང་བཞེད་ཀྱི་ཆོས་ཀྱི་འབྲེལ་བ་བཞག 

དགུང་ལོ་ཞེ་དགུ་བཞེས་པའི་ས་མོ་ལུག་གི༼  ཕྱི་ལོ༡༦༡༩  ༽ལོ་ལ།  ས་སྐྱོང་མིའི་ཅོད་པན་རིགས་གནས་མཐར་སོན་པའི་པཎྚི་ཏ་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་སྡེ་བ་ཆོས་ཀྱི་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོའི་ཞལ་སྔ་ནས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་འཁྲུངས་ས་སྐུ་འབུམ་བྱམས་ཆེན་གླིང་དུ་ཕེབས།  གནས་དེའི་ཆོས་རྗེ་མཁས་གྲུབ་སྨྲ་བའི་ཉི་མ་ཀོའུ་བ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་བས་བཀའ་བཀོད་གནང་ནས་འདུས་བ་རྒྱ་མཚོའི་ཚོགས་ཀྱིས་སེར་སྤྲེངས་དང་རྟ་བསུ་སོགས་ཀྱིས་བསྙེན་བཀུར་བྱས། དང་པོ་རང་ནས་ཆོས་འབྲེལ་གྱི་ཐུགས་འདུན་མེད་པས་སྐུ་ཡོན་ཆེ་ཆུང་ལ་ཉམས་སད་མང་དུ་མཛད་པས་སྐུ་ཡོན་ལ་དད་པའི་སྤུ་ལོང་གཡོས་ཤིང་ཐུགས་རང་དབང་མེད་པར་འཕྲོག་ཏེ་ཞབས་པད་གུས་པས་གཙུག་ཏུ་བསྟེན།  གསང་འདུས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་དང་།  དྲུང་བ་ལྷ་བཙུན་པའི་གཏོར་མ་བརྒྱ་རྩ།  སྔགས་རིམ་ཆེན་མོ་སོགས་ཆོས་ཀྱི་བཀའ་དྲིན་མང་དུ་ཞུས། དེ་ནས་བཟུང་སྟེ་ལོ་རེ་བཞིན་རྒྱུན་མར་དམ་པའི་ཆོས་ཀྱི་བདུད་རྩི་མང་དུ་བཞེས་པས་ཐུགས་དད་ཀྱང་ཇེ་ཆེ་ཇེ་ཆེ་ལ་སོང་བས་ཞལ་ནས་ཀྱང་ཁོ་བོས་སྡེ་བ་ཆོས་རྗེ་དང་མ་མཇལ་གོང་བླ་མ་པཎ་ཆེན་རིན་པོ་ཆེ་དྲན་ཙམ་ན་མིག་ནས་མཆི་མ་འཁྲུགས་ཤིང་ཡིད་ལ་དད་པ་དབང་མེད་དུ་གཡོ་བ་ཡིན་པ་ལ།  ཆོས་རྗེ་རིན་པོ་ཆེ་དང་མཇལ་ནས་མཆི་མ་འཁྲུགས་ལུས་ཀྱི་བ་སྤུ་ལྡང་ཡིད་དབང་མེད་དུ་གཡོ་བར་འདུག་གསུངས།  གནས་དེར་རང་གི་ལོ་རྒྱུས་རིན་ཆེན་ཕྲེང་བ་དང་བསྟན་ཆོས་གཟེ་མ་ར་མགོ་སོགས་རྩོམ་པ་ཅི་རིགས་པ་མཛད།  སྐུ་འབུམ་གྱི་གདན་ས་ཡང་ལོ་བདུན་ཙམ་མཛད་དེ།  སླར་ཡང་རང་ཡུལ་དུ་ཕེབས་ནས་སྐར་མ་ཐང་དུ་བཞུགས།  དེའི་ཚེ་སྡེ་བ་ཆོས་ཀྱི་རྗེ་རང་ཡུལ་དུ་སྤྱན་དྲངས་ཏེ།  ཊྰིཀ་ཆེན་དགོངས་པ་རབ་གསལ་ལ་སོགས་པའི་ཆོས་བཀའ་ཡང་མང་དུ་གསན།  འབུལ་བ་ཞབས་ཏོག་གིས་ཀྱང་བསྙེན་བཀུར་ཆེར་མཛད་དོ།།  ཡང་སྡེ་བ་ཆོས་རྗེ་སྐྱེས་རིའི་གསེར་ཁང་རི་ཁྲོད་དུ་བཞུགས་པའི་ཚེ་སྤྱན་སྔར་བྱོན་ནས།  ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ།  རྟ་མགྲིན་ཡང་གསང་ཁྲོས་པ།  ཕྱག་རྡོར་འཁོར་ལོ་ཆེན་པོའི་དབང་སོགས་ཆོས་བཀའ་མང་དུ་གསན།

དགུང་ལོ་ང་བཞི་བ་རབ་བྱུང་བཅུ་བའི་ཤིང་བྱི༼  ཕྱི་ལོ༡༦༢༤  ༽ལོར་རེབ་གོང་རོང་བོར་ཕེབས།  རོང་བོ་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གསར་དུ་བཞེངས་པའི་འཇམ་དབྱངས་ཀུན་གཟིགས་མར་གྲགས་པའི་ལྷ་ཁང་རྟེན་དང་བརྟེན་པ་བཅས་ལ་སྤྱན་དབྱེ་ཆོ་ག་རྒྱས་པར་མཛད་པས་ཡེ་ཤེས་པ་མངོན་སུམ་དུ་ཞུགས་པའི་ཉམས་སྣང་དང་སྤྱན་ལྟས་ལེགས་པར་བྱུང་།  དེ་བཞིན་དུ་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་རྣམ་ཐར་དད་པའི་འདྲེན་བྱེད་ཅེས་བྱ་བ་ལས། ལྕགས་མོ་བྱ་ལ་ཀུན་གཟིགས་ལྷ་ཁང་གི། རྨང་བཏང་ལོ་བཞིའི་བར་དུ་ཆེར་འབད་པས།། ལྷ་ཁང་ལོགས་རིས་ལ་སོགས་གེགས་མེད་པར།། ལེགས་པར་གྲུབ་ནས་ཤིང་ཕོ་བྱི་བ་ཡི།། རྒྱལ་ཟླའི་བཅོ་ལྔ་བཀྲ་ཤིས་དོན་འགྲུབ་ཉིན།།  མདོ་རྒྱུད་ཀུན་མཁྱེན་ཆོས་ཀྱི་སྤྱན་ལྡན་པའི།། རྣལ་འབྱོར་དབང་ཕྱུག་ཆོས་ཀྱི་རྒྱ་མཚོ་ཡིས།། རབ་ཏུ་གནས་པ་ལུང་དང་མཐུན་པར་བསྒྲུབས།། ཞེས་གསུངས་པ་ལྟར་རོ།། མཁས་པའི་དབང་ཕྱུག་རོང་བོ་བིས་བ་མི་ཕམ་ཟླ་བས་མཛད་པའི་གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱི་འཁྲུངས་རབས་དང་འབྲེལ་བའི་རྣམ་ཐར་གསེར་གྱི་སྒོ་མང་ཞེས་པ་ལས།  དེ་ལྟར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལོ་བཞིའི་ཁོངས་སུ་རྫོགས་པར་གྲུབ་ནས་ཤིང་ཕོ་བྱི༼  ཕྱི་ལོ༡༦༢༤  ༽བའི་རྒྱལ་ཟླ་༡༢བའི་བཅོ་ལྔ་བཀྲ་ཤིས་དོན་གྲུབ་ཀྱི་ཉི་མ་ལ།  མདོ་རྒྱུད་རྒྱ་མཚོའི་ཕ་རོལ་དུ་སོན་པའི་པཎྚི་ཏ་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀུན་མཁྱེན་ཀོའུ་བ་ཆོས་ཀྱི་རྒྱ་མཚོའམ་མཚན་གཞན་འཇམ་དབྱངས་མངོན་པར་དགའ་བའི་སྡེས།  རྡོ་རྗེ་སློབ་དཔོན་མཛད་དེ།  ཁྲིམས་ལྡན་རིག་པ་འཛིན་པའི་འཁོར་གྱི་ཚོགས་དང་བཅས་སྤྱན་དབྱེ་རབ་གནས་རྒྱས་པ་ལུང་དང་མཐུན་པར་བསྒྲུབས།  ཞེས་གསུངས་སོ།།  དབེན་པ་ལ་ཐུགས་མཆོག་ཏུ་སྤྲོ་བའི་དབང་གིས་འ་ཆུང་གནམ་རྫོང་།  རྒོད་པོ་རྫོང་།  བྲག་དཀར་རི་ཁྲོད་སོགས་སུ་ཐུགས་དམ་གྱི་རིམ་པ་ལ་ཆེས་ཆེར་གཞོལ།  ཁྱད་པར་དུ་དབེན་གནས་ལྷུན་གྲུབ་ཆོས་རྫོང་གི་གཞི་བཏིང་སྟེ།  ཟ་བྱེད་མེ་སྟག་གི་ལོ་ཚུན་ཆད་ཕལ་ཆེར་གནས་དར་བཞུགས་ཤིང་།  སྐབས་འགར་དགོན་པར་དུ་ཕེབས་ནས་ཀྱང་།  དབང་རྗེས་གནང་།  གསང་འཇིགས་ཀྱི་བསྐྱེད་རྫོགས་རིམ་གྱི་བརྩི་གཞག་གི་སྤྱི་ཆོས་སོགས་གང་ལ་གང་ཕན་མཛད་དོ།།

དགུང་ལོ་ང་དྲུག་པ་ཟད་པ་མེ་སྟག༼  ཕྱི་ལོ༡༦༢༦  ༽ལོའི་དབྱར་དུས་གྲུབ་ཆེན་ཆོས་པ་རིན་པོ་ཆེས་དབེན་གནས་བཀྲ་ཤིས་འཁྱིལ་དུ་གདན་དྲངས།  སྐབས་དེར་དབེན་དགོན་བཀྲ་ཤིས་འཁྱིལ་དུ་སྒྲུབ་ཁང་ཙམ་ལས་མེད་ཀྱང་དེར་བཞུགས་གནས་ཀྱིས་མཐིལ་བགྱིས་ཏེ།  གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དང་།  མཁས་གྲུབ་ཆེན་པོ་ཤར་སྐལ་ལྡན་རྒྱ་མཚོ།  ཨ་མགྲོན་མཁས་བཙུན་རྒྱ་མཚོ།  གཡུ་རྔོག་བསམ་གཏན་རྒྱ་མཚོ་སོགས་དྲང་སྲོང་གསེར་གྱི་རི་བོ་ལྟ་བུ་འདུས་པ་ལ།  དཔལ་གསང་བ་འདུས་པའི་དབང་བཞི་ཡོངས་རྫོགས་།  འཇིགས་བྱེད་ལྷ་བཅུ་གསུམ་མ་དང་།  འཇིགས་བྱེད་དཔའ་གཅིག་གཉིས་ཀྱི་དབང་།  གསང་འདུས་འཇམ་རྡོར་དང་རྡོ་རྗེ་ཕག་མོ་ལྷ་བཅུ་གསུམ་མའི་དབང་།  ཀུན་རིག་དང་ཚེ་དཔག་མེ་ལྷ་དགུ་མ་གཉིས་ཀྱི་དབང་།  བཀའ་གདམས་ལྷ་བཞི་དང་།  སྒྲུབ་ཐབས་རྒྱ་མཚོ།  སྒྲུབ་ཐབས་བརྒྱ་རྩ།  སྣར་ཐང་བརྒྱ་རྩ་སོགས་ནས་འབྱུང་བའི་ལྷ་ཚོགས་རྣམས་ཀྱི་རྗེས་གནང་བརྒྱ་ཕྲག་མང་པོ།  གསང་བདེ་འཇིགས་གསུམ་སོགས་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད་དང་ལུང་།  བྱང་ཆུབ་ལམ་རིམ་ཆེ་ཆུང་གཉིས་ཀྱི་ལུང་དང་ཁྲིད་བཤད་ལུང་དང་བཅས་པ།  རྣམ་ཐར་དད་པའི་འཇུག་ངོགས་དང་རྩ་བ་ཤེས་རབ་གཉིས་ཀྱི་ལུང་།  རྣམ་བཤད་སྙིང་པོ་རྒྱན་དང་དབུ་མ་འཇུག་པའི་ཊྰིཀ་ཆེན་དགོངས་པ་རབ་གསལ།  བདེ་མཆོག་ལཱུ་དྲིལ་གཉིས།  བློ་སྦྱོང་དོན་བདུན་མའི་ཁྲིད་སོགས་བློ་སྦྱོང་གི་སྐོར་འགའ།  གསང་འདུས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་སོགས་གཞུང་ཆེན་དུ་མའི་ལུང་བཤད་པ་དང་ཁྲིད་ཀྱི་སྐོར་བཅས་ཐུགས་ལ་གང་འདོད་ཀྱི་ཟབ་ཆོས་འདོད་དགུ་བསྩལ།  གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་མཛད་པའི་རྗེ་བཙུན་ཆོས་པ་རིན་པོ་ཆེའི་རྣམ་ཐར་དད་པའི་འདྲེན་བྱེད་ཅེས་བྱ་བ་ལས།  མེ་ཕོ་སྟག་ལོ་ཡོངས་རྫོགས་པཎྜི་ཏ།།  ཀུན་མཁྱེན་ཆོས་ཀྱི་རྒྱ་མཚོ་བྱ་བ་འམ།།  མཚན་གཞན་འཇམ་དབྱངས་མངོན་པར་དགའ་བའི་སྡེས།།  གསང་འདུས་འཇིགས་བྱེད་དཔའ་གཅིག་བཅུ་གསུམ་མ།།  ཀུན་མཆོག་དབང་དང་རྗེས་གནང་དུ་མ་དང་།།  རྩ་ཤེས་རྣམ་ཐར་དད་པའི་འཇུག་ངོགས་སོགས།། ཐུགས་ལ་གང་འདོད་དམ་ཆོས་བཀའ་དྲིན་བསྐྱངས།།  ཞེས་གསུངས་པ་དང་།  ཨ་ཁྱུང་འཇམ་དབྱངས་བསྟན་འཛིན་དབང་རྒྱལ་གྱིས་མཛད་པའི་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་མགུར་མ་ཐུགས་རྗེ་ཆར་སྤྲིན་བསྐུལ་བའི་དཔྱིད་ཀྱི་ཕོ་ཉ་ཞེས་བྱ་བ་ལས།  རྗེ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་བ།།  གནས་བཀྲ་ཤིས་འཁྱིལ་དུ་སྤྱན་དྲངས་ཏེ།།  ལྷ་གསང་འཇིགས་ཀུན་རིག་ཚེ་དཔག་སོགས།།  དབང་ཁྲིད་ལུང་སྒྲུབ་ཐབས་བརྒྱ་རྒྱམ་གཉིས།།  དཔལ་སྣར་ཐང་བརྒྱ་རྩའི་རྗེས་གནང་དང་།།  གཞན་ལམ་རིམ་ཆེ་ཆུང་རྩ་འཇུག་སོགས།།  གཞུང་ཆེན་མོ་དུ་མའི་གཟབ་བཤད་གསན།།  ཞེས་གསུངས་སོ།།  ཡང་སྡེ་བ་ཆོས་རྗེ་བྱ་ཁྱུང་བྲག་དང་རྒྱ་རི་ཆགས་སུ་ཕེབས་པའི་ཚེ་སྤྱན་སྔར་བྱོན་ནས།  བདེ་མཆོག  དུས་འཁོར།  སྔགས་རིམ་ཆེན་མོའི་ལུང་།  གདུགས་དཀར་སོགས་ཀྱི་དབང་རྗེས་གནང་ལུང་མན་ངག་མང་དུ་ཞུས།  རབ་བྱུང་བྱ་བ་ས་ཕོ་འབྲུག་གི༼  ཕྱི་ལོ༡༦༢༨  ༽ལོ་ལ་རེབ་གོང་དུ་བྱོན་ནས།  བདག་གི་བླ་མ་བཀའ་དྲིན་འཁོར་མེད་རྣལ་འབྱོར་གྱི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ཐོག་དྲངས་སྐྱ་སེར་དད་འདུན་ཅན་ཐམས་ཅད་ལ་ཐུགས་ལ་གང་བབ་ཀྱི་ཆོས་ཀྱི་བདུད་རྩིའི་ཆར་གྱིས་ཚིམ་པར་བྱས།  ཐམས་ཅད་ཀྱིས་ཅི་འབྱོར་གྱི་བསྙེན་བཀུར་གྱིས་ཡང་དག་པར་མཆོད།     

དགུང་ལོ་ང་དགུ་བ་དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི༼  ཕྱི་ལོ༡༦༢༩  ༽ལོར་སྐུ་འབུམ་ཆོས་སྡེར་ཕེབས།  སྐྱིད་ཤོད་སྡེ་བ་ཆོས་རྗེ་རིན་པོ་ཆེའི་སྤྱན་སྔར་ནག་པ་ཟླ་བའི་ཡར་ཚེས་ནས་མགོ་བརྩམས་ཏེ།  ཀོའུ་བ་ཆོས་ཀྱི་རྒྱ་མཚོ་བ་དང་།  སློབ་དཔོན་པ་ཤེས་རབ་སེང་གེ  ཆོས་རྗེ་ཤེས་རབ་དཔལ་བཟང་།  ཆོས་རྗེ་དངོས་གྲུབ་རྒྱ་མཚོ་སོགས་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་།  ཟི་ན་ནང་སོ་སོགས་སྦྱིན་བདག་རྣམས་ཀྱི་གཙོས་འདུས་པ་རྒྱ་མཚོའི་ཚོགས་བརྒྱ་ཕྲག་ལྔ་དྲུག་ཙམ་དང་ལྷན་དུ་རྡོ་རྗེ་ཕྲེང་བའི་དབང་དམ་པ་བར་མ་ཆད་པའི་ཕྱག་ལེན་དང་ཞལ་ཤེས་ཀྱིས་གདམས་པས་བརྒྱན་པ་ལེགས་པར་གསན།  དབང་དོན་རྣམས་རྒྱུད་དང་གྲུབ་ཆེན་གྱི་དགོངས་བ་བཞིན་ཞིབ་ཏུ་བཤད་པས་དེར་འཚོགས་པའི་མཁས་པ་མཐའ་དག་གི་ཡིད་རང་དབང་མེད་པར་འཕྲོགས་ནས་ཡིད་ཀྱི་ཆུ་མཚོར་དད་པའི་རྦ་རླབས་ཆེས་ཆེར་གཡོས་སོ།།  ཞེས་དང་།  དབང་རྣམས་གྲུབ་འཕྲལ་དུ་དེར་འཚོགས་པ་མཐའ་དག་དང་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོ་སོགས་གསར་དུ་ཡང་ཆོས་ཉན་པ་མང་དུ་ལྷགས་པ་རྣམས་ལ་འཇམ་དཔལ་མཚན་བརྗོད།  དུས་འཁོར་བསྡུས་རྒྱུད།  ལམ་རིམ་གྱི་ཁྲིད།  འཇིགས་བྱེད་རྫོགས་རིམ་གྱི་ཁྲིད།  ལྟ་ཁྲིད།  ཐུན་དྲུག་བླ་མའི་རྣལ་འབྱོར།  བློ་སྦྱོང་ཆོས་ཀྱི་སྒོ་འབྱེད།  ཐོག་མའི་བློ་སྦྱོང་།  རིམ་ལྔ་གསལ་སྒྲོན་སོགས་ལུང་གི་རིམ་པ་དང་།  ཚེ་དཔག་མེད་དང་ཀུན་རིག་གཉིས་ཀྱི་དབང་།  དྲགས་རིམ་འགའ་ཞིག་ལ་ནང་དུ་སྒྲོལ་མ་ཉི་ཤུ་གཅིག་གི་རྗེས་གནང་སོགས་གནང་བ་གསན་བཞེས་མཛད། 

དགུང་ལོ་རེ་གསུམ་པ་དཔལ་གདོང་ཞེས་པ་ཆུ་བྱ༼  ཕྱི་ལོ༡༦༣༣  ༽ལོའི་ཟླ་བ་གཉིས་པར་བྲག་བྱ་ཁྱུང་དུ་ཕེབས་ཏེ་སྐྱིད་ཤོད་སྡེ་བ་ཆོས་རྗེ་ཚང་དང་མཇལ་འཛོམས་གནང་། རོང་བོ་གྲུབ་ཆེན་ཆོས་པ་ཡབ་སྲས་ཀྱིས་རོང་བོ་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན།  གསེར་འབུམ་ཆེན་མོ་སོགས་ལ་རབ་གནས་མཛད་ཕྱིར་སྐྱིད་ཤོད་སྡེ་བ་ཆོས་རྗེ་རིན་པོ་ཆེ་སྤྱན་འདྲེན་པར་མངགས་ཀྱང་ཞལ་བཞེས་གསལ་བོ་མ་བྱུང་སྟབས།  དེ་དུས་སླར་ཡང་རོང་བོ་གཉེར་བ་རྒྱལ་མཚན་སོགས་གདན་ཞུས་བསྐྱར་མ་མངགས་བྱུང་བ་ལ།  ཀོའུ་བ་ཆོས་ཀྱི་རྒྱ་མཚོས་མགོ་འདྲེན་དང་ངོ་ཆེན་ཞུས་ཏེ་གཉེར་བ་རྒྱལ་མཚན་སོགས་གདན་འདྲེན་པ་རྣམས་ཀྱིས་ཀྱང་ནན་ཞུས་ལ་བརྟེན་ནས་གསུམ་པའི་ཡར་ཚེས་ལ་བྱ་ཁྱུང་ནས་གདན་བཏེགས།  ཀོའུ་བ་ཆོས་ཀྱི་རྒྱ་མཚོས་སྐྱིད་ཤོད་སྡེ་བ་ཞབས་དྲུང་རིན་པོ་ཆེར་ཞབས་འབྲིང་མཛད་ནས་གསུམ་པའི་ཚེས་བརྒྱད་ལ་རོང་བོ་ཡར་ནང་གི་ཆོས་སྡེར་ཕེབས།  རེབ་གོང་གི་རྒྱ་བོད་མཐའ་དག་གིས་བསང་དང་རྟ་བསུ་སེར་སྤྲེངས་སོགས་ཞབས་ཏོག་རྒྱ་ཆེར་བསྒྲུབས།  སྐྱིད་ཤོད་སྡེ་བ་ཡབ་སྲས་གཉིས་ཀྱིས་རྒྱལ་བ་ཀུན་གཟིགས་ཀྱི་གཙུག་ལག་ཁང་དུ་རྟེན་གསར་རྙིང་དུ་མ་དང་།  དབོན་པོ་འཇམ་དབྱངས་ཀྱིས་བཞེངས་པའི་གསེར་འབུམ་ཆེན་མོ་སོགས་ལ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒོ་ནས་རབ་ཏུ་གནས་པ་རྒྱས་པའི་སྦྱིན་སྲེག་དང་བཅས་གནང་།  སྐྱིད་ཤོད་སྡེ་བ་ཆོས་རྗེ་རིན་པོ་ཆེའི་དྲུང་དུ་ཀོའུ་བ་ཆོས་ཀྱི་རྒྱ་མཚོས་སྐལ་ལྡན་གྱི་གདུལ་བྱ་མང་པོ་དང་ལྷན་དུ་འབྲོང་རྩེ་ལྷ་བཙུན་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད། འཇིགས་བྱེད་བསྐྱེད་རིམ་རྫོགས་རིམ་གྱི་ཁྲིད། པཎ་ཆེན་རིན་པོ་ཆེའི་བདེ་བསང་གི་བསྐྱེད་རིམ། འཇིགས་བྱེད་དཔའ་གཅིག ཐུགས་རྗེ་ཆེན་པོ་གསང་སྒྲུབ་རྒྱལ་བ་རྒྱ་མཚོའི་དབང་། བདེ་མཆོག་ལཱུ་དྲིལ་གཉིས་ཀྱི་དབང་། བྱ་རྒྱུད་ལུགས་ཀྱི་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དབང་། བྱམས་པ་འཇམ་དབྱངས་རྟ་མགྲིན་རྣམ་འཇོམས་སོགས་ཀྱི་རྗེས་གནང་དང་། ཆོས་སྐྱོང་དུ་མའི་རྗེས་གནང་། ཚེམ་བུ་དམར་ཁྲིད་ཀྱི་ཁྲིད། འཇིགས་བྱེད་སྒྲུབ་ཐབས་ཟ་མ་ཏོག རྗེ་གསུང་ཐོར་བུ། སྐྱིད་ཤོད་སྡེ་བ་ཆོས་རྗེ་རང་ཉིད་ཀྱི་གསུང་རྩོམ་མང་པོའི་ལུང་སོགས་ཆོས་བཀའ་ཟབ་མོ་མང་དུ་གསན། དེ་ནས་གྲུབ་ཆེན་ཆོས་པ་རིན་པོ་ཆེས་བཀས་བསྐུལ་ནས་རེབ་གོང་གི་མཁར་རྩེ་དྲུང་པ་སོགས་དགོན་མཐའ་དག་དང་།  རྒྱ་བོད་ཐམས་ཅད་ཀྱིས་དངོས་འབུལ་སྤམ་མཐོར་བཏེགས་སྟེ་ཡབ་སྲས་གཉིས་ཀར་སྐྱེལ་ཐུང་མཛད་དོ།།  ཨ་ཁྱུང་འཇམ་དབྱངས་བསྟན་འཛིན་དབང་རྒྱལ་གྱིས་མཛད་པའི་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་མགུར་མ་ལས།  ལོ་ཉེར་བདུན་བཞེས་པའི་ཆུ་བྱ་ལ།།  རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་དང་།།  ཁོང་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་གཉིས།།  དགོན་ཐོས་བསམ་གླིང་དུ་སྤྱན་དྲངས་ཏེ།།  རྟེན་ཀུན་གཟིགས་ལྷ་ཁང་གསེར་ཡུམ་སོགས།།  དཔལ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒོས།།  ལྷ་དམ་ཡེ་གཉིས་མེད་རབ་གནས་མཛད།། ཞེས་གསུངས་པ་ལྟར་རོ།།  མཁས་གྲུབ་ཆེན་པོ་ཤར་སྐལ་ལྡན་རྒྱ་མཚོའི་གསུམ་འབུམ་དང་མགུར་འབུམ་རྣམས་སུ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་བ་ནི་ཁོང་གི་བཀའ་དྲིན་ཆེ་ཤོས་ཀྱི་བླ་མར་ངོས་འཛིན་མཛད་དེ་བསྟོད་ཚིགས་དང་འབྲེལ་པའི་མགུར་དབྱངས་མང་དུ་མཛད།  དཔེར་ན།  ཕ་ཀུན་མཁྱེན་ཆོས་ཀྱི་རྒྱ་མཚོ་ལ།།  དཔལ་གསང་འདུས་འཇིགས་བྱེད་ཀུན་རིག་སོགས།།  དབང་རྗེས་གནང་མན་ངག་གང་འདོད་ཞུས།།  ཞེས་དང་།  རྒྱུད་རིག་པ་འཛིན་པའི་ཆོས་གྲྭ་རུ།།  སྔགས་ཟབ་མོའི་སློབ་གཉེར་མ་བྱས་ཀྱང་།།  དཔལ་བསྟན་འཛིན་བློ་བཟང་ཡབ་སྲས་ཀྱིས།།  ཆོས་རྡོ་རྗེ་ཐེག་པའི་སྒོར་བཅུག་ནས།།  ལམ་རིམ་གཉིས་ཀྱི་གནད་དོན་གསུངས་པ་ལས།།  སྤྱིར་རྒྱུད་སྡེ་བཞི་ཡི་གོ་བ་ཆགས།།  སྒོས་བླ་མེད་ཕྱོགས་ལ་བློ་གྲོས་རྒྱས།།  དབང་རྗེས་གནང་དང་ཟབ་ཁྲིད་སྙན་བརྒྱུད་ཀྱིས།། རྒྱུད་དད་ལྡན་གྱི་འགྲོ་ལ་ཕན་པ་བསྒྲུབས།།  ལུང་སྡེ་སྣོད་གསུམ་གྱི་བཤད་ཉན་དང་།།  ཁྲིམས་རྣམ་དག་གི་བསྲུང་མཚམས་ལ་སོགས་ཀྱིས།།  ཡུལ་མཐའ་འཁོབ་མུན་པའི་སྨག་རུམ་འདིར།།  མགོན་སངས་ཀྱི་བསྟན་པའི་སྲོལ་ཆེན་བཏོད།།  ཞེས་བཀའ་བསྩལ་ཏེ།  འདིའི་གསུང་ཟུར་གྱི་སྲས་ནི་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ལ་ངོས་འཛིན་དགོས་ཤིང་།  ཀོའུ་བ་ཆོས་ཀྱི་རྒྱ་མཚོ་བ་ལས་སྔགས་ཀྱི་བཤད་པ་ཐོར་བུ་རེ་མང་དུ་གསན་པས་སྔགས་ཀྱི་གསུང་རྩོམ་འགར།  ཕྱོགས་འདི་ལ་ཞིབ་ཏུ་མ་སྦྱངས་ཀྱང་རྡོ་རྗེ་འཆང་ཆོས་ཀྱི་རྒྱ་མཚོའི་བཀའ་དྲིན་ལས་གོ་བ་ཆགས་ཚུལ་གསུངས་སྣང་ངོ་།།  སྔོན་ཡང་ཡང་དབང་ལུང་རྗེས་གསུམ་གྱིས།།  ཐུགས་བརྩེ་བས་བུ་བཞིན་བསྐྱངས་བའི་མགོན།།  ཕ་བསྟན་འཛིན་བློ་བཟང་རྒྱ་མཚོ་དང་།།  རྗེ་ཆོས་ཀྱི་རྒྱ་མཚོ་ཡབ་སྲས་དྲན།།  སྐྱབས་ཟླ་མེད་ཁྱེད་གཉིས་བཀའ་དྲིན་ལས།།  སྤྱིར་བྱང་ཕྱོགས་མདོ་སྨད་ས་ཕྱོགས་སུ།།  རྒྱུད་དད་བརྩོན་ལྡན་པའི་བློ་གསལ་རྣམས།།  སེམས་དགེ་བའི་ཕྱོགས་སུ་ལེགས་པར་ཁྲིད།།  སྒོས་དལ་འབྱོར་སྟོང་ཟད་བྱེད་པ་བདག།  ཆོས་ཁུངས་བཙུན་ཟབ་རྒྱས་གདམས་ངག་གིས།།  ཡིད་དམུ་རྒོད་འདུལ་ཚུལ་ཤེས་པ་འདིས།།  དྲིན་ཡང་ཡང་དྲན་ནོ་ཡབ་སྲས་གཉིས།།  ཞེས་དང་།  རྗེ་བཀའ་དྲིན་གསུམ་ལྡན་ཐམས་ཅད་མཁྱེན།།  ཕ་བསྟན་འཛིན་བློ་བཟང་རྒྱ་མཚོ་དང་།།  མགོན་ཆོས་ཀྱི་རྒྱ་མཚོ་ཞབས་པད་ལ།།  བདག་སྙིང་ནས་འདུད་དོ་ཐུགས་རྗེས་སྐྱོངས།།  ཞེས་དང་།  རྡོ་རྗེ་འཆང་དང་དབྱེར་མེད།།  བསྟན་འཛིན་བློ་བཟང་རྒྱ་མཚོ།།  དེ་སྲས་ཆོས་ཀྱི་རྒྱ་མཚོ།།  དྲིན་ལ་འཁོར་ཐབས་མ་མཆིས།།  ཁུངས་བཙུན་དབང་ལུང་རྗེས་གནང་།།  ཡིད་ལ་གང་འདོད་ཞུས་པས།། ལྷ་དང་ཆོས་སྐྱོང་གང་འདོད།།  གདམ་ཀ་རང་ལ་བྱུང་ངོ་།།  ཞེས་དང་།  བླ་མ་སྡེ་བ་ཞབས་དྲུང་དང་།།  རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་དང་།།  དྲིནཅན་བློ་བཟང་བསྟན་རྒྱན་ལ།།  བྱང་ཆུབ་བར་དུ་སྐྱབས་སུ་འཛིན།།  ཞེས་དང་།  དཔེས་མཚོན་མེད་བརྗོད་བྲལ་ཕྱག་རྒྱ་ཆེ།།  གཤིས་ཀུན་ཁྱབ་སེམས་ཀྱི་རྡོ་རྗེའི་དབྱིངས།།  དོན་སྙིང་བོ་རྗེན་ཅེར་གཟིགས་པ་ཡི།།  མགོན་ཆོས་ཀྱི་རྒྱ་མཚོའི་ཞབས་ལ་འདུད།།  ཅེས་བླ་མའི་སྐུ་ཡོན་ལ་ཐུགས་དད་གཞན་འགྲན་མེད་པ་འཁྲུངས་པས་བསྔགས་བརྗོད་མང་དུ་མཛད་དོ།། སྡེ་བ་ཆོས་རྗེ་རོང་བོར་བྱོན་པའི་ཚེ།  རང་གནས་ཆོས་རྫོངས་སུ་སྤྱན་དྲངས་པའི་ཚེ་ཡང་།  གསང་བདེ་མི་འཁྲུགས་པའི་དབང་གིས་མཚན་པའི་དབང་རྗེས་གནང་ལུང་མན་ངག་གི་ནོར་བུས་ཐུགས་ཀྱི་བང་མཛོད་ཡོངས་སུ་གང་བར་བྱས་སོ།།  དེ་ལྟར་བཀའ་དྲིན་ལྷག་པར་ཆེ་བ་དང་།  འཕྲལ་གྱི་ཀུན་སྤྱོད་རྣམ་ཐར་མཛད་པ་བཟང་པོས་ཀྱང་ཐུགས་རབ་ཏུ་འཕྲོགས་ཏེ།  ཁོ་བོས་སྔོན་གྱི་ཚེ།  བླ་མ་པཎ་ཆེན་རིན་པོ་ཆེའི་མཚན་ཐོས་པ་ཙམ་གྱིས་མིག་ནས་མཆི་མ་འཁྲུག།  ལུས་ཀྱི་བ་སྤུ་གཡོ་བ་ལ།  སྡེ་བ་ཞབས་དྲུང་ཆོས་རྗེ་དང་མཇལ་ཕྱིན་ཆད་སྔར་གྱི་དད་པ་དེ་གནས་འཕོས་ནས།  སྡེ་བ་ཆོས་རྗེའི་ཡིད་ལ་དྲན་པ་དང་།  མཚན་ཐོས་པའི་མོད་ལ།  མིག་ནས་མཆི་མ་འཁྲུག  ལུས་ཀྱི་བ་སྤུ་གཡོ།  སེམས་མཇལ་འདོད་ཀྱི་འདུན་པས་ཚུགས་ཐབས་མེད་པ་ཞིག་རྒྱུན་དུ་བྱུང་གསུང་།  ལོ་དེའི་སྟོན་དུས་འཕྲལ་གྱི་གྲིབ་ཀྱི་རྐྱེན་གྱིས་སྤྱན་ཅུང་ཟད་བསྙུང་བའི་ཚུལ་བསྟན།  དེའི་ཚེ་གྲྭ་བུ་སློབ་རྣམས་ཀྱིས་སྐུ་རིམ་གང་དྲག་ལ་འབད་ཅིང་།  ཁྱད་པར་སྡེ་བ་ཆོས་རྗེ་སྤྱན་དྲངས་ནས།  ཀུན་མཆོག་གི་དབང་།  ཚེ་དཔག་སྒྲུབ་རྒྱལ་མའི་རྗེས་གནང་བརྒྱ་རྩ་སོགས་བར་ཆད་བཟློག་པའི་དབང་རྗེས་གནང་།  ལུང་མན་ངག་བསམ་གྱིས་མི་ཁྱབ་པ་ཞུས།

དེ་ནས་དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་དངོས་བོ་བྱ་བ་ཤིང་མོ་ཕག་གི༼  ཕྱི་ལོ༡༦༣༥  ༽ལོ་ལ།  དགོས་པའི་གཙོ་བོ་ཤར་ཙོང་ཁ་དེ་ཉིད།  རྗེ་ཙོང་ཁ་པས་བྱིན་གྱིས་བརླབས་པའི་སྤྲུལ་བའི་གནས་ཆེན་ཡིན་པས།  སྐུ་ཚེ་མཛད་པ་བཏུལ་འདོད་པ་ཡིན་པ་ལ།  འཕྲལ་དུ་དབུས་སྨན་བཟང་པོ་ཅིག་དེར་ཡོད་འདུག་པས་སྤྱན་གྱི་བསྙུང་ནད་བཅས་པ་ལ་དེར་འགྲོ་གསུང་ནས།  ཧོར་ཟླ་དང་པོ་ལ་ལྷུན་གྲུབ་ཆོས་རྫོང་ནས་གདན་བཏེགས།  ཙོང་ཁའི་སའི་ཆ་ཨར་རྩེ་བྱ་བར་ཕྱག་ཕེབས།  སྨན་པ་ལ་ཕྱག་རྩ་སྟོན་པ་ཙམ་མིན་པར་ཉིན་མཚན་ཁོར་ཡུག་ཏུ་ཐུགས་དམ་ལ་ཆེར་གཞོལ།  དེའི་ཚེ་སྐུ་ཁམས་ནི་ཉིན་རེ་བཞིན་ཇེ་ཞན་དུ་སོང་ཡང་ཐུགས་དམ་སྔར་ཅི་མཛད་རྣམས་ལ་བརྩོན་འགྲུས་ནི་ལྷོད་པ་ནམ་ཡང་མེད་དོ།།  དེའི་ཚེ་སྐུ་འབུམ་ཆོས་སྡེ་དང་ཐག་ཉེའི་སྡེ་རྣམས་ནས།  བླ་མ་བཀའ་རབ་འབྱམས་གྲྭ་བུ་སློབ་ཡོན་བདག་དད་ཅན་རྣམས་ཞལ་གྱི་ཐ་མ་བལྟ་བ་ལ་འཚོགས།  དེའི་ཚེ་བཀའ་རབ་འབྱམས་པ་འགའ་ཞིག་གིས།  སྐུ་སྐྱེ་འབྱོན་པར་གསོལ་བ་བཏབ་པའི་ཚེ།  ལན་ཅི་ཡང་མ་གསུངས་པར་བཞད་པ་ཅིག་མཛད།  དེའི་ཚེ་ཉེ་འཁོར་རྣམས་ལ་ཁོ་བོས་སྡེ་བ་ཆོས་རྗེའི་དྲུང་དུ་ཡིད་ལ་གང་འདོད་ཀྱི་དབང་རྗེས་གནང་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་ཞིག་ཉན་ནའང་།  ད་དུང་གསུང་ལྷང་ལྷང་བ་ཞིག་རྣ་ལམ་འདིར་གྲགས་པ་ཅིག་འདོད་པས་ཁྱེད་རྣམས་ཀྱི་ཡིད་ལ་ཞོག་གསུངས།  དེའི་ཚེ་སྡེ་བ་ཆོས་རྗེ་སྤྱན་དྲངས་པ་ལ།  དེ་མ་ཐག་ཏུ་ཕེབས་བསྲེ་འཕོའི་གསལ་འདེབས་མཛད།  དེ་ནས་ཧོར་ཟླ་གསུམ་པའི་ཉི་ཤུ་ལྔ་ལ།  བཞུགས་གདན་གྱི་སྟེང་དུ་སེང་གེའི་ཉལ་ཐབས་ཀྱིས་བཞུགས་ནས་ཞི་བའི་དབྱིངས་སུ་གཤེགས་སོ།།  སྐུ་གདུང་སྐུ་འབུམ་པ་རྣམས་ཀྱིས་སྐུ་འབུམ་དང་།  ཨར་རྩེ་པ་རྣམས་ཀྱིས་ཨར་རྩེ་རང་དུ་བཞུ་བར་འདོད་ནའང་།  ཡུལ་གྱི་གྲྭ་བུ་སློབ་རྣམས་ཀྱིས་ཁྱོགས་ལ་བཏེགས་ནས་དགོན་རང་དུ་སྤྱན་དྲངས་ཏེ།  ཞུགས་ལ་སྦྱང་པས་དུང་དཀར་གཡས་འཁྱིལ་ཡུངས་འབྲུ་ཙམ་ཤིན་ཏུ་གསལ་བ་ཅིག་བྱོན།།  དེ་ལྟར་བླ་མའི་ཡོན་ཏན་འོ་མའི་མཚོར།།  རྣམ་དཔྱོད་ངང་མོས་བླངས་པའི་བདུད་རྩིའི་བཅུད།།  གང་འདི་ལོག་རྟོག་ཟུག་རྔུ་འབྱིན་པ་ལ།།  བླ་ན་མེད་པའི་མཐུ་དང་ལྡན་གྱུར་ཅིག། 

ཅེས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ཅུང་ཟད་ཅིག་བརྗོད་པ་འདི་ནི།  རྡོ་རྗེ་འཆང་དང་མི་གཉིས་པ་བཀའ་དྲིན་མཉམ་མེད་རྣལ་འབྱོར་གྱི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བཀའ་སྩལ་དང་དུ་བླངས་ནས་སྐལ་ལྡན་རྒྱ་མཚོས་རི་ཁྲོད་རི་བོ་དགེ་འཕེལ་དུ་སྦྱར་བའོ།།

༼  ཟུར་ཞུ།  མཁས་གྲུབ་ཆེན་པོ་ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་རྗེ་བཙུན་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ཅུང་ཟད་ཅིག་བརྗོད་པ་ཞེས་བྱ་བ་འདི་ལ།  པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་ཐུབ་དབང་ཞབས་པད་མ་དང་།  མཁས་གྲུབ་ཆེན་པོ་ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་་གསུམ་འབུམ་དང་མགུར་འབུམ།  གྲུབ་ཆེན་ཆོས་པ་རིན་པོ་ཆེའི་རྣམ་ཐར་དད་པའི་འདྲེན་བྱེད།  མཁས་པའི་དབང་ཕྱུག་རོང་བོ་བིས་བ་མི་ཕམ་ཟླ་བས་མཛད་པའི་གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱི་འཁྲུངས་རབས་དང་འབྲེལ་བའི་རྣམ་ཐར་གསེར་གྱི་སྒོ་མང་།  ཨ་ཁྱུང་འཇམ་དབྱངས་བསྟན་འཛིན་དབང་རྒྱལ་གྱིས་མཛད་པའི་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་མགུར་མ་ཐུགས་རྗེ་ཆར་སྤྲིན་བསྐུལ་བའི་དཔྱིད་ཀྱི་ཕོ་ཉ་སོགས་ཀྱིས་ཁ་གསབ་དང་།  ཀློག་པ་པོ་རྣམས་ལ་ལྟ་བདེ་བའི་ཆེད་དུ་ཁ་སྐོང་ནང་དུ་ཕྱི་ལོ་སོགས་ཀྱིས་ཟུར་བརྒྱན་ཏེ་སྐུ་འབུམ་སངས་རྒྱས་རྒྱ་མཚོས་སྤེལ་བའོ།།  ༽

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

དྲ་བའི་སྦྲེལ་ཐགhttp://www.tb1025.cn  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

བརྒྱུད་འགོད།