མཁན་པོ་བློ་བཟང་ཆོས་དར་བའི་རྟོགས་པ་བརྗོད་པ། གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-29 11:03:52     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།     ཀློག་ཐེངས།  

393462020079188022.jpg

                   ཆེ་དགུའི་ཐུགས་ཀྱི་རི་རྩེར་མི་འགྲོ་བ། །ཆོས་ཚུལ་ཟབ་རྒྱས་ཡན་ལག་བརྒྱད་ལྡན་གྱི། །ཆུ་རྒྱུན་དད་པའི་གཤོང་བུར་འཁྱིལ་བ་ཡི། །ཆ་ཙམ་གྱིས་ཀྱང་སྲིད་ཞིའི་གདུང་བ་སེལ། །འཇམ་དབྱངས་མི་ཡི་རྗེ་བོར་ཡང་བསྐྱར་གྱིས། །མཇལ་བས་བཞེད་དགུ་གྲུབ་ནས་སླར་ལོག་ཚེ། །འཇམ་དབྱངས་བཞད་པའི་རྡོ་རྗེས་སླད་ཀྱི་དུས། །མཇལ་འཛོམ་དགོས་པའི་བཀའ་ཕེབས་དང་དུ་བཞེས། །དེ་ནས་མ་འགྱང་བར་སྒོ་མང་མཁན་པོར་བསྐོ་བཞག་གི་བཀའ་བསྒྱུར། དགུང་ལོ་ང་ལྔར་ཕེབས་པས་ར་བྷ་བཱ་སྟེ་ཟིལ་གནོན་ཅེས་པ་མེ་ཕོ་རྟའི་ལོ་ཧོར་ཟླ་བཅུ་གཅིག་པའི་གྲལ་ཚེས་བཟང་པོར་མཁས་གྲུབ་ཀླུ་དབང་སྟོང་གི་རོལ་མཚོ། ལུང་རིགས་དབྱངས་སྙན་སྒྲོགས་པའི་དགའ་ཚལ། འཁྲུལ་བྲལ་བཤད་སྒྲུབ་བསྟན་པའི་འབྱུང་ཁུངས། འཛམ་བུའི་ལྗོན་པས་མཚན་པའི་གླིང་འདིར་བཤད་གྲྭ་ཇི་སྙེད་ཅིག་ཡོད་པ་ལས་རབ་དང་ཕུལ་དང་རྩེ་མོའི་ཏོག་ཏུ་སོན་པ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ། རྒྱལ་དབང་རིན་པོ་ཆེ་ནས་ཨ་ཁུ་ལགས་ཀྱི་སྐུ་ཚབ་མངགས་ཏེ་སྐུ་གསུང་ཐུགས་རྟེན་དང་ན་བཟའ་ཆ་ཚང་བཅས་ཕུལ། གཞན་ཡང་ཡོངས་འཛིན་རིན་པོ་ཆེ། བྱམས་པ་རིན་པོ་ཆེའི་སྤྲུལ་སྐུ། རྒྱལ་བའི་སྐུ་མཆེད་རྗེ་དྲུང་རྣམ་གཉིས། བཀའ་བློན་ཆུ་མིག །གཡུ་ཐོག་མདའ་དཔོན། དགའ་ལྡན་ཁང་གསར་གྱི་ཇ་སག་བླ་མ། སྐུ་ཅར་དགེ་འདུན། མགྲོན་གཉེར་ལྷ་རི་ཆོས་མཛད་སོགས་གཞུང་གི་མི་དྲག་དུ་མའི་ངོ་ཚབ། བཀའ་བློན་བཞིའི་ཚོང་དཔོན་སོགས་ཕྱོགས་ནས་འོངས་པ་ཆེ་ཁ་བཞི་བཅུ་སྐོར་དང༌། འབྲས་སྤུངས་སྤྱི་སོ་བླ་མ་གདན་ཟུར་གྱི་རིགས། ཕོ་བྲང་སྡེ་པ། བཀྲ་ཤིས་ཁང་གསར་གྱི་སྡེ་པ། གྲྭ་ཚང་སོ་སོའི་གཉེར་པ། ཧ་བསམ་གྱི་དགེ་རྒན་སོགས་ཕལ་ཆེར་གྱིས་ཁ་དར་ཕུལ་ཞིང་བདོག་པའི་ཚན་གྲངས་རྒྱ་གང་ཆེ་བཏེག །གཞི་བྱེས་ཀྱི་མགྲོན་རྣམས་ལ་དགའ་སྟོན་ཕུན་སུམ་ཚོགས་པ་བསྟབས། གཞུང་ནས་རིགས་ཆེན་གྱི་གཏོང་ཐེབས་ཤེལ་དཀར་དགོན་པའི་མཁན་ས་གནང་བར་ས་ཐག་རིང་བས་དངོས་སུ་ཕེབས་མ་ཐུབ་ཀྱང་མཱ་ཞབས་དྲུང་སྐུ་ཚབ་ཏུ་མངགས་ཏེ་འཛིན་བདག་མཛད། དགུན་ཆོས་ཆེན་མོའི་འཛིན་གྲྭ་ཕྱེ་བ་དང་དུས་འགྲིག་པས་པོ་ཏི་ཐམས་ཅད་ཀྱི་མགོ་ནས་བརྩི་བཞག་བཏང༌། དེའང་གཉུག་རིང་ལ་མ་ཆད་པ་སྒྲ་དག་ཅིང་གསང་བསྟོད་དེ་གནང་བས་རང་རང་གིས་སྐྱོར་དུས་དང་མི་འདྲ་བའི་གོ་བ་སྟེར་བ་ལྟ་བུ་དང༌། ཕར་ཕྱིན་སྟོན་མོའི་དམ་བཅའ་སྐོར་ལ་འཕྲོས་པ་ཡང་ཡང་མཛད་ཅིང༌། དེའང་རིགས་འགྲོས་དེད་ཙམ་མ་ཡིན་པར་ཡིག་ཆའི་སྟོད་སྨད་ཀུན་ལྷུ་བསྒྲིགས་ཏེ་འདི་ཨེ་འཕང་འདི་ལ་ཅི་ཟེར་ཞེས་གསུངས་པ་ན་རྩོད་བཞིན་པ་ཚོར་ཡང་དེ་ཙམ་མི་ངེས་པས་བློ་སྐྱེད་ཆེ་བ་དང༌། དེའི་རྐྱེན་གྱིས་རྒྱུན་པར་ཁ་བརྒྱལ་གྱི་བགྲོ་གླེང་ཁོ་ནས་ཉི་མ་འཕུལ་ཐབས་བྱེད་པ་ཚོའང་ཚུར་ཡིག་ཆ་འབའ་ཞིག་གི་སྟེང་དུ་འཁོར་བ་བྱུང༌།

                 སྐབས་ཤིག་བཅའ་ཡིག་གི་སྟེང་ནས་ཚོགས་གཏམ་ཞིབ་རྒྱས་གནང་བས་བཤད་བཞིན་པ་དང་ཉན་བཞིན་པའི་ཡམ་ཡམ་དེ་མ་ཡིན་པར། ཐམས་ཅད་ལ་འདི་བཞིན་མ་བྱས་པའི་ཐབས་ཡོད་རྒྱུ་མ་རེད་སྙམ་སེམས་ཐོག་ཏུ་ལྕི་ཡོར་གྱིས་འབབ་པ་དང༌། བསྒྲིག་འགལ་ལོག་སྒྲུབ་ཅན་རྣམས་རང་གནོང་ལ་མེ་བཙའ་ཤ་ཐོག་ཏུ་བབ་པས་ཚ་འུབ་ཀྱིས་འགྲོ་བ། ཚུལ་མཐུན་གྱི་སློབ་གཉེར་བ་རྣམས་དགའ་ལྷང་གིས་འགྲོ་བ་སྟེ། མདོར་ན་བསྟོད་པ་བརྒྱ་ལྔ་བཅུ་པ་ལས། བག་མེད་རྣམས་ནི་སྐྲག་པར་མཛད། །མཁས་པ་རྣམས་ཀྱི་དགའ་བ་སྐྱེད། །བར་མ་རྣམས་ཀྱི་བློ་ཡང་སྤེལ། །གསུང་འདི་སྐྱེ་བོ་ཀུན་ལ་སྨན། །ཞེས་པ་ཇི་ལྟ་བ་བཞིན་བྱུང༌། དེའང་བཤད་མཁས་པ་དང༌། དབང་ཆེ་བའི་སྟོབས་མིན་གྱི། གསུང་བ་པོ་རང་ཉིད་ལ་དེ་དང་དོན་མཐུན་པའི་མཚན་ཉིད་ཐམས་ཅད་ཚང་བ། བླ་མ་ལྔ་བཅུ་པ་ལས། བརྟན་ཅིང་དུལ་ལ་བློ་གྲོས་ཆེ། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །ཅེས་སོགས་ཀྱི་ཁྱད་པར་མིག་མཐོང་ལག་བཟུང་ལྟ་བུར་གྲུབ་པའི་དབང་གིས་ཡིན་ནོ། །དེ་ནས་བསྒྲིག་ལམ་བྱ་སྤུ་ནོན་གྱི་ཚུལ་དུ་གནོན་ལུགས་ལས་སྣེ་སོ་སོ་ལ་བཀོད་པས་ཁྱབ་པར་མཛད་དེ་ཚོགས་ཆོས་གྲྭའི་རྟིང་སྐུལ། རྒྱུགས་བརྩི་བཞག་ཡོད་མེད་ཀྱི་བལྟ་རྟོག །དབྱར་དགུན་དུས་ཚོད་ལ་དཔག་པའི་འཚོགས་ཚད་གྲོལ་ཚད། འདོན་པའི་དལ་བྲེལ་ཚུན་ཆད་ཉི་མ་གཅིག་ལའང་ཡོ་བཟུར་མེད་པར་བྱུང་བས། གྲྭ་རྒན་མཐར་ཐུག་རྣམས་སྒོ་མང་གྲྭ་ཚང་གི་བསྒྲིག་ལམ་ཟེར་བ་དེ་འདི་འདྲ་ཞིག་ཡིན་དགོས་ཞེས་གླེང་བ་བྱུང༌། བསྟན་པའི་འབྱུང་ཁུངས་དགེ་འདུན་གྱི་སྡེ་དང༌། དེའི་བྱ་བའི་གཙོ་བོ་ཆོས་འཆད་ཉན་ཡིན་ཀྱང༌། ཆོས་འཆད་ཉན་གྱི་རྨང་གཞི་ལ་འདུལ་ཁྲིམས་རྣམ་པར་དག་པ་ཞིག་མེད་མི་རུང་ཡིན་པས། དེའི་རྟེན་འབྲེལ་དུ་དགོངས་ཏེ་ཀློང་རྡོལ་གྲུབ་དབང་རིན་པོ་ཆེ་ནས་སྒོ་མང་གྲྭ་ཁང་གི་ཕུའི་མི་འཁྲུགས་པའི་ལྷ་ཁང་ཞིག་གསོས་བྱེད་དགོས་གསུངས་པ་བཞིན། མི་འཁྲུགས་པའི་བཞུགས་ཁྲི་གསར་བཟོ་དང༌། གཟུངས་གཞུག་སྐྱོན་ཞུགས་པ་རྣམས་ལ་ཆད་བསབ། གསར་དུ་གཟུངས་སྒྲིལ་དུ་མ་དང༌། ཀློང་རྡོལ་རིན་པོ་ཆེ་ཙ་རིར་ཕེབས་སྐབས་ཀྱི་ཐུགས་དམ་རྟེན་གཙོའི་གླེགས་བམ་དམ་སྦྱར་མ། རྒྱལ་བ་ཡབ་སྲས་ཀྱི་ན་བཟའ་སོགས་བྱིན་རྟེན་བསམ་གྱིས་མི་ཁྱབ་པ་གཟུངས་གཞུག་ཏུ་ཕུལ། གྲང་གསེར་སྲང་དུ་མས་ལྗིབ་ཐུམ་གྱིས་གསར་བཞེངས་ལྟ་བུ་དང༌། གཙང་ཁང་གི་ངོས་ཀུན་ལ་ལྡེབས་རིས་ཕུལ་དུ་ཕྱིན་པ་བཅས་བསྒྲུབས། བླ་བྲང་ཉིད་ཀྱི་ནང་རྟེན་དུའང་བཙོང་ཁ་བརྒྱད་ཅུའི་ཐང་ག་གསེར་ཚོན་རི་མོ་གོང་གཤམ་སོགས་ཁྱད་དུ་འཕགས་པས་མཚོན་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས། ཆོས་ཐོག་ལ་ཆོས་གྲྭ་འཆག་མེད། དབྱར་སྟོན་ལམ་རིམ་ཆེན་མོའི་བཤད་ལུང་སོགས་རྒྱས་པར་གནང༌། དུས་དབང་གིས་ཉེ་འཁོར་ནས་ཆོས་ལུགས་སྣ་ཚོགས་བྱེད་མཁན་བྱུང་བར་ལ་ལས་དགག་པ་བྱས་ཀྱང༌། འགའ་ཞིག་དག་སྣང་སྦྱོང་ཁུལ་བྱས་ཏེ་དེ་འདྲ་ཟེར་མི་ཉན་བྱས་པ་གསན་ནས་ཐུགས་ལ་མ་བབ་པར་གསུང་ཆོས་སྐབས་སུ། ཁྱེད་ཚོས་དག་སྣང་ཆེ་མདོག་དང༌། རྒྱུ་དག་བཟང་མདོག་བྱེད་པ་ཧ་མ་གོ་བ་ཡིན། ཆོས་རྣམ་དག་ཅིག་ཡིན་ན་རྗེ་བླ་མའི་དགོངས་པ་འདི་དང་མཐུན་དགོས། འདི་དང་མི་མཐུན་པའི་ཆོས་རྣམ་དག་ཅིག་མེད་ཅེས་ཐག་བཅད་ནས་བཤད་ཆོག །ནམ་མེ་ནེམ་མེ་བྱེད་མི་དགོས། དེ་འདྲ་ལ་ཆོས་སྤོང་དུ་འགྲོ་དོགས་མེད། དཔལ་ལྡན་ཟླ་བས། འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །གསུང་བ་དེ་གསུང་རྒྱུ་མི་གསུང་རྒྱུའི་མཚམས་མ་ཟིན་པ་ཨེ་རེད་གསུང་ཚུལ་སོགས་རྒྱུས་ཡོད་རྣམས་ཀྱི་ངག་ནས་མང་དུ་ཐོས་ཀྱང་བྲིར་མ་ལང༌།

                    མདོར་ན་གང་གསུངས་ཐམས་ཅད་རུས་པ་ཅན། ལོ་མང་པོ་སོང་ཡང་མི་བརྗེད་པར་བློར་བཞག་འདུག་པའི་ཤུགས་ཅན་ཞིག་ཡིན་པར་འདུག །ཆོས་མཚམས་རྣམས་སུ་ཤས་ཆེར་ཐུགས་དམ་དང༌། དོན་གཉེར་ཅན་དུ་མས་ཡང་ཡང་གསོལ་བ་བཏབ་སྟེ་བཀའ་ཆོས་ཀྱི་རིམ་པའང༌། ཐོར་གོད་དགེ་རྒན་ཆོས་འཕེལ་སོགས་མང་ཙམ་ལ་གསེར་ཕྲེང་དང་གྲུབ་མཐའ་རིན་ཆེན་ཕྲེང་བ་སོགས་ཀྱི་ལུང༌། ཧལ་ཧ་ཨེར་ཏི་ནི་ཆོས་རྗེ་དང་ནོ་མོན་ཧན་གཉིས་ཀྱིས་གཙོས་པར་སྐྱིད་ཤོད་གསུང་སོགས་ལུང་མང་པོ་དང་རྗེས་གནང་འགའ་ཞིག་ཧར་ཆིན་ཝང་གི་ཐོ་ཡོན་སོགས་དུ་མར་ཐུའུ་བཀྭན་རིན་པོ་ཆེའི་གསུང་འབུམ་གྱི་ལུང་གཞན་ཡང་ལུང་རྗེས་གནང་སོགས་མང་དུ་གནང་ཡོད་འདུག་ཀྱང་ས་བོན་མ་འཁོད་སྟབས་བྲིར་མ་ནུས་སོ། །སྒྲིག་ལམ་དང་འགལ་ཚབས་ཆེ་བ་འགའ་ཞིག་དང་པོར་ཚོགས་གཏམ་ཙམ་གནང་ནས་འཇོག་རྩིས་ཀྱིས་ཚོགས་གཏམ་གནང་ཞོར་ལ་ཧ་ཅང་ཉེས་པ་ཆེ་བས་མི་འཚམ་པར་དགོངས་ཏེ། དེ་རིང་རང་འགྲོ་དགོས་ཞེས་མར་ནང་གི་སྤུ་བཞིན་བཏོན་པའང་འགའ་ཞིག་བྱུང་བས། ཚོགས་གཏམ་རེ་གནང་བའི་ཚེ་སྒྲིག་འགལ་ཅན་རྣམས་ཀྱི་སེམས་ལ་མགོ་ཐོག་གནམ་རྡོ་ལྷུང་བ་ལྟ་བུ་ཅི་འདྲ་ཞིག་བབ་ཡོང་སྙམ་ནས་གྲོལ་རིང་ལ་འདར་ཆུམ་མེ་སྡོད་དགོས་པ་བྱུང༌། འདི་དག་ཀྱང་གནད་གོ་ན་གཞན་ཕན་རྒྱལ་སྲས་ཀྱི་སྤྱོད་པ་ཡིན་ཏེ། འདུལ་བ་ལས་གནས་ཀྱི་བླ་མས་གནས་པ་མ་དུལ་བ་ལ་ནན་ཏུར་ལྔ་བྱེད་ཚུལ་དང༌། བྱང་སའི་ཚུལ་ཁྲིམས་ལེའུར་ཡང་སེམས་ཅན་གྱི་དོན་བྱ་ཚུལ་འཇམ་རྩུབ་སྣ་ཚོགས་ཤིག་དགོས་པར་གསུངས། གསང་སྔགས་ཀྱི་དྲག་ལས་བཤད་པ་རྣམས་ཀྱང་སེམས་སྙིང་རྗེའི་གཞན་དབང་དུ་གྱུར་པ་རྣམས་ཀྱི་དབང་དུ་བྱས་པ་མ་གཏོགས་རང་དོན་གཙོ་བོར་བྱེད་མཁན་རྣམས་ལ་རྡོ་རྗེ་འཆང་གིས་གསུངས་པ་མིན། ཆོས་མིན་སྤྱོད་པ་དེ་འདྲ་ཚར་བཅད་ཆོག་པ་ཙམ་མིན་གྱི་མེད་མི་རུང་དུ་ཚར་གཅོད་དགོས་པ་ཡིན་ཏེ། དཀོན་མཆོག་སྤྲིན་གྱི་མདོ་ལས། ཚུལ་ཁྲིམས་འཆལ་པ་རྣམས་དང༌། དམ་པའི་ཆོས་སུན་འབྱིན་པ་རྣམས་བྲན་བཞིན་དུ་ཚར་བཅད་པར་ངས་གནང་ངོ༌། །གང་དག་དེ་རྣམས་ཚར་གཅོད་པར་མི་བྱེད་པ་དེ་དག་ནི་ངའི་བསྟན་པ་ལ་ཤིན་ཏུ་རིང་བ་ཡིན། གང་དག་དེ་རྣམས་ཚར་གཅོད་པར་བྱེད་པ་དེ་དག་ནི་ངའི་སློབ་མ་དང་ཉན་ཐོས་ཡིན་ནོ། །ཞེས་གསུངས་ཤིང༌། དེའི་འཕྲོར། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་འཛིན་ལྟ་བུར་དགོངས་པ། ཙནྡན་དང་སྟེའུར་མཚུངས་པ་ཡིན་ན་དེ་འདྲ་གསུང་ཚུལ་ཡོད་དམ་ཞུས་པ་ལ། དེ་རང་རང་ལ་ཕན་ཐབས་ཡིན་པས་སྐྱོན་མེད་ཚུལ་སོགས་གསུང་བ་དང༌། དེ་འདྲ་ཚོར་ལུས་ངག་གིས་བྱམས་པོ་བྱས་པ་ལ་རྒྱུད་སྡེ་རྣམས་སུ་གདུག་པའི་བྱམས་པ་ཞེས་གསུངས། སྡོམ་གསུམ་རབ་དབྱེ་ལས་ཀྱང༌། སྨོད་ཅིང་བསྟན་པ་འཇིག་པ་ལ། །ཁྲོ་བས་བཟློག་པར་ནུས་བཞིན་དུ། །བཟོད་པ་བསྒོམ་ན་མ་དག་པའོ། །ཞེས་གསུངས་སོ། །དེ་ལྟར་བསྒྲིག་ལམ་དམ་ཞིང་འཆད་ཉན་དམར་བའི་ངང་ནས་ལོ་ངོ་ལྔ་ཙམ་འདས་པ་ལྕགས་མོ་ཕག་གི་ལོ་བསྟན་པའི་གེགས་ཆག་དང་སྐྱེ་དགུའི་བསོད་ནམས་མ་ཡིན་པའི་དབང་གིས་བལ་བོད་ཀྱི་འཁྲུགས་པ་ལངས། དེའི་རྐྱེན་ནི་སྔར་ལྷ་སའི་འཁྱམ་ར་ཞིག་གསོས་སྐབས་མཐའ་དམག་དང་མཐའ་འདྲེའི་ཁ་གནོན་གྱི་ལྡེབས་རིས་བྱིན་ཅན་མང་པོ་གཤེགས་གསོལ་བྱས་པའི་རྐྱེན་དུ་དགོངས་ཏེ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཡོངས་འཛིན་རིན་པོ་ཆེ་དང་བཅས་པས་རབ་གནས་བསྐྱར་མ་ཡང་ཡང་གནང་ཚུལ་ཡོངས་འཛིན་རྣམ་ཐར་བཞིན་ཡིན་ལ། རྩ་བ་དེ་འདྲ་ཡིན་ཤས་ཆེའང་འཕྲལ་རྐྱེན་ནི་བལ་བོད་མཚམས་ཀྱི་སྡེ་འགའ་ཞིག་གི་སྟེང་ན་གོར་ཥ་ལ་དཔྱ་ཅུང་ཟད་ཅིག་སྡུད་རྒྱུ་ཡོད་པ་དེ། གཞུང་ལར་ཕན་རེས་བསམ་པའི་རྐྱེན་དང༌། ཁོ་རང་གིས་སྔར་བལ་པོའི་རྒྱལ་ཁག་ཡམ་བུ། ཡེ་རང༌། ཁོ་ཁོམ་གསུམ་ག་མངའ་འོག་ཏུ་བསྡུས་ཏེ་ཁེངས་དྲེགས་འབར་ཡོད་པ་ཐུག་པའི་རྐྱེན་ཡིན་ནོ། །

                   དེ་ནས་བལ་པོའི་དམག་གི་མགོ་བརྩམས་པ་ན་ཨམ་འབན་གཉིས་ཀྱིས་པཎ་ཆེན་རིན་པོ་ཆེ་བདེ་ཆེན་རབ་རྒྱས་དགོན་ནས་ལྷ་སར་གདན་དྲངས། བལ་དམག་བཀྲ་ཤིས་ལྷུན་པོར་འབྱོར་པ་ན་རྒྱལ་བ་ཡབ་སྲས་གཉི་ག་ཁམས་ས་མགར་ཐར་དུ་གདན་འདྲེན་རྩིས་བྱས། བོད་པའི་དམག་རྣམས་འཐབ་ཡ་འཛིན་རྒྱུ་ལྟ་ཞོག །བལ་པོ་སྟེང་དུ་སླེབ་པ་ན་གཞུང་གི་མེ་སྒྱོགས་ཆེན་མོའང་རྒྱག་ཡ་མིན་འབུལ་ཡ་ཡིན་ཞེས་དགྲ་ལ་སྤྲད། མི་སེར་བྱིངས་ནས། ང་ཚོ་ཇི་ལྟར་བྱས་ཀྱང་གཡོག་པོ་ཞིག་མ་གཏོགས་དཔོན་པོ་ནི་མི་ཉན། སྡུག་ལས་འདི་འདྲ་བྱེད་པ་ལས་བལ་པོས་ཐོབ་སོང་ན་དེས་དགའ་ཤས་ཆེ་ཞེས་འདི་ཕྱི་གང་ཡང་བསམ་རྒྱུ་མེད་པའི་ནང་ཆ་ཕྱིར་བཏོན། གཞུང་གི་མི་ཆེན་འཇིག་རྟེན་གྱི་མེས་པོ་ལྟ་བུའི་ཁེངས་དྲེགས་ཅན། སོས་བདེར་ཡོད་སྐབས་སེ་འབྲས་དགེ་གསུམ་དང་རྒྱལ་བ་ཡབ་སྲས་བསྙེགས་ནས་རྒྱ་བོད་ཧོར་གསུམ་འདུས་པའི་ཚེ་རང་རང་འགང་ཆེ་བར་འཁྲུལ་ཏེ་སུ་ལའང་བརྙས་ཐབས་ཁོ་ན་བྱེད་པ་ཚོའང་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ཁྱིམ་གྱི་དབྱེ་འབྱེད་དང་འགྲོ་ཆས་སོགས་ལ་གཡེང་ནས་རྩེར་འཁོར་མིའང་ཆེར་མེད་པར་གྲྭ་རྐྱང་ཚོའང་རྒྱལ་བའི་མདུན་ལ་གང་འདོད་དུ་སོང་ནས་གསུང་འཕྲོས་བྱས་ཆོག་པས་ཕྱི་སྡོམ་ནང་སྡོམ་ཐམས་ཅད་ཞིག་སྟེ། གཞུང་དགའ་ལྡན་ཕོ་བྲང་ཟེར་བའི་སྒྲ་བོ་ཆེ་དེ་སོག་མའི་ཁྲེས་པོ་ཕོན་ཐག་ཆད་པ་བཞིན་དངོས་མེད་དུ་འགྲོ་གྲབས་བྱུང་བའི་ཚེ། དམ་པ་འདི་ཉིད་ནས་འཕྲལ་ཡུན་གྱི་བྱ་བྱེད་ཀུན་ལ་བློ་གྲོས་བཀྲམ། ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་བགོས་ཏེ་སེ་འབྲས་ཀྱི་བླ་མ་རྣམས་བསྡུས་ནས་གྲོས་མགོ་བཟུང་སྟེ། ཨམ་འབན་གྱིས་བྱེད་ལུགས་འདི་རེད། གཞུང་གི་མི་ཚོས་ནི་ཁོས་གང་ཟེར་བལྟ་བ་ལས་ཅང་ལབ་ཐུབ་ཀི་མི་འདུག །རྒྱལ་བ་ཡབ་སྲས་མ་བཞུགས་ན་ཇོ་ཤཱཀ་རྣམ་གཉིས། སེ་འབྲས་དགེ་གསུམ་སོགས་ཐམས་ཅད་ཆགས་ཐབས་མེད་མོད་ད་ཇི་འདྲ་བྱེད་རྒྱུ་ཡིན་གསུང་བར། ཐམས་ཅད་ཀྱིས་ཁྱེད་ཀྱི་གང་གསུང་ནའང་དེ་ཀ་ཡིན། ང་ཚོ་ཐམས་ཅད་དེའི་རྟིང་པར་འཇུ་རྒྱུ་ལས་མེད་ཞུས་པས། འོ་ན་རྒྱལ་བ་རིན་པོ་ཆེ་ལ་ཞུ་དགོས་པར་འདུག་གསུངས་ནས་ཐམས་ཅད་རྒྱལ་བའི་མདུན་དུ་སོང་སྟེ། མཁན་པོ་ཉིད་ནས། རྒྱལ་བ་ཐུགས་རྗེ་ཅན། ཁྱེད་ཀྱིས་གྲྭ་ས་སེ་འབྲས་དགེ་གསུམ་ནས་བཟུང་འདི་ཐམས་ཅད་ཐུགས་ཀྱིས་དོར་ཏེ་གཞན་ལ་ཕེབས་ལུགས་ཡོད་དམ་ཞུས་པས། རྒྱལ་དབང་མཆོག་ནས། དེ་མེད་མོད་ཀྱང་ཨམ་འབན་དབང་ཆེ་བས་མི་ཉན་པར་འདུག་གསུང༌། འོ་ན་ཨམ་འབན་ལ་ངེད་ཚོས་བཤད་ཆོག་ཅེས་བླ་མ་ཐམས་ཅད་ཨམ་འབན་གྱི་རྩར་ཕེབས། མཁན་པོ་ཉིད་ནས། རྒྱལ་བ་ཡབ་སྲས་མ་བཞུགས་ན་བོད་ལུང་པར་སངས་རྒྱས་ཀྱི་བསྟན་པ་འདི་གནས་ཚུལ་མེད་པས། ངེད་སེ་འབྲས་དགེ་གསུམ་གས་རྒྱལ་བ་གཞན་ལ་ཕེབས་འཇུག་རྒྱུ་མིན་བྱས་པར། མ་ཕེབས་ན་སྐྱོན་མི་ཡོང་བའི་ཁག་ཨེ་ཐེག །ཁྱེད་ཚོ་ལ་བློ་རྩེ་ཅི་ཡོད་པ་ཡིན་ཟེར། ལན་དུ། ངེད་སེ་འབྲས་དགེ་གསུམ་ལ་གྲྭ་པ་ཁྲི་ཕྲག་འགའ་ཡོད་པས་རྒྱལ་བ་ཡབ་སྲས་བསྲུང་ཐུབ་བློ་རྩེ་དེ་ཡིན་བྱས་པས་ཨམ་འབན་ཁྲོས་ཏེ། དེ་འདྲ་བྱས་པས་མི་ཆོག །འདིའི་ཁག་ང་ལ་ཡོད་པས་གདན་འདྲེན་མ་བྱས་པར་ཐབས་མེད་ཟེར། དེ་ནས་མཁན་པོ་རང་གིས་ཀྱང་ཇེ་ངར་ལ་བཏང་སྟེ་འོ་ན་གདན་འདྲེན་ཞུར་མི་འཇུག་ཐག་ཆོད་ཡིན། སྐུ་འབུམ་ཐང་དུ་གཅིག་བུད་དང༌། སྔོན་ལ་ང་རང་ཚོས་ཐག་གཅོད་དགོས། ཞེས་ཚམ་ཚོམ་མེད་པར་གསུང་པས། ཨམ་འབན་འུ་ཐུག་སྟེ། གོང་མར་ཞུ་རྒྱུ་ཡིན་བྱས་ནས་སྐྲག་ནས་ལྷོད་ཨེ་ཡོང་སྙམ་སྟེ། འོ་ན་ངས་སེ་འབྲས་ཚོའི་བླ་མ་རྣམས་ཀྱིས་རྒྱལ་བ་ཕེབས་མི་འཇུག་གི་ཞེས་གོང་མར་གྲཻ་ཙི་འཛིན་རྒྱུ་ཡིན་ཟེར་བར། ཅི་ནས་ཀྱང་དེ་ལྟར་གྲཻ་ཙི་བཟུང་ཆོག་པ་ཞིག་བཀའ་དྲིན་ཆེ་དགོས་བྱས་པས། ཐབས་མ་རྙེད་པར་གྲཻ་ཙི་བཏང་སྟེ་རྒྱལ་བ་ཡབ་སྲས་བཞུགས་རྒྱུ་བྱས། མཁན་པོ་ཉིད་ནས་གྲྭ་ས་སོ་སོའི་གྲྭ་པ་གཞོན་ཤར་རྣམས་ཀྱིས་པོ་ཏ་ལ་སོགས་བསྲུང་ཚུལ། རྒྱབ་མདུན་གྱི་ལམ་འགོག་ལུགས་སོགས་ཀྱི་བཀོད་ཁྱབ་བཏང་བར་ཐམས་ཅད་ཀྱིས་ཅི་གསུང་དང་དུ་བླངས་ཏེ་མ་བསྐོས་རྒྱལ་པོ་རང་བྱོན་དུ་སོང༌། ཚུལ་འདི་ནི་ཤེས་རབ་སྡོང་བུ་ལས། ཇི་སྲིད་འཇིགས་པ་མ་བྱུང་བ། །དེ་སྲིད་དེ་ལ་འཇིགས་པར་བྱ། །འཇིགས་པ་མངོན་དུ་བྱུང་བའི་ཚེ། །འཇིགས་མེད་ལྟ་བུར་གཞོམ་པར་བྱ། །ཞེས་པའི་དགོངས་པ་ལུགས་གཉིས་གང་གི་དབང་དུ་བཏང་ཡང་དགོས་ངེས་པ་ཞིག་ཡིན་ནོ། །

                    དེ་ནས་ཆེར་མ་འགྱང་བར་བལ་པོའི་དམག་ནང་དུ། སེ་འབྲས་དགེ་གསུམ་གྱི་དམག་སྔོན་མ་གམ་པ་ལའི་ཚུར་ནང་དུ་སླེབས་ཚར་ཞིང་མཇུག་ད་དུང་ལྷ་ས་ནས་མ་རྫོགས་པས་ཁྲི་ཕྲག་མང་པོ་ཞིག་འོང་གི་ཡོད་པ་རེད་ཅེས་པའི་གཏམ་ཞིག་འབྱོར་ཏེ་འུར་ཞོགས་ཀྱིས་རང་ཡུལ་དུ་ཆས། འདིའང་རྩ་བ་དགེ་ལྡན་པའི་བསྟན་སྲུང་རྣམས་ཀྱི་ཐུགས་རྗེ་ཡིན་ཀྱང༌། འཕྲལ་གྱི་ལྷན་ཅིག་བྱེད་རྐྱེན་ནི། སྔ་སོར་ངེད་ཚོ་གྲྭ་པ་ཁྲི་ཕྲག་མང་པོ་ཡོད་པ་འདིས་བྱེད་དགོས་བྱུང་ན་བལ་པོའི་དོ་ཡ་ཐུབ་ཐག་ཆོད་ཡིན་ཞེས་དཔའ་སྐད་ཅིག་བཏོན་པ་དེ་གཅིག་ལས་གཉིས་འཁྱར་དུ་སོང་སྟེ། ཕོ་ཁ་ཐང་ཅན་གྱིས། སྡར་མ་ཡུལ་འཕུད་པའི་དཔེར་སོང་བ་ཡིན་པར་སྣང༌། དེ་རྗེས་དམག་དཔོན་ཆེན་པོ་ཧཻ་གུང་གིས་སོ་ལོན་གྱི་དམག་ཁྲིད་དེ་བྱང་ཁ་ནས་འོངས། གསེར་གྱི་ཀ་བ་ལྟ་བུའི་ནང་གི་བློན་ཆེན་བཞིའི་ཡ་གྱལ་ཕུ་ཟི་ཀྲུང་ཐང་གིས་རྒྱ་དང་རྒྱལ་རོང་གི་དམག་ཁྲིད་དེ་ལྷོ་ལམ་ནས་འོངས། དེ་ནས་རྒྱ་མཚོ་འཕྱུར་བ་བཞིན་དམག་གི་དཔུང་ཆེན་པོ་རིམ་པ་རིམ་པ་འབྱོར་པས་སྡིག་ཅན་གོར་ཥ་ཕམ་པར་བྱས་ཏེ་མངའ་འོག་ཏུ་བཅུག །དེ་སྐབས་ཤིག་ལ་གོང་ནས་སྔར་གྱི་གྲཻ་ཙིའི་ལན་བབ་པས། སེར་འབྲས་ཀྱི་བླ་མ་ཐམས་ཅད་སང་ཉི་མ་རྩེ་ཤར་ལ་ནོར་འཛིན་དགའ་ཚལ་དུ་འབྱོར་དགོས་ཞེས་བརྡ་བརྒྱབ། ཕྱི་ཉིན་འཛོམ་ཐོག་ཏུ་ཀྲུང་ཐང་ཆེན་མོས་རྒྱལ་པོའི་བཀའ་བསྒྲག་པ་ནི། ཁྱོད་སེར་འབྲས་དགེ་གསུམ་གྱི་བླ་མ་རྣམས་ཀྱིས་རྒྱལ་བ་ཡབ་སྲས་གདན་འདྲེན་ཞུར་མ་བཅུག་པས་སེར་འབྲས་དགེ་གསུམ་དང་ལྷ་ས་སོགས་བདེ་བར་གནས་པ་ནི་ཁྱེད་རྣམས་ཀྱི་དྲིན་ཡིན། ཁྱེད་རྣམས་སངས་རྒྱས་ཀྱི་དུས་ཀྱི་ཉན་ཐོས་ལྟ་བུ་རེད། པོ་ཨམ་འབན་གླེན་པ་ལུག་འདྲ་བ་འདིས་པཎ་ཆེན་རིན་པོ་ཆེ་ལྷ་སར་གདན་འདྲེན་ཞུས་པས་བཀྲ་ཤིས་ལྷུན་པོ་ལ་ཆག་འཇིག་བྱུང་བ་རེད། ཁྲིམས་ལ་བརྒྱབ་ན་འདི་ལ་སྲོག་གི་ཆད་པ་མིན་པ་མེད། འོན་ཀྱང་འདིས་ཨམ་མྱེ་རྗེ་རིན་པོ་ཆེའི་བསྟན་པ་ལ་ཤེ་མོང་ཕུལ་མཁན་ཞིག་ཡིན་པའི་ངོར་འདི་ལ་སྲོག་གི་ཆད་པ་ནི་མེད། ཟླ་བ་གསུམ་ལ་ཨན་བསྐོན་ནས་ལྷ་སའི་ཁྲོམ་ནང་ཞོག་གསུངས། བླ་མ་ཐམས་ཅད་ལ་བདག་རྐྱེན་དང༌། ཁྱད་པར་དུ་ཉིད་ལ་ནོར་བུ་མཁན་པོ་ཞེས་པའི་ཆོ་ལོ་གནང༌། ལན་གྱི་འབབ་ལུགས་ལ་བརྟག་ན། དང་པོར་གྲཻ་ཙི་འཛིན་པའི་ཚེ་མཁན་པོ་འདི་ཉིད་དམིགས་ཀྱིས་བཀར་ཏེ། འདིས་གཙོ་བྱས་པའི་བླ་མ་རྣམས་ཀྱིས་འདི་འདྲ་བཤད་ནས་ཕེབས་མི་འཇུག་པར་འདུག་ཅེས་ཞུས་པ་ན་བཤད་ཚུལ་དང་བྱེད་ལུགས་ལ་གོང་མ་ཤིན་ཏུ་མཉེས་ཏེ་ཨེར་ཏི་ནི་མཁན་པོ་སྟེ། མཁན་རིན་པོ་ཆེ་ཞེས་གཟེངས་བསྟོད་པ་ཡིན་འདུག་པས། བོད་སྐད་དུ་མ་བསྒྱུར་ན་ཆོ་ལོའི་ཉམས་དོད་པ་ཞིག་འོང་ཡང༌། ལོ་ཙཱ་བས་ནོར་བུ་མཁན་པོར་བསྒྱུར་བ་ཡིན་འདུག་ལ། རྣམ་པ་གཅིག་ཏུ་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞིག་ཡིན་ནམ་སྙམ། བླ་མ་གཞན་ཐམས་ཅད་ཀྱིས་ཀྱང་མཁན་པོ་ཉིད་རང་གི་བཀའ་དྲིན་ཡིན་ཞེས་ལེགས་སོ་འབུལ་ཞིང་མངོན་ལྐོག་མེད་པར་དེ་ཁོ་ན་གླེང་ངོ༌། །
 

                   དེ་ལྟར་འཁྲུག་ཟིང་ཞི་ནས་བསིལ་ལྡན་གྱི་ལྗོངས་ཀུན་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་རྒྱུ་བྱུང་བ་ནི་ྋའཇམ་དབྱངས་མི་རྗེའི་རྣམ་རོལ་ཁོ་ནའི་བཀའ་དྲིན་ཡིན་ལ། འོན་ཀྱང་དེའི་བཀའ་དྲིན་ཐུགས་རྗེའི་ཉི་མ་འཆར་བའི་བར་ལ་རང་གིས་རང་དངོས་མེད་དུ་གཏོང་གྲབས་བྱུང་བ། ཐབས་མཁས་སྐྱ་རེངས་ཀྱི་སྣང་བས་དེ་དང་མཚམས་སྦྱོར་བ་པོ་ནི་དམ་པ་འདི་ཉིད་ཡིན་པས་བཀའ་དྲིན་བླ་ན་མེད་པ་ཤེས་པར་བྱོས་ཤིག །བལ་པོའི་དམག་ཚོགས་འོང་བའི་སྒྲ་ཙམ་གྱིས། །བོད་ཡུལ་ཆེ་དགུས་རང་མདངས་བསྟན་པ་ན། །བར་གཅོད་དབང་དུ་མི་གཏོང་སྙིང་སྟོབས་ཀྱི། །བ་དན་བསྒྲེང་བར་ནུས་པ་ཁྱོད་མིན་སུ། །སོས་བདེར་གནས་ཚེ་མཆོག་དམན་སྐྱེ་བོའི་ཚོགས། །སུ་ལ་བརྙས་ཐབས་ཁྱད་གསོད་མི་མཛད་ཀྱང༌། །སེང་གེའི་ངར་སྐར་སྒྲོགས་པའི་དུས་བབས་ན། །ཡུད་ཀྱིས་མི་འགྲོ་དཔའ་བོའི་བརྟུལ་ཞུགས་ཡིན། །དེ་ནས་ཡང་སྒྲིག་ལམ་དང་འཆད་ཉན་དམར་བ་སྔར་རྒྱུན་བཞིན་མཛད་ཅིང༌། དགེ་འདུན་རྣམས་ཀྱང་ཐུགས་དགའ་སྤྲོ་དང་བཅས་པས་ཚོགས་ཆོས་ཤིན་ཏུ་འཕེལ། གྲྭ་འཚོགས་ཀྱང་ཉིས་སྟོང་ལྔ་བརྒྱར་ཉེ་བ་བྱུང༌། དགུང་ལོ་རེ་གཅིག་པ་ཆུ་བྱའི་ལོ་འདིར་རིགས་གྲྭའང་འཁོར་ཏེ། རྒྱལ་དབང་ལྔ་པ་བཞིན་རང་ལོའི་ཐད་ཐད་དུ་དོན་ཆེ་བ་མང་པོ་འགྲུབ་པ་འདི་འདྲ་ལ་གེགས་ཡར་འགྲོའི་ཐ་སྙད་ཀྱང་བྱེད་པར་སྣང་། རིགས་གྲྭའི་འགྱེད་ཆེན་དུ་དངུལ་སྲང་ཁྲི་ཕྲག་ལ་ཉེ་བས་ཚོགས་པ་བདུན་སྟོང་སྐོར་ལ་དངུལ་སྲང་གང་དང་ཞོ་གསུམ་རེ་བཏང༌། ཉིན་བཅོ་ལྔའི་རིང་ལ་བསྙེན་བཀུར་དང་ཉིན་ལྟར་གྱི་འགྱེད་སྣ་རེ། སྒོ་མང་གྲྭ་ཚང་གི་ལྷག་མཆོད་ལ་དངུལ་ཞོ་ལྔ་རེ། ཁམས་ཚན་ལ་ཞོ་གསུམ་རེ། མི་ཚན་ལ་ཞོ་རེ་བཅས་བཏང༌། དེའི་རྗེས་སུ་སྒོ་མང་མཁན་པོའི་གནང་བ་ཞུས་ཏེ། ཉིད་ཀྱི་དགེ་ཕྲུག་ལྷ་བཙུན་མཐུ་སྟོབས་ཉི་མ་སྒོ་མང་མཁན་པོར་བསྐོ་བཞག་གི་མགོ་མཐའ་གནང༌། མཁན་པོ་རྗེས་མ་ལ་ནས་ཁལ་ལྔ་བཅུ་དང་ཐབ་ཆའི་སྐོར་གདན་ཆ་བཅས་གསར་འཇོག་དང༌། ཁྲི་འདོན་སྐབས་སྐུ་གསུང་ཐུགས་རྟེན། ན་བཟའ་ཆ་ཚང༌། ཆིབས་པ་བཟང་པོ་གཅིག་བཅས་བདོག་པ་བསྟར། དེ་ནས་སྔར་བཞིན་ལྷ་དབང་གླིང་ནས་ཟུར་བཞུགས་མཛད། སྔ་ཕྱི་ཅི་རིགས་ཤིག་ཏུ་ཀློང་རྡོལ་བླ་མ་རིན་པོ་ཆེའི་མདུན་ནས་ལམ་རིམ་ཆུང་ངུའི་བཤད་ལུང༌། སྦས་དོན་ཀུན་གསལ་གྱི་བཤད་ལུང༌། འཇིགས་བྱེད་བསྐྱེད་རིམ་ཆེན་མོའི་བཤད་ལུང་སོགས་ཟབ་རྒྱས་ཀྱི་གདམས་པ་མང་དུ་གསན་འདུག་ཀྱང་དུས་ཚོད་གང་ཡིན་མ་ངེས། ཉིད་ནས་གྲྭ་ཚང་ལ་མཆོད་རྫས་ཆ་ཚང་ཞིག་འཇོག་རྩིས་གནང་སྟེ། དེའི་རྒྱུ་མཚན་ཀློང་རྡོལ་རིན་པོ་ཆེར་ཞུས་པས། འོ་ན་རྒྱ་མཐོངས་ཀྱི་ཆུ་དར་ངེས་བཞག་སྟེ་སྨོན་ལམ་ལྷན་ཅིག་ཏུ་བྱས་ན་རྟེན་འབྲེལ་ཁྱད་པར་ཅན་ཞིག་ཡོད་གསུངས་ནས་དེ་བཞིན་གནང༌། མཁན་པོ་ཉིད་ནས་གོས་ཆེན་ཁྱད་འཕགས་ཤ་སྟག་ལས་བསྒྲུབས་པའི་ཀ་འཕན་ཕྱེ་འཕུར་བླ་བྲེ་སོགས་མཆོད་རྫས་ཡོངས་སུ་རྫོགས་པ་དངུལ་སྲང་སུམ་སྟོང་གི་རྒྱུ་སོང་དང༌། དེ་མཚུངས་བསམ་བློ་རྒྱུད་ཁང་དུའང་སྲང་ཉིས་སྟོང་ལ་ཉེ་བའི་ཟོང་གི་མཆོད་རྫས་བཞག །གླང་གི་ལོ་ལྷ་སའི་སྨོན་ལམ་ལ་མང་ཇ་དང་རྡོ་ཚད་སུམ་ཅུ་སྐོར་གྱིས་འགྱེད་སྐར་ཕྱེད་བརྒྱད་རེ་བཏང་སྟེ་ཆོས་དང་ཟང་ཟིང་གཉི་གའི་སྒོ་ནས་གྲྭ་ཚང་གི་འཛིན་སྐྱོང་འགྲན་ཟླ་མེད་པ་གནང་བའི་བཞེད་པ་མཐའ་དག་བར་ཆད་ཕྲ་མོ་ཙམ་ཡང་མེད་པར་མཐར་ཕྱིན་ཏོ། །

                    བཅོམ་ལྡན་ཐུགས་རྗེ་མངའ་བའི་དགོངས་པ་བཞིན། །བཅའ་ཁྲིམས་དམ་པོས་བག་མེད་གནས་ལས་བཟློག །བཅུ་ཕྱེད་བཀའ་པོད་དགོངས་དོན་ཨ་མྲྀ་ཏའི། །བཅུད་ཀྱིས་སྐལ་བཟང་ལྷ་རྣམས་ཚིམ་པར་མཛད། །མཁའ་ལས་གྲུ་ཆར་འཇོ་བའི་སྤྲིན་སྔོན་བཞིན། །མཁས་རྣམས་ལེགས་བཤད་གཏམ་གྱིས་ཚིམ་མཛད་ཅིང༌། །མཁོ་དགུའི་འབྱོར་པས་དམངས་ཀྱི་རེ་བསྐངས་ཏེ། །མཁན་པོར་གྲགས་པ་ཕལ་གྱི་དོ་ཟླ་མིན། །དེ་ནས་གཞན་ལ་ཆོས་བཀའ་ཅི་རིགས་དང༌། ལྷག་པར་རབ་བྱུང་བསྙེན་རྫོགས་ཞུ་མཁན་བརྒྱ་ཕྲག་བརྒལ་བ་དང༌། བསླབ་སྐྱོར་ཞུ་མིའང་མང་དུ་བྱུང་བའི་རེ་བ་བསྐངས་ཏེ་ལྷག་པའི་ཚུལ་ཁྲིམས་ཀྱི་དགའ་སྟོན་མཆོག་ལ་སྦྱར། སྐབས་ཤིག་རྒྱ་ནག་ཏུ་བླ་མ་བཟང་པོ་ཞིག་གཏོང་དགོས་ཀྱི་བཀའ་བབ་པས། ཨམ་འབན་གཉིས་ནས་གྲྭ་སའི་བླ་མ་རྣམས་བོས་ཏེ་བལྟས་ནས། མཁན་པོ་འདི་པ་འོས་ཚུལ་གླེང་བ་ན། ཐུགས་མ་བདེ་བར་ཀློང་རྡོལ་རིན་པོ་ཆེར་ཞུས་པས། རིམ་གྲོ་འགའ་ཞིག་དང༌། དེ་ནས་ཨམ་འབན་ལ་གསེར་སྲང་བཅོ་ལྔ་བྱིན་ན་ཟློག་ཐུབ་ཡོང་གསུང་བ་ལྟར་བྱས་པས་དེ་ཁོ་ན་བཞིན་བྱུང༌། དེ་སྐབས་ཀྱི་རྒྱུ་མཚན་ཉིད་ཀྱི་ཞལ་ནས་ཀྱང༌། ཐམས་ཅད་ལས་ང་ལ་དགའ་མདོག་ཁ་བོ། ཁྷཽ་ཁྷོ་ཟེར་ར་འདྲ་མོ། སཻན་སཻན་ཟེར་ར་འདྲ་མོ་མང་པོ་ཞིག་ལབ་ཀི་འདུག །ཡག་པོ་མ་བྱུང༌། ལས་ཅི་འདྲ་ཞིག་བསགས་ཡོད་མི་ཤེས། རུས་པ་འདི་གང་ནས་འཇོག་དགོས་རྒྱུ་ཡིན་སྙམ་བློ་མ་བདེ་གསུང་བ་དངོས་སུ་ཐོས། གཞན་ཞིག་ཡིན་ན་ཐམས་ཅད་ལས་ཁོ་ལྷག་པ་བྱུང་སྙམ་རློམ་སེམས་སྐྱེའང༌། ཉིད་ནས་དེ་དག་གིས་བསྟོད་བཀུར་བསྔགས་པ་བྱས་ཚད་གཤིན་རྗེའི་འཛུམ་དང་འུག་པའི་ཐན་སྐད་ལྟ་བུར་དགོངས་པ་ནི་བསྟོད་སྨད་དང་སྙན་མི་སྙན་སོགས་ཆོས་བརྒྱད་རོ་སྙོམས་སུ་སོང་བའི་རྣམ་ཐར་རོ། །སྔ་སོར་ཀུན་མཁྱེན་མཆོག་ནས་དུས་ལས་འཛོལ་བ་མེད་པའི་མངོན་མཁྱེན་གྱིས་གཟིགས་ཏེ་གསུང་བའི་དོན་བཞིན་སྒོ་མང་གི་ཁྲི་མཐར་ཕྱིན། རྒྱ་མིའི་གླེང་བརྗོད་དེ་དག་ཀྱང་སྐུལ་མ་ལྟ་བུར་སོང་ཡོད་པའི་ཐོག །ཤིང་སྟག་ལོ་ངག་དབང་ཝང་གི་དཔོན་མོ་དབུས་ལ་ཡོང་བ་དེའི་སྐྱེལ་མར་བླ་བྲང་གི་དྲུང་ཡིག་དགེ་ལེགས་བཏང་ཡོད་པས་མཚམས་སྦྱར། ཀུན་མཁྱེན་གོང་མའི་སྐུ་ཚ་དབོན་པོ་དཀོན་མཆོག་སེང་གེ་གྲྭ་སར་ཡོད་པས་གཞུང་བཟུང་སྟེ་མདོ་སྨད་དུ་ཕེབས་རྒྱུའི་ཞུ་བ་ཕུལ། ཉིད་ནས་ད་སྐབས་སྐུ་ཞབས་རིན་པོ་ཆེ་མི་བཞུགས་པས་ངེད་སོང་སྟེ་ཕན་ཐོགས་ཡོད་མེད་མི་ཤེས། ཆོས་སྐྱོང་རྣམས་ལ་ལུང་བསྟན་ཞུ་དགོས་གསུང་སྟེ་གནས་ཆུང་ལ་ཞུས་པར། དགོན་གནས་སློབ་དཔོན་དམ་ལྡན་གྱིས་གཟུགས་མེད་ལ་དྲིས་པ་ལེགས། སླར་ཡང་ཆོས་འཆད་ཉན་འཕེལ་རྒྱས་སུ་རིམ་གྲོ་བསྐལ་བཟང༌། བརྒྱད་སྟོང༌། རྟག་བརྟན་གཟུངས་འདུས། སྐུ་ལྔ་དཔོན་བློན་གྱི་བསྐང་བ། ཕྲིན་བཅོལ། རི་བསང་བརྒྱ། ཀླུང་རྟ་བརྒྱ་བཅས་བསྒྲུབ་ན། གཟུགས་མེད་ཡིད་ཀྱིས་མ་དོར་ན། ལུས་དང་གྲིབ་མ་བཞིན་དུ་འཕྲིན་ལས་བགྱིད། ཅེས་མདོ་སྨད་དུའང་འཆད་ཉན་ཡར་རྒྱས་སུ་གནང་རྒྱུ་སོགས་ཤིན་ཏུ་གསལ་བ་དང༌། དགའ་གདོང་བསྟན་མ་གཉིས་ཀྱིས་ཀྱང་རིམ་གྲོ་དང་འཕྲིན་ལས་སྒྲུབ་པའི་ཞལ་བཞེས་སོགས་གང་ལེགས་གནང༌།

                     ལོ་མཇུག་ཏུ་དབོན་པོ་དང་དྲུང་ཡིག་སོགས་ཀྱིས་དེ་དོན་རྒྱལ་དབང་རིན་པོ་ཆེར་དགོངས་པ་ཞུས་པས། རྒྱལ་དབང་རིན་པོ་ཆེ་ནས་ཉིད་ལ་ནང་སྦྱར་གྱི་བཀའ་ཕེབས་ཏེ། ཁྱེད་རང་སྔར་ཕེབས་ཆད་ཡིན་ཟེར་བ་བདེན་ཞིང༌། བླ་མའི་བཀའ་དང་ཡུལ་མིའི་འདུན་པ་བཞིན་ཕེབས་འདོད་ཡོད་ན་གནང་བ་སྟེར། མིན་ན་མི་སྟེར། ཁྱེད་རང་གི་ཐུགས་བཞེད་དང་བསྟུན་ཆོག་གསུང་བར། སྔ་སོར་དེ་འདྲ་ཞུས་ཡོད་པ་བདེན། ད་ཆ་སྐུ་ཞབས་དེ་ཉིད་སྐུ་དངོས་མི་བཞུགས་ཀྱང༌། ང་བླ་མ་ཆོས་གོས་གྱོན་པ་ཞིག་གིས་ཁྲེལ་མེད་བྱེད་ལུགས་མེད་པས་འགྲོ་འདུན་ཡོད་ཞུས་པས། འོ་ན་དེ་བཞིན་བྱས་ཆོག་ཅེས་དགོངས་པ་དགྱེས་བཞིན་དུ་ཁྲོལ། ཡོས་ལོ་གསར་ནས་སྨོན་ལམ་ཐོག་ལ་དགའ་ལྡན་སེ་ར་གཉིས་ཀྱི་བླ་མ་རྣམས་ཀྱིས་འབྲས་སྤུངས་བླ་མ་རྣམས་ལ་སྒོ་མང་མཁན་པོ་རྒན་པ་འདི་པ་གྲྭ་ས་སེར་འབྲས་དགེ་གསུམ་གྱི་བླ་མ་རྣམས་ཀྱི་བློ་རྩེ་གཏད་ས་ཡིན། འབྲས་སྤུངས་ཚུགས་ནས་རིགས་གྲྭ་གསུམ་བཏང་བ་བླ་མ་འདི་མིན་པ་མ་བྱུང༌། ཁྱེད་རྣམ་པས་དང་པོ་མ་ཞུས་སྟབས་ད་གཟོད་ཞུ་ལུགས་མེད་རུང༌། ང་ཚོས་གཞུང་ལ་ཞུས་ཏེ་ཁོང་མི་ཕེབས་པ་ཞིག་བྱེད་དགོས་ཟེར་ནས་དེ་བཞིན་བྱས་ཀྱང༌། ཀུན་མཁྱེན་འཇམ་དབྱངས་བཞད་པ་མདོ་སྨད་ཀྱི་བསྟན་པའི་བདག་པོ་ཡིན་པ་དང༌། ཆིང་ཝང་སྔར་ནས་ཞྭ་སེར་གྱི་བསྟན་པའི་སྦྱིན་བདག་ཆེན་པོའི་རྒྱུད་ཡིན་སྟབས་དམིགས་བསལ་གལ་པོ་ཆེ་གནང་སྟེ་རྒྱལ་བའི་བཀའ་བབས་ཚར་བ་ཡིན་པས། ད་ཆ། རི་ཆེན་པོའི་རྦབ་ལ་ཕྱིར་ལོག་མེད། དཔོན་ཆེན་པོའི་བཀའ་ལ་བཀའ་ལོག་མེད། ཟེར་བ་ཡིན་ཞེས་འགོག་ཐུབ་པ་མ་བྱུང༌། རྒྱུན་པར་གྲྭ་ས་རྒྱ་ཆེ་བས་ཕན་ཚུན་ཆེར་མ་ལྟོས་པ་ལྟ་བུ་ཞིག་ཡོད་ཀྱང༌། སྔ་སོར་ཉེན་ཆེ་བའི་སྐབས་མཆོད་རྟེན་གྱི་སྲོག་ཤིང་བཞིན་ཚང་མའི་རྟེན་སར་སོང་བའི་སྟབས་ཀྱིས་ད་དུང་ཡང་ཐག་རིང་དུ་ཕེབས་རྒྱུ་བློས་མ་བཟོད་པ་ལྟ་བུ་བྱུང་བ་ཡིན་འདུག་པས། རང་རྩ་ལས་ཀྱང་རྒྱང་ན་གནས་པ་ཚོའི་ངོར་ཕན་པའི་ཟིལ་ཆེ་བ་ཞིག་ཡོང་བ་ནི། དཔེ་ཆོས་འགྲེལ་པར། སྐྱེས་བུ་དམ་པ་ཚད་ལྡན་དེ། བཀྱེད་ཀྱིན་གསལ་བ་ཧས་པོའི་གངས་ལྟ་བུ། བཏུད་ཀྱིན་གསལ་བ་རྨ་བྱའི་མདོངས་ལྟ་བུ་ཞིག་འོང་བར་གསུང་བའི་དོན་ཡིན་ནོ། །དེ་ནས་མདོ་སྨད་དུ་འབྱོན་རྒྱུར་ཐག་ཆོད་དེ། རྒྱལ་དབང་ཐམས་ཅད་མཁྱེན་པར་སྐྱབས་འཇུག་ཞུ་རྟེན་ལ་མཎྜལ། སྐུ་གསུང་ཐུགས་རྟེན། ན་བཟའ་ཆ་ཚང༌། དངུལ་སྲང་བདུན་བརྒྱ། གོས་ཡུག་བཅོ་བརྒྱད། རྟ་ཚག་རིན་པོ་ཆེར། སྐུ་གསུང་ཐུགས་རྟེན། མཎྜལ། དངུལ་སྲང་བརྒྱ་དང་ལྔ་བཅུ། གོས་ཡུག་ལྔ་བཅས་ཕུལ། འབྲས་སྤུངས་ཚོགས་ཆེན་དང་གྲྭ་ཚང་ལ་སྐྱབས་ཞུས་ཀྱི་མང་ཇའི་ཐོག་འགྱེད་ཊཾ་ཁ་རེ། གྲྭ་ཚང་སྤྱི་འཇོག་ཏུ་འབྲི་བདུན་ཅུ་དོན་བདུན་དང་ཁྱིམ་ཁ་གསུམ་བཅས་བཞག །བླ་མ་རིགས་གྲྭ་པ་ལའང་འབྲི་བདུན་ཅུ་དོན་བདུན། བླ་མ་ཕྱག་མཛོད་ཕུ་ལ་འབྲི་སུམ་ཅུ་ཐམ་པ། ཁམས་ཚན་ལ་ཚོམས་ཇ་དང་དང་འགྱེད་དངུལ་ཕྱེད་བརྒྱད་རེ། མི་ཚན་ལ་མཆོད་ཁྲི་དང་རྗེའི་སྐུ། གནམ་ཡོལ། ཉིད་ཀྱི་ན་བཟའ་ཆ་ཚང་བཞུགས་ཁྲི་དང་བཅས་པ་བཞག །གཞན་ཡང་ཕུར་བུ་ལྕོག །ཚེ་ཆོག་གླིང༌། སྟོད་ལུང་ལྡིང་ཁའི་དགོན་སོགས་ལ་མང་ཇ་དང་འགྱེད་ཊཾ་ཁ་རེ་བཅས་བཏང༌། ཇོ་ཤཱཀ་རྣམ་གཉིས་སོགས་ལྷ་སའི་རྟེན་རྣམས་དང༌། པོ་ཏ་ལའི་ཇོ་བོ་ལོ་ཀེ་ཤྭ་ར་དང༌།

                     དེ་སྐབས་འཕགས་པ་ཝ་ཏིའང་དེར་བཞུགས་ཡོད་པས། དེ་གཉིས་ཀྱིས་གཙོས་པའི་རྟེན་ཕལ་ཆེར། འབྲས་སྤུངས་ཀྱི་བྱམས་པ་མཐོང་གྲོལ་མ་དང་ཐུབ་པ་ཚུལ་ཁྲིམས་མ་སོགས་རྟེན་རྣམས་ལ་གསེར་གསོལ་དང་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་ཚེ་རབས་ཀུན་ཏུ་བློ་བཟང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་བའི་སྨོན་ལམ་གྱི་མཚམས་སྦྱར་ནན་ཏན་དུ་མཛད། དེ་སྐབས་ཕྱག་མཛོད་ཀྱིས་མདོ་སྨད་དུ་ཕེབས་ན་གཞན་ངོ་མི་ཤེས་ཤིང༌། གཞི་ཆེ་ཙམ་ཞིག་འཛིན་དགོས་པ་ཡོང་བས་འབྲི་འདིའི་ནང་ནས་གཞོན་པ་སྐོར་གཅིག་འཛིན་དགོས་པ་འདྲ་ཞུས་པར་མི་དགོས་གསུང༌། ཨུ་ཚུགས་བྱས་པས། ངས་འདི་ཐམས་ཅད་སྔར་ནས་དགེ་འདུན་པ་ལ་བསྔོས་ཡོད་པ་ཡིན། དེ་མ་བྱས་ན་ཁྱོད་རང་ལ་ཆོས་སྐྱོང་གིས་ཡག་པོ་མི་ཡོང་ཞེས་གསུང་བཙན་པོ་གནང་བས་བཀའ་བཞིན་བསྒྲུབས་འདུག །རྒྱུན་པར་ནོར་དངོས་པོ་ཀུན་ལ་ཞེན་པ་ལོག་པའི་ཚུལ་གྱིས་མིག་བཙུམ་སྐད་གདངས་ཚུན་ཆད་སྨད་དེ་ཞི་ཞིང་དུལ་བའི་ཉམས་ཁོ་ན་མི་སྟོན་ཡང༌། ཉམས་ལེན་སྐབས་བསླབ་སྤྱོད་ཀྱི་བཏང་བསྲུང་དག་སྤེལ་བཞིའི་དོན་བཞིན་བདོག་པ་ཐམས་ཅད་གཞན་ལ་བསྔོས་ཏེ་འཛིན་ཆགས་ཅི་ཡང་མི་མཛད་པ་ནི་ཚེ་བློས་བཏང་གི་སྤྱོད་ཚུལ་ལྷད་མེད་པ་ཡིན་གྱི། ཆོས་པའི་ཉམས་ཕྱི་རོལ་ཏུ་ཐོན་ཆེ་བའི་རིགས་ལ་དགེ་སློང་གསེར་ལེན་སྤུ་སྐྱེལ་ལྟ་བུ་རྫུན་མ་མང་པོ་འབྱུང་སྟེ། གཟི་བརྗིད་ཅན་གྱི་མདོ་ལས། གཅོམ་བསྐྱུང་བའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ་རྒྱུ་མཚན་དུ་བྱས་ནས་ཚིག་ཞན་པ་ཞན་པར་བྱེད་པའོ། །འདོད་པ་ཆུང་བར་སྨྲ་བའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ་འདོད་པ་ཆུང་བར་སྨྲ་ཞིང་སེམས་ཀྱིས་རྙེད་པ་འདོད་པ་སྟེ། ཡོ་བྱང་བསྙུང་བར་སྟོན་པའོ། །ཞེས་སོགས་ཚུལ་འཆོས་པ་བཅུ་གསུང་ལ། འོད་སྲུང་གིས་ཞུས་པའི་མདོ་ལས་ཀྱང༌། དལ་གྱིས་འགྲོ་བའི་ཚུལ་འཆོས་པར་འགྱུར་བ་དང༌། མགོ་སྨད་པའི་ཚུལ་འཆོས་པར་འགྱུར་བ་དང༌། ཞེས་པ་ནས། ང་ལ་ཅུང་ཟད་ཀྱང་ཅུང་ཟད་ཀྱང་མི་དགོས་སོ་ཞེས་སྨྲ་བ་སེམས་ཀྱིས་རྙེད་པ་འདོད་ཅིང་ཚིག་གིས་འདོད་པ་ཆུང་བར་སྨྲ་བ་འདི་ནི་སེམས་ཀྱི་ཚུལ་འཆོས་པ་ཞེས་བརྗོད་དོ། །ཞེས་གསུངས་པས། དམ་པའི་རྣམ་ཐར་འདི་དག་དང་བསྟུན་ཏེ་རང་སེམས་དཔང་པོར་བཞག་ནས་ཞིབ་དཔྱོད་མ་བྱས་ན་ཕུབ་མའི་ཆུ་དོང་འབྱུང་ཉེན་ཆེའོ། །བཤེས་སྤྲིང་ལས་ཀྱང༌། མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །ཞེས་སོགས་ཀྱིས་ཕྱི་ནང་སྨིན་མ་སྨིན་མུ་བཞིར་གསུངས་པའི་གཙོ་བོ་ནང་སྨིན་དགོས་པ་ཡིན་པས། ཁམ་ལུང་པ་ཕྱི་ནང་གཉི་ག་སྨིན་པ་དང༌། པོ་ཏོ་བ་ཕྱི་མ་སྨིན་ལ་ནང་སྨིན་པར་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་གསུངས་ཏེ། པོ་ཏོ་བའི་རྣམ་ཐར་མཛེས་པའི་པདྨོ་ལས། སྙིང་རྗེ་ཅན་དུ་མངོན་མངོན་མི་མཛད་ཀྱང༌། །ཞེས་གསུངས་དོན་ཡང་དེ་ཡིན་ནོ། །དེ་ནས་ཕེབས་རྒྱུའི་དུས་དང་ཉེ་བ་ན་རྒྱལ་དབང་རིན་པོ་ཆེ་ནས་ཐོན་ཕྱག་གི་གནང་ཆར། ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་ཞལ་ཐང་རྒྱལ་བ་ཉིད་ཀྱི་ཕྱག་དམ་ཅན། ཚེ་སྐུ་ལི་མ་གཅིག །ཐུབ་པའི་ལི་སྐུ་གཅིག །དབུ་ཞྭ། སྐུ་འགག །སྐུ་ཆོས། སྐུ་གཟན། སྐུ་ཤམ། ཞབས་ཆག །ཆིབས་པ་ཆིབས་འགྲོགས་གཉིས། ཆིབས་སྒ་ལེགས་པ་ཏོག་ཟེ་ཁེབས་ལོང་ཁེབས་བཅས་ཆ་ཚང༌། དུང་དཀར་ཆ། ཁ་ཆེ་དྲི་བཟང་སྲང་ལྔ་བཅུ། སྤོས་དམར་དོ་པོ་གཅིག །ཞྭ་སྣམ་ལྔ་བཅུ། ཕྲུག་བཅོ་ལྔ། ཧ་སག་གཅིག །ལ་ཏ་དང་ཀཾ་ཙ་ཡུག་དུ་མ་སོགས་དཔངས་མཐོ་བ་སྩལ་ཅིང་མདོ་སྨད་དུ་བསྟན་འགྲོར་གང་ཕན་གནང་དགོས་ཚུལ་དང་རྗེས་འཛིན་གྱི་ཞལ་བཞེས་སོགས་བརྩེ་གཟིགས་གང་ཆེ་གནང༌། རྟ་ཚག་རིན་པོ་ཆེ་ནས་སྐུ་བརྙན་ལི་མ་གསུམ། གྲགས་རྒྱལ་མའི་ཞལ་ཐང་གཅིག །དུང་དཀར་གཅིག །ན་བཟའ་ཆ་ཚང༌། ཐེར་དྲིལ་བཅོ་ལྔ། ཞྭ་སྣམ་སུམ་ཅུ། ཕྲུག་བརྒྱད། སོ་སོ་ནས་ཞབས་ཕྱི་རྣམས་ལའང་གོ་བབ་དང་བསྟུན་པའི་གནང་ཆ་སྩལ། དེའི་སྔོན་ཙམ་ལ་རྩེ་དྲུང་ནང་མ་འགའ་ཞིག་གིས། རྒྱལ་བའི་སྐུའི་ཆེ་བ་ཡིན་པས་ཞུ་རྟེན་ཅུང་ཟད་ཕུལ་ཏེ་མ་ཞུས་པར་གནང་བའི་དཔེ་ལམ་མེད། དེ་བྱས་ན་ནོ་མོན་ཧན་གྱི་ཆོ་ལོ་དང་གདུགས་རྟ་དར་སོགས་ཉིད་ལ་ཅིས་ཀྱང་གནང་ཡོང་ཞེས་གྲོས་འདེབས་བྱུང་བར། ང་རང་གི་ཆས་ཀ་གང་ཡོད་དགེ་འདུན་ལ་བཏང་སྟེ་ད་ཅི་ཡང་མེད་པས་ཞུ་མི་དགོས་གསུང་སྟེ་གསན་དགོངས་མ་མཛད། དམ་པ་ཉིད་ཀྱི་ངོས་ནས་གཞུང་གི་ཆོ་ལོ་མ་ཟད། ྋའཇམ་དབྱངས་གོང་མའི་ཆོ་ལོ་ལའང་ཐུགས་བཞེད་མེད་པ་སྔར་སྨོས་པ་ལྟར་ཡིན་པས་མི་དགོས་མོད། གཞུང་གི་སྐུ་དོན་ལ་དངུལ་སྲང་ཁྲི་ཕྲག་མང་པོ་ཕུལ་བ་ལས་ཀྱང་ལྷག་པའི་ཞབས་འདེགས་བསྒྲུབས་པ་དེས་གོ་མ་ཆོད་པར་ཞུ་རྟེན་ཞིག་དགོས་པ་དང༌། དངུལ་ཕྲན་ཚེགས་རེ་ཕུལ་ན་སུ་ལ་ཡིན་ཀྱང་གནང་ཤོ་བཞག་པ་དེ་ནི་དཔེ་ལམ་གྱི་ནང་ནས་གནས་ལུགས་མེད་པའི་དཔེ་ལམ་ཞིག་ཏུ་སྣང༌། དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་སྨོན་ལམ་ནས་སྐུ་བརྙན་པཎ་ཞྭ་སྣེ་རིང་སོགས་ན་བཟའ་འགའ་ཞིག་བཅས་གནང་ཞིང་ཐུགས་འཕྲེང་བའི་ཉམས་ཀྱི་གསུང་གླེང་མཛད། སྒོ་མང་གྲྭ་ཚང་ནས་གནས་བཅུའི་ཞལ་ཐང་གསུམ། དངུལ་སྲང་ལྔ་བཅུ། སྒོ་མང་མཁན་པོས་ཚེ་སྐུ་ལི་མ། སྤོས་ཁྲེས་བཞི། སྣམ་ཕྲུག་སོགས་དང༌། གཞན་ཡང་བློ་གསལ་གླིང༌། རྒྱལ་པ། འདུལ་བ་སོགས་ཀྱི་མཁན་པོ། འབྲས་བླ་སྤྱི། ཁམས་ཚན་མི་ཚན། མི་དྲག་མང་པོ་སོགས་ཀྱི་ཕེབས་རྫོངས་དང༌། གྲྭ་པ་རྒན་གཞོན་སྐྱབས་འཇུག་ཞུ་མི་སོགས་ཉིན་མང་པོར་བར་མ་ཆད་ལྟ་བུར་བྱུང༌། སྒྲ་དབྱངས་གླིང་དུ་མང་ཇ་ཉིན་འཁྱོངས་ཐོག་ཆོས་སྐྱོང་སྤྱན་འདྲེན་གྱི་གཟབ་གསོལ་ཞུས། ཆོས་སྐྱོང་ཆེན་པོ་ནས་ཀྱང༌། ཧྲཱིཿསྙིགས་མའི་རང་རྟགས་ན་བུན་འཁྲིགས་པའི་ཀློང༌། །བླང་དོར་བྱ་བྱེད་གཟུགས་བརྙན་འཆར་དཀའི་ངོ༌། །

                     འོན་ཀྱང་མཆོག་གསུམ་ཆོས་སྲུང་མཐུ་བསྐུལ་ལ། །ལས་འབྲས་དྲང་པོའི་གཞུང་ལམ་འགྲིམ་པ་གནད། །བགྲང་བྱ་མེ་ཏོག་མདའ་ལྷག་བདུན་ཕྲག་སྟོབས། །ཞེས་སོགས་ཀྱིས་སྐུ་ཚེ་མཐར་ཕྱིན་པའི་ལུང་བསྟན་དང་གཡེལ་མེད་འཕྲིན་ལས་སྒྲུབ་པའི་ཞལ་བཞེས་གང་ལེགས་གནང༌། ཚེས་བཟང་པོར་ལྷ་དབང་གླིང་ནས་ཆིབས་བསྒྱུར་བའི་སྐབས་སུའང༌། ལྷ་དབང་གླིང་གི་སྟེང་ནས་འཇའ་ཚོན་ཞིག་ཤར་བ་གནས་ཆུང་ལྕོག་གི་སྟེང་དུ་ཟུག །དེ་ནས་གཅིག་ཤར་བ་གླིང་ཁར་འབྲས་སྤུངས་བླ་སྤྱིས་ཇ་ཐབ་བཟུང་ཡོད་པའི་སྟེང་དུ་ཟུག་པས། དགོན་པའི་གྲྭ་དཔོན་སློབ་ཐམས་ཅད་ལྷག་པར་ཡང་མོས་གུས་དང་སྐྱོ་ཤས་ཀྱིས་ཡིད་འཁུལ་བ་བྱུང༌། ཆོས་སྐྱོང་འདི་ལ་ཉིད་ནས་ཐུགས་རྩེ་གཏོད་ཅིང༌། ཆོས་སྐྱོང་གིས་ཀྱང་ཆོས་འཆད་ཉན་སོགས་བསྟན་པའི་བྱ་བ་གང་གི་ཚེ་ནའང་གཞན་དང་མི་འདྲ་བའི་སྡོངས་གྲོགས་མཛད་པ་ཞིག་ཡོད་པར་སྣང༌། འདི་ཁ་ཅིག་འཇིག་རྟེན་པའི་སྲུང་མ་ཡིན་གྱི། བསྟན་སྲུང་ཡེ་ཤེས་པ་མིན་ཟེར་ཡང༌། སངས་རྒྱས་བྱང་སེམས་རྣམས་མིའི་ཤ་ཚུགས་འཛིན་པ་ན་ཆོས་ཁོ་ན་སྟོན་པའི་བླ་མའི་རྣམ་པ་འབའ་ཞིག་མི་དགོས་པར། དགེ་སྡིག་སྣ་ཚོགས་སྤྱོད་པའི་རྒྱལ་པོ་སོགས་གདུལ་བྱ་དེའི་སྣང་ཚོད་ཀྱི་སྐལ་བ་དེ་དང་འཚམ་པར་སྟོན་པ་བཞིན། སྲུང་མའི་རྣམ་པར་སྟོན་པའི་ཚེའང༌། འཇིག་རྟེན་འདི་ཙམ་གཙོ་བོར་བྱེད་པ་རྣམས་ཀྱིས་བསྟེན་ན་འཕྲིན་ལས་ཀྱང་དེ་དང་མཚུངས་པ་ཞིག་བསྒྲུབ་ནས་འབྲེལ་འཇོག་ཐབས་བྱེད་ཅིང༌། ཆོས་རྣམ་དག་ཁོ་ན་སྒྲུབ་མཁན་ཞིག་གིས་བསྟེན་ན་ས་ལམ་གྱི་གྲོགས་ཚུལ་བཞིན་སྒྲུབ་པའི་སྲུང་མ་ཁྱད་པར་ཅན་དུ་འགྲོ་བ་ཡིན་ཏེ། འབྲོམ་སྟོན་པའི་ཞལ་ནས། ངེད་ཇོ་བོ་མཇལ་བར་མངའ་རིས་སུ་འགྲོ་སྐབས་མི་ངོ་མི་ཤེས་པ་གཅིག་གིས་ལམ་མཁན་བྱས་སོང་བ་དེ་པེ་ཧར་དུ་སྣང་བས། ཆོས་གཤའ་མ་བྱེད་ན་ཁོང་ཡང་ཆོས་སྐྱོང་བཟང་པོར་འདུག་ཅེས་གསུང་ཚུལ་དེབ་སྔོན་དུ་འབྱུང་བ་བཞིན་ནོ། །དེས་ན་ཆོས་སྐྱོང་ཡེ་ཤེས་པར་ངེས་པ་རྙེད་ནས་སྐྱབས་སུ་བཟུང་ན་ལེགས་ལ། ཚེ་འདིའི་ཕན་པ་ཁོ་ན་སྒྲུབ་པའི་དགྲ་ལྷ་ཙམ་ཞིག་ཡིན་པ་ཞེ་ཕུགས་སུ་བཞག་ནས་སྐྱབས་སུ་བཟུང་ན་སྐྱབས་འགྲོ་ལ་གནོད་པས་སྤང་བླང་གི་མཚམས་འདི་འདྲ་རང་སེམས་ལ་ཞུ་དག་བཏང་སྟེ་བྱེད་དགོས་པ་ཞིག་ཡིན་ནོ། །དེ་ནས་རིམ་གྱིས་ཕེབས་པའི་ལམ་ནས་འདམ་སྙིང་གྲོང་གི་ཆུ་ཚན་ཁར་ཞག་བདུན་བཞུགས་ཏེ་སྐུའི་འཕྲོད་བསྟེན་མཛད། འཇོག་པའི་འབྲི་རྣམས་ཀྱང་ཉིད་ཀྱི་སྤྱན་ལམ་བསྟར་ཏེ་གང་བཟང་འདམ་སྤྲུག་བྱས་ནས་སྤྲད། ལམ་གྲོགས་ཚོང་དཔོན་འགའ་ཞིག་དང་བཅས་དགྲ་ཇག་ཆུ་སོགས་ཀྱི་འཚེ་བ་ཕྲ་མོ་ཙམ་ཡང་མེད་པར་གླང་ཆེན་དལ་འགྲོས་ཀྱིས་བྱོན་པ་བརྒྱད་པའི་ཚེས་ལ་སྟོང་འཁོར་དུ་བབས། དེར་བླ་བྲང་གི་གསོལ་དཔོན་དཔལ་ལྡན་ངོ་གཡོག་དང༌། ཉིད་ཀྱི་སྐུ་ཚ་ཀླུ་འབུམ་ལྷ་དང་ཡུམ་སྐྱབས་གཉིས་བཅས་འབྱོར། དེ་ནས་སྐུ་འབུམ་དུ་ཕེབས་པར་ཤངས་ལེན་གཟོས་སྒོ་གང་དྲག་ཞུས་ཤིང༌། རྟེན་ལ་མཆོད་མཇལ་དང་ཚོགས་སུ་མང་ཇ་ཁ་དར་གྱི་འགྱེད་བཅས་བཏང༌། དེ་ཚུན་ཆད་ཀྱི་ཞག་བབ་སོ་སོའི་སར་བླ་བྲང་གི་གཞིས་ཀ་ཡོད་པ་རྣམས་ནས་བསྙེན་བཀུར་གང་ལེགས་ཀྱི་གྲ་སྒྲིག་ཞུས། ཀ་མདོའི་དགོན་དང་གཅུ་འཁོར་དགོན་པར་ཡང་མང་ཇ་འགྱེད་བཅས་གནང༌། བླ་བྲང་ནས་ཆིབས་པ་ཁ་ཤས་དང་བཅས་བསྟན་འཛིན་བསུ་བར་བཏང་བ་གཅུ་འཁོར་གྱི་ལུང་པའི་ཕུར་འབྱོར་ཏེ་ཆིབས་པ་རྣམས་ཕུལ། ནང་ཆེན་རྣམས་ཀྱི་བསུ་བ་དང་བཅས་ཉི་མ་ལུང་དུ་སྤྱི་ཆེན་གྱི་གྲ་སྒྲིག་ཐོག་ཏུ་ཞག་ས་འདེབས་སྟེང་ཐོས་བསམ་གླིང་དང་རྒྱུད་པའི་གཉེར་པས་ཇ་ཐབ་ཞུས། རྒྱུད་པ་དཔོན་སློབ་ཀྱིས་གཙོས་པས་རྟ་བསུ་དང༌། ངུར་སྨྲིག་འཆང་བའི་དགེ་འདུན་མཆོད་རྫས་སྣ་ཚོགས་ཐོགས་པས་སེར་སྦྲེངས་དང་བཅས་བླ་བྲང་ཆེན་མོར་ཕྱག་བབ། བླ་བྲང་ནས་གསོལ་སྟོན་དང་དགོན་པའི་ལས་སྣེ། བླ་བྲང་ཞབས་སྡོད་རྣམས་ཀྱིས་མཇལ་དར་ཕུལ། ངེད་དང་ཧོར་ཚང་གསེར་ཁྲི་རིན་པོ་ཆེའི་བླ་བྲང་ནས་ཀྱང་ཇ་ཞུས་ཐོག་གསོལ་སྟོན་ལེགས་འབུལ་དགའ་དར་བཅས་ཕུལ། དགེ་འདུན་ཉིས་སྟོང་བརྒལ་བར་མང་ཇ་བཞིའི་ཐོག་སྐྱེས་ཀྱི་ཚུལ་དུ་ཇ་བག་ཕྱེད་རེའི་འགྱེད་བསྟར། སྐུ་ཞབས་རིན་པོ་ཆེའི་སྐུ་སྐལ་ལྟ་བུར་ཁལ་མ་ཉི་ཤུ་ཕུལ། ངེད་ཅག་དང་བླ་བྲང་ཞབས་གྲས་སོགས་ལ་གང་འོས་ཀྱི་དབུས་རང་འཚེམ་མེད་དུ་གནང༌། ཞག་བཅོ་ལྔ་ཙམ་ནས་ཟུར་དུ་སྤོ་སྐབས་བླ་བྲང་ནས་ཐབ་འཛིན་གྱི་ཟུར་གསོས་སོགས་གང་ལེགས་ཕུལ། འཛོལ་མེད་མངོན་པར་མཁྱེན་པའི་བཀའ་ལུང་བཞིན། །འཛམ་གླིང་ཡངས་པའི་བྱང་ཕྱོགས་མདོ་སྨད་ཀྱི། །འཛིན་མར་ཞབས་སེན་འགོད་པའི་རྟེན་འབྲེལ་ཀུན། །འཛོམ་པས་དགེ་ལེགས་ལམ་བཟང་ཡངས་པོར་ཕྱེ། །བླ་ན་མེད་པའི་ཐུགས་བསྐྱེད་འབྲེལ་ཟབ་མཐུས། །བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བའི་སྡེར། །བླ་མ་མཆོག་གི་བཀའ་བཞིན་ཕེབས་པ་ན། །བླ་སློབ་ཞལ་འཛོམ་དགེ་མཚན་མཆོག་ཏུ་འཕེལ། །ཡོས་ལོའི་དགུན་སྨད་ནས་འབྲུག་ལོའི་སོས་ཀའི་བར་སྐུ་ངལ་གསོ་བ་དང་སྦྲགས་བཅད་རྒྱའི་ཚུལ་དུ་བཞུགས་ཏེ་ཐུགས་དམ་གཙོ་བོར་མཛད། ཕྱོགས་ནས་ཆེད་གཏད་ཀྱིས་འོངས་པ་རྣམས་ལ་ཐུན་མཚམས་སུ་མཇལ་ཁ་གནང༌། དབྱར་ཐོག་ནས་གཟིམ་ཁང་གསར་འབུབ་ཀྱི་སྦྱོར་བ་བརྩམས། སྟོན་ཀ་རིང་གི་དགོན་གྲོང་སྤྱི་ནས་གདན་འདྲེན་ཞུས་པ་བཞིན་དེར་ཕེབས། བིས་ཀྱ་ཐང་དུ་སེར་སྐྱ་ཚང་མས་ཆིབས་བསུ་དང་ཐབ་བསུ་གང་རྒྱས་ཞུས། ཐར་པ་གླིང་རི་ཁྲོད་རྣམས་ཀྱིས་བསུ་བ་ཇ་ཐབ་ཞུས། དེ་ནས་སེར་སྦྲེང་དང་བཅས་ཀ་རིང་དགོན་པར་བབ་སྟེ་འདུ་ཁང་སྟེང་དུ་བཞུགས། ཡུལ་ལུགས་དང་བསྟུན་པའི་སྟོན་མོ་གཟབ་རྒྱས་ཞུས། ཚོགས་པར་མང་ཇ་དང་ཞྭ་སྣམ་རེའི་འགྱེད། སྡེ་པ་སྤྱི་ལའང་བདག་རྐྱེན་བཅས་ཡིད་མགུ་བར་མཛད། གྲོང་པ་རྣམས་ཀྱིས་འབྲུ་ཀོན་ཀོའུ་སུམ་བརྒྱ་སོགས་གང་འབྱོར་གྱི་འབུལ་བ་བཏེག །དེ་སྔོན་ཀ་རིང་བིས་མདོ་གཉིས་གྱོད་ལ་ཐུག་སྟེ་ཕན་ཚུན་གཉི་གའི་མི་དྲུག་ཅུ་རྩ་བདུན་བསད། ལོ་དགུ་ཙམ་འགྱང་ཡང་བླ་དཔོན་སུས་བཤད་དེ་མ་འགྲིག་པར་ཡོད་སྟབས། ཉིད་ནས་གསུང་དགོས་ཞུས་ཀྱང་འཕྲལ་དུ་ཞལ་བཞེས་མ་མཛད། དགུན་ཐོག་ཐར་པ་གླིང་ནས་ཟླ་བ་གཉིས་ཙམ་ལ་འཇིགས་བྱེད་ཀྱི་བསྙེན་མཚམས་གནང་སྐབས་ཁ་མཆུ་དེ་ཉིད་ཞི་བའི་ཕྱིར་སྤྱན་དམིགས་ཡང་ཡང་གནང་བས། ནུབ་ཅིག་མནལ་ལམ་དུ་རྒྱ་མོ་ཞིག་གིས་བོང་བུ་རྐང་པ་དྲུག་ཅན་ཞིག་ཞོན་ཏེ་མདུན་དུ་འོངས་ནས་ཉམ་ཐག་པའི་ཚུལ་གྱིས་ཡུན་རིང་ངུས། མཐར་རླུང་འཚུབ་ལྟ་བུ་ཞིག་ཏུ་གྱུར་ཏེ་ལུང་པ་དེ་ནས་བུད་སོང་བ་ཞིག་རྨིས། དེ་ནི་ཕན་ཚུན་གཉི་གའི་རྒྱུད་དཀྲུགས་པའི་གྱོད་འདྲེ་གདུག་པ་ཅན་ཞིག་ཡོད་པ་དེ་རྡོ་རྗེའི་རྣལ་འབྱོར་གྱི་མཐུས་གཟིར་ནས་གཞན་དུ་བསྐྲད་པ་ཡིན་པར་སྣང༌། བཅད་རྒྱ་གྲོལ་ཏེ་ལོ་གསར་གྱི་དགའ་སྟོན་མཛད། སྦྲུལ་ལོའི་ཟླ་བ་དང་པོ་ནས་སྡེ་པ་གཉི་གའི་བར་གྱི་གཟུ་གསུང་སྟེ་ཕན་ཚུན་དུ་འབྱོན་བཞུད་ལན་འགའ་དགོས་པ་བྱུང་ཡང་སྐྱོ་ངལ་མེད་པར་ཕན་ཐབས་ཀྱི་དགོངས་པ་ཁོ་ན་མཛད་པས་གྱོད་ལེགས་པར་འགྲིག་སྟེ་སྐྱེ་བོ་དུ་མ་ཚེ་འདིར་འཆི་བདག་གི་མཆེ་བའི་ཕྲག་ནས་བླངས་ཤིང༌། ཕྱི་མ་ངན་འགྲོ་མི་བཟད་པར་འགྲོ་བའི་སྒོ་ལམ་བཅད་དེ་ཕན་པ་དང་བདེ་བའི་དཔལ་ལ་བཀོད། འདི་སྐོར་རྫོང་དཀར་མ་ཎི་པ་ཆུང་བ་ཚང་དང་འཕྲོས་བྱུང་བར། སྒོ་མང་མཁན་རིན་པོ་ཆེ་ནས། ཨ་ཁ་ཁ། མི་འདི་ག་ཙམ་བསད་དེ་ཡག་པོ་མ་རེད། ད་དེ་འདྲ་མ་བྱེད་གྱོད་འགྲིག་གི་ཆུགས། འགྲིག་གི་ཆུགས་གསུང་བ་མ་གཏོགས། ས་ཆའི་གྱོད་ངན་དེ་འདྲ་ལ་ཐུགས་རྒྱུས་མེད་སྟབས་གྱོད་ཀྱི་གནས་ལུགས་བརྡ་དེད་བྱས་ནས་གསུང་རྒྱུ་མི་འདུག་ཀྱང༌། སྐྱེས་བུ་དམ་པའི་ཐུགས་སྨོན་དང་བྱིན་རླབས་དེ་ཡ་མཚན་པོ་རེད། སྔར་ཅི་བྱས་ཀྱང་མི་འཕྲོད་པ་ཞིག་ཡོད་པ་ད་ལན་དཀའ་ཚེགས་མེད་པར་འགྲིག་བྱུང༌། ཞེས་གསུང་གི་འདུག་པ་དངོས་སུ་ཐོས་ཏེ། དབུ་མ་རིན་ཆེན་ཕྲེང་བར། འཇིག་རྟེན་ཀུན་ན་སྐྱེ་བོ་གང༌། །སྡིག་པ་བྱེད་པར་འདོད་གྱུར་པ། །དེ་དག་ཐམས་ཅད་གནོད་མེད་པར། །རྟག་ཏུ་ཅིག་ཅར་བཟློག་གྱུར་ཅིག །ཅེས་དང་སྤྱོད་འཇུག་ལས་གསུངས་པ་ལྟ་བུའི་སྨོན་ལམ་ཐམས་ཅད་གྲུབ་ཅིང་བདེན་ཚིག་གི་ནུས་པ་སྨིན་པའི་མཐུ་ཡིན་ནོ། །སྔར་འཐབ་རྩོད་འཁྲུག་ལོང་གིས་སྲིན་པོའི་གྲོང་ཁྱེར་ལྟ་བུར་ཡོད་པ། ཉིད་ཕེབས་ཏེ་ཟླ་ཤས་བཞུགས་པ་ནས་དུས་བདེ་ཞོད་འཇག་གིས་ཉམས་སྤྲོ་ཞིང་ཡིད་ཕེབས་པ་ཆེད་དུ་བརྗོད་པའི་ཚོམས་ལས། གང་ན་དམ་པ་བཞུགས་པ་ཡི། །ས་དེ་ཡིད་དུ་འོང་བ་ཡིན། །ཞེས་པ་ལྟར་གྱུར་ཏོ།

                     གཏུམ་དྲག་ཁོང་ཁྲོའི་གདོན་གྱིས་བརླམས་པའི་གར། །གཏོལ་མེད་སྨྱོན་པའི་སྟངས་སྟབས་བཞིན་བསྒྱུར་ཚེ། །གཏུགས་པ་མེད་པའི་སྙིང་རྗེས་ཡོངས་བཟུང་སྟེ། །གཏིང་ཟབ་ངན་འགྲོའི་གཡང་ལས་སྐྱོབ་པར་མཛད། །ཝ་ར་ཎཱ་སིའི་འཁྲུལ་འཁོར་རྩོམ་པའི་བདུད། །ཝ་སྐྱེས་ངན་པ་སེང་གེའི་ང་རོས་བསྐྲད། །ཝརྨྨ་མཆོག་ཏུ་བགོས་པའི་སྙིང་སྟོབས་ཀྱིས། །ཝ་ལེར་འཇིག་རྟེན་བདེ་བའི་གནས་ལ་བཀོད། །བདུན་པའི་ནང་ལ་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཉིད་ཀྱི་གཟིམ་ཁང་གསར་བསྐྲུན་གྱི་ནང་དུ་བཞུགས། ཉིད་ཀྱི་དགེ་ཕྲུག་ཨ་ལག་ཤ་ཐོ་ཡོན་མཁན་པོས་གསེར་ཟངས་ལས་བསྒྲུབ་པའི་ཇོ་བོའི་སྐུ་ཁྱད་འཕགས་མི་ཚད་ལྷག་པ་ཞིག་ཕུལ་བ་གཟུངས་གཞུག་དང་རབ་གནས་སོགས་ཇི་བཞིན་བགྱིས་ཏེ་གཟིམ་ཁང་གི་རྟེན་གཙོར་བཞུགས་སུ་གསོལ། བླ་བྲང་ཆེན་མོའི་གཟིམ་ཁང་ཐུབ་བསྟན་ཕོ་བྲང་ཡང་གསར་དུ་གྲུབ་པས་ཚོམས་ཆེན་འདོད་དགུ་འཁྱིལ་པ་རྟེན་བརྟེན་པ་ཀུན་ལ་རབ་གནས་མཛད། དེ་ནས་ཟླ་བ་ལྔ་དྲུག་ཙམ་ལས་མ་འགྱང་བར་མཆོག་སྤྲུལ་རིན་པོ་ཆེ་གདན་སར་བཀོད་དེ། དེ་ཉིད་དུ་དཔོན་སློབ་ཐམས་ཅད་དགའ་སྟོན་ལ་ལོངས་སྤྱོད་ཆོག་པ་བྱུང་བས། རབ་གནས་ཀྱི་དུས། ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ཏེ། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང༌། །གསུངས་པ་དེ་ཁོ་ན་བཞིན་དུ་གྱུར། བདག་གིས་ཀྱང་རྟ་ལོའི་སྨོན་ལམ་གྱི་སྟེང་དེར་སྐྱབས་མགོན་མཆོག་གདན་སར་བཀོད་ནས་རང་གི་ཁྲི་ཁུར་བཞག་པས། དམ་པ་ཉིད་ཚོགས་ཆེན་གྱི་ཁྲིར་བསྐོ་བཞག་མཛད། ཀུན་མཁྱེན་བླ་མ་སྐུ་སྔ་ཕྱིས་བསྟན་འགྲོའི་དོན་སྒྲུབ་པའི་རྩ་བ་ལྟ་བུ་དགོན་སྡེ་འདི་ཉིད་ཡིན་པས། མཆོག་སྤྲུལ་རིན་པོ་ཆེའི་འང་མཛད་པའི་ཐོག་མ་བསྟན་པའི་འབྱུང་གནས་འདིར་བཤད་སྒྲུབ་ཀྱི་བསྟན་པའི་དོན་སྒྲུབ་མཁན་གཙོ་ལ། མདོ་དབུས་ཀུན་ཏུ་བསྟན་པའི་བྱ་བ་གང་བརྩམས་ལྷུན་གྱིས་གྲུབ་པའི་བསྟན་པའི་རྩ་ལག་ཆེན་པོ་འདི་ལྟ་བུ་ཞིག་བསྐོ་རྒྱུའི་རྟེན་འབྲེལ་རང་འགྲིག་ཏུ་བྱུང་བ་ནི་བསྟན་པ་ཕྱོགས་མཐར་སྤེལ་བའི་ཐུགས་བསྐྱེད་ལྷན་ཅིག་པའི་འབྲས་བཟང་དུས་སུ་སྨིན་པའི་དགེ་མཚན་རྨད་དུ་བྱུང་བའོ། །
 

                 ས་ག་ཟླ་བའི་ཡར་ཚེས་བཟང་པོར་ཁྲི་འདོན་མཛད་པར་སྤྱི་བླ་བྲང་ནང་ཚན་ཁག་ནས་ཁྲི་འབུལ་བསྟར། བདག་གིས་ཀྱང་བླ་མ་སྔ་ཕྱིའི་རྩིས་སྤྲོད་དཀྱུས་མའི་ཐོག་ཉིད་ཀྱི་བླ་བྲང་གསར་འཛིན་སོགས་འགྲོ་སྒོ་ཆེ་བ་དང༌། རིགས་གྲྭའི་དུས་ཀྱང་ཉེ་བར་གཏུགས་པའི་སྟབས་ཇ་མར་དངོས་པོ་སྣ་ཚོགས་བཅས་དངུལ་སྲང་ཕྱེད་དང་སུམ་བརྒྱའི་རྩིས་རིགས་གྲྭའི་ཞལ་འདེབས་ལ་ཟུར་དུ་ཕུལ། ཆོས་གྲྭར་བརྩི་བཞག་འཆག་མེད་ལྟ་བུ་དང་གསོན་གཤིན་གྱི་དོན་ལ་ཐག་ཉེ་རིང་གི་གདན་འདྲེན་བྱུང་བར་ཡང་འདུན་པ་བཞིན་ཕེབས། སྒྲིག་གི་རྟིང་གནོན་ཚ་དྲག་སྒོ་མང་མཁན་པོའི་སྐབས་ལྟ་བུ་མ་མཛད་ཀྱང༌། ཚོགས་གཏམ་སོགས་ཅི་གསུང་ཐམས་ཅད་རྒན་གཞོན་ཀུན་གྱིས་སྤྱི་བོས་ནོད་པས་ཤིན་ཏུ་ལེགས་པ་བྱུང༌། ཞལ་ནས་གསུང་དུས་འདིའི་བླ་མ་བྱེད་རྒྱུ་འདི་སྒོ་མང་ལས་དཀའ་ལས་ཆེ་བར་འདུག །སྒོ་མང་གྲྭ་ཚང་ལྟར་གྱི་བརྩི་བཞག་ཆ་ཚང་བར་འགྲོ་དགོས་པའི་ཐོག་ཏུ། ཡ་ཀི་ཚོ་དང་འདྲ་བའི་ཐེབས་ཅི་ཡང་མེད་པར་གྲོང་ཆོག་ཁོ་ནའི་སྟེང་ནས་རིགས་གྲྭ་གཏོང་དགོས་པ་དང༌། རིགས་གྲྭའང་ཡ་ཀིར་ལོ་དྲུག་རེར་བསགས་ནས་བཏང་ཆོག་ལ། འདིར་ལོ་རེ་བཞིན་གཏོང་དགོས་ཤིང་མང་ཇ་མ་བརྩིས་པའི་ཕོགས་རྐྱང་པ་ལའང་དངུལ་སྲང་སྟོང་དང་ལྔ་བརྒྱ་རེའི་ཚོད་མ་མཐའ་འགྲོ་གིན་འདུག་པས་བསྡོམས་སོང་ན་གཏོང་སྒོ་འདི་ལྕི་བར་འདུག །དེའི་ཐོག་ཏུ་གཏོར་སྒྲུབ། གཏོར་ཆེན་གཏོར་རྒྱག་ཟེར་བ་ལྟ་བུ་སྔགས་གྲྭ་ཞིག་གིས་བྱེད་རྒྱུའང་མང་པོ་བྱེད་དགོས་པས་དཀའ་ལས་ཆེན་པོ་རེད་གསུང་ནའང༌། ཕྱག་ལེན་དུ་འདེབས་པའི་ཚེ་མིའི་མིག་ལྟོས་བསླད་མི་ཉན་གསུངས་ནས་དགོན་འདིའི་ལུ་གུ་ལག་སྐྱེས་ཀྱི་རྒྱུས་ཡོད། སྐུ་ན་གཞོན་པ་ཚོས་གང་མཛད་རྒྱུ་ཐམས་ཅད་ལྷག་དང་བཅས་ཏེ་གནང་ཡང་སྐུ་དང་ཐུགས་ལ་སྐྱོ་ངལ་གྱི་རྣམ་པ་དང་མི་ལྕོགས་པ་ཅི་ཡང་མེད་པས། ཐམས་ཅད་ཀྱང་སྐྱེས་བུ་དམ་པའི་ཐུགས་སྨོན་དང་ཐུགས་སྟོབས་ཀྱི་མཐུ་མ་གཏོགས་དགུང་ལོ་ལ་ལྟོས་པ་མི་འདུག་ཅེས་ཡ་མཚན་དང་དད་གུས་ལྷག་པར་འཕེལ། རིགས་གྲྭ་དང་པོའི་སྐབས་དགེ་འདུན་ཉིས་སྟོང་སུམ་བརྒྱ་ཙམ་ལ་ཕོགས་ཆེན་ཇ་བག་ཕྱེད་རེ་དང་ཇ་བག་ཕྱེད་རེའི་རྩིས་ཀྱི་ཕྲུག་སོགས་དངོས་པོ་སྣ་ཚོགས། ཉི་མ་གནང་ཆགས་ཀྱི་འགྱེད་སྣ་བདུན། ཐོས་བསམ་གླིང་པ་སྟོང་དང་ཉིས་བརྒྱ་སྐོར་ལ་ཟམ་ཡ་རེ་བཅས་ལོ་ལྟར་ངེས་ཅན་དང༌། རིགས་གྲྭ་ཕྱི་མ་གཉིས་ཀྱི་ཕོགས་ཆེན་ལ་ཇ་བག་རེ་བཏང༌། འཇམ་མགོན་ས་པཎ་གྱིས། དང་པོ་ཟང་ཐལ་བྱས་ན་འཁོན་པའི་རྒྱུ། །སྣ་ཚོགས་ཐབས་མཁས་བྱས་ན་གཡོ་སྒྱུར་གོ །སེམས་ལ་གཏད་མེད་བྱས་ཀྱང་མི་མི་མགུ། །འདུ་འཛིས་སྐྱོ་བ་མེད་དམ་ལོ་ཙཱ་བ། །དྲང་པོར་སྨྲས་ན་ཕལ་ཆེར་དགྲ་རུ་སྡང༌། །ཡོན་པོར་སྤྱད་ན་སེམས་ལ་རྣམ་སྨིན་ལྕི། །སྣ་ཚོགས་སྤྱད་ན་གཏད་སོ་མེད་པར་བལྟ། །བྱས་པའི་འབྲས་བུ་སོམས་དང་ལོ་ཙཱ་བ། །ཞེས་གསུངས་པ་བཞིན་སྤྱིར་སེམས་ཅན་མོས་པ་སྣ་ཚོགས་པ་ཡིན་པས་ཐམས་ཅད་མགུ་ཚུལ་མེད་ལ། ལྷག་པར་བྱ་བ་ཞི་དྲག་གི་སྣེར་སླེབ་པ་འདིར་འགའ་ཞིག་དགའ་ཡང་འགའ་ཞིག་མི་དགའ་བ་ཞིག་ལས་འོང་མི་སྲིད་པ་ལྟ་བུར་འདུག་ཀྱང༌། དམ་པ་ཉིད་ལ་བགྲེས་གཞོན་བར་མ་སུའི་ཐད་ནས་ཀྱང་དད་གུས་བྱེད་པ་མ་གཏོགས་མི་དགའ་བའི་སྐྱོན་འདོགས་ཚིག་གཅིག་བརྗོད་པའང་ཐོས་མ་མྱོང་བ་ནི་ཚུལ་ཁྲིམས་དང་ལྷག་བསམ་རྣམ་པར་དག་པའི་ཆེ་བའོ། །ཁྲིར་བཞུགས་ཀྱི་རིང་ལ་ཆོས་འཆད་ཉན་འཕེལ་ཞིང་གྲྭ་ཚོགས་རྒྱས་པ་དང༌། ཡུལ་ཁམས་སུ་ནད་འཁྲུག་མེད་ཅིང་ལོ་ཏོག་སྨིན་པ་སོགས་བཀྲ་ཤིས་ཀྱི་དགེ་མཚན་མཆོག་ཏུ་འཕེལ། ལྕགས་སྤྲེལ་ལོར་ཁོ་བོ་ཅག་ལ་ཚོགས་ཆེན་དུ་བདེ་ལམ་གྱི་ཁྲིད་ཅིག་བྱེད་དགོས་ཀྱི་སྐུལ་མ་མཛད་པ་བཞིན། དམ་པ་ཉིད་ཀྱིས་དབུ་མཛད་པའི་དགེ་འདུན་སྟོང་ཕྲག་གཉིས་ལྷག་ལ་ཉིན་བཅོ་ལྔའི་རིང་ཁྲིད་དམིགས་རྒྱས་པ་སེམས་བསྐྱེད་མཆོད་པ་དང་བཅས་ཕྱག་ལེན་བཞིན་ཕུལ། ལོ་ལྟར་འདི་བཞིན་བཀའ་ཆོས་ཆེ་བ་རེ་དགོས་ཚུལ་གསུང་བ་ལའང་རྟེན་འབྲེལ་གྱིས་ཁས་ལེན་ཞུས། ལྕགས་བྱའི་ལོ་ཆོ་འཕྲུལ་སྨོན་ལམ་གྱི་དུས་མཆོད་ཁོ་བོ་ཅག་ནས་བཏང་བར་དངུལ་རྡོ་ཚད་གཅིག་ཞལ་འདེབས་སུ་གནང་ཞིང་སྨོན་ལམ་གསུང་ཆོས་སོགས་ཆག་མེད་བཀའ་དྲིན་བསྐྱངས་ཏེ་སྨོན་པའི་མཚམས་སྦྱོར་མཛད་པར་ཅི་འབྱོར་གྱི་ལེགས་འབུལ་བཏེག །སྨོན་ལམ་གྲོལ་རྗེས་ཁྲིའི་གནང་བ་ཞུས་ཏེ་ཟུར་བཞུགས་མཛད། སྐུ་ཞབས་རིན་པོ་ཆེར་གོས་ཡུག་བཅུ་རས་ལྔ་བཅུ་ལྷ་དར་བཅས་ཕུལ་བར་དགོན་པའི་འཛིན་སྐྱོང་གང་ལེགས་མཐར་ཕྱིན་པའི་དགའ་དར་གསོལ་སྟོན་རྒྱས་པ་བཅས་གནང༌། ཚོགས་ཆེན་དང་གྲྭ་ཚང་ལ་མང་ཇ་འགྱེད་བཅས་ཀྱི་ཐོག་འདུ་ཁང་ཆེན་མོར་མང་ནུག་དང་བཅད་ལྡན་སོགས་གོས་ཆེན་གང་བཟང་གི་བླ་བྲེ་གྱན་དགུ་མ་ལོང་ཙམ་གསར་འཇོག་མཛད། དུས་ཇི་ཙམ་སྙིགས་མར་སོང་བ་བཞིན་གྱི་སྙིང་སྟོབས་དང་སྤྲོ་བ་ལྷག་པར་འཕེལ་བས་སྐུ་ལའང་མི་ལྕོགས་པ་མེད་པ། བྱམས་པའི་རླུང་ཤུགས་ཀྱིས་བསྐྱོད་པས། །ཤིང་བལ་བཞིན་དུ་སྲིད་པ་འདིར། །འགྲོ་བའི་དོན་དུ་གཡོ་བ་ལགས། །ཞེས་པའམ། སྤྱོད་འཇུག་ལས། ཇི་ལྟར་རླུང་གིས་འགྲོ་བའམ། །འོང་བས་ཤིང་བལ་དབང་བསྒྱུར་བ། །དེ་བཞིན་སྤྲོ་བས་དབང་བསྒྱུར་ཞིང༌། །དེ་ལྟར་ན་ནི་འགྲུབ་པར་འགྱུར། །ཞེས་པ་བཞིན་ནོ།།

                   དུས་དང་ཡུལ་གྱི་མཐར་ཡང་བཤད་སྒྲུབ་ཀྱི། །དར་ཆེན་བསྒྲེང་ལ་སྙིང་སྟོབས་མ་ཞུམ་པ། །དམ་པ་རྣམས་ཀྱི་ཐུགས་བསྐྱེད་གྲུ་གཟིགས་ཀྱིས། །དོན་གཉིས་ནོར་བུའི་དགའ་སྟོན་ཅི་ཡང་དྲངས། །ཧཱ་རི་དྲ་ཡི་ཅོད་པན་འཆང་བའི་བསྟན། །ཧ་རི་བྷ་དྲའི་དགོངས་དོན་ཤེར་ཕྱིན་སོགས། །ཧ་རི་ཙནྡན་དྲི་བསུང་འཐུལ་བ་ཡིས། །ཧ་ས་བཛྲ་བཞེད་པ་ཡོངས་སུ་བསྐངས། །སྒྲུབ་པའི་རྒྱལ་མཚན་འཛིན་པ་ཆེན་པོ་མཛོ་དགེ་རི་ཁྲོད་པ་མཁས་གྲུབ་བསྟན་འཛིན་གྱིས་ཞུས་ཏེ་བླ་མ་དགེ་བཤེས་རགས་བསྡུས་བཞི་བཅུ་སྐོར་ལ་སྐྱིད་ཤོད་གསུང་འབུམ་གྱི་ལུང་དང༌། གཞན་ཡང་དོན་གཉེར་ཅན་མང་པོར་འདོད་ཆོས་ཅི་རིགས་གནང༌། དམ་པ་ཉིད་དབང་ལུང་ཁྲིད་མན་ངག་སོགས་ཀྱི་གདམས་པའི་མཛོད་ལྟ་བུ་ཡིན་མོད་ཀྱང་ད་དུང་ཆོས་ཚོལ་བ་ལ་དགྱེས་པར་སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེ་དགོན་པར་སྔ་ཕྱིར་ཕེབས་སྐབས་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་རྗེས་གནང༌། མགོན་པོའི་གཏོར་དབང་བར་ཆད་ཀུན་སེལ། སྙིང་ཞུགས་ཀྱི་ཐུན་མོང་མ་ཡིན་པའི་རྗེས་གནང༌། ཀུ་རུ་ཀུལླེའི་སྒྲུབ་ཐབས་ཚར་ཆེན་གྱིས་མཛད་པ་ལེ་ཚན་གཉིས། དེས་མཛད་པའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན། རྟ་མགྲིན་གྱི་སྒྲུབ་ཐབས་རྒྱལ་དབང་དང་ཉིད་ཀྱིས་མཛད་པ། ཀླུ་སྒྲུབ་སྨོན་ལམ་སོགས་ལུང་ཐོར་བུ་མང་ཙམ་དང༌། བློ་སྦྱོང་ཚིག་བརྒྱད་མའི་ཉམས་ཁྲིད་བཅས་གསན། ཁོ་བོ་ཅག་གི་རྩ་ནས་ཀྱང༌། དྲིལ་བུ་ལྷ་ལྔ་དང་ལུས་དཀྱིལ་གྱི་དབང༌། མགོན་པོ་བཀའ་བཅུ་གསུམ། ས་སྐྱའི་གསེར་ཆོས་བཅུ་གསུམ། ཚེ་དཔག །སྒྲོལ་མ་དཀར་ལྗང༌། འཇམ་དབྱངས་དཀར་པོ། ལོ་གྱོན་མ་གཙོ་འཁོར་གསུམ་སོགས་རྗེས་གནང་ཐོར་བུ་མང་པོ་དང་ལུང་ཡང་འགའ་ཞིག་གསན། ཚོགས་ཆེན་ལ་རྡོར་ཕྲེང་དང་མི་ཏྲའི་དབང་བྱེད་སྐབས། ཉིད་སྐུ་ན་ཤིན་ཏུ་སྨིན་ཡོད་ཀྱང་དེའི་ནང་གི་འགའ་ཞིག་ལའང་ཕེབས་ནས་གསན་སོང་བ་ནི་ཆོས་ཀྱིས་ངོམས་པ་མེད་པའི་རྣམ་ཐར་དུ་སྣང༌། སྐབས་ཤིག་ཀ་རིང་སྒར་དུ་ཕེབས་ནས་དེར་གོས་སྐུ་ཐོག་ཚད་གསུམ་ཅན། གཙོ་བོ་བྱམས་མགོན་ལ། ལྷ་མགྲོན་དུ་རྗེ་ཡབ་སྲས། ཡི་དམ་ཆོས་སྲུང་སོགས་མང་པོ་བཞུགས་པ་ཞིག་སྦྱོར་འཇགས་མཛད། ཉིད་ཀྱིས་གཙོ་མཛད་པའི་གྲྭ་སློབ་མང་པོས་ཉིན་གཉིས་ཀྱི་རིང་སྤྱན་དབྱེའི་ཆོ་ག་རྒྱས་པར་བསྒྲུབས་ཏེ་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ། ཟམ་ཆ་རེའི་འགྱེད་བསྟབས། སྡེ་པ་སྤྱི་ནས་གསོལ་སྟོན་གཟབ་རྒྱས་ཞུས་ཤིང་ཐམས་ཅད་གྲོས་མཐུན་གྱི་སྒོས་དགོན་དེར་གཟིམ་ཁང་ཞིག་དགོས་ཚུལ་ཞུས་པ་ཞལ་གྱིས་བཞེས་ཏེ། དེའི་ཕྱི་ལོར་གཟིམ་ཁང་གྱན་ལྔ་པ་ཞིག་ཕུབ། འོད་དཔག་མེད་ཀྱི་སྐུ་མི་ཚད་ལྷག་ཙམ་ཞིག་དང་ལི་མ་ཁ་ཤས། ཞལ་ཐང་བྱིན་ཅན་མང་པོ་བཅས་དེར་བཞུགས་སུ་གསོལ་ནས་ཡུལ་དེའི་བསོད་ནམས་ཀྱི་ཞིང་དུ་བསྒྲུབས། མཚམས་མཚམས་སུ་དེར་ཆུ་སྤོས་ནས་བཞུགས་ཏེ་སྐུའི་འཕྲོད་བསྟེན་མཛད་ཅིང༌། རྒྱུན་པར་བཀྲ་ཤིས་འཁྱིལ་དུ་གཟིམ་ཁང་ཆེ་བའི་གཡས་ཕྱོགས་སུ་ར་སྐོར་ཟུར་དུ་བཅད་དེ་བསྲོ་ཁང༌། ཉི་རྭ། གསོལ་ཐབ་སོགས་ཐམས་ཅད་ཚང་བ་ཁོད་ཡངས་ཤིང༌། ར་བར་མེ་ཏོག་གི་ཚལ་ཡོད་པ་ཤིན་ཏུ་འགོལ་ཞིང་སྟབས་བདེ་བ་ཞིག་བྱས་ནས་དེར་འཇིག་རྟེན་གྱི་གཡེང་བ་ཅི་ཡང་མེད་པར་ཐུགས་ཤིན་ཏུ་བག་ཕེབས་ཤིང་ཟབ་མོའི་ཉམས་བཞེས་ཀྱི་རྟོགས་པ་གོང་དུ་འཕེལ་བའི་དགའ་བདེའི་ངང་དུ་བཞུགས། སྟོན་མཇུག་ཅིག་ལ་སྒྲོལ་མ་ཕུའི་ཞབས་དྲུང་གིས་འདུ་ཁང་གསར་བསྐྲུན་བགྱིས་པ་རབ་གནས་ཀྱི་དོན་དུ་གདན་འདྲེན་ཞུས་ནས་དེར་ཕེབས་པའི་ཞར་ལ་བྱམས་པ་འབུམ་གླིང་དུ་མཇལ། འདི་ཁ་ཅིག་ཀོང་ཚེས་བཞེངས་ཟེར་ཡང༌། ཆོས་འབྱུང་མང་པོར་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་ལམ་ནས་བྲག་ལ་བྱམས་པ་ཁྲུ་བརྒྱད་ཅུ་པ་བརྐོས་ཞེས་འབྱུང་ལ། དེ་དུས་ཀྱི་ཕོ་བྲང་ཞིང་ང་ཕུ་ཡིན་པས་ལམ་འདི་དང་འགྲིག་ཅིང་གཞན་ན་དེ་འདྲ་སྟོན་རྒྱུ་མེད་པ་དང༌། འདིའི་ཉེ་སྐོར་དུ་སྒྲོལ་མ་རང་བྱོན་འོང་ལུགས་ཀྱིས་ཀྱང་ཤེས་པས། ཀོང་ཚེས་བཞེངས་ཟེར་བ་དེ་ཀོང་ཅོས་བཞེངས་ཞེས་པ་རིམ་གྱིས་སྒྲ་ལོག་པ་ཡིན་པར་སྣང་ངོ༌། །
 

                  དེ་ནས་རྒྱ་བོད་ཀྱི་ཁྲོམ་ཆེན་པོས་བསུ་བ་སེར་སྦྲེང་དང་བཅས་སྒྲོལ་མ་ཕུར་ཕེབས། དགེ་ལེགས་ཆར་འབེབས་ཀྱི་སྟེང་ནས་རབ་གནས་རྒྱས་པ་སྦྱིན་སྲེག་དང་བཅས་གནད་སྨིན་མཛད་དེ་རྟེན་དང་བརྟེན་པ་མཐའ་དག་བྱིན་རླབས་མི་ཟད་པའི་གཏེར་དུ་བསྒྲུབས། བཀའ་དྲིན་གཏང་རག་ཏུ་རྗེའི་གསེར་སྐུ་ཁྲུ་ཚད་མ་གཅིག་གིས་གཙོས་སྐུ་གསུང་ཐུགས་རྟེན། མཆོད་ཆའི་རིགས་མང་པོ། གོས་དར། རས། དོང་ཙེ་སོགས་དངོས་འབུལ་གྱ་ནོམ་པ་བཏེག །དེ་ནས་སྒྲོལ་མའི་སྒང་ལམ་བརྒྱུད་དེ་ཕེབས་བྱམས་ལ་བཞུགས་ནས་བདེ་མཆོག་རང་བྱོན་གྱི་ལྷ་ཁང་ལོ་ཀྱཱ་ཏུན་ཏུ་གྲགས་པར་ཕེབས། ཚོགས་འཁོར་གནང་ཚེ་འཇའ་ཚོན་སྣ་ལྔ་པ་ཞིག་ཤར་བས་རྒྱ་མི་རྣམས་ཀྱང་ངོ་མཚར་དུ་གྱུར་ཏེ་གུས་འདུད་ལྷུར་བླངས། ཡར་ལམ་ཨ་འགང་རྟ་མགྲིན་རང་བྱོན་གྱི་ལྷ་ཁང་དུ་མཇལ། དེའི་དགེ་འདུན་རྣམས་ཀྱིས་ཆོས་འབྲེལ་ཞུས་པའི་རེ་བ་བསྐངས། དེ་ནས་སྟག་ལུང་སྤྲུལ་བའི་སྐུས་གདན་འདྲེན་ཞུས་ཏེ་བསུ་བ་སེར་སྦྲེང་དང་བཅས་སྟག་ལུང་དགོན་དུ་ཕེབས། དེར་མཚན་ཉིད་ཀྱི་བཤད་གྲྭ་ཞིག་གསར་འཛུག་བྱེད་རྩིས་ཀྱི་སྐབས་སུ་ཡོད་པས་བརྩི་བཞག་གི་ཐོག་མ་གནང་སྟེ་ས་མཐར་བསྟན་པའི་སྒྲོན་མེ་སྤར། ཐུགས་སྨོན་གྱི་མཐུས་གྲྭ་ཚང་ཡང་དེ་ནས་བཟུང་ཡར་ངོའི་ཟླ་བ་བཞིན་འཕེལ། ཁོང་དཔོན་སློབ་ཀུན་ནས་དངོས་འབུལ་ཡང་རྒྱ་ཆེ་བ་ཕུལ། དེ་ནས་བྱོན་པར་ཧོར་ཚང་བླ་མ་རྒྱལ་མཚན་སོགས་ཀྱིས་ཇ་ཞུས་འབུལ་བ་བསུ་སྐྱེལ་སོགས་བཀུར་སྟི་ཕུལ་དུ་ཕྱིན་པ་བསྒྲུབས་ཏེ་རིམ་གྱིས་དགོན་པར་བབས། ཁོ་བོ་ཅག་ནས་མཆོད་རྟེན་མཐོང་གྲོལ་ཆེན་མོ་བཞེངས་པར་སྲང་སུམ་ཅུའི་ཞལ་འདེབས་དང༌། སྐུ་ཞབས་རིན་པོ་ཆེ་ནས་རབ་གནས་གནང་སྐབས་སྤྱན་དབྱེའི་ཆོ་གའང་ལྷན་དུ་གནང༌། ཕྱིས་སུ་དེའི་སྐོར་ཚད་ཀྱི་ཞབས་སྐོར་སྟོང་ཕྲག་བཞིའང་གྲངས་གསོག་མཛད། བླ་བྲང་ཕྱག་མཛོད་བློ་བཟང་དར་རྒྱས་དུས་ལས་འདས་པའི་དོན་དུ་སྤྱན་དྲངས་པར་འཕོ་བའི་སྤྱན་དམིགས་རྗེས་འཛིན་གྱི་བཀའ་དྲིན་སྩལ། ཨ་མཆོག་དགོན་གྱི་ལམ་རིམ་གྲྭ་ཚང་གི་བླ་མ་དང༌། རྒྱལ་མོ་དགོན་གྱི་རེབ་ཚ་སྤྲུལ་བའི་སྐུས་དབོན་རྒན་འདས་པ་སོགས་ཀྱི་སར་གདན་འདྲེན་ནན་ཆེར་ཞུས་པ་བཞིན་ཕེབས་ནས་སོ་སོར་བསྔོ་སྨོན་སོགས་ཆེད་དམིགས་དང༌། དགོན་པའི་དགེ་འདུན་རྣམས་ལའང་ཆོས་ལུང་ཅི་རིགས་སྩལ། སོ་སོ་ནས་དངུལ་རྡོ་ཚད། གོས་ཕྲུག །ཉེར་སྤྱད། རྟ་ནོར་སོགས་འབུལ་བ་གང་རྒྱས་བསྟར། དེ་འདྲའི་ཕེབས་བཞུད་ཐབས་མེད་དགོས་པ་རེ་གཉིས་མ་གཏོགས་རྒྱུན་པར་ནང་དུ་ཏིང་ངེ་འཛིན་ལ་ཡང་དག་པར་གཞོལ་བས་ཟག་མེད་ཀྱི་དགའ་བདེས་ཉིན་མཚན་ཁོར་མོ་ཡུག་ཏུ་འདའ་བར་མཛད། དེའི་སྟོབས་ཀྱིས་སྔ་སོར་ཆོས་སྐྱོང་ཆེན་པོས་སྐུ་ཚེའི་ཚད་དགུང་ལོ་དོན་ལྔར་གསུངས་པ་ཇི་བཞིན་ཐོག་ཏུ་ཁེལ་བའི་སྟེང་དུ་ཐུགས་དམ་གྱི་མཐུས་སྐུ་ཚེ་བསྲིངས་ཏེ་བརྒྱད་ཅུ་རྩ་བགྲང་ཞིང༌། ཚེ་རབས་དུ་མར་གཞན་ལ་འཚེ་བ་སྤངས་པའི་མྱོང་བ་དང་བྱེད་པ་རྒྱུ་མཐུན་གྱིས། དེའི་རིང་ལ་འཕེལ་ཟད་འཁྲུགས་པས་སྙུན་སོགས་ཀྱིས་ཐུགས་དམ་ཉི་མ་གཅིག་འཆག་དགོས་པའང་མ་བྱུང་བར་ཟོ་མདོག་བདེ་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་དབང་གིས་སྐུའི་གཟི་མདངས་རྒྱས་བཞིན་པར་བཞུགས། རྒྱུན་གྱི་ཐུགས་དམ་མཛད་ལུགས་ཀྱང་ནང་པའི་རིམ་གྲོ་བཞིན་དུ་གྲངས་གང་འགྲོ་གཙོ་བོར་མི་མཛད་པར། ཐོག་མར་ཀུན་སློང་འཆོས་ཚུལ་དལ་བུས་གནད་དུ་འགྲོ་བ་ཞིག་མཛད་དེ། དེའི་ངང་ནས་ཞལ་འདོན་སོ་སོའི་སྐབས་ཀྱི་དམིགས་རྣམ་འཆར་ངེས་གནང༌། གཙོ་བོར་ཐུན་མོང་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གཞུང་ཤིང་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་ལ་རྩལ་འདོན་མཛད།

                     ཆོ་ག་གང་གསུང་ནའང་དེ་གསུམ་རྨང་གཞིར་བྱས་ཏེ་རང་རང་གི་འགྲོས་ཀྱི་རིམ་པ་གཉི་གའི་རྣལ་འབྱོར་དང་སྦྲགས་ནས་གསུང་བ་ལས་གང་ཡང་མི་མཛད། ཉམས་ལེན་སྙིང་པོ་མཐར་ཐུག་པ་རང་གིས་ཁས་བླངས་པའི་ཚུལ་ཁྲིམས་རྣམ་པར་དག་པ་གཙོ་ཆེ་བར་གཟིགས་ཏེ་ཉིན་མཚན་དུས་ཀུན་ཏུ་དྲན་ཤེས་བཞིན་གྱིས་བྱ་ར་བྱས་ནས་རང་གི་སྒོ་གསུམ་གྱི་སྤྱོད་པ་བག་མེད་པའི་ཕྱོགས་སུ་ཅུང་ཟད་ཀྱང་མི་འཆོར་བས་བསླབ་ཁྲིམས་རྣམ་པར་དག་པ་མིག་གི་འབྲས་བུ་བཞིན་དུ་བསྲུང་བར་མཛད། ཡུལ་དུས་ཀྱི་དབང་གིས་བླ་མར་འཇོག་བྱེད་མོ་ལུང་བསྟན་ཞིག་ལ་གཙོ་བོར་བྱེད་སྟབས། ལ་ལས་ལུང་བསྟན་སོགས་ཞུས་པར་ངས་དེ་འདྲ་མི་ཤེས་གསུང༌། ཅིས་ཀྱང་ཕྱག་མོ་ཞིག་ཡིན་རུང་གནང་དགོས་ཞེས་ཨུ་ཚུགས་ཞུས་པར་ཨ་ཁ་ཁ་ད་རྫུན་ཡང་བཤད་དགོས་རྒྱུ་རེད་ཅེས་ཐུགས་ཤིན་ཏུ་འཚེར་བ་གནང༌། ཕལ་མོ་ཆེར་བཤད་ས་ཞིག་མ་རྙེད་པའི་ཞེ་འཚེར་ལས་བཤད་དགོས་པའི་ཞེ་འཚེར་མི་སྣང་མོད། དམ་པ་ཉིད་ཀྱི་དགོངས་པར་བློ་སྦྱོང་མཚོན་ཆ་འཁོར་ལོ་ལས། དམ་ཆོས་གཙུག་ལག་ཞུས་ནས་མོ་བོན་སྐྱོང༌། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །གསུངས་པ་དང༌། བཀའ་གདམས་གོང་མའི་གསུང་སྒྲོས་ལས། རང་ཚོས་སངས་རྒྱས་ཀྱི་མཁྱེན་པ་ལ་མོ་མ་རྣོ་ཤོས་ཙམ་དུ་མི་རྩི་ཞེས་གསུངས་པ་བཞིན། བཀའ་གཙུག་ལག་གི་མདོ་རྒྱུད་རྣམས་སུ་བླང་དོར་རྒྱུ་འབྲས་ཐམས་ཅད་གསུང་བ་ལ་ཡིད་མི་ཆེས་པར། མོ་ལུང་རྩིས་གསུམ་གཙོ་བོར་བྱེད་པ་ལ་ཐུགས་ཤིན་ཏུ་མ་མཉེས་པའི་གསུང་དུ་སྣང༌། ཞབས་བརྟན་རིམ་གྲོ་རེ་སྒྲུབ་ནའང་གཏོ་མདོས་སོགས་གསར་རྙིང་མང་པོ་མི་མཛད་པར། རྒྱལ་བའི་བཀའ་དྲི་མ་མེད་པ་ཀློག་འདོན་སོགས་འཕྲལ་ཕུགས་གཉི་གར་ཕན་ངེས་རེ་མཛད་དེ་གནད་ཤིན་ཏུ་ཆེ། ལ་ལ་ཞིག་དཔལ་མགོན་ཀླུ་སྒྲུབ་ཀྱིས། མཁའ་ལ་སྐར་མཁན་དག་གིས་རྩིས་བྱས་ནས། །ཟླ་བ་དང་ནི་སྐར་མའི་ལམ་རྣམས་ཤེས། །ཁྱིམ་ན་མི་དང་ཁྱིམ་ཐབ་ལོག་པ་དག །སྣ་ཚོགས་སྤྱོད་པ་དེ་ནི་མཐོང་མ་གྱུར། །གསུངས་པ་བཞིན། གཞན་གྱི་ལེགས་ཉེས་ཐམས་ཅད་ལུང་སྟོན་ཡང་རང་གི་འཕྲལ་ཡུན་གྱི་མདུན་མ་ཀུན་འཆོལ་འགྲོ་བ་མང་བར་སྣང་ནའང༌། ཉིད་ཀྱི་མཛད་པ་གང་ལའང་དང་པོ་ནས་དགོངས་པ་གཏད་ཚུལ་དེའི་ཐོག་ཏུ་མི་ཁེལ་མི་སྲིད་པ་ནི་འབྱུང་འགྱུར་གཟིགས་པའི་མཚན་མར་སྣང༌། ཚུལ་ཁྲིམས་རྣམ་པར་དག་པ་ཞིག་འོང་བའི་རྩ་བ་འདོད་ཆུང་ཆོག་ཤེས་ཀྱི་འཕགས་པའི་རིགས་བཞི་དང༌། སངས་རྒྱས་ཐུགས་རྗེ་ཅན་དེས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་དགེ་སློང་གི་གནས་བཞི་གསུངས་པ་ཐུགས་ལ་བཞག་སྟེ་ནོར་དངོས་པོ་གང་ལའང་འཛིན་ཆགས་སྤོང་ཞིང༌། རྩོལ་སྒྲུབ་ལ་མ་ལྟོས་པར་རང་ཤུགས་ཀྱིས་འོངས་པ་ཙམ་ལས། རྒྱ་ཆེ་གྲངས་མང་གི་རྩོལ་བ་མི་མཛད་དེ། འཕྲེང་བ་རྒྱན་ལྡན་ལེགས་པ་རེ་འབུལ་མཁན་བྱུང་ཚེ་ཕྱག་ཏུ་བསྣམས་ན་ཞུས་ཀྱང༌། བོད་པ་ཙ་ལེ་བ་བྱེད་རྒྱུ་མིན་རྗེ་བཙུན་འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པ་འདིས་ཆོག་གསུངས་ནས་སྐུ་ཚེ་གང་པོར་འཕྲེང་སེར་རེ་ལས་མི་བསྣམས། དེས་མཚོན་པའི་ཉེར་སྤྱད་གང་ཡིན་ཀྱང་རྙིང་པ་དེས་སྤྱད་རུང་ཙམ་ཡོད་ན་དེས་ཆོག་པར་བྱེད་པ་མ་གཏོགས། བཀྲག་གང་ཆེའི་གསར་བའི་རིགས་སྤྱན་ལམ་དུའང་ཆེར་མི་འཇོག །ཞལ་ནས་རུང་མི་རུང་གི་ཟུར་མང་པོ་མི་གསུང་ཡང༌། འགྲོ་འདུག་ཉལ་འཆག་གསུང་གླེང་ཟས་སྤྱོད་སོགས་གང་གི་ཚེའང་སྟོན་པའི་བཅས་པ་ལ་ཟོན་བྱེད་བཞིན་ཁོ་ནར་བཞུགས། འབད་མེད་དུ་བྱུང་བའི་ཕྱག་རྫས་རྣམས་ནི་ཅུང་ཟད་ཀྱང་ཆུད་ཟོས་སུ་མི་གཏོང་བར་དཀོན་མཆོག་གི་ཞིང་ཁོ་ནར་འགྲོ་བ་མཛད་དེ། རིགས་གྲྭ་སྔ་ཕྱིར་འབྲས་སྤུངས་ལ་ཕོགས་ཆེན་གསུམ་དང་བཅས་འགྱེད་བཞི་བཅུ་ཞེ་ལྔ། ཟུར་དུའང་ལྷ་ས་སྨོན་ལམ། འབྲས་སྤུངས་ཚོགས་ཆེན། སྒོ་མང་བཅས་འགྱེད་ལན་དགུ་ཙམ་གནང་ཞིང་སྲང་ལྔ་སྟོང་སྐོར་གྱི་མཆོད་རྫས། འབྲི་ཉིས་བརྒྱར་ཉེ་བའི་འཇོག་པ་སོགས་བསྡོམས་ཏེ་མང་ཇ་གྲྭ་ཇའི་རིགས་མ་བརྩིས་པ་ལའང་མ་མཐའ་སྲང་ཁྲི་ཕྲག་བཞི་ཙམ་གྱིས་དགེ་འདུན་མཆོད་སྣང་བ་ནི་པོ་ཏོ་བའི་ཞལ་ནས། ངས་གང་རྙེད་དགེ་འདུན་སོ་ཅན་གྱི་ཁ་ན་གསུང་བའི་རྣམ་ཐར་དུ་སྣང༌། དེས་ན་བདེན་པའི་རྣམ་པའི་མདོ་ལས། རབ་ཏུ་བྱུང་བ་ལ་ནི་ཟང་ཟིང་གི་སྦྱིན་པ་མ་གནང་ངོ༌། །ཞེས་གསུངས་པ་དང༌། བཀའ་གདམས་གོང་མ་རྣམས། ཁོ་བོ་ཅག་གིས་གཏོང་བའི་ཕན་ཡོན་རྣམས་མི་བརྗོད་ཀྱི། འཛིན་པའི་ཉེས་དམིགས་བརྗོད་པ་ཡིན། གསུང་བ་རྣམས་རང་གི་སྡོམ་ཁྲིམས་སོགས་ཡལ་བར་དོར་ཏེ་ཐབས་སྣ་ཚོགས་ཀྱིས་ལོངས་སྤྱོད་བསྒྲུབས་ནས་སྦྱིན་གཏོང་བྱེད་པ་བཀག་པ་ཡིན་པ་ནི། རྣལ་འབྱོར་སྤྱོད་པའི་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ལས་འདས་ནས་ཇི་ལྟར་ཡང་སྦྱིན་པ་མི་གཏོང༌། ཞེས་པ་ལྟར་ཡིན་པས། རྩོལ་མེད་དུ་བྱུང་བའི་སྟེང་ནས་འདི་ལྟར་གཏོང་བ་རྒྱལ་སྲས་ཀྱི་ལག་ལེན་ཆེད་དུ་བསྔགས་པའི་གནས་སུ་གྱུར་པ་ཡིན་ནོ། །

                 མདོ་སྨད་དུའང་དགེ་འདུན་གྱི་བསྙེན་བཀུར་ལ་སྲང་ལྔ་སྟོང་ལྷག་པར་སོང་བའི་ཚོད་དུ་སྣང་ཡང་ཞིབ་ཆ་མ་ངེས་སོ། །དེའང་དམ་པའི་སྐྱེས་བུ་ནང་ཕན་ཚུན་དགོངས་པ་མཐུན་པ་ཆོས་ཉིད་ཡིན་སྟབས། ཁྲི་རིན་པོ་ཆེ་བློ་བཟང་སྨོན་ལམ་དང་དམ་པ་ཉིད་ཐུགས་ནང་ཤིན་ཏུ་ཉེ་བས་ཉིན་གཅིག་རྣམ་པ་གཉི་གས་གསོལ་ཚིགས་ལྷན་དུ་མཛད་དེ་གསུང་འཕྲོས་མང་པོ་གནང་བའི་ལྷོངས་ཤིག་ལ་བདེ་འགྲོར་སྐྱེ་ཐུབ་མི་ཐུབ་ཅིག་གསུངས་པར། དམ་པ་འདིས་འཁོར་བ་ཐོག་མ་མེད་པ་ནས་ལས་ཅི་འདྲ་བསགས་ཡོད་མི་ཤེས་པས་དཀའ་མོ་རེད་ཞུས་པར། ང་རང་གཉིས་བདེ་འགྲོར་སྐྱེ་ཐུབ་དྲག །ང་རང་གཉིས་སྐྱེ་མི་ཐུབ་ན་མི་ཚོས་གང་འདྲ་བྱེད་རྒྱུ་ཡིན་གསུང་བའང༌། དཔང་པོ་གཉིས་ཀྱི་གཙོ་བོ་བཟུང༌། ཞེས་པ་ལྟར་རང་སེམས་དཔང་པོར་བཞག་སྟེ་ཚུལ་ཁྲིམས་རྣམ་པར་དག་པའི་གདེང་ཚད་དང་ལྡན་པའི་གསུང་ཡིན་ཏེ། སྔོན་པོ་ཏོ་བའི་སློབ་མ་སྒོམ་པ་ཤེར་ཡོན་བྱ་བ་སྐུ་གཤེགས་ཁར། པོ་ཏོ་བས་ཁྱེད་དགའ་ལྡན་དུ་སྐྱེས་ན་དེར་ཇོ་འབྲོམ་གཉིས་བཞུགས་པས་ངའི་རྒྱུ་མཚན་དྲིས་ཚེ་འདི་འདྲ་ཞུས་ཞེས་འཕྲིན་བསྐུར་བར་ཁོང་གིས་དབུ་གུག་གུག་བྱས་པས། འགའ་ཞིག་བཞད་གད་བྱེད་ཀྱང༌། གཅིག་གིས་འདི་ངེས་པར་དགའ་ལྡན་དུ་སྐྱེའམ་ཞུས་པ་ལ། པོ་ཏོ་བས། འདི་དགའ་ལྡན་དུ་སྐྱེས་ཏེ་ཡོང་འདི་འདྲ་མི་སྐྱེ་ན་དགའ་ལྡན་སྟོངས་ཏེ་ཡོང་གསུང་བ་བླ་མ་ཐུགས་ཟིན་པའི་ཚད་བཞག་ཏུ་གསུང་བ་ལྟར་རོ། །དེར་མ་ཟད་ཁྲི་ཆེན་དེ་ནི་དེང་སང་གི་མི་ཞིག་དང་མི་འདྲ་བར་བཅོས་མ་ཅུང་ཟད་ཀྱང་མི་མཛད་ཅིང་ཐུགས་ལ་ཤར་བ་དྲང་ཐལ་དུ་གསུང་བ་ཞིག་ཡོད་པས། འགའ་ཞིག་ལ་མཁན་པོ་ཆོས་དར་གྲྭ་པ་ཡག་པོ་ཡིན་ཁོ་ང་ལས་ཀྱང་ཡག་བསམ་པ་ཡོད་གསུང་སྟེ། གྲྭ་པ་ཡག་པོ་ཞེས་པ་དེ་བསྟན་པའི་གནད་ཤེས་པ་ཞིག་གིས་བལྟས་ན་རྣམ་ཐར་ཆེན་པོ་ཡིན་ནོ། །ཡང་ཕྱག་མཛོད་འདིས་ལན་ཅིག་རྒྱ་ནག་མཁན་པོ་ཞིག་གི་རྗེས་ལ་ཕྱིན་ནས་རྙེད་འཚོལ་ཞིག་བྱས་ཏེ་གྲྭ་ཚང་བསྙེན་བཀུར་ཞིག་ཨེ་ཐུབ་སྙམ། ཀློང་རྡོལ་རིན་པོ་ཆེར་ཞུས་པའི་ལན་དུ། སྒོ་མང་མཁན་པོ་གང་ཟག་རང་བཞིན་པ་མིན་པས་དེའི་དགོངས་པར་མ་མཐུན་ན་གྲྭ་ཇ་མང་ཇ་བཏང་ཡང་ཆོས་མིན། དེའི་གསུང་བཞིན་བྱས་ན་གང་བྱས་ཆོས་ཡིན་རྡོ་རྗེ་གྲགས་ལྡན་གྱིས་ཀྱང་གྲོགས་བྱས་ཡོང་གསུང་བ་དང༌། ཡང་ཀློང་རྡོལ་རིན་པོ་ཆེའི་མདུན་དུ་བླ་མ་འགའ་ཞིག་ཡོང་བའི་ཚེ་བཀུར་གཟོས་ཆེ་བ་མཛད་ཅིང༌། འདི་པར་ཅི་ཡང་མི་མཛད་པས་ཉེ་གནས་ཀྱིས་དེ་མི་མཛེས་པར་འདུག་ཞུས་པ་ལ། ཁྱོད་ཀྱིས་མི་ཤེས། སོ་སོ་སྐྱེ་བོ་ལས་དང་པོ་བ་ལ་དེ་འདྲ་མ་བྱས་ན་ཁོང་ཁྲོ་ལང་ཡོང༌། མཁན་པོ་ཆོས་དར་དེ་འདྲ་མིན་གསུང་བ་སོགས་ཚད་མར་གྱུར་པའི་སྐྱེས་ཆེན་དུ་མས་བསྔགས་པ་བརྗོད་ཚུལ་གྱི་ལོ་རྒྱུས་མང་ཡང་ཟུར་ཙམ་བཀོད་པ་ཡིན། མདོར་ན་སྐུ་གསུང་ཐུགས་ཀྱི་མཛད་པའི་བབ་མཐའ་དག །ལྷ་རྩེ་པའི་རྣམ་ཐར་འབྲུག་ཟླ་གྲགས་ཀྱིས་མཛད་པ་ལས། སྐུ་བསླབ་པ་གསུམ་པོའི་ཁྲིམས་ཀྱིས་བཙུན་པ། འཕྱར་གཡེང་གི་འཆོར་སྒེག་མི་སྟོན་པ། སྣང་ཤས་ཀྱི་དྲི་མི་བྲོ་བ། བཅོས་མའི་ཚུལ་མི་འཆོས་པ། སྙོམས་ལས་ཀྱི་རོ་མི་མྱང་བ། གསུང་ལྷད་མ་ཞུགས་ཤིང་ཟུར་མ་ཉམས་པ། གསོང་པོར་སྨྲ་ཞིང་ཆད་དོན་བཙན་པ། གནད་ཟབ་ལ་གོ་སླ་བ། རྒྱས་བཤད་དོན་དུ་འདྲིལ་བ། སྔ་ཕྱི་འབྲེལ་ཆགས་པ། སྒྲ་མི་གསལ་བའི་ལྡབ་ལྡིབ་ཅན་མ་ཡིན་པ། ཐུགས་ཟབ་ཅིང་དཀྱེལ་ཆེ་བ། མ་བརྟག་པའི་བྱ་བ་དང་བྲལ་བ། གཡོ་དང་སྒྱུ་མེད་པ། དྲང་ཞིང་གཟུ་བོར་གནས་པ། ཁེངས་དྲེགས་ཀྱི་ཆེ་ཁྱད་སྤངས་པ། བབ་ཅོལ་ཐུབ་ཆོད་ཅན་དུ་མ་གྱུར་པ་ཞེས་པའི་ཁྱད་པར་རྣམས་ཇི་ལྟ་བ་བཞིན་དུ་ཚང་བ་ནི། དངོས་སུ་མཇལ་ཞིང་རྒྱུས་ཡོད་པ་མཐའ་དག་གི་མངོན་སུམ་ཚད་མས་བསྙོན་མེད་དུ་འགྲུབ་པ་བཞིན་ནོ། །ཞི་དུལ་བག་ཡོད་སྤུ་སྡུག་གོས་ཀྱིས་ཀླུབས། །ཞི་ལྷག་ཟུང་འཇུག་ཐབས་ཤེས་འདབ་ཟུང་གཡོ། །ཞི་བའི་མཁའ་ལ་མི་གནས་སྲིད་པའི་སྐྱོན། །ཞི་ཕྱིར་འཛིན་མར་མི་ལྟུང་ཨེ་མ་མཚར། །གཞུང་མང་ཐོས་པ་རྒྱ་མཚོའི་ཕ་རོལ་སོན། །གཞི་ལམ་འབྲས་བུའི་གནད་ཀུན་ཐུགས་སུ་ཆུད། །གཞར་ཡང་མི་ཉམས་རྟོགས་པའི་གདེང་ཚད་བརྙེས། །གཞན་དང་མི་མཉམ་རྣམ་ཐར་བསམ་མི་ཁྱབ། །
 

                     དེ་ནས་དགུང་ལོ་བརྒྱད་ཅུའི་སྐབས་སུ་ཇོ་ཤཱཀ་སོགས་ལ་མཆོད་ཐེབས་དང༌། སྒོ་མང་གྲྭ་ཚང་ལ་མང་འགྱེད་ཀྱི་ཐེབས་དངུལ་སྲང་བཞི་བརྒྱ་བསྐུར། འདི་ཀའི་ཚོགས་ཆེན་ལ་མང་ཇ་བཞིའི་ཐོག་དུང་ཙེ་སུམ་བརྒྱ་རེའི་འགྱེད་བཏང༌། གྱ་གཅིག་བཞེས་པའི་དབྱར་ཐོག་ཉིན་གཅིག་ངེད་ཀྱི་རྩར་ཕེབས་ཏེ་ཞལ་ཆེམས་ཀྱི་རྣམ་པ་ལྟ་བུ་འགའ་ཞིག་གསུང༌། སྐུའི་བབ་སྔར་དང་ཕལ་ཆེར་འདྲ་བས་ད་དུང་ལོ་ཤས་སྐྱོན་མེད་མོད་སྙམ་ནས་དེ་ལུགས་དང་གང་གསུང་ཡིད་ལ་འཛིན་རྒྱུའི་ཁས་ལེན་ཞུས། བཅུ་པའི་ནང་སྐུ་ཁམས་ཅུང་ཟད་ལྟེམས་པས་ཕྱག་མཛོད་ལ། ད་ངའི་ཕུང་པོ་ཆོ་མི་འདུག་པས་ཁྱོད་ཀྱིས་གྲ་སྒྲིག་གྱིས་གསུང་བར། སྐུ་གཟུགས་ང་ཚོས་བལྟས་ན་སྐྱོན་མི་འདུག །སྐུ་ཞབས་རིན་པོ་ཆེ་ཕེབས་རིང་ལ་བཞུགས་མོད་ཞུས་པས། དེ་ངའི་གཟུགས་པོས་མི་ལྕོགས་ཤིང༌། རྨི་ལམ་ལ་བལྟས་ནའང་མི་འདུག་པ་འདྲ་གསུང༌། མནལ་ལམ་ཅི་བྱུང་ཞུས་པར། སྨད་སོག་འདྲ་བ་ཕུ་ཐུང་ཅན་ཞིག་འོངས་ནས། ཁྱོད་དབུས་གཙང་ལ་འགྲོ་དགོས་ཟེར་བས། ངའི་སྐུ་གསུང་ཐུགས་རྟེན་དང་དཔེ་ཆ་རྣམས་ལ་བདག་པོ་མེད་པས་ང་མི་འགྲོ་བྱས་པར། དེ་མི་ཆོག་འགྲོ་དགོས་ཀྱང་ཕྱིར་མྱུར་དུ་འོང་ཆོག་པས། དེའི་རིང་ལ་སྐུ་གསུང་ཐུགས་རྟེན་རྣམས་ངས་བསྲུང་འདུག་ཟེར། ཁྱོད་སུ་ཡིན་བྱས་པར། རྡོ་རྗེ་གྲགས་ལྡན་གྱི་སྤྲུལ་བ་སྨད་སོག་གི་ཆ་ལུགས་བྱས་ནས་འོངས་པ་ཡིན་ཟེར། དེ་ངའི་ཆོས་སྐྱོང་ཡིན་གསུང༌། ཡང་ཟླ་བ་བཅུ་གཅིག་པའི་ནང་ལ་ལན་ཅིག་ཁོང་དགའ་ལྡན་ཤར་རྩེ་ནས་ཁྲི་འདོན་བྱས། གོས་ཐམས་ཅད་གསར་པ་གྱོན་པ་རྨིས། དེ་རྟགས་གཅིག་ཡིན་གསུང༌། སྐབས་ཤིག་ངེད་རྒྱ་ནང་ཞིག་ཏུ་སྐྱེས་གཏོང་བ་འདྲ་གསུང་སྟེ། སྨྲ་བརྗོད་སོགས་ཇི་བཞིན་མི་འོང་དགོངས་པ་ཡིན་ནམ་ཐུགས་ཁྲལ་ལྟ་བུ་མཛད། དེའི་ཆེད་དུ་རིམ་གྲོའང་འགའ་ཞིག་བསྒྲུབས་ནས་ད་དེར་མི་སྐྱེ་བར་འདུག་གསུང་ཐུགས་ལྷོད་པའི་རྣམ་པ་མཛད། གསུང་འཕྲོས་ཀྱི་ཞར་ལ་སྤྲུལ་སྐུའི་དོན་སྐུ་འབུམ་ཆོས་སྐྱོང་ལ་ཞུས་ན་འབྲས་སྤུངས་གནས་ཆུང་དང་གཅིག་ཡིན་པས་དེས་ཆོག་གསུང་སྟེ། ཉིད་དང་ཆོས་སྐྱོང་རྣམ་གཉིས་ཕན་ཚུན་ཐུགས་ཡིད་ཆེས་པའི་ནང་ཉམས་ཤིག་ཡོད་པར་སྣང༌། ཡང་བཅུ་གཅིག་པའི་ཚེས་བཅུ་གཉིས་ཀྱི་ཞོགས་ཀ་ཡར་བཞེངས་མ་ཐག་ཤིན་ཏུ་དགྱེས་པའི་རྣམ་པས་ཞོ་ཁྱེར་ཤོག་གསུང་སྟེ་ཐུར་མ་གང་བཞེས། མདང་ངའི་རྨི་ལམ་ལ་རྣལ་འབྱོར་པ་ཞིག་ཕེབས་བྱུང་བར། ངས་ཁྱེད་སུ་ཡིན་དྲིས་པས། ང་བདེ་མཆོག་གི་རྣལ་འབྱོར་པ་ཞིག་ཡིན་གསུངས་ནས་ངས་ཁྱོད་ལ་བདུད་རྩི་ཁྱེར་ཡོང་ཡོད་གསུང༌། བདུད་རྩི་ག་རེ་ཞུས་པས། ཀ་པཱ་ལའི་ནང་ནས་བདུད་རྩི་ང་ལ་བྱིན་ནས་ད་ཁྱོད་ཀྱི་གདན་ཐོག་འདི་ནས་ཞིང་ལ་ཕེབས་རྒྱུ་ཡིན་གསུང་བྱུང༌། དེའང་རྟགས་གཅིག་ཡིན་གསུང་བ་ལ། ཕྱག་མཛོད་ཀྱིས་རྣལ་འབྱོར་པ་དེ་སུ་ཡིན་ཞུས་པས། དེ་ངའི་བླ་མ་ཁྲི་དགེ་འདུན་ཕུན་ཚོགས་པ་ཚང་བདེ་མཆོག་གི་རྣལ་འབྱོར་པ་ཡིན་གསུང་སྟེ། ངའི་བླ་མ་གསུང་ལུགས་ལ་དཔག་ན་སྐུ་ཚེ་སྔ་མར་ཁྲི་ཆེན་དེ་དང་འབྲེལ་ཆེ་བ་ཐུགས་ཀྱིས་དྲན་པ་ཡིན་ནམ་སྙམ། འཁོན་སྟོན་གྱི་འཁྲུངས་རབས་ཁོང་རང་གིས་མཛད་པ་ལས། དེ་དག་ཀུན་དང་ལས་འབྲེལ་སྟོབས་ཆེ་བས། །ཐར་པ་སྒྲུབ་པའི་རྟེན་བཟང་འདི་ཐོབ་པར། །སྐྱེ་བ་རིམ་པར་བརྒྱུད་པ་ཁྱོད་ཡིན་ཞེས། །འགའ་ཡིས་རབ་བཏགས་མཛད་ལ་གསོལ་བ་འདེབས། །གསུངས་པའི་དཔེ་ལྟར། རང་ལྟ་བུ་ཁྲི་ཆེན་དེ་འདྲའི་སྐྱེ་མཐའ་མིན་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་ཐག་ཆོད་ཀྱང༌། སྔོན་ལས་ཀྱི་འབྲེལ་བ་ཞིག་ལ་དགོངས་ནས་ལྷ་དང་བླ་མས་དེའི་སྐྱེ་བར་ལུང་བསྟན་ཏེ་མཚན་གྱིས་བྱིན་གྱིས་བརླབས་པ་ལ་དག་སྣང་སྦྱངས་ཏེ་འདི་སྐབས་ཀྱང་དམ་ཚིག་གསོ་བའི་ཕྱིར་དབང་དགོས་ཚུལ་གསུང་བ་བཞིན། བཅུ་གཅིག་པའི་གནམ་གང་ལ་གཟིམ་ཆུང་དུ་ཕྱིན་ཏེ་དྲིལ་བུ་ལྷ་ལྔའི་དབང་བཞི་རྫོགས་པར་ཕུལ། ས་སྦྲུལ་ལོ་ངེད་རང་གནས་མཇལ་དུ་འགྲོ་སྐབས་ལོ་ཀྱཱ་ཏུན་དུ་ཞག་གསུམ་བསྡད་པའི་གཉིས་པའི་དགུང་མོ་རྨི་ལམ་དུ་ལྷ་ཁང་དེ་རྒྱ་ཆེ་ཙམ་འདུག་པའི་ཕུ་ན་གདུང་གི་ཉམས་མེད་པར་གསེར་ཟངས་ཀྱི་སྐུ་འགའ་ཞིག་བསྒྲིག་འདུག །དེ་སྔོན་མཛོ་མོ་མཁར་གྱི་ལྷ་ཁང་སོགས་མཇལ་སྐབས་ནང་རྟེན་རྣམས་ཀྱི་སྣེ་ནས་རྟེན་སྐལ་རེ་བསླང་བ་དེའི་བག་ཆགས་ལྟ་བུས་ང་ལ་རྟེན་སྐལ་ཞིག་དགོས་བྱས་པར། གཅིག་གིས་ཡུམ་གྱི་ཕྱག་གི་ཐོད་པ་དེ་ཁྱོད་ཀྱི་རྟེན་སྐལ་གྱིས། སྟབས་འགྲིག་ན་དེ་གཉིས་ལའང་བྱིན་ཟེར། ཕྱིར་བལྟས་པས་གཞན་མི་འདུག་ཅིང༌། སུ་ཡིན་མ་ཤེས། དེའི་མཚམས་ནས་གཉིད་སད། ཕྱི་ཉིན་གསེར་ཆབ་འབུལ་སྐབས་པིར་གྱིས་གསོལ་ཡང་ཇི་བཞིན་ཞིག་མི་འོང་འདུག་པས་སྐུ་ལ་བྱུགས་བཏང་ཡང་ཁྱད་མི་འདུག་སྙམ། རང་ལག་པས་ཡབ་ཡུམ་གཉིས་ཀྱི་ཞལ་དང་ཕྱག་སོགས་ལ་བྱུགས་སྐབས་བྱིན་རླབས་ཀྱི་རྫས་ཤིག་ལག་ཏུ་བྱུང་བས་རྨི་ལམ་དེ་དེ་ལ་བལྟའམ་སྙམ།

                   དེའི་ལོ་རྗེས་མའི་རྗེས་མ་ཞིག་ལ་རྨི་ལམ་དུ་སྔར་གནས་མཇལ་ལ་སོང་ཚུལ། རྨི་ལམ་རྨིས་ཚུལ་སོགས་བཤད་ཀྱིན་འདུག་པས། རྨི་ལམ་གྱི་ངེད་ན་དེ་གཉིས་ཟེར་རྒྱུའི་གཅིག་སྒོ་མང་མཁན་པོ་ཚང་ཡིན་པ་ལྟ་བུ་ཞིག་ཤར་འདུག་པས་རྐྱེན་བྱས་ཏེ་དོགས་པ་བསླང་ཡོད་པའི་ཐོག །ད་རེས་སྟབས་འགྲིག་ལུགས་ཀྱིས་རྟེན་དེའང་ཕུལ་བ་ཡིན། རང་གིས་འཕྲིན་པ་ཙམ་ཞིག་བྱས་ཀྱང་རྩ་བའི་འབྱུང་ཁུངས་འཁོར་ལོ་སྡོམ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཕམ་མཐིང་པ་ཡིན་པས། ཉིད་ཀྱི་མནལ་ལམ་དུ་བྱུང་བའི་རྣལ་འབྱོར་པ་དེའང་དེ་ལ་བལྟ་བར་མངོན། ཡང་ཟླ་བ་བཅུ་གཉིས་པའི་ནུབ་གཅིག་གསོལ་དཔོན་ལ་ཁྱོད་ཡར་ལོང༌། ཤར་རྩེ་མཁན་པོ་ཕེབས་ཀྱི་ཡོད། བདེ་མཆོག་གི་ལྷ་གྲངས་ཐམས་ཅད་ཀྱང་ཕེབས་ཀྱི་ཡོད་པས་ཁྱོད་ཀྱིས་ཨེ་མཐོང་གི །བདེ་མཆོག་གསུང་གིན་ཡོད་པ་ཁྱོད་ཀྱིས་ཨེ་ཐོས་གསུང་། ལན་ཅིག་ན་བཟའ་གསར་པ་བཞེས་ཏེ་ཇོ་བོ་རིན་པོ་ཆེ། རྭ་མོ་ཆེ་གཉིས་ལ་མཇལ་བར་འགྲོ་རྒྱུ་ཡིན་གསུང་བ་སོགས་ལ་དཔག་ན་ཉམས་དང་རྨི་ལམ་འདྲེས་པའི་དག་པའི་སྣང་བ་སྣ་ཚོགས་ཤིག་བྱུང་བའི་ཚོད་དུ་སྣང༌། ཉིན་གཅིག་གསོལ་དཔོན་ལ་གདུང་འཁྲུ་བྱེད་ཀྱི་དྲི་བཟང་ཚགས་གྱིས་གསུང་བར། ཁོས་ཁྱེད་ཐུགས་དམ་ལ་བཞུགས་ཚེ་གདུང་བཀྲུས་ན་ཐུགས་དམ་ལ་ཨེ་གནོད་ཞུས་པ་ལ། ཐུགས་དམ་གྱི་སྐབས་དྲི་བཟང་གིས་འཁྲུ་བ་དང་སྤོས་སྤར་བ་སོགས་ཀྱིས་མི་གནོད་པ་ང་ཚོ་རི་བོ་དགེ་ལུགས་པའི་ཐུགས་དམ་གྱི་ཁྱད་ཆོས་ཡིན་གསུང་སྟེ། དགེ་ལུགས་པ་ཙམ་ལ་རྟོགས་པ་མཐོ་དམན་གྱི་རིམ་པ་སྣ་ཚོགས་ཤིག་ཡོད་ཀྱང༌། ཉིད་བསྟན་པའི་སྙིང་པོ་འཁྲུལ་བ་དང་བྲལ་བ་འདིའི་ཉམས་ལེན་གྱིས་རྟོགས་པ་བརྟན་པོའི་གདེང་ཐོབ་པའི་གསུང་དུ་སྣང༌། དེ་ལྟར་སྐུ་ཚེ་གཅིག་གི་བསྟན་འགྲོའི་དོན་དང་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་ཐམས་ཅད་དགོངས་པ་བཞིན་མཐར་འཁྱོལ་ཏེ། དེད་དཔོན་ཆེན་པོ་དགོས་འདོད་གྲུབ་ནས་རང་ཡུལ་དུ་ལྡོག་པའམ། བུ་ཕ་ཁྱིམ་དུ་འགྲོ་བ་ལྟར་དགའ་སྤྲོའི་ངང་ནས་གྱ་གཅིག་པ་ཆུ་སྤྲེལ་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དགུའི་ཐོ་རངས་མངོན་པར་བྱང་ཆུབ་པའི་དུས་སུ་གཟུགས་སྐུའི་བཀོད་པ་བསྡུས་ཏེ་ཆོས་དབྱིངས་སུ་གཤེགས། བདུན་ཕྲག་གཅིག་གི་རིང་ཐུགས་དམ་ལ་བཞུགས་ཤིང༌། དེ་རྗེས་གྲོལ་བའི་རྟགས་ཀྱང་བཤད་ཚོད་ཇི་ལྟ་བ་བཞིན་བྱུང༌། ཞིང་དུ་ཕེབས་པ་ནས་ཉིན་ལྟར་བླ་གྲྭ་མང་པོས་དཀྱིལ་འཁོར་གྱི་འཁོར་ལོ་དུ་མ་ཞལ་ཕྱེ་སྟེ་བླ་མ་དང་གཙོ་བོ་ཐ་མི་དད་དུ་བྱས་ནས་མཆོག་ཁྲུས་འབུལ་བ། གྲྭ་ཚང་སོ་སོའི་དགེ་འདུན་མང་ནས་རྒྱན་འཇུག་རྒྱུད་གཞུང་སོགས་གསུང་བ། ཕྱི་ནང་ཀུན་ཏུ་མཆོད་པ་རྒྱ་ཆེན་པོ་གསོལ་འདེབས་དང་སྨོན་ལམ་གྱི་རིམ་པ་སོགས་ཐུགས་ཀྱི་དགོངས་པ་རྫོགས་པའི་ཐབས་ལ་འདུན་པ་ཆིག་དྲིལ་དུ་འབད། ཉེར་བདུན་ལ་སྐུ་གདུང་ཞུགས་འབུལ་བྱས། ནང་ནས་ཀྱང་ཐམས་ཅད་ལ་བསྙེན་བཀུར་དང་ཡོན་གང་རྒྱས་དབུལ། གཙུག་ལག་ཁང་སོ་སོར་མཆོད་པ། ཉེར་བརྒྱད་ཀྱི་ཉིན་ཚོགས་ཆེན་ལ་བསྙེན་བཀུར་གཟབས་ཐོག་ཇ་བག་རེའི་འགྱེད་བཏང༌། སྐུ་ཞབས་རིན་པོ་ཆེར་སླར་ལྗགས་བསྔོ་ཞུ་རྟེན་ཆིབས་ཆིབས་འགྲོས། དངུལ་རྡོ་ཚད། གོས་ཡུག །ཉེར་སྤྱད་སོགས་འབུལ་བ་གྱ་ནོམ་པ། བླ་མ་གདན་ཟུར། སྤྲུལ་སྐུ་ཆེ་ཆུང་སོགས་ཐམས་ཅད་ལའང་འབུལ་ཚན་དངོས་དག །ཀ་རིང་དགོན་དུ་ཉིན་འཁྱོང་གི་བསྙེན་བཀུར་ཐོག་ཇ་བག་ཕྱེད་རེའི་འགྱེད་དང་ཚ་ར། ཚན་གྲངས་རོལ་ཆ་སོགས་སྤྱི་འཇོག །ཐར་པ་གླིང་ལའང་དེ་མཚུངས། གྲོང་སྡེ་རྣམས་ལའང་སྒོ་འགྱེད་ཡིད་ཚིམ་པ། གཞན་ཡང་ཕན་ཚུན་གྱི་དགོན་སྒྲུབ་སྡེ་དུ་མར་ཞལ་འདེབས། ངན་སློང་ལ་སྦྱིན་པ་སོགས་རྣམ་དཀར་གྱི་ཕུང་པོ་རླབས་ཆེ་བ་བསྒྲུབས། གདུང་རུས་ལ་ཁོ་བོ་ཅག་ནས་རྡོ་རྗེ་མི་འཁྲུགས་པའི་སྒོ་ནས་རུས་ཆོག་བགྱིས་ཏེ་སྐུ་དང་སཙྪ་མང་དུ་བཏབ་པ་རྣམས་གསེར་ཟངས་ཀྱི་མཆོད་རྟེན་རྒྱུག་མཐོ་གསུམ་ལྷག་པ་ཞིག་ཏུ་བཞུགས་སུ་གསོལ་ཏེ་གཟིམས་ཆུང་ནང་རྟེན་དུ་བཞུགས་པ་སོགས་ཞབས་སྡོད་རྣམས་ནས་ལྷག་བསམ་དག་པས་ཁུར་དུ་བླངས་པས་དགོངས་རྫོགས་ཀྱི་རིམ་པ་རྣམས་ཀྱང་ལེགས་པར་མཐར་ཕྱིན་ཏེ་ཐོག་མཐའ་བར་གསུམ་དུ་དགེ་བའི་དངོས་པོ་ཁོ་ནར་གྱུར་ཏོ། །གཙང་དབུས་མདོ་སྨད་རྒྱ་ནག་ཡུལ་ཀུན་ཏུ། །རྩོལ་མེད་བསྟན་འགྲོའི་དོན་ཆེན་མཐར་ཕྱིན་ཏེ། །རྩྭ་མཆོག་གྲོང་དུ་ཐུབ་པའི་མཛད་པ་བཞིན། །རྩེ་གཅིག་ཞི་བའི་དབྱིངས་སུ་གཞོལ་བར་གྱུར། །ཨེ་ཝཾ་ཐབས་ཤེས་ཟུང་དུ་འཇུག་པའི་གར། །ཨ་ཧོ་དམ་པ་རྣམས་ཀྱི་མཛད་པ་ནི། །ཨེ་མ་མཐོང་ཐོས་དྲན་རེག་ཐམས་ཅད་ལ། །ཨ་མྲྀ་ཏ་བཞིན་ཐོག་མཐའ་བར་དུ་དགེ །དེ་ནས་ཡང་སྲིད་འཁྲུལ་བྲལ་མྱུར་གསལ་གྱི་དོན་ལ་ནང་ནས་ལྷ་བླ་མའི་ལུང་ཕེབས་ཀྱི་རིམ་གྲོ་ནར་མར་བསྒྲུབས་ཤིང༌། དད་ལྡན་བུ་སློབ་རྣམས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་དང༌། ཀུན་མཁྱེན་བླ་མའི་བསྟན་པ་སྤེལ་བའི་ཐུགས་བསྐྱེད་ལྷན་ཅིག་པ་སོགས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དབང་གིས་ཡང་སྲིད་གཞོན་ནུའི་འཛུམ་ཞལ་མངོན་དུ་གྱུར་པའི་དགའ་སྟོན་ལ་ཉེ་བར་ཕྱོགས་པ་འདི་བཞིན་ལགས་སོ། །
 

                 སྨྲས་པ། རྨད་བྱུང་ཐུགས་བསྐྱེད་རྟ་མཆོག་ཁ་སྒོ་ལས། །བབ་པའི་གསེར་གྱི་བྱེ་མ་རྒྱལ་སྲས་སྤྱོད། །སྡེབ་ལེགས་གཏམ་དུ་འདྲེན་པ་གངྒཱའི་རྒྱུན། །ས་གསུམ་ལུས་ཅན་དག་བྱེད་མཆོག་ཏུ་སྤེལ། །རླན་གཤེར་གཅིག་ལ་འགྲོ་གསུམ་སྣང་ཚུལ་བཞིན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་གདམས་པ་དང༌། །ཚུལ་ལྡན་གཟུར་གནས་མཁས་འདོད་བསླབ་བྱའམ། །སྒྲ་དོན་ཉམས་ལྡན་སྙན་ངག་གཞུང་དུ་མཛོད། །མ་སྨད་གྲགས་པའི་ཤུགས་འཆང་ཆོས་ཀྱི་རྔ། །བསྐུལ་བ་ཙམ་ལས་སྙན་པའི་གདངས་འབྱུང་གི །སྒྲ་མེད་རྩིག་པའི་ངོས་ལ་རྣམ་པ་བརྒྱར། །བསྣུན་ཡང་དོན་མཐུན་སྒྲ་སྙན་ཅི་ལས་འབྱུང༌། །དམ་པའི་ཡོན་ཏན་གསོང་པོར་སྨྲ་བའི་དགེས། །དོན་མིན་སྟོང་དུ་འགྱུ་བའི་རོ་འཛིན་འདིས། །ངག་གི་ཉེས་པ་ཅི་བགྱིས་ཀུན་བྱང་སྟེ། །འཇམ་དཔལ་གསུང་གི་དབང་ཕྱུག་འགྲུབ་གྱུར་ཅིག །འབྲེལ་ཐོགས་དད་ལྡན་ཀུན་ཀྱང་ལེགས་སྨོན་གྱི། །སྲད་བུ་མ་ཆད་དལ་འབྱོར་འཕྲེང་བརྒྱུད་པ། །དཔལ་ལྡན་བླ་མའི་མདུད་འཛིན་གྱིས་བཟུང་སྟེ། །བདེ་ཆེན་གསང་སྔགས་རྒྱལ་པོ་འདྲེན་གྱུར་ཅིག །སྔོན་གོམས་ཐུགས་བསྐྱེད་འབྲས་བཟང་ས་བོན་དུ། །སླར་ཡང་སྨིན་པའི་ཡང་སྲིད་མྱུ་གུ་གསར། །མཁས་བཙུན་བཟང་པོའི་སྙེ་མ་ཡོངས་གང་སྟེ། །བསྟན་འགྲོའི་བསོད་ནམས་ཞིང་ས་མཛེས་གྱུར་ཅིག །ཕྱག་དྲུག་མྱུར་མཛད་མགོན་དང་ཆོས་ཀྱི་རྒྱལ། །སྤྲུལ་བའི་ཆོས་རྒྱལ་རྡོ་རྗེ་གྲགས་ལྡན་སོགས། །བསྟན་སྲུང་རྒྱ་མཚོས་རྡོ་རྗེའི་གཡར་དམ་བཞིན། །འདོད་དགུ་ལྷུན་གྲུབ་འཕྲིན་ལས་ཀཱརྻནྟུཿ །ཞེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་བཙུན་བཟང་པོའི་བདག་ཉིད་སྒོ་མང་མཁན་རིན་པོ་ཆེ་བློ་བཟང་ཆོས་དར་པའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་གཟུར་གནས་མཁས་པའི་དགའ་སྟོན་ཞེས་བྱ་བ་འདི་ནི། ཉིད་ཀྱི་ཞབས་འདེགས་ཚུལ་བཞིན་བསྒྲུབས་པ་ཕྱག་མཛོད་བློ་བཟང་དོན་གྲུབ། དབོན་པོ་དཀོན་མཆོག་ཆོས་བཟང༌། གསོལ་དཔོན་བློ་བཟང་དགེ་འདུན་སོགས་ཀྱིས་སྔ་ཕྱིར་ཡང་ཡང་བསྐུལ་ཞིང༌། སྟག་ལུང་སྤྲུལ་བའི་སྐུ་སོགས་གསུང་ལས་སྐྱེས་པའི་ཞལ་སློབ་འགའ་ཞིག་གིས་ཉེ་བར་བསྐུལ་བས་མཚམས་སྦྱར་ཏེ། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་མེ་བྱིའི་ལོ་དགུན་མཚམས་ཀྱི་སྐབས་ཉིན་གུང་གི་ཐུན་གསེང་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའ་འོ།། །།

                                                                                                       རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།