ལ་མོ་གྲགས་པ་རྒྱ་མཚོའམ་རྗེ་བཙུན་ངག་དབང་བློ་བཟང་བཀྲ་ཤིས་མཆོག་གི་མཛད་རྣམ་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-14 13:17:41     རྩོམ་པ་པོ།   སྟོབས་ལྡན་རྒྱ་མཚོ།    ཀློག་ཐེངས།  

 

དེ་ཡང་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་མོ་ལ་མོ་གྲགས་པ་རྒྱ་མཚོའམ་རྗེ་བཙུན་ངག་དབང་བློ་བཟང་བཀྲ་ཤིས་མཆོག་གི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་པར་ཐར་བ་མདོ་ཅམ་བརྗོད་པ་ལ། དཔལ་ལྡན་བླ་མ་དམ་པ་འདི་ཉིད་རབ་བྱུང་བཅུ་གཅིག་པའི་མེ་ཕག1647ལོར་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད་ཀྱི་མང་འབལ་བྱ་གསུམ་དུ་གྲགས་པའི་འབལ་གཞུང་གི་ཡུལ་དུ་ཡབ་ཚེ་རིང་དགེ་དང་ཡུམ་ཆོས་ཀྱི་སྒྲོན་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས་པ་དང་། རྗེ་ཉིད་དགུང་ལོ་བཅུ་བ་རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ1656ལོའི་ས་ག་ཟླ་བའི་ཚེས་བརྒྱད་ལ་འདུལ་འཛིན་རྒྱལ་མཚན་རིན་ཆེན་གྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་མནོས།

དགུང་ལོ་བཅུ་གཉིས་པ་རབ་བྱུང་བཅུ་གཅིག་པའི་ས་ཁྱི1658ལོའི་ཟླ་ཚེས་དགེ་བར་མཁན་རིན་པོ་ཆེ་དེ་ཉིད་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཤིང་། མཚན་ལ་བློ་བཟང་རྒྱལ་མཚན་དུ་གསོལ་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་མཐའ་དག་ལ་བྱང་ ཆུབ་པར་སྦྱངས། མཁན་རིན་པོ་ཆེ་འདུལ་འཛིན་རྒྱལ་མཚན་རིན་ཆེན་དང་ལྷན་དུ་ཡི་དམ་གྱི་ལྷ་གང་མང་ལ་བསྟེན་པའི་ལོ་མཚམས་དང་བསྙེན་པ་གྲངས་མེད་མཛད་དེ་དགུང་ལོ་བཅོ་བརྒྱད་གྱི་བར་དུ་ལ་མོའི་ཨུརྒེ་ཁམས་གསུམ་རྣམ་པར་རྒྱལ་བའི་གླིང་སོགས་སུ་བཞུགས།

དགུང་ལོ་བཅོ་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག1658ལོའི་སྣྲོན་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་དབུས་འགྱུར་ལྷ་ལྡན་གྱི་ཞིང་དུ་ཆིབས་ཁ་བསྒྱུར། དགུང་ལོ་བཅུ་དགུ་བ་ཤིང་སྦྲུལ1665ལོའི་ཟླ་ཚེས་བཟང་བོར་དཔོན་སློབ་བློ་གྲོས་རྒྱ་མཚོར་མཇལ་ནས་འབྲས་སྒོ་མང་གི་ཆོས་གྲྭར་   ཞུགས། དེ་ལྟར་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་མོར་འཆད་ཉན་ལ་འབད་ནས་ཐོས་བསམ་ལ་བོགས་ཐོན་པའི་སྐབས་སུ་དགོས་དབང་གིས་ཕྱིར་མདོ་སྨད་ཀྱི་ཡུལ་དུ་འབྱོན་དགོས་ཐུག་པས།

དགུང་གྲངས་ཉི་ཤུར་ཕེབས་པ་རབ་བྱུང་བཅུ་གཅིག་པའི་མེ་རྟ1666ལོའི་ཟླ་ཚེས་དགེ་བར་ཀུན་གཟིགས་རྒྱལ་བའི་དབང་བོ་ལྔ་བ་ཆེན་མོ་ལས་ཚིགས་ཕྱི་མ་དགེ་སློང་གི་སྡོམ་པ་བཞེས་པའི་མཚན་ལ་བློ་བཟང་བཀྲ་ཤིས་སུ་གསོལ་བ་དང་ཕྱིར་མདོ་སྨད་ཀྱི་ཡུལ་དུ་ཆིབས་ཁ་བསྒྱུར།

ཕྱིས་དགུང་ལོ་ཉེར་ལྔ་བཞེས་པའི་སྐབས་ཤིག་དབུས་བཞུད་ཀྱི་འདུན་པ་དྲག་པོས་ཀུན་ནས་བསླངས་པས་ཡབ་ཡུམ་སོགས་ཀྱིས་རྐྱེན་དབང་ལ་ཁག་བཞག་ནས་དགོངས་འཁྲོལ་མ་གནངས་ཡང་། ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་དབུས་སུ་ཕེབས་འདུན་ཡོད་པ་དང་སྟབས་འཁེལ་ཏེ་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག1671ལོར་ཁོང་དང་ལྷན་ཅིག་ལྷ་ལྡན་དུ་ཞབས་སོར་བཀོད་དེ་འབྲས་སྒོ་མང་གི་བསྡུས་གྲྭར་ཞུགས། ཕྱི་ལོར་བསྡུས་ཆེན་གྱི་བརྩི་བཞག་དང་བློ་རྟགས་ཐལ་ཕྲེང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་སོགས་ཐུགས་འཛིན་གནང་ཞིང་། ལོ་དེར་རྒྱལ་མཆོག་ལྔ་བ་ཆེན་མོས་མཁན་སློབ་སྦྲགས་མ་དང་ཕ་བོང་ཁ་བ་འཇམ་དབྱངས་གྲགས་པས་གསང་སྟོན། སྒོ་མང་བ་དཔོན་སློབ་བློ་གྲོས་རྒྱ་མཚོ་སོགས་ཀྱིས་ཁ་སྐོང་མཛད་དེ་བསྐྱར་དུ་བསྙེན་པར་རྫོགས།

དགུང་ལོ་ཉེར་བརྒྱད་པར་ཕར་ཕྱིན་སྟོན་མོ་གནང་བས་དམ་བཅའ་དང་ཁས་ལེན་གང་གི་ཆ་ནས་ཀྱང་དགེ་བའི་བཤེས་གཉེན་ མང་པོའི་ཐུགས་དབང་འཕྲོག་པསཤེས་བྱ་ཐམས་ཅད་ལ་འགྲན་པའི་ཟླ་དང་བྲལ་བ་ནི་སྒོ་མང་བ་ངག་དབང་བློ་བཟང་བཀྲ་ཤིས་སོཞེས་པའི་བསྔགས་བརྗོད་ཀྱི་མེ་ཏོག་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་བཀོད། ཤིང་ཡོས1675ལོར་དབུ་མ་འཛིན་གྲྭར་ཕེབས་ནས་དབུ་མ་ཐལ་འགྱུར་བའི་རིང་ལུགས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་དཀའ་བཅུ་བའི་མཚན་བཏགས་བཞེས།

དགུང་ལོ་སོ་གཅིག་བཞེས་པ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ1671ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་པས་སྙན་གྲགས་ཕྱོགས་མཐར་རྒྱས་པ་དང་དགུང་ལོ་སོ་གསུམ་པར་དཔལ་  ལྡན་སྨད་རྒྱུད་དུ་བྱོན་ནས་མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པའི་གོ་འཕང་མཐོན་པོར་གཤེགས། ལྕགས་སྤྲེལ1680ལོར་རྒྱལ་དབང་ལྔ་བ་ཆེན་མོས་མཁན་པོ་དང་ཕ་བོང་ཁ་བ་ངག་དབང་བསྟན་འཛིན་གྱིས་ལས་སློབ། ཚུལ་ཁང་བ་ལེགས་པ་དོན་གྲུབ་ཀྱིས་གསང་སྟོན། དགེ་སློང་འཇམ་དབྱངས་གྲགས་པས་དུས་གོ་བ། ཆོས་རྗེ་ན་བཟའ་གླིང་བས་ཁ་སྐོང་མཛད་དེ་ཡང་བསྐྱར་བསྙེན་རྫོགས་ཀྱི་སྡོམ་པ་མནོས་པའི་མཚན་ལ་གྲགས་པ་རྒྱ་མཚོ་ཞེས་གསར་དུ་གསོལ་ལོ།།

དེ་ནས་མདོ་སྨད་བྱང་རྒྱུད་ཀྱི་ཡུལ་གྲུ་སྤྱི་དང་སྒོས་སུ་དའི་ཆིང་ནང་སོའི་བླ་དཔོན་དྲག་ཞན་བར་མ་ཐམས་ཅད་ཀྱིས་རྗེ་འདི་བ་ཚ་ཀན་ནོ་མོན་ཧན་ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་ཡོངས་འཛིན་དུ་ཞུས་རྒྱུར་གྲོས་ཁ་གཅིག་ཏུ་འཆམ་ནས་གདན་ཞུའི་བང་མི་མངགས། ལ་མོ་གོང་ས་མཆོག་ཀྱང་སྐབས་དེར་དབུས་སུ་བཞུགས་པས་ཁོང་བང་མི་ལྷན་རྒྱས་ཀྱིས་དུས་ཐོག་དེའི་དགའ་ལྡན་གསེར་ཁྲི་བློ་གྲོས་རྒྱ་མཚོ་དང་སྒོ་མང་བླ་མ་དོན་གྲུབ་རྒྱ་མཚོ་གཉིས་ལ་ཞུས་པར་སྒོ་མང་བླ་མ་དོན་གྲུབ་རྒྱ་མཚོས་སྒོ་མང་དཔོན་སློབ་བྱེད་དགོས་གསུང་ནས་དགོངས་པ་མ་གནང་། ཡང་ཁྲི་ཆེན་བློ་གྲོས་རྒྱ་མཚོ་མཆོག་གིསངས་ཁྱེད་རང་དགའ་ལྡན་ཁྲི་བར་བཞུགས་རྒྱུའི་རྩིས་བྱས་ཡོད་མོད། ཁྱེད་རང་མགུར་དགོན་པའི་ཁྲིའུ་དེ་ལ་རྩིས་པོ་ཆེར་བྱེད་དམཞེས་བཀྱོན། འོན་ཀྱང་ལ་མོ་གོང་ས་མཆོག་གིས་ནན་གྱིས་བསྐུལ་བ་དང་མདོ་སྨད་དུ་རྗེའི་བསྟན་པ་ཆེར་མ་དར་བར་དམིགས་ཏེ་མཐའ་མ་འབྱོན་དགོས་ཐུག དེ་ནས་རྗེ་འདི་ཉིད་རྨ་མགུར་རྣམ་རྒྱལ་གླིང་དུ་སྤྱན་དྲངས་ཏེ་གཟིམ་ཁང་ཀུན་དགའ་མཐོང་སྨོན་གྱི་འཇིགས་བྲལ་གདོང་ལྔའི་བཏེགས་པའི་ཁྲི་ལ་མངའ་གསོལ་ནས་འཆད་ཉན་གྱི་བསྟན་པ་རྒྱ་ཆེར་སྤེལ།

དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའིདགེ་ལྡན་ཆོས་འབྱུངལསའདི་སྐབས་ཚ་ཀན་ནོ་མོན་ཁན་ནས་རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་ཆེན་པོར་ལུང་བསྟན་ཞུས་ཏེ། རབ་བྱུང་འདིའི་ལྕགས་སྤྲེལ་ལོར་ལྷ་ཁང་གཞུང་དུ་དགོན་གསར་བདེ་ཆེན་ཆོས་གླིང་ཞེས་པ་བཏབ། དགོན་མ་བུ་ཟུང་འབྲེལ་གྱི་བླ་མར་བློ་བཟང་བཀྲ་ཤིས་བསྐོསཞེས་འབྱུང་བ་བཞིན་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ1680ལོར་ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ལྷ་ཁང་གཞུང་དུ་ལ་མོ་བདེ་ཆེན་ཆོས་འཁོར་གླིང་ངམ་ལ་མོ་དགེ་ཚོགས་གླིང་ཕྱག་བཏབ་པ་དང་། རྨ་མགུར་རྣམ་རྒྱལ་གླིང་དུ་བདེ་གསང་འཇིགས་གསུམ་སོགས་བཙུགས་ཏེ་སྔགས་གྲྭར་བསྒྱུར་བ་མ་ཟད། སྔར་གྱི་བཤད་གྲྭ་ལྷ་ཁང་གཞུང་དུ་སྤར་ནས་རྗེ་འདི་བ་ཆོས་སྡེ་དེ་གཉིས་ཀའི་བླ་མར་བསྐོས། ལ་མོ་བདེ་ཆེན་ནས་བསེ་ངག་དབང་བཀྲ་ཤིས་དང་བརྩད་པས་ཀྱང་ཁས་ལེན་ཤོར་བར་མཛད།

ཀུན་མཁྱེན་འཇམ་དབྱངས་བཞད་པར་དབུ་མའི་ཡིག་ཆ་རྩོམ་པར་བསྐུལ་བས་སྲིད་པ་འགེངས་བར་བྱེད་པའི་གཞུངདབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགསདེ་ཉིད་བརྩམས་གྲུབ་པར་རྐྱེན་སྦྱར། དབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་བང་མཛོད་སྲིད་ཞིའི་དབུལ་སེལ་བསམ་འཕེལ་ནོར་བུ་སྐལ་ལྡན་རེ་སྐོངདངབཅའ་ཡིག་བླང་དོར་གསལ་བའི་མེ་ལོང འདུལ་བའི་ཐལ་ཕྲེང འཇིགས་བྱེད་བསྐྱེད་རིམསོགས་བསྟན་བཅོས་མང་པོ་མཛད།

 ཕྱིས་སུ་ཁོང་གིས་མཛད་པའིགྲགས་རྒན་དབུ་མདངགསེར་ཁྲི་ཕར་ཕྱིན ཞྭ་དམར་ལམ་རིམ  གཡོན་རུའི་བསླབ་བྱསོགས་ནི་ལ་མོ་བདེ་ཆེན་དགོན་པའི་དྲན་དབང་དག་གི་གཞུང་རྩོད་མེད་དང་འཕྲིན་ལས་རྒྱས་ཤོས་སུ་བརྩིའོ།།

 ཚ་ཀན་ནོ་མོན་ཧན་ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་དང་ཁྲི་ཆེན་བསྟན་པའི་ཉི་མ། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ། མོག་ཀྱཱ་མཁན་ཆེན་འཇམ་དབྱངས་རྒྱ་མཚོ། ཞྭ་དམར་ངག་དབང་འཕྲིན་ལས་སོགས་བུ་སློབ་མང་དུ་འཕེལ། དགུང་ལོ་རེ་བདུན་བཞེས་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ1713ལོར་ལ་མོའི་ཨུརྒེ་ཁམས་གསུམ་རྣམ་པར་རྒྱལ་བའི་གླིང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn     

བརྒྱུད་འགོད།