མཁན་པོ་བློ་བཟང་ཆོས་དར་བའི་རྟོགས་པ་བརྗོད་པ། དང་པོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-29 10:53:44     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

156724725144004072.jpg

                                  ༄༅། །མཁས་བཙུན་བཟང་པོའི་བདག་ཉིད་སྒོ་མང་མཁན་རིན་པོ་ཆེ་བློ་བཟང་ཆོས་དར་བའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་གཟུར་གནས་མཁས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །

                ཀུན༷་ཏུ་བཟང་པོའི་འོད་ཀྱི་གདེངས་ཀ་ཡིས། །ཀུན༷་རྨོངས་མུན་པ་བཅོམ་སྟེ་ཤེས་བྱའི་ཁྱོན། །ཀུན༷་ལ་བློ་གྲོས་མཆོག་སྟེར་འཇམ་མགོན་ལྷས། །ཀུན༷་མཁྱེན་མ་ཐོབ་དེ་སྲིད་མགོན་མཛོད་ཅིག །བློ༷་གྲོས་དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །བཟ༷ང་པོའི་ཐུགས་བསྐྱེད་རི་དྭགས་མཚན་མས་མཛེས། །ཆོ༷ས་ཀྱི་དཔལ་འབྱོར་མི་ཟད་ཆུ་བོའི་གཏེར། །ད༷ར་ཞིང་རྒྱས་མཛད་ཀུནྡའི་གཉེན་ཁྱོད་རྒྱལ། །ཚུལ་ལྡན་མང་ཐོས་གནས་བརྟན་འདུལ་བ་འཛིན། །རྒྱ་ཆེན་ལྷག་བསམ་རྨད་བྱུང་སེམས་དཔའ་ཆེ། །རྡོ་རྗེའི་རྣལ་འབྱོར་ལ་གནས་རིག་སྔགས་འཆང༌། །གསུམ་ལྡན་རྡོ་རྗེ་འཛིན་ཁྱོད་བསྔགས་པར་འོས། །དེང་དུས་འདོད་ཡོན་མྱོས་འགྱུར་དཔེ་དང་བཅས་པས་རབ་སྨྱོས་ཏེ། །སྤྱོད་པའི་གོམ་སྟབས་རྩིང་པོས་ཐུབ་བསྟན་པད་ཚལ་འཇོམས་བྱེད་ཀྱང༌། །སྐལ་དམན་བུང་བས་བསྐོར་སླད་རིགས་མཐུན་རྨོངས་པའི་སྐྱེ་བོ་རྣམས། །ཕན་བདེའི་དགའ་ཚལ་རྒྱན་དུ་བསྔགས་པའི་མུ་ཅོར་སྒྲོགས་བྱེད་ན། །རིན་ཆེན་སེམས་ཀྱི་རྩ་བརྟན་རྒྱལ་སྲས་སྤྱོད་པའི་ཡལ་འདབ་རྫོགས། །ལེགས་བཤད་མེ་ཏོག་རབ་རྒྱས་བསླབ་གསུམ་འབྲས་བུའི་ཁུར་གྱིས་བརྗིད། །མཁས་གྲུབ་རྐང་འཐུང་ཁྲོད་ན་ཆེར་འཕགས་བཤེས་གཉེན་དཔག་བསམ་ལྗོན། །གྲགས་པའི་དྲི་ངད་ལྡང་ལ་མཐུན་པའི་བསེར་བུ་ཅིས་མི་སྤྲོ། །མང་དུ་གསན་པས་རྨོངས་པའི་དགྲ་ལས་རྒྱལ། །ཚུལ་བཞིན་སྒྲུབ་པས་རྟོགས་པའི་བཙན་ས་ཟིན། །རྣམ་དཔྱོད་དཔུང་པས་བསྟན་པའི་རུ་མཚོན་བསྒྲེངས། །འདི་དག་ངོ་མཚར་གཏན་གྱི་ས་བོན་ཡིན། །ཡ་རབས་དམ་པའི་ལུགས་སྲོལ་ཤེས་འདོད་ཅིང༌། །རྒྱལ་སྲས་སྤྱོད་པའི་རྗེས་སུ་སློབ་འདོད་ལ། །ཡི་རང་གོམས་པས་དགེ་ཚོགས་སྤེལ་འདོད་པ། །དེ་དག་དགའ་དང་དད་པའི་ཡིད་ཀྱིས་ཉོན། །
 

                 དེའང་ཕུན་སུམ་ཚོགས་པའི་ཐུགས་བསྐྱེད་རླབས་པོ་ཆེའི་དབང་ཆེན་གསེར་གྱི་འཛིན་མ་ལ། རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་ཆུ་གཏེར་ཆེན་པོ་ཡོངས་སུ་འཁྱིལ་བའི་ཀློང་ན། རྒྱ་ཆེན་སྡེ་སྣོད་གསུམ་གྱི་དགོངས་དོན་ཐོས་བསམ་སྒོམ་པའི་བང་རིམ་མངོན་པར་མཐོ་ཞིང༌། གསང་ཆེན་རྒྱུད་སྡེ་རྣམ་བཞིའི་ལྕོག་གིས་ཉེ་བར་མཛེས་པའི་བཤེས་གཉེན་རི་ཡི་དབང་པོ་སྒོ་མང་མཁན་རིན་པོ་ཆེ་བློ་བཟང་ཆོས་དར་བའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རགས་པ་ཙམ་ཞིག་གཏམ་དུ་གླེང་བ་ལ། ཐོག་མར་གང་དུ་སྐྱེ་བ་བཞེས་པའི་ཡུལ་ཁ་བ་ཅན་གྱི་ལྗོངས་མདོ་ཁམས་སྨད་ཀྱི་ཕྱོགས་འདི་ཉིད་འཛམ་བུ་གླིང་གི་ཕྱོགས་ཆ་ཇི་ལྟ་ཞིག་ཏུ་གཏོགས་ཚུལ་ཟུར་ཙམ་བསྙད་ན། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ཇོ་བོ་སྤྱན་འདྲེན་པའི་དོན་དུ་བོད་སྟོན་རྣམས་ལ་འཕྲིན་དུ་སྤྲིངས་པ་ལས། ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི །བྱེ་བྲག་བརྗིད་ལྡན་གངས་རིའི་བྱང༌། །ཁ་བ་ཅན་ཞེས་མིང་གྲགས་པ། །བོད་ཅེས་བྱ་བ་གནས་པའི་ཕྱིར། །ཞེས་པ་ལྟར་འཛམ་གླིང་སྤྱིའི་དབྱིབས་ནི་རྒྱ་གར་གྱི་ཤིང་རྟ་རྟ་གླང་སོགས་ལ་འགེལ་བའི་ཕྱོགས་ཕྲ་ཞིང༌། འཁོར་ལོ་བརྟེན་པའི་ཕྱོགས་ཞེང་ཆེ་བ་ཞིག་ཡོད་པས་དེ་ལ་དཔེ་སྦྱར་བ་ཡིན་ཞིང༌། སོག་པའི་དབྱིབས་ལྟ་བུར་ཡང་བཤད་དེ། མཛོད་ལས། འཛམ་བུའི་གླིང་དེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ཞེས་པ་བཞིན་ནོ། །ཞེང་ཆུང་བའི་ངོས་གང་ལ་སྟོན་པའང་ད་ལྟ་བྲིས་པ་ཕལ་ཆེར་ནང་དུ་རི་རབ་ངོས་ལ་བསྟན་ཡོད་ཀྱང༌། ཁང་བུ་བརྩེགས་པའི་མདོ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས། རྡོ་འཕང་བའི་མདོ་སོགས་ལས་བྱང་ངོས་ཆེ་བར་གསུངས་ཤིང༌། དབུས་ཀྱི་རི་རྒྱལ་ལྷུན་པོ་ནི། །གླིང་བཞི་ཀུན་གྱི་བྱང་ན་འོ། །ཞེས་པ་ལྟར་གླིང་གང་ཡིན་ཀྱང་རང་གི་བྱང་རི་རབ་ལ་སྟོན་དགོས་པ་ཉི་མའི་འཆར་ཚུལ་གྱི་དབང་གིས་ཡིན་ནོ། །དེར་མ་ཟད་ལོ་རྒྱུས་སོགས་ལ་བརྟགས་ནའང་གླིང་ཕྲན་མང་པོ་དང་ཁད་ཉེ་ཚུལ་གྱིས་ལྷོ་ངོས་རྒྱ་མི་ཆེ་བ་དང༌། བྱང་ཕྱོགས་ན་ཤམ་བྷ་ལ་སོགས་ཡུལ་རྒྱ་ཆེན་པོ་ཕན་ཚུན་གཅིག་གཅིག་གི་མིང་མ་ཐོས་པའང་མང་པོ་ཡོད་པས་ཤེས་ནུས་སོ། །དེས་ན་ཡུལ་གྱི་དབུས་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་དཔག་ཚད་དྲུག་ཅུ་ཙམ་ནས་བོད་ཀྱི་སྡེ་ཟིན་ཅིང༌། དེ་ལ་ནང་གསེས་ཀྱིས་སྟོད་སྨད་བར་གསུམ་དུ་ཕྱེ་ན། སྟོད་མངའ་རིས་སྐོར་གསུམ་ནི། སྤུ་རང༌། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག །འཆི། བྲུ་ཤ།། སྦལ་ཏི་གསུམ་སྐོར་གཅིག །ཞང་ཞུང༌། ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག་ཏུ་བྱེད། བར་དབུས་གཙང་རུ་བཞི་ནི། སྔར་དབུས་ལ། དབུ་རུ། གཡོ་རུ་གཉིས། གཙང་ལ་གཡས་ར། རུ་ལག་གཉིས་ཟེར་ཡང༌། ཆོས་རྒྱལ་ཀཽ་ཤི་ཧན་གྱིས་ཁྲི་སྐོར་བཅུ་གསུམ་དབང་དུ་བསྡུས་ཏེ་རྒྱལ་དབང་རིན་པོ་ཆེར་ཕུལ་ཕྱིན་ལ། གཡས་རུ། གཡོན་རུ། སྦུས་རུ། གུང་རུ་བཞིར་བྱེད་དོ། །སྨད་མདོ་ཁམས་སྒང་དྲུག་ནི། ཟལ་མོ་སྒང༌། ཚ་བ་སྒང༌། སྨར་ཁམས་སྒང༌། སྤོ་འབོར་སྒང༌། དམར་རྫ་སྒང༌། མི་ཉག་རབ་སྒང་དང་དྲུག་གོ །དེ་དག་ལ་བོད་ཆོལ་ཁ་གསུམ་དུའང་གྲགས་ཏེ། མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་དབུས་གཙང་ཆོས་ཀྱི་ཆོལ་ཁ། དེ་ནས་རྨ་ཆུ་ཁུག་པ་མདོ་སྟོད་མིའི་ཆོལ་ཁ། དེ་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་མདོ་སྨད་རྟའི་ཆོལ་ཁར་བྱེད་དོ། །འདི་ཐམས་ཅད་ཟ་མ་ཏོག་བཀོད་པ་སོགས་མདོ་སྡེ་དུ་མར་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཁ་བ་ཅན་གྱི་རྒྱལ་ཁམས་ཞེས་གསུངས་པ་དེ་ཡིན་པས། འགའ་ཞིག་དབུས་གཙང་ཁོ་ན་དེར་ངོས་འཛིན་པ་ནི་རྨོངས་ཞེན་གྱི་གཏམ་ཡིན་ཏེ། གངས་ཅན་ནམ་ཁ་བ་ཅན་ཞེས་འདོགས་པའི་རྩ་བ་བོད་སྐྱོབ་པའི་གངས་ཆེན་བརྒྱད་དུ་གྲགས་ཤིང༌། དེའང་རྗེ་བླ་མས། གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་ཞེས་གསུངས་པ་ལྟར། གངས་རིའི་རྒྱལ་པོ་འོ་དེ་གུང་རྒྱལ། གངས་རིའི་དམག་དཔོན་སྦོམ་ར། གངས་རིའི་བློན་པོ་ཐང་ལྷ་སོགས་སུ་བཤད་པ་ལྟར་ཡིན་པས། རྨ་ཆེན་གངས་ཀྱི་གཙོ་བོ་ཞིག་ཏུ་བྱེད་ན་མདོ་སྨད་གངས་ཅན་དུ་མི་བྱེད་པའི་ཐབས་མེད་དོ། །འདི་དག་གནས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་པས། རྒྱ་བལ་གྱི་རྒྱལ་པོ་སོ་སོའི་བསྔགས་པ་བརྗོད་ཚུལ་རྒྱལ་པོ་བཀའ་འབུམ་ལས། བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ། །ས་མཐོ་རི་གཙང་གངས་རི་གཉན་གྱི་མགུལ། །ཞེས་དང༌། གངས་རི་རང་བྱུང་མཆོད་རྟེན་ཡ་མཚན་ཅན། །ཞེས་གསུངས་ཏེ། བཀའ་གདམས་གླེགས་བམ་ལས་ཀྱང༌། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །ཅེས་བྱུང་བ་དེ་ཀུན་མཁྱེན་འཇམ་དབྱངས་བཞད་པས་དགོན་འདིའི་ལུང་བསྟན་དུ་འགྲེལ་སྐབས་རྨ་ཆེན་གྱི་གངས་ལ་ངོས་བཟུང་བ་ལྟར། སྐྱབས་མགོན་རྡོ་རྗེ་འཆང་ནས་དགོན་འདིར་རྨ་ཆེན་གཙོ་བོར་བསྟེན་པ་དང༌། ཀློང་རྡོལ་གྲུབ་དབང་རིན་པོ་ཆེས་རྨ་ཆེན་འདི་ལ་ལྷག་ཏུ་འཁོར་ཚུལ་གསུངས་པ་གུང་བསྒྲིག་རྒྱུ་མང་ངོ༌། །
 

                 དེར་མ་ཟད་མདོ་ཁམས་ནི་སྔོན་ཆོས་རྒྱལ་གྱི་དུས་རྒྱ་བོད་ཀྱི་སོ་མཚམས་སོགས་སུ་བཞག་པ་ལས་མཆེད་པ་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་ཞིང༌། དེའི་རྒྱུ་མཚན་གྱིས་དབུས་གཙང་ལ་བོད་དང༌། མདོ་ཁམས་ལ་བོད་ཆེན་པོར་གྲགས་པ་ཙམ་ལས་དོན་འདྲ་བ། དཔེར་ན་འཇམ་དཔལ་རྩ་རྒྱུད་ལས། རྒྱ་དང་རྒྱ་ནི་ཆེ་ཉིད་ན། །ཞེས་རྒྱ་ནག་ཆེན་པོ་རྒྱ་ནག་ལས་ལོགས་སུ་གསུངས་ཀྱང༌། ཟན་ཤིའི་བྱང་ཕྱོགས་ཀྱི་རྒྱུད་ལ་རྒྱ་ནག་དང༌། མན་ཇིང་སོགས་ལྷོ་རྒྱུད་ལ་རྒྱ་ནག་ཆེན་པོར་འཇོག་པས་གཉི་ག་རྒྱ་ནག་ཏུ་འདྲ་བ་བཞིན་ནོ། །འདི་ལ་དགོངས་ནས་ལྷ་མོ་དྲི་མ་མེད་པས་ཞུས་པ་དང༌། ཤེར་ཕྱིན་གྱི་མདོའི་ཡུལ་དཔྱད་པའི་ཡོན་ཏན་གྱི་སྐབས་སོགས་སུ། བསྟན་པ་བྱང་ནས་བྱང་དུ་དར་བར་འགྱུར་རོ། །ཞེས་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདི་ལ་ནང་གསེས་ཀྱིས་ཆ་གཉིས་སུ་ཕྱེ་བའི་གཅིག་ནས་གཅིག་ཏུ་དར་ཚུལ་ལུང་བསྟན་པ་ཡིན་ཏེ། རྒྱ་གར་དབུས་ནས་བྱང་དུ་དཔག་ཚད་བརྒྱ་བརྒལ་བ་ན་ས་སྐྱ་ཡོད་ཅིང༌། དེ་ནས་བྱང་དུ་དཔག་ཚད་བརྒྱ་ལྷག་བརྒལ་ཚེ་མདོ་སྨད་ཀྱི་སྣེ་ཟིན་པས་ཀྱང་ཤེས་ནུས་སོ། །དེར་མ་ཟད་ཁྲོ་ཕུ་ལོ་ཙཱ་བས་པཎ་ཆེན་ཤཱཀྱ་ཤྲཱི་སྤྱན་འདྲེན་སྐབས་ཕུལ་བའི་ཞུ་ཡིག་ལས། མ་ག་དྷ་སོགས་རིག་འབྱུང་གནས་ན་སྡིག་ཏོ་ཡིས། །དམག་ཚོགས་ཀྱིས་བཅོམ་ཨོ་རྒྱན་ཁ་ཆེ་བལ་ཡུལ་ཡང༌། །ལོག་སྤྱོད་ཀྱིས་ཁེངས་དེང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་བསྐྱོད་ཞུ། །ཞེས་པ་སྐབས་དེར་རྒྱ་བལ་ན་པཎྚི་ཏ་ཆེན་པོ་དུ་མ་ཡོད་ལ་བསྟན་པའི་འབྱུང་ཁུངས་སུ་རྩི་དུས་ཡིན་ཀྱང༌། བསྟན་པ་བྱང་དུ་འཕོ་བའི་རྟེན་འབྲེལ་གྱིས་ལྗོན་ཤིང་ཡར་སྐྱེ་བཞིན་འཕེལ་སྐྱེད་བོད་ཆེ་བར་གསུངས་པ་བཞིན། དེ་སྐབས་དབུས་གཙང་དུའང་གྲྭ་རྒྱུན་གྱི་ཁྲོད་ནས་མཁས་པའི་ཐོག་མདོ་སྨད་ཆེ་བར་ཡོད་འདུག་ལ། དེང་སང་འདི་ལས་ཀྱང་ཆོས་ཀྱི་དོན་གཉེར་དང་རྣམ་གྲངས་ལ་བློ་རྣོ་བ་སོགས་སྨད་ཕྱོགས་དྲག་པར་འདུག་པ་རྟེན་འབྲེལ་གྱི་ཆེ་བར་མངོན། དེ་ལྟར་ཐུབ་བསྟན་དབྱར་གྱི་ལང་ཚོ་དར་བའི་དུས་སྟོན་གསར་དུ་ངོམས་པ་མདོ་སྨད་ས་ཡི་ཐིག་ལེ། དེ་ལའང་རྒྱ་གར་ཆུ་བོ་གངྒཱ་གཉིས་པ་ཡན་ལག་བརྒྱད་དང་ལྡན་པའི་ཀླུང་ཆེན་རྨ་ཆུས་བགོས་ཏེ་ལྷོ་རྒྱུད་དང་བྱང་རྒྱུད་གཉིས་སུ་ཡོད་པ་ལས་ལྷོ་རྒྱུད། ལུང་པའི་མདའ་ཀླུང་ཆེན་དེ་ལ་གཏད་ཅིང༌། ཕུ་ཤར་ལྷོར་བལྟ་བའི་བོད་སྡེ་མང་དུ་ཡོད་པ་ལས་མར་ནང་ཚོ་ལྔར་གྲགས་པའི་ཡ་གྱལ་ཀ་རིང་ཞེས་པ། ལུང་པའི་སྐེད་ན་ཀེར་ལངས་ཀྱི་རྡོ་ཀ་བ་ལྟ་བུ་ཞིག་ཡོད་པ་ལས་བཏགས་པ་ཡིན་ཞིང༌། ལོ་རྒྱུས་ལ་ལར་འདི་འདྲ་བ་ལ་དངོས་གྲུབ་ཀྱི་རྟགས་མཚན་དུ་བཤད་པའང་ཡོད། ཆུ་ཤིང་འཛོམ་ཞིང་ལོ་ཏོག་སྨིན་པ། ཕུ་ན་འབྲོག་གི་རྩྭ་སའང་ཡོད་པས། ཁང་ས་ཞིང་ས་ས་ཡི་དགེ །འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ །གམ་འབྲོག་རྒྱང་འབྲོག་འབྲོག་གི་དགེ །ཁང་ཤིང་བུད་ཤིང་ཤིང་གི་དགེ །ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ །ཞེས་པ་ལྟར་གྱི་སའི་དགེ་བཅུ་ཚང་བ་ཞིག་གོ །ཡུལ་མི་རྣམས་གཡོ་སྒྱུ་མེད་པ་མ་བཅོས་པའི་རང་བཞིན་དྲང་པོ་ཅན། རྐུན་ཇག་སོགས་སྤྱོད་པ་ངན་པའི་མིག་ལྟོས་མི་བྱེད་ཅིང་དཀོན་མཆོག་ལ་དད་པ། ཕལ་ཆེར་གཟུགས་བྱད་བཟང་ཞིང་སྨྲ་སྒོ་ཡངས་པ་སོགས་ཆོས་སྒྲུབ་པའི་རྟེན་དུ་འོས་པ་ཤས་ཆེ་ལ། དེའི་ནང་ནས་དཔལ་འབུམ་བྱ་བ་དམ་པ་འདིའི་ཡབ་ཡིན་ཞིང༌། ཡུམ་ནི་དཔལ་མོ་མཁར་ཞེས་བླ་མ་དཀོན་མཆོག་ལ་གུས་པ། དབུལ་སྤྲང་སོགས་ལ་སྙིང་བརྩེ་བ་ཞིག་སྟེ། མི་ཚང་འདི་འདུལ་བ་ལུང་ལས། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་བོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང༌། །རྟག་ཏུ་རབ་བྱུང་ཐོབ་པར་ཤོག །ཅེས་བསྔགས་པ་ལྟར་མཐའ་གཉིས་སུ་མ་ལྷུང་བ་ཞིག་གོ །ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་ཞེ་དྲུག་པ། སྟོད་འགྲེལ་ལྟར་ན་ཡོངས་འཛིན་ཏེ་སཾ་སྐྲྀ་ཏའི་སྐད་དུ་པ་རི་དྷཱ་རི། ཙི་ནའི་སྐད་དུ་ཤིན་ཙི། དབང་ཐང་བསྟུན་པ་ཆུ་ཕོ་བྱི་བའི་ལོར་དགེ་མཚན་གྱི་ལྟས་དང་བཅས་ཏེ་བལྟམས། དེའི་སྔ་ལོ་སོག་ཚའི་རྩིས་པ་ལ་རྩིས་བྱེད་དུ་བཅུག་པར། སང་ཕོད་བུ་ཞིག་སྐྱེ་བས་དེ་རབ་བྱུང་བྱས་ན་དགོན་སྡེ་མང་པོའི་བླ་མ་དང༌། ཁྱིམ་པ་བྱས་ན་གྲོང་སྡེ་མང་པོའི་དཔོན་པོ་བྱེད་པའི་བསོད་ནམས་ཅན་ཞིག་ཡིན། དེའི་སྐུ་རིམ་ལ་གསེར་གྱི་སྐ་རགས་བྱས་པའི་དངུལ་གྱི་གཟུངས་འདུས་ཤིག་འབྲི་དགོས་ཞེས་བཤད་འདུག་པ་ནི། སྔོན་གཞོན་ནུ་དོན་གྲུབ་སྐུ་བལྟམས་པའི་ཚེ་མཚན་མཁན་སྔ་མས་ཁྱིམ་ན་གནས་ཚེ་འཁོར་སྒྱུར་དང༌། རབ་ཏུ་བྱུང་ཚེ་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ལ། ཕྱི་མས་རྩོད་དུས་འཁོར་སྒྱུར་མི་འབྱུང་བས་སངས་རྒྱས་སུ་འགྱུར་བར་བཤད་པ་བཞིན་མདོ་དབུས་སུ་དགེ་འདུན་གྱི་སྡེ་དུ་མའི་གཙུག་རྒྱན་དུ་འགྱུར་རྒྱུ་དེ་ཐིག་པར་སྣང་ངོ༌། །དེར་མ་ཟད་རིམ་གྲོ་འབབ་ཚུལ་ཡང༌། ཕྱྭ་གཡང་སེལ་གསུམ་ལྟ་བུ་ཞི་བའི་དཀར་བཅོས། མནན་བསྲེག་འཕང་གསུམ་ལྟ་བུ་དྲག་པོའི་རིམ་གྲོ་གྲོང་པ་ལ་བྲིན་པ་དེ་འདྲ་ཞིག་མ་བབས་པར། རྒྱལ་བའི་བཀའ་དྲི་མ་མེད་པ་སྒྲུབ་ཚུལ་བབས་པ་ནི་སྐུ་ཚེ་འདིའི་བཞེད་དོན་མཐའ་དག་ཆོས་དང་མཐུན་པར་འགྲུབ་པའི་རྟེན་འབྲེལ་གྱི་མགོ་ཚུགས་པར་སྣང༌། དེ་རྗེས་ཡབ་ཆེར་མ་འགྱང་བར་འདས་ཏེ་ཡུམ་གྱིས་བསྐྱངས། ཁམས་མི་བདེ་བ་སོགས་ཅི་ཡང་མེད་ཅིང་མཚོ་ནང་གི་པདྨ་བཞིན་སྐྱེད་ཆེ་བས་ཤིན་ཏུ་གསོ་སླ་བ་བྱུང༌། ཅུང་ཟད་ནར་སོན་ཏེ་བྱིས་པ་རྣམས་དང་ལྷན་ཅིག་རྩེ་བའི་དུས་ནའང་ཟླ་བོ་རྣམས་འཕྱོང་རྒྱུག་འར་འུར་ཅི་ཙམ་བྱས་ཀྱང་རྟོག་དཔྱོད་མི་གཏོང་བར་དེའི་རྗེས་སུ་མི་འགྲོ་བ་དང༌། རྩེད་མོའང་ངན་སྤྱོད་ཀྱི་རིགས་མི་བྱེད་པ་རྒན་པོའི་སྤྱོད་པ་ལྟ་བུ་ཀུན་གྱི་ཡིད་དུ་འོང་བ་ཞིག་ཡོད་པར་སྣང་ངོ༌། །

                        ཀཻ་ལ་ཤས་མཚན་བསིལ་ལྗོངས་མདོ་ཁམས་སྨད། །ཀ་རིང་ཞེས་གྲགས་ས་ཡི་ཐིག་ལེ་རུ། །ཀུ་མུད་ཚལ་དུ་ཟླ་ཟེར་འཕོས་པ་བཞིན། །ཀུན་བཟང་དགེ་བའི་ལྟས་དང་བཅས་ཏེ་བལྟམས། །ན་ཚོད་པདྨའི་མྱུ་གུ་ཆེས་ཕྲ་ཡང༌། །ནེའུ་ལྡང་བག་མེད་བྱིས་པའི་ཚོགས་ཀྱི་ནང༌། །ནོར་འཁྲུལ་ཉེས་སྤྱོད་དྲི་མའི་འདམ་རྫབ་ཀྱིས། །ནམ་ཡང་མ་སྦགས་སྔོན་གོམས་མཐུ་དེ་རྨད། །སྐབས་ཤིག་ནས་ཨ་ཁུ་བླ་མ་ངག་དབང་དོན་གྲུབ་ཀྱི་དྲུང་དུ་ཀློག་བསླབ་པར་ཐོད་རྒལ་བྱས་ནས་མི་འགྲོ་བར་ཕྲལ་ཀློག་སྦྱར་ཀློག་སོགས་རིམ་པ་བཞིན་ནན་ཏན་གྱིས་དལ་བུས་ཞིབ་མོར་སློབ་ཅིང༌། གང་ཤེས་པ་དེ་ནམ་ཡང་མི་བརྗེད་པར་བྱས་ཏེ་ཡིད་ལ་འཇགས་པས་སློབ་མཁན་ལའང་དཀའ་ཚེགས་མེད་ཅིང་ཤིན་ཏུ་མགུ་བ་བྱུང་སྟེ། གྲོག་མཁར་དང་སྦྲང་རྩི་ལྟར་ཡོན་ཏན་གསོག་ཚུལ་མ་ནོར་བའི་ཉེར་བསྡོགས་དང་པོར་བརྩམ་མོ། །དེ་ནས་བློ་བཟང་དར་རྒྱས་ཞེས་པ་མང་ཐོས་ཚུལ་ལྡན་མཁན་པོར་འོས་པ་ཞིག་གི་དྲུང་ནས་རབ་ཏུ་བྱུང་བའི་ཚུལ་ཁྲིམས་ཡང་དག་བླངས་ཏེ་ངུར་སྨྲིག་གི་རྒྱལ་མཚན་འཆང་ཞིང་མཚན་བློ་བཟང་ཆོས་དར་ཞེས་བཏགས། ཀ་རིང་སྒར་དུ་ཞུགས་ཏེ་དེ་ན་འདོན་རྒྱུན་ལ་ཡོད་པའི་ཆོ་ག་ཆོས་སྤྱོད་རྣམས་རྫོགས་པར་བསླབས། དེ་སྐབས་ཐུགས་ལ་རབ་ཏུ་བྱུང་བའི་མིང་ཙམ་དེས་གོ་མི་ཆོད་པར་འདུག །ཆོས་རྣམ་པར་དག་པས་གཏན་གྱི་མདུན་མ་འགྲུབ་ངེས་ཤིག་མི་བྱེད་པའི་ཐབས་མི་འདུག །དེ་བྱེད་པ་ལ་ཐོག་མར་གྲྭ་ས་ཆེན་པོ་ཞིག་ཏུ་ཞུགས་ནས་སློབ་གཉེར་ཚུལ་བཞིན་བྱས་ལ་ཆོས་ཀྱི་གནད་གོ་བ་ཞིག་བྱེད་དགོས་པར་འདུག་སྙམ་སྟེ། དབྱར་ཐོག་ཅིག་བཀྲ་ཤིས་འཁྱིལ་དུ་བྲོས་ནས་ཕེབས། ཡུལ་མི་རྣམས་ཀྱིས་རྗེས་བསྙེགས་ནས་འོངས་ཏེ་བཞུགས་ཐུབ་པ་མ་བྱུང་ཡང༌། དང་པོར་ཕེབས་པ་དེ་སྔོན་གྱི་ཐུགས་སྨོན་གྱིས་བསྐུལ་བ་ཡིན་ཞིང་ཕྱིས་འབྱུང་རྟེན་འབྲེལ་བསྒྲིགས་པ་ལྟ་བུར་ཡང་མངོན། དེ་ལོ་དབྱར་ཆོས་ཀྱི་གླིང་བསྲེ་དཀའ་བཅུ་ཨ་བར་བཟོད་པ་དང༌། སྐྱོར་དཔོན་རྣོ་འབུག་གཉིས་ཡིན་ཟེར་གིན་འདུག་ཅེས་ཕྱིས་དགུང་ལོ་བདུན་ཅུ་སྐོར་ལ་ཕེབས་དུས་བཀའ་ཆོས་འགའ་ཞིག་གི་སྐབས་སུ་གསུང་སྣང༌། དེས་མཚོན་སྐུ་ན་ཕྲ་མོའི་དུས་ནས་གསན་གཟིགས་བྱུང་ཚད་ནམ་ཡང་བསྙེལ་བ་མེད་པའི་དྲན་པ་བརྟན་པོ་ཞིག་མངའ་བ་ནི་སྐྱེ་བའི་འཕྲེང་བར་སེམས་ཀྱི་རྟ་མཆོག་དྲན་ཤེས་སྲབ་ཀྱིས་ཁ་ལོ་བསྒྱུར་ཏེ་བག་མེད་པའི་ལམ་དུ་ནམ་ཡང་མི་གཏོང་བར། ཐུབ་པའི་གཞུང་ལམ་དྲང་པོར་བགྲོད་པའི་འབྲས་རྟགས་སུ་མངོན། དེ་ནས་ཡུལ་མི་རྣམས་ཀྱིས་ཀྱང་འདི་གྲྭ་ས་ཞིག་ཏུ་མ་བཏང་བར་མི་སྡོད་འདུག་སྙམ་སྟེ་ཇི་ལྟར་འོས་པའི་མཐུན་པའི་འཚོག་ཆས་བསྒྲུབས་པ་བཞིན་དགུང་ལོ་བཅུ་བདུན་པ་བི་དྷ་བ་སྟེ་རྣམ་འབྱུང་ཞེས་པ་ས་ཕོ་འབྲུག་གི་ལོ་དབུས་སུ་ཕེབས་པས་ལམ་སྐབས་སོགས་ནས་ཉེ་ཞོ་ཅི་ཡང་མེད་པས་བདེ་བར་སོན་ཏོ། །
 

                  ཉི་མའི་གཉེན་གྱི་བསྟན་པའི་སྒོར་ཞུགས་ཏེ། །ཉེས་ལྟུང་རྙོག་པའི་དྲི་མ་རིང་དུ་སྤངས། །ཉོན་མོངས་གདུང་སེལ་ཚུལ་ཁྲིམས་བདུད་རྩིའི་བཅུད། །ཉམས་སུ་མྱོང་བས་དགའ་བ་ཅི་ཡང་བརྟས། །ཐར་པའི་གོ་འཕང་མཆོག་དེ་སྒྲུབ་པ་ཡང༌། །ཐོག་མ་ཁོ་ནར་རྒྱལ་བའི་གསུང་རབ་ལ། །ཐོས་བསམ་ཚུལ་བཞིན་བགྱིད་ལ་རག་ལས་པས། །ཐུགས་ཀྱིས་དགོངས་ཏེ་སྦྱོར་བ་འདི་བརྩམས་སོ། །དེ་ནས་སངས་རྒྱས་དངོས་དང་དབྱེར་མ་མཆིས་པ་ཇོ་ཤཱཀ་སོགས་ཀྱི་ཞལ་བཟང་མིག་གི་བདུད་རྩིར་གྱུར་པས་དགའ་དད་དབྱར་གྱི་ཆུ་གཏེར་བཞིན་རྒྱས་ཤིང་ཆོས་ཀྱི་བཞེད་དོན་སྨོན་པ་བཞིན་འགྲུབ་པའི་གསོལ་འདེབས་ནན་ཏན་ཞུས། རྒྱལ་དབང་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་ཞབས་ཀྱི་པདྨོར་མཇལ་ཞིང་མོས་གུས་ཚད་མེད་པ་སྐྱེས། དེ་ནས་མཁས་གྲུབ་ཀླུ་དབང་བྱེ་བའི་བསྟི་གནས། ལུང་དང་རིགས་པའི་དབྱངས་སྙན་སྒྲོགས་པའི་དགའ་ཚལ། དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་གི་གྲྭ་ཚང་བཞིའི་ནང་ནས་གུར་དཀར་པོའི་ཏོག་ལྟ་བུ་བཀྲ་ཤིས་སྒོ་མང་གི་ཆོས་གྲར་ཞུགས། ཚུལ་ཁྲིམས་རྣམ་པར་དག་ཅིང་བྱང་ཆུབ་ཀྱི་སེམས་ལ་མངའ་འབྱོར་པ་མཁན་པོ་སངས་རྒྱས་རྡོ་རྗེའི་དྲུང་ནས་བསྡུས་གྲྭའི་བརྩི་བཞག་ཐོག་མར་གསན། རང་གི་ཁམས་ཚན་བསམ་བློ་ཡིན་ཀྱང་སྔོན་གྱི་འབྲེལ་བས་མཚམས་སྦྱར་ཏེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་བྲ་ཉེ་ངག་དབང་དགེ་ལེགས་དགེ་རྒན་དུ་བསྟེན། ཚོགས་ཆོས་འགྲིམ། དཔེ་འཛིན་དང་གཤར་སྦྱང་མཛུབ་ཁྲིད་སོགས་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟ་བུ་ཉིན་མཚན་ཁོར་མོ་ཡུག་ཏུ་མཛད། ཞར་ལ་དམིགས་བརྩེ་མ་དང་ཨ་ར་པ་ཙ་སོགས་ལ་འབད་ནས་ལྷ་དང་བླ་མར་གསོལ་བ་འདེབས་པ་བཤགས་སྦྱང་སོགས་རྒྱུ་དང་སྤུན་གྱི་ཚུལ་དུ་འབད་པས་ཆེར་མ་འགྱང་བར་བསྡུས་ཚད་ཀྱི་རིགས་པའི་སྒོ་ཕྱེ་སྟེ་བགྲོ་གླེང་ལེགས་པར་བྱེད་ཐུབ་པ་བྱུང༌། ས་སྦྲུལ་ལོ་པཎ་ཆེན་རིན་པོ་ཆེས་རྒྱལ་དབང་ཐམས་ཅད་མཁྱེན་པའི་མདུན་ནས་བཀའ་ཆོས་གསན་ཆེད་ས་ག་ཟླ་བའི་ནང་དུ་ཕེབས་པ་ལ་དན་འབག་གླིང་ཁར་སེར་འཕྲེང་གི་ཚེ་ཞལ་མཐོང་བ་ཙམ་ནས་དད་པས་བ་སྤུ་གཡོ་བ་བྱུང༌། སློབ་གཉེར་བྱེད་སའི་གཙོ་བོ་ཟབ་རྒྱས་ཀྱི་གཞུང་གཉིས་ཡིན་པས། བསྡུས་གྲའི་སྐབས་དེར་རྒྱན་འཇུག་གཉིས་ལ་བློ་འཛིན་ཤིན་ཏུ་བྱང་བ་མཛད། བསྡུས་གྲྭ་བློ་རྟགས་སོགས་ཀྱི་རྩོད་པ་རྫོགས་ནས་གཞུང་ཚུགས་ཏེ་ཕར་ཕྱིན་དབུ་མཛོད་འདུལ་བ་རྣམས་ལ་རིམ་བཞིན་སྦྱངས་པ་ན་བློ་གྲོས་ཇེ་རྒྱས་སུ་སོང་བ་བཞིན་བརྩོན་པ་ཇེ་ཆེར་འགྲོ་བས་ཀློག་པ་ཐོས་བསམ་གྱི་བྱ་བ་དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ། ཉིད་རང་བཞིན་གྱིས་ཐུགས་སྒམ་ཞིང་བརྟན་པའི་ཐོག་དགེ་རྒན་ནས་ཀྱང་རྗེ་ཡབ་སྲས་ཀྱི་གསུང་རབ་རྣམས་རྩ་བ་ཡིན་པ་སྨོས་ཅི་དགོས། གཞན་གྲྭ་ས་སོ་སོའི་ཡིག་ཆ་སྤྱི་དོན་ཐལ་ཕྲེང་མི་འདྲ་བ་མང་པོ་འདུག་མོད་ཀྱང་གསུང་རབ་ཀྱི་དགོངས་དོན་ཞིག་གོ་འདོད་ན་ཀུན་མཁྱེན་བླ་མའི་ཡིག་ཆ་འདིའི་སྟེང་ནས་མ་གོ་བར་གཞན་ནས་ལྷག་པ་བླང་གཏོང་རྒྱུ་ཨེ་ཡོད་མི་ཤེས་ཞེས་ཡང་ཡང་གསུངས་སྟབས། རྣམ་བཤད་གསེར་ཕྲེང་སོགས་ལ་སྐབས་སྐབས་སུ་གཟིགས་པ་མ་གཏོགས་ཡིག་ཆ་ཁོ་ན་གཙོར་འདོན་གྱིས་འཛིན་སྐྱོར་ཆོས་ཐོག་ཆོས་མཚམས་ཀུན་ལ་གཤར་སྦྱང་དང་ཡིག་ཆའི་སྟེང་ནས་དཔྱད་པ་ཕུ་ཐག་ཆོད་པ་མཛད། ཁྱད་པར་གཞུང་ཚན་སོ་སོའི་རང་ལུགས་སྐབས་ཀྱི། མཚན་ཉིད། དབྱེ་བསྡུ། གྲངས་ངེས། གོ་རིམ། བྱེད་ལས། ས་མཚམས། སྒྲ་དོན། མུ་རྩི་ཚུལ་སོགས་གང་ཡོད་ཀྱི་ཚིག་དོན་གཉི་ག་བློ་ལ་ཤིན་ཏུ་བྱང་ནས་ཅིག་ཅར་འཆར་བ་ལྟ་བུ་ཤ་ཞག་རུས་ཞག་ཏུ་འགྲོ་བ་བྱས། དེང་སང་སློབ་གཉེར་ལ་འབད་པའི་ཁུལ་བྱེད་པ་ཕལ་ཆེར་ཡང་དཔེ་ཆ་ལྟ་ཚུལ་རང་གི་ཡིག་ཆ་འཛིན་སྐྱོར་བྱེད་རྒྱུ་བསྐྱུར་ནས་དཔེ་སྣ་མང་པོ་ཞིག་གིས་མ་ལོང་བ་བཞིན་བྱས་ཏེ་དཔེ་ཀློག་ཆབ་ཆོབ་ར་རྩི་ཐོག་ལ་ཡན་པ་བཞིན་ཐམས་ཅད་ཀྱི་སྣེ་བཏོག་རེ་བྱས་རུང་གནད་ལ་འབབ་རྒྱུ་གཅིག་ཀྱང་མེད། གཞུང་ཚན་དེའི་འང་རང་ལུགས་བསྐྱུར་ཏེ་གཞན་ལུགས་དགག་པའི་ཐད་ནས་ཕར་འཕེན་རྒྱུ་རེ་ཨེ་ཡོད་གཙོ་བོར་བྱས་པས་སྐབས་དེར་འགྲོ་ཐབས་ཙམ་འོང་ཡང༌། རང་ལ་ཚུར་འཕང་བ་ན་འབབ་ས་འདི་འདྲ་ཞིག་དགོས་སྙམ་དུ་བློར་འཛིན་རྒྱུའི་གཏད་སོ་ཞིག་མེད་སྟབས་རི་དྭགས་ཐང་ལ་བརྡས་པ་བཞིན་གར་འགྲོ་འདིར་འགྲོ་མེད་ཅིང༌། ལོ་ཟླ་ཁ་ཤས་སོང་དུས་སེམས་ངོ་ན་ཅི་ཡང་མེད་པ་ནི་དང་པོར་སློབ་གཉེར་རྒྱག་དུས་རྒྱག་མ་ཤེས་པའི་སྐྱོན་དུ་སྣང་སྟེ། ཀུན་མཁྱེན་འཇིགས་མེད་དབང་བོའི་ཞལ་སྔ་ནས། གཞུང་ཚིག་བློ་འཛིན་མི་བྱེད་གཞུང་གི་དོན། །དཔེ་ཀློག་ཙམ་གྱིས་ཤེས་འདོད་བཞད་གད་གནས། །ཞེས་དང༌། ཐད་ཀའི་གཞུང་ལ་ལྟ་བ་ཡལ་བོར་ནས། །དཔེ་མང་བལྟ་བ་ཤེས་རབ་འཆལ་བའི་རྒྱུ། །གསུངས་པ་ལྟར་ཡིན་པས། བློ་གསར་རྣམས་ཡེང་མ་ཡེང་གིས་ཉི་མ་འཕུལ་ཐབས་དེ་འདྲར་མ་སོང་བ་དམ་པ་འདི་དག་གི་རྣམ་ཐར་ལ་ཁ་མིག་ཡར་བལྟ་བ་ཞིག་དགོས་སོ། །
 

                  རྒྱུན་པར་བགྲོ་གླེང་གནང་ཚུལ་གཞུང་གི་གོ་དོན་ཚོལ་བ་གཙོར་འདོན་བྱས་པས་པམ་མེ་བ་ཞིག་ཡིན་ཀྱང༌། ཕ་རོལ་པོས་ཚིག་འཁྲི་སོགས་ཧ་ཅང་གི་རིགས་པ་ཞིབ་མདོག་དང་ངར་ངར་བྱས་ན་དེའི་ཚོད་ཀྱིས་རིགས་པ་ཇེ་རྣོར་བཏང་སྟེ་ཕྱི་རྒོལ་གྱི་སྤོབས་པ་གཞོམ་ནུས་པ་རྩོད་པའི་ཁྱུ་མཆོག་ལྟ་བུར་ཡོད་ཅེས་རྒྱུས་ཡོད་རྣམས་གླེང༌། ཉི་ཤུ་རྩ་གྲངས་ཤིག་ལ་མཉམ་མེད་ཐུབ་པའི་དབང་པོའི་ཆོས་ཀྱི་རྒྱལ་ཚབ་མཁས་གྲུབ་བྱེ་བའི་གཙུག་རྒྱན་དམ་པ་རྗེ་ངག་དབང་བྱམས་པའི་ཞབས་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ཉིད་ཀྱི་ལམ་རིམ་བཀའ་ཆོས་སོགས་ལའང་ལན་ཁ་ཡར་བྱོན་ཏེ་གསུང་གི་བདུད་རྩི་ཉམས་སུ་མྱོང༌། ཆུ་སྤྲེལ་ལོར་ཀུན་མཁྱེན་འཇིགས་མེད་དབང་པོ་དབུས་སུ་ཕེབས་པར་དགེ་རྒན་གྱི་སྟབས་ཐུགས་འདྲིས་ཆེ་བ་བྱུང༌། སྐབས་ཤིག་ཐོས་བསམ་གྱི་བར་ཆད་ལྟ་བུས་སྐུ་ཁམས་མི་བདེ་བ་ཞིག་བྱུང་སྟེ་ཐབས་ཅི་བྱས་ཀྱང་མ་ཕན། ཉིན་གཅིག་ཀུན་མཁྱེན་དེ་ཉིད་ཀྱི་མདུན་དུ་སོང་བར་ཐུགས་ཁྲོས་པའི་རྣམ་པས་ཁྱོད་མི་བདེ་བ་ཨེ་རེད་གསུངས་པས། གནོད་ཚབས་ཆེན་པོ་མི་འདུག་ཀྱང་སྐྱེད་གཏན་མི་འོང་བ་ཞིག་འདུག་ཞུས་པས། དེ་སྐྱོན་ཅན་ཞིག་ཡིན་པ་འདྲ། སང་ངས་རྟ་མགྲིན་གྱི་རྗེས་གནང་ཞིག་བྱེད་གསུང༌། ཕྱི་ཉིན་ཡང་ཐུགས་ཁྲོས་པའི་རྣམ་པ་དེ་གའི་ངང་ནས་རྗེས་གནང་སྩལ་ཏེ་གྲུབ་ཟིན་པ་ན་དགྱེས་ཉམས་དང་བཅས་ད་སྐྱོན་མེད་མོད། རྟ་མགྲིན་ཅི་ཐུབ་རེ་ཐོན་གསུངས་པ་དེ་ནས་བཟུང་སྟེ་སངས་དྭངས་སུ་སོང༌། དེ་རྗེས་ཐུའུ་བཀྭན་རིན་པོ་ཆེའང་ཕེབས་པས་ཐུགས་ནང་ཤིན་ཏུ་ཉེ་བ་བྱུང་འདུག་པ་ནི། རྩ་བ་སྔོན་ནས་ཐུགས་སྨོན་གྱི་འབྲེལ་བ་ཞིག་ཡིན་འདུག་ལ། ཐུན་མོང་ལྟར་ཡང༌། བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ། །ཕངས་དང་ལུགས་དང་ལུགས་མིན་ཤེས། ཞེས་གསུངས་པ་དེར་མངོན། མེ་གླང་གི་ལོ་མཇུག་ལྕང་སྐྱ་ཐམས་ཅད་མཁྱེན་པའང་དབུས་སུ་ཕེབས་ཏེ་ལོ་སྔ་ཕྱིར་ཆོས་བཀའ་མང་དུ་གནང་བར་གསན་བཞེད་ཆེའང༌། དེ་སྐབས་ཆོས་འགྲིམ་གྱི་སྒང་དུ་སོང་བས་ལྷ་སར་གནང་བ་རྣམས་ལ་ཆེར་ཕེབས་མ་ཐུབ། ཆོས་མཚམས་དང་འགྲིག་དུས་ཁ་ཤས་དང་འབྲས་སྤུངས་ཚོགས་ཆེན་ནས་ལམ་རིམ་ཐུན་གཅིག །སྒོ་མང་ཆོས་གྲྭར་ལམ་གཙོའི་གཟབ་བཤད་གནང་བ་རྣམས་ཐུགས་ལ་འཇགས་ངེས་སུ་བྱས་ཏེ་གསན། རྩོད་བཞིན་པའི་སྐབས་གནས་སྐོར་ཆོས་ཉན་སོགས་ལ་འགྲོ་མི་རུང་བར་བླ་མ་རྣམས་ཀྱི་བཅའ་ཡིག་ཏུ་དགག་པ་མཛད་པའང་གནས་སྐབས་ཚོགས་ཆོས་གྲྭ་མི་འཆག་པའི་ཐབས་ཙམ་མིན་གྱི་དགོས་པ་ལས་དགག་བྱ་ཆེ་བ་ཞིག་ཡོད་པ་ཡིན་ཏེ། རྒྱལ་སྲས་ཞི་བ་ལྷས། གང་ཞིག་བསམས་ཏེ་བྱར་བརྩམས་པ། །དེ་ལས་གཞན་དུ་མི་བསམ་སྟེ། །དེར་གཏད་པ་ཡི་བསམ་པ་ཡིས། །དེ་ཉིད་རེ་ཞིག་བསྒྲུབ་པར་བྱ། །དེ་ལྟ་ན་ནི་ཀུན་ལེགས་བྱས། །གཞན་དུ་གཉི་གར་མི་འགྱུར་རོ། །ཞེས་གང་བརྩམས་རིམ་པ་ལྟར་འགྲུབ་པ་དགོས་ཀྱི། ཆོས་གྲྭར་རྗེས་བཞག་ཙམ་ནས་དྲིལ་བུ་དཀྲོལ་ཚད་ཀྱི་རྩར་རྒྱུག་པའི་བློ་སྣ་མང་པོ་རྩི་སྐུད་མགོ་བྲེག་པ་ལྟ་བུ་དེར་སྔ་ཕྱི་གཉིས་པོ་གང་ཡང་མི་ཡོང་བར་གསུངས་སོ། །བརྩོན་འགྲུས་བྱེད་ལུགས་ཀྱང་ཉི་མ་ཁ་ཤས་ལྟོའང་མི་དྲན་པ་ལྟ་བུའི་ཚ་དྲག་བྱས། སྐབས་སྐབས་སུ་བརྗེད་སོང་བ་བཞིན་བསྐྱུར་ནས་འགྲོ་བའི་འཕར་ལྡང་དེས་གར་ཡང་མི་ཕྱིན་པར་གཟིགས་ནས་རྟག་སྦྱོར་གྱི་བརྩོན་འགྲུས་རྒྱུན་ཆགས་པ་ཆུ་བོའི་རྒྱུན་ལྟ་བུ། འདུ་འཛི་གཡེང་བ་སོགས་རྐྱེན་གཞན་གྱིས་བཟློག་ཏུ་མེད་པར་རི་གཟར་གྱི་རྦབ་ལྟ་བུ། ཚ་ཐུབ་གྲང་ཐུབ་ཀྱི་དཀའ་སྤྱད་དམ་པ་གོང་མའི་རྣམ་ཐར་དང་རྗེས་སུ་མཐུན་པ་ཞིག་མཛད་པས་སློབ་གཉེར་ལོ་རེ་ལས་ལོ་རེ་སྐྱེད་ཐོན་ཚབས་ཆེ་བར་བྱུང་བ་ནི་རྒྱུ་འབྲས་གོ་མ་ལོག་པའི་འབྲས་རྟགས་ཡིན་ཏེ། སྐྱེ་བོ་གསོ་ཐིགས་ལས། གཞོན་པའི་དུས་སུ་རིག་པ་བསླབ། །ཞོ་འདོད་བ་ནི་དགུན་ནས་གསོ། །དྲོད་གཤེར་ལྡན་དུས་ས་བོན་གདབ། །དེ་གསུམ་འཕྲལ་དུ་སྨིན་པའི་རྒྱུ། །ཞེས་དང༌། འཇམ་མགོན་ས་པཎ་གྱིས། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་འདོད་ལ་མཁས་མི་སྲིད། །གསུངས་པ་བཞིན་ཏེ། ལ་ལ་ཞིག་རང་གིས་བརྩོན་འགྲུས་མི་བྱེད་པར་ང་ལ་སློབ་གཉེར་ཡོང་ཐབས་ཞེས་ཐབས་ཤིག་ཐང་ནས་ཚོལ་བར་སྣང་ཡང༌། ཙ་ན་ཀའི་ལུགས་ཀྱི་བསྟན་བཅོས་ལས། ཡོན་ཏན་འབད་པས་འགྲུབ་པ་ཡིན། །འབད་པ་བདག་ཉིད་ལ་གནས་པས། །འབད་ནས་ཡོན་ཏན་མི་སློབ་པར། །གཞན་དག་ཡོན་ཏན་ལྡན་ཞེས་སྒྲོགས། །གསུངས་པའི་དཔེ་ལྟར་དགོས་པ་མེད་དོ། །དེ་ལྟར་ཐུགས་གཉེར་གནང་ཚུལ་མཁས་ཤིང་མགོ་མཇུག་མཚུངས་པས་རིང་པོར་མ་ཐོགས་པར་བཀའ་པོཏ་ཆེན་པོ་ལྔའི་དགོངས་དོན་ཐུགས་སུ་ཆུད་དེ་མཁས་པའི་གོ་འཕང་ཐོབ་བོ། །
 

                    ཚོགས་མཆོག་དགེ་འདུན་རིགས་པ་སྨྲ་བའི་གྲྭར། །ཚད་མ་སྡེ་བདུན་རིགས་ལམ་བསྡུས་གྲྭ་དང༌། །ཚུལ་གསུམ་གཏན་ཚིགས་རིགས་པར་སྦྱངས་པ་ཡིས། །ཚེགས་མེད་ལུང་དང་རིགས་པའི་དགའ་སྟོན་མྱོང༌། །ཤེས་རབ་གྲུ་གཟིངས་བརྩོན་པའི་བ་དན་ཅན། །ཤུགས་དྲག་བརྩོན་པའི་རླུང་གིས་བསྐུལ་བ་ན། །ཤཱཀ་གསུང་དགོངས་དོན་ཟབ་ཅིང་རྒྱ་ཆེའི་མཚོ། །ཤིན་ཏུ་བརྒལ་དཀའི་ཕ་རོལ་ཡུད་ཀྱིས་སོན། །སོ་བཞི་པ་ས་བྱའི་ལོ་ནས་མཁན་པོ་ངག་དབང་དགེ་ལེགས་སྒོ་མང་གི་ཆོས་ཁྲིར་ཕེབས་པས། ཁོང་གི་ཞལ་ནས་མཁན་ཐོག་སྔ་མ་གཉི་ག་དེ་ཙམ་མཐར་ཕྱིན་པ་མ་བྱུང་བ་སོགས་ཀྱི་སྟབས་དེང་སང་གྲྭ་ཚང་གི་བསྒྲིག་ལམ་སོགས་ཧ་ཅང་བློར་འབབ་པོ་ཞིག་ཡོང་གི་མི་འདུག །ཁྱེད་རང་སྨོན་ལམ་མིང་བཏགས་ཀྱི་ཚད་ལ་སླེབས་ཡོད་པ་ཅུང་འགྱང་འགྲོ་བར་འདུག་ཀྱང་འདི་གལ་ཆེ་བས་ཁྱོད་ཀྱིས་གྲྭ་ཚང་དགེ་བསྐོས་བྱེད་དགོས་གསུང་བར་དགོངས་པ་ཞུས་ཀྱང་ང་ལ་གྲོགས་ཤིག་དགོས་པར་འདུག་ཅེས་གསུང་ནན་ཆེ་བས་བཀའ་བཞིན་ཞུས། དེ་ནི་སྤྱོད་འཇུག་ལས། མ་བརྩམས་པ་ནི་མཆོག་ཡིན་གྱི། །བརྩམས་ནས་ལྡོག་པར་མི་བྱ་འོ། །གསུངས་པ་བཞིན་བྱ་བ་འདི་བྱེད་དགོས་པ་ལ་ཡལ་ཡོལ་གྱིས་འགྲོ་ཐབས་ཙམ་མ་ཡིན་པར་སེམས་ལ་འཛིན་རྒྱུ་ཡོད་པ་ཞིག་བྱེད་དགོས་པར་འདུག །བླ་མའི་བཀའ་ཡིན་པར་མ་ཟད། སྤྱིར་ནའང་བེའུ་བུམ་སྔོན་མོ་ལས། ཅི་ནས་བྱེད་འདོད་སངས་རྒྱས་བསྟན་པ། །འཇིག་རྟེན་ཡུན་རིང་ཅི་གནས་བྱ་སྟེ། །དེ་ཡང་དགེ་འདུན་སྡེ་ལ་རག་ལས། །ནུས་པ་ཡོད་ན་དེ་གནས་ཐབས་བྱ། །ཞེས་འགྲོ་བའི་བདེ་སྐྱིད་བསྟན་པ་དང༌། དེ་དགེ་འདུན་གྱི་སྡེ་ལ་རག་ལས་པར་གསུངས་པ་དེ་འགྱེད་ཕོགས་ཀྱི་སྐལ་བ་ལེན་མཁན་མང་བས་གོ་མི་ཆོད། འཆད་ཉན་བསྒྲིག་ལམ་རྣམ་དག་ཅིག་ཡོད་དགོས་པར་འདུག །འདི་ལ་ཕན་ཞིག་ཐོགས་ན་ཆོས་ཀྱི་བྱ་བའང་དེ་ལས་ལྷག་མི་འདུག་དགོངས་ཏེ་དྲག་ཞན་སུ་ལའང་ངོ་དགའ་ཟོལ་འཇོག་ཏུ་མ་སོང་བས་བསྒྲིག་གི་རྟིང་གནོན་འཆུན་ཆེ་ཞིང་ཚ་རན་སྙོམས་པ་གང་ལ་གང་འོས་བབ་མཚུངས་ལེ་ཤོར་མེད་པ་གནང༌། དགེ་བཤེས་ཆེན་པོ་ཞི་ཞིང་དུལ་བ་ཟེར་བའི་མིང་བཟང་ལ་མ་ལྟོས་པར་བསྒྲིག་འགལ་ལང་ཤོར་དུ་སོང་བ་རྣམས་ལ་བརྡུང་བཏགས་ཀྱང་ཚ་ནན་མཛད་པ་ནི་དོན་གོ་ན་དེ་དག་ལའང་ཕན་བཏགས་པ་ཁོ་ན་ཡིན་ཏེ། ཤེས་རབ་སྡོང་བུ་ལས། མི་བསྲུན་སྐྱེ་བོ་ཞི་བས་མིན། །དེ་དང་འཚམ་པའི་རྩུབ་པ་བསྟེན། །བུ་ནི་མི་བསྒྲུང་བ་དག་ལ། །ཕན་འདོད་པ་ཡིས་མི་བསྡིགས་སམ། །མཁས་རྣམས་རྣ་བར་མི་སྙན་ཡང༌། །ཕན་ཚིག་སྨན་བཞིན་བསྟེན་པར་གྱིས། །སྐྱེ་བོ་ངན་དང་གསེར་དང་རྔ། །མི་བསྲུན་རྟ་དང་བུད་མེད་དྲེགས། །བརྡུངས་ན་དུལ་བ་ཉིད་འགྱུར་གྱི། །དེ་དག་ལེགས་བྱས་སྣོད་མ་ཡིན། །ཞེས་གང་གསུངས་པ་བཞིན་ནོ། །དེ་ལྟར་ཞི་དྲག་གང་དགོས་ཀྱི་བབ་བསྟུན་མཛད་པས་དམུ་རྒོད་དག་འཇིགས་ཤིང་དགེ་འདུན་རྣམས་སྤྲོ་བ་འཕེལ་བས་བསྒྲིག་ལམ་ལ་ཤིན་ཏུ་ཕན་ཐོགས་པ་དང་མཁན་རིན་པོ་ཆེའང་དགྱེས་པའི་རྩེར་སོན་པ་བྱུང༌། དེ་ནས་སྨོན་ལམ་གྲྭ་སྐོར་གནང་དགོས་པས་གཞུང་གོང་འོག་ཐམས་ཅད་ལ་ཁོལ་འདོན་ཙམ་མ་ཡིན་པར་ཆ་མཉམ་པའི་ཞིབ་དཔྱོད་བསྐྱར་མ་དང༌། མཚོ་ཊཱིཀ་མཆིམས་མཛོད་སོགས་ལའང་ཞིབ་གཟིགས། སྡོམ་ཚིག་གལ་ཆེ་བའི་རིགས་བློ་འཛིན་བྱང་བར་མཛད། དགུང་ལོ་སོ་བརྒྱད་པ་ས་མོ་གླང་གི་དགུན་ཆོས་ཐོག་གྲྭ་ཚང་གི་དམ་བཅའ་དང༌། ལྕགས་སྟག་ལོའི་སྨོན་ལམ་ཐོག་ལྷ་སའི་དམ་བཅའ་བཞག་པར་གཞུང་འབབ་ཚན་ཆེའང་ཁས་ལེན་ཤོར་ཚབས་ཆེ་བ་མ་བྱུང་ལ། ལན་མྱུར་ཞིང་གསལ་ལ་དཔངས་མཐོ་བ་སྐུའི་རྣམ་འགྱུར་སོགས་གང་ཐད་ནས་ཁྱད་དུ་ཐོན་པས་མཁས་བླུན་མཐའ་དག་གི་ཡིད་མགུ་ཞིང་བསྔགས་པའི་རོལ་མོ་འཁྲོལ་བ་བྱུང་ངོ༌། །ཆོས་ཀྱི་སྡེ་ཆེན་བཀྲ་ཤིས་སྒོ་མང་གི །ཆོས་ཁྲིམས་འཛིན་པའི་རེས་སུ་སོན་པ་ན། །ཆོས་མིན་བརླང་པོར་སྤྱོད་རྣམས་སྤ་བཀོང་ཞིང༌། །ཆོས་མཐུན་ཚོགས་ཀྱི་དབུ་འཕང་ཅི་ཡང་བསྟོད། །རང་གཞན་གྲུབ་མཐའ་རྒྱ་མཚོའི་མཐར་སོན་ཏེ། །ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་དུ། །རབ་འབྱམས་སྨྲ་བའི་གྲྭ་སྐོར་མཛད་པ་ན། །རིགས་ལམ་དྲི་མེད་དགའ་སྟོན་མཆོག་ཏུ་འཕེལ། །ཉིད་ཀྱི་དགོངས་པར་སྨོན་ལམ་གྱི་དམ་བཅའ་གྲུབ་ཕྲལ་ནས་རྒྱུད་གྲྭར་ཕེབས་ཏེ་སྔགས་ལ་སློབ་གཉེར་ཚད་དང་ལྡན་པ་བྱས། དེ་རྗེས་མདོ་སྔགས་ཀྱི་ལམ་རྫོགས་པའི་ཉམས་ལེན་རྡོ་རུས་ཐུག་པ་ཞིག་གནང་བཞེད་ཤུགས་དྲག་པོ་ཡོད་པས།

                  སྔ་ལོ་དགུན་ཐོག་རྒྱུད་པ་འབྲས་སྤུངས་སུ་ཕེབས་སྐབས་དགེ་རྒན་ལ་སྙན་གསན་ཕབ་ནས་གསོལ་ཇ་སོགས་དྲངས་ཏེ་ཐུགས་ཐག་བཅད་ཡོད་ཀྱང༌། ཚོགས་མཆོད་གྲོལ་མཚམས་འདུལ་བ་མཁན་པོ་གནང་དགོས་ཚུལ་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་བབས། མ་འགྱང་བར་འདུལ་བ་བླ་བྲང་དུ་སྤོས་ཏེ་ཁྲི་འདོན་མཛད་པར་རྩེ་ཤོད་ཀྱི་སྐུ་ཚབ། འབྲས་སྤུངས་བླ་སྤྱི་སོ་སོ། མཁན་པོ་དགེ་འདུན་བདེ་ཆེན་དང༌། མགྲོན་གཉེར་མཁན་པོ་སོགས་མི་དྲག་མང་པོའི་ངོ་ཚབ། བསམ་བློ་ཁམས་ཚན། བིས་མདོ་མི་ཚན་སོགས་སྤྱི་སྒེར་ཀུན་ནས་ཁྲི་འབུལ་གྱི་བདོག་པ་གྱ་ནོམ་པ་བསྟར། སྟོད་ལུང་ལྡིང་ཁའི་དགོན་པ་འདུལ་བ་མཁན་པོ་སྔ་ཕྱིའི་འཛིན་ཐེབས་སུ་སྤྲོད་ལེན་བྱེད་དགོས་པས་དེར་ཡང་ཁྲི་འདོན་མཛད། བླ་མ་གཞན་གྱི་སྐབས་སྣ་ཚོགས་བྱུང་ཡང་ཁོང་ལ་གུས་ཞེན་ཆེ་ཞིང་རིགས་གྲྭའི་ཞབས་འགྱུར་དུ་ཕན་ཐོགས་པ་བྱུང་བས། ཉིད་ནས་ཀྱང་རྗེས་སོར་འགྱེད་འཇོག་པ་སོགས་སྤྱན་བསྐྱངས་ཆེ་བར་གནང༌། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ངག་མཚམས་དམ་པོ་ཟླ་གསུམ་ཙམ་གནང་སྟེ་རྡོ་རྗེའི་རྣལ་འབྱོར་བརྟན་པོ་ལ་གཞོལ་བར་མཛད་ཅིང་མཇུག་ཏུ་ཁ་སྐོང་གི་སྦྱིན་སྲེག་རྒྱས་པར་གནང༌། འདི་སྐབས་ལས་དོན་སོགས་ཀྱི་ཐུགས་གཡེང་ཆུང་བས་བྱམས་མགོན་བླ་མ་རིན་པོ་ཆེ་སོགས་ཀྱི་དྲུང་ནས་ལམ་རིམ་བློ་སྦྱོང་རིམ་གཉིས་ཀྱི་ཁྲིད་སོགས་ཡང་ཡང་གསན་པའི་དོན་བཞིན་ཐུན་མོང་བ་ལམ་གྱི་གཙོ་བོ་རྣམ་པ་གསུམ་དང༌། ཐུན་མོང་མ་ཡིན་པ་གསང་སྔགས་ཟབ་མོའི་ཉམས་བཞེས་ཟུང་དུ་འབྲེལ་བར་བརྩོན་པ་རྒྱུན་ཆགས་སུ་གནང་བས་ཉམས་རྟོགས་ཡར་ཟླ་བཞིན་འཕེལ། ཡི་དམ་ཆོས་སྲུང་གི་བསྙེན་པའང་ལོ་ལྟར་གྱིས་མ་ཆག་པ་གནང༌། ལན་ཅིག་རྩེའི་བཞུགས་གྲལ་དུ་སེ་ར་བྱེས་པའི་བླ་མ་མཁས་གྲགས་ཤིན་ཏུ་ཆེ་བ་དེ་དང་ལྷན་ཅིག་ཚོགས་གླེང་མཛད་དེ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་སོགས་ཀྱི་བདེན་བཞིའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་བསྟན་པ་ཡིན་ཚུལ་གྱི་བགྲོ་གླེང་བཏང་བས། སྐབས་ཤིག་ཕ་རོལ་པོས་བྱེ་བྲག་སྨྲ་བར་གྱུར་པའི་བྱང་སེམས་དེ་ཉན་ཐོས་ཀྱི་རིགས་ཅན་ཡིན་ཟེར་དགོས་པ་ལྟ་བུ་ཁས་ལེན་འཛིན་རྒྱུ་མེད་པ་བྱུང་བས་ཀུན་ཡ་མཚན་དུ་གྱུར། རྒྱུན་པར་ཐུགས་དམ་གཙོར་འདོན་དང་དོན་གཉེར་ཅན་ཁ་ཤས་ལ་ཆོས་བཀའ་ཐོར་བུ་དཔེ་ཁྲིད་སོགས་གནང་བཞིན་པའི་མུ་ནས་ལོ་དྲུག་སོང་བ་ཤིང་ལུག་ལོར་རིགས་གྲྭ་བཏང་སྟེ་དགེ་འདུན་སྟོང་ཕྲག་བདུན་དུ་ཉེ་བ་ལ་ཉིན་བཅོ་ལྔའི་རིང་མང་ཇའི་བསྙེན་བཀུར་དང་ཚ་ར། ཉིན་ལྟར་གྱི་འགྱེད་སྣ་རེ་དང་འགྱེད་ཆེན་དངུལ་ཊཾ་ག་གཉིས་རེ། ལྷག་མཆོད་དུ་སྒོ་མང་ལ་གྲྭ་ཇ་བཞི་དང་དངུལ་ཞོ་རེ། ཁམས་ཚན་ལ་སྐར་ལྔ། མི་ཚན་ལ་ཁ་དར་རེ་བཅས་བཏང༌། འདུལ་བ་བླ་བྲང་འདི་འཚུབ་ཆེ་བས་བླ་རབས་སྔ་ཕྱི་མང་པོས་མཐར་ཕྱིན་དཀའ་བ་བྱུང་ཡང༌། ཉིད་བཞུགས་སྐབས་འཚུབ་ཅི་ཡང་མེད་པས་ཤིན་ཏུ་བདེ་བར་བྱུང་བ་ཐུགས་བསྐྱེད་དང་རྒྱུན་གྱི་ཉམས་བཞེས་མ་གཡེལ་བའི་སྟོབས་ཡིན་པར་མངོན། དེ་སྐབས་ཀྱང་འགའ་ཞིག་གིས་རིགས་གྲྭ་གཅིག་པོ་འདི་གེགས་ཅི་ཡང་མེད་པར་མཐར་ཕྱིན་པ་ལེགས་བྱུང་བས་མཚམས་འདིར་དགོངས་པ་ཞུས་ན་ཞེས་གྲོས་འདེབས་པ་བྱུང་ཡང༌། དམ་པ་ཉིད་བྱ་བ་གང་བརྩམས་མཐར་ཐོན་ངེས་ཤིག་བྱེད་པ་རང་གི་གནས་ལུགས་ལྟ་བུ་ཡིན་པ་དང༌། ཟར་ཟིར་གྱི་གཡེང་བ་ཆུང་བས་ཐུགས་དམ་འཕེལ་བ་སོགས་ཀྱི་ཐུགས་སྤྲོ་བར་གྱུར་ཏེ་སླར་ཡང་བཞུགས་པས་ཉེ་ཞོ་མེད་ཅིང་རིགས་གྲྭ་ཕྱི་མ་སྔོན་ལས་བལྡབ་འགྱུར་ལྟ་བུར་གཏོང་རྒྱུ་བྱུང་བ་འོག་ཏུ་འཆད་པར་འགྱུར་རོ། །
 

                  འདུས་པའི་དགེ་འདུན་མཆོག་གི་གྲྭར་ཕེབས་པའི། །འདུན་པ་ཤུགས་དྲག་ཐུགས་ལ་བརྣག་ན་ཡང༌། །འདུལ་བ་མཁན་པོའི་གོ་སར་བཀའ་བབས་པ། །འདའ་བར་མ་ནུས་དེ་ཡི་ཁྲི་ལ་འཁོད། །ཐུན་མོང་ཐུན་མོང་མིན་པའི་ལམ་བཟང་གི །ཐུགས་དམ་ཟབ་མོས་ཉིན་མཚན་དུས་འདའ་ཞིང༌། །ཐེག་གསུམ་དགེ་འདུན་སྡེ་ལ་བསྙེན་བཀུར་སོགས། །ཐམས་ཅད་གེགས་མེད་སྨོན་བཞིན་ལྷུན་གྱིས་གྲུབ། །ཧར་ཆིན་ཝང་རཏྣ་སིངྷིའི་སྲས་ཐོ་ཡོན་མཐུ་སྟོབས་ཉི་མ། ཧར་ཆིན་ཞབས་དྲུང༌། ཧར་ཆིན་ཟླ་བ་ཐོ་ཡོན་སོགས་དུ་མས་དགེ་རྒན་དུ་བསྟེན། དགེ་ཕྲུག་སོགས་ལ་བཀའ་བཀྱོན་ཆེར་མི་གནང་ཡང༌། སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །ཅེས་པ་ལྟར་ནང་གི་རྟོགས་པའི་སྟོབས་ཀྱིས་རིགས་མཐོན་པོ་ང་རྒྱལ་ཅན་སོགས་ཅི་འདྲ་ཞིག་ཡིན་ཀྱང་གསུང་ལས་འདའ་མི་ནུས་པར་སྐྲག་པ་དང༌། དེའི་ཚོད་ཀྱིས་གུས་ཞེན་ཆེ་རུ་འགྲོ་བ་ཞིག་ཡོད་ལ། དཔེ་ཁྲིད་གནང་ཚུལ་ཡང་ལ་ལ་ཤེས་རབ་ཆེ་མདོག་གིས་ཡིན་བྱས་ནའང་འདི་བཞིན་བྱས་ཆོག །མིན་བྱས་ནའང་འདི་བཞིན་བྱས་ཆོག་ཅེས་རྣམ་གྲངས་མང་བ་ལ། ནང་ན་རང་ལུགས་ཐག་ཆོད་པའི་མཛུབ་མོ་འཛུག་ས་མེད་པ་དེ་འདྲ་མང་པོ་འོང་བར་སྣང་ཡང༌། དེ་འདྲ་གཏན་མི་མཛད་པར་རྩ་བ་ཡིག་ཆའི་དགོངས་པ་གཞིར་བཞག །གྲྭ་ཚང་གི་ཁས་ལེན་གྱི་རྒྱུན་འདི་ཡིན་ཞེས་གོ་བདེ་ལ་མདོར་འདྲིལ་བའི་གཙང་སིང་ངེ་བ་རེ་གསུངས་པ་དེ་སེམས་ལ་འཇགས་ནས་ཤིན་ཏུ་ཕན་ཐོགས་པ། སྔོན་འབྲེ་ཆེན་པོ་ཤེས་རབ་འབར་གྱི་ཞལ་ནས། ཆོས་གཅིག་ལ་དགེ་བཤེས་རྭ་བའི་ཆོས་ལས་ཁ་ཞེ་གཤིན་པ་མེད། རྒྱ་གར་གྱི་པཎ་གྲུབ་འདི་འདི་སྐད་གསུང་བྱ་བ་ལས་རང་བཟོ་དང་བོད་ཀྱི་སྲ་བསྲེ་གཏན་ནས་མི་བྱེད་གསུང་བའི་དཔེ་ལྟ་བུ་ཞིག་ཡོད་པས་ཕན་ཐོགས་ཤིན་ཏུ་ཆེ། དེའི་གནད་ཀྱིས་རྒྱུས་ཡོད་རྣམས་དེ་འདྲའི་རིགས་ལ་ཁོང་དགེ་རྒན་དུ་བསྟེན་འཇུག་པས་ཕྱིས་ནས་པཱ་རིན་ཝང་གི་ཐོ་ཡོན་དང༌། ཨ་ལག་ཤཱ་ཝང་གི་ཐོ་ཡོན་སོགས་མང་དུ་བྱུང༌། མེ་བྱའི་ལོ་གཉིས་པའི་ཉི་ཤུར་པཎ་ཆེན་ཐམས་ཅད་མཁྱེན་པ་རྒྱལ་དབང་རིན་པོ་ཆེར་ཐུགས་རྫོགས་གནང་རྒྱུའི་དོན་དུ་ཕེབས་པར་ཆིབས་བསུ་དང་འབྲས་སྤུངས་སྤྱི་སོའི་ཇ་ཐབ་སྟེང་ནས་མཇལ་ཁ་ཞུས། གསུམ་པའི་ནང་དུ་པཎ་ཆེན་མཆོག་ནས་བདེ་ལམ་གྱི་གཟབ་ཁྲིད་སོགས་ཆོས་བཀའ་མང་པོ་གནང་བ་ཕལ་ཆེར་གསན། ས་ག་ཟླ་བའི་ཚེས་བཅོ་ལྔར་ཇོ་བོ་ཤཱཀྱ་མུ་ནིའི་དྲུང་དུ་པཎ་ཆེན་ཐམས་ཅད་མཁྱེན་པས་ཀུན་གཟིགས་རྒྱལ་བའི་དབང་པོར་ཐུགས་རྫོགས་ཀྱི་སྡོམ་པ་ཕོག་པའི་ལས་གྲལ་དུ་བཞུགས་ཏེ་ཐུབ་བསྟན་རིན་པོ་ཆེའི་རྒྱལ་མཚན་བསྒྲེངས་པ་ལ་ལེགས་སྨོན་གྲུབ་པའི་སྐལ་བཟང་མངོན་དུ་གྱུར། དེའི་རྗེས་ཐོགས་སུ་རྒྱལ་དབང་ཡབ་སྲས་དགེ་འདུན་སྟོང་ཕྲག་མང་པོ་དང་བཅས་གསོ་སྦྱོང་ལྷན་དུ་མཛད་དེ་སོ་སོར་ཐར་པའི་མདོ་འདོན་པ་ཉམས་སུ་མྱོང་བས་བསླབ་གཞི་ཡོངས་སུ་དག་པར་མཛད། ལོ་ཧྲིལ་པོར་པཎ་ཆེན་ཐམས་ཅད་མཁྱེན་པས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་གསུང་གི་བདུད་རྩི་མང་དུ་མནོས། དེའི་ལོ་རྗེས་མའི་གཉིས་པའི་ཟླ་མཇུག་ཏུ་པཎ་ཆེན་རིན་པོ་ཆེ་གཙང་དུ་ཕྱིར་ཕེབས་པར་ཆིབས་སྐྱེལ་ཞུས། ལོ་དེར་ཀློང་རྡོལ་གྲུབ་དབང་རིན་པོ་ཆེའི་དྲུང་ནས་རྗེ་ཡབ་སྲས་ཀྱི་གསུང་སོགས་ཆོས་བཀའ་ཡང་མང་དུ་གསན་ནོ། །
 

                ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས་ཟིན་ཀྱང༌། །ཚངས་སྤྱོད་མཆོག་གི་བརྟུལ་ཞུགས་གསར་ནོད་ཀྱི། །ཚུལ་བཞེས་ལས་ཀྱི་ཁ་སྐོང་མཛད་པ་ཡིས། །ཚེ་རབས་འཕྲེང་བར་འབྲེལ་བའི་ལེགས་སྨོན་གྲུབ། །ཡམ་བཤད་སྦུན་པའི་ཕུང་པོ་འཕྱར་མིན་པར། །ཡང་དག་དོན་གྱི་སྙིང་པོ་སིལ་མ་ཡིས། །ཡ་རབས་ཐར་འདོད་ཞིང་པའི་རེ་སྐོང་གི །ཡོངས་འཛིན་གང་དེ་གཙུག་གིས་བསྟེན་བྱ་ཡིན། །དགུང་ལོ་ཞེ་བརྒྱད་པ་ས་ཕག་གི་ལོ་བདུན་པའི་ཚེས་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་ནོ་མིན་ཧན་ནས་ལོ་རྗེས་མར་འཇམ་དབྱངས་གོང་མ་ཆེན་པོ་དགུང་ལོ་བདུན་ཅུར་ཕེབས་རྒྱུའི་བ་ཡར་མཁན་པོ་ལ་འགྲོ་དགོས་པའི་བཀའ་བབས། དེ་ནས་ཕེབས་ཆས་སོགས་གང་དགོས་གཞུང་ནས་གྲ་བསྒྲིགས་པའི་ཐོག་ནས་བཅུ་གཅིག་པའི་ཚེས་ལ་ལམ་དུ་ཆས། ལྷོ་ཁ་བརྒྱུད་དེ་ཕེབས་པར་རྒྱ་བོད་ཀྱི་ས་ཚིགས་སོ་སོར་རྟ་འུལ་གྱི་གྲ་སྒྲིག་ལེ་ཐོགས་མེད་པས་ལམ་བགྲོད་ཤིན་ཏུ་བདེ་བ་བྱུང༌། ལྕགས་བྱི་ཟླ་བ་བདུན་པའི་ཉི་ཤུ་སྐོར་ལ་ཡཻ་ཧོར་དུ་འབྱོར། ཕྱི་ཉིན་གོང་མ་ཆེན་པོར་ཚེ་དཔག་མེད་ཀྱི་སྐུ། བྱི་རུའི་རྒྱན་འཕྲེང་སོགས་ཐོག་མའི་མཚམས་ཞུ་ཕུལ། དེ་ནས་བཟུང་དཔོན་གཡོག་ཐམས་ཅད་ལ་མཛོད་ནས་གསོལ་ཆས་ཀྱི་ཕོགས་སོགས་རྒྱ་ཆེ་བ་གནང༌། པཎ་ཆེན་ཐམས་ཅད་མཁྱེན་པར་མཇལ་བས་བོད་ཕྱོགས་ཀྱི་གསུང་གླེང་མང་དུ་གནང་ཞིང་དགྱེས་གཟིགས་ཆེ་བར་མཛད། ཉེར་བཞིའི་ཉིན་སྟོན་ཆེན་གནང་ཡུལ་གྱི་བཞུགས་གུར་ཤིན་ཏུ་ཆེ་བ་དབུས་སུ་ཀ་རིང་དྲུག །མཐར་ཀ་ཐུང་མང་པོ། ཕྱོགས་བཞིར་སྒོ་བཞི་ཡོད་པའི་དབུས་སུ་དཔངས་ལ་མི་ཚད་ཙམ་ཡོད་པའི་ཁྲི་རྒྱ་ཆེན་པོ་མདུན་དང་གཡས་གཡོན་ནས་སྐས་བཙུགས་པ། དེའི་སྟེང་དུ་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པའི་ཁྲི་ཆེན་པོ་ཉིས་བསྒྲིགས་ལ་གོང་མ་བདག་པོ་ཆེན་པོ་དང་པཎ་ཆེན་ཐམས་ཅད་མཁྱེན་པ་བཞུགས། གཡོན་ངོས་སུ་ལྕང་སྐྱ་རྡོ་རྗེ་འཆང༌། སྨིན་གྲོལ་ནོ་མོ་ཧན། རྟ་ཚག་རྗེ་དྲུང་རིན་པོ། ནང་གི་ཇ་སག་བླ་མ་རྣམས་དང་ཝང་ཆེ་ཁག་མང་པོ། གཡས་ངོས་སུ་གསོལ་དཔོན་གངས་ཅན་མཁན་པོ་དང་བ་ཡར་མཁན་པོ་ཉིད་སོགས་བཞུགས་པའི་གཤམ་ཙམ་ལའང་དཔོན་ཆེན་མང་པོ་འཁོད་པས། མཆོད་ཡོན་གཉིས་ལ་གསེར་རྐྱང་ལས་གྲུབ་པའི་སྡེར་བརྒྱ་ཕྲག་དང༌། གཞན་རྣམས་ལ་དངུལ་སྡེར་ཤ་སྟག་ཏུ་སྟོན་མོ་བསྟར་ཞིང༌། གོང་མའི་གསོལ་སྟོན་དེ་ནས་ནང་གི་བླ་མ་རྣམས་དང་མཁན་པོ་ཉིད་ལའང་གསོལ་རས་སྩལ། ཉི་ཤུ་ལྔ་ནས་བཟུང་ཉིན་བཅུའི་རིང་ཁྲང་ཞིའི་གཟིགས་མོ་བསྟར་བ་ལ་པཎ་ཆེན་གྱི་ཞབས་ཕྱི་ཞུས་ཏེ་ལན་ཁ་ཡར་ཕེབས། བརྒྱད་པའི་ཚེས་གསུམ་ལ་གོང་མ་ནས་པཎ་ཆེན་རིན་པོ་ཆེར་སྦོ་སྤས་ཞེས་པ་རིན་པོ་ཆེའི་ཐམ་ག་དང་འཇའ་ས་སྩལ་བར་བ་ཡར་གྱི་ཁ་བཏགས་ཕུལ། ཚེས་བདུན་ལ་པཎ་ཆེན་རིན་པོ་ཆེ་ནས་གོང་མར་བདུན་ཅུའི་བ་ཡར་གྱི་སྟོན་ཆེན་ཞུ་སྐབས་སོགས་གསོལ་སྟོན་རིམ་པ་དུ་མར་ཕེབས་ཏེ་གོང་མའི་གསེར་ཞལ་མཇལ། ཚེས་བཅུ་གསུམ་རྒྱལ་པོའི་འཁྲུངས་སྐར་གྱི་བ་ཡར་དངོས་གཞིའི་རྟེན་འབྱུང་གི་ཐོག་མ་རྒྱལ་དབང་རིན་པོ་ཆེའི་ལེགས་འབུལ་གྱིས་བྱེད་དགོས་པས་རྒྱལ་པོ་དང་པཎ་ཆེན་མཆོད་ཡོན་གོང་དུ་བཞུགས། ལྕང་སྐྱ་རྡོ་རྗེ་འཆང༌། བཙན་པོ་ནོ་མོན་ཧན། རྟ་ཚག་རྗེ་དྲུང་རིན་པོ་ཆེ། ནང་གི་ཇ་སག་བླ་མ་བཞི་སོགས་བླ་མ་སུམ་ཅུ་ཙམ་གྲལ་བྱས་ནས་འདོན་པ་གསུངས་པའི་འཕྲོར་མཁན་པོ་ཉིད་ནས་བརྟན་བཞུགས་ཀྱི་བཤད་པ་གནང༌། འཇམ་དཔལ་རྡོ་རྗེ་རྣོན་པོ་མི་ཡི་རྗེར། །རོལ་པའི་གནམ་གྱི་ལྷ་མཆོག་ཞབས་པདྨོར། །གླིང་བཞི་རི་རབ་ཉི་ཟླ་ལ་སོགས་པ། །སྣོད་བཅུད་དགེ་མཚན་མཐའ་དག་དབུལ་བར་བགྱི། །ཞེས་སོགས་ཚིིགས་བཅད་རེ་དང་སྦྲགས་ཏེ་རིམ་པ་བཞིན་གོང་མའི་ཕྱག་ཏུ་ཕུལ་བ་བཞེས་ཏེ་ཤིན་ཏུ་དགྱེས་པའི་རྣམ་པ་མཛད། རྟེན་ཆས་ཀྱང་ནང་མཛོད་སྣ་ལྔའི་འདོག་བཅས་ཀྱི་མཎྜལ། འཇིགས་བྱེད་མགོན་ཆོས་ལྷ་མོ་སྐུ་ལྔ་སོ་སོ་དང་བཅས་པའི་ཐང་ཆེན་དཔངས་ཐོག་སོ་གཉིས་ཞེང་འདོམ་ཕྱེད་དོ་རེ་ཡོད་པ་གོས་ཆེན་རྒྱུ་རྙིང་ཁྱད་འཕགས་ཀྱི་གོང་གཤམ་ཅན་ཏོག་ཞལ་ཁེབས་སོགས་འགང་ཆེ་བ་གྲངས་མཚུངས་དགུ །དངུལ་གར་བླུག་གི་བདེ་མཆོག་ལྷ་ལྔ། ཀུ་རུ་ཀུལླེ་སོགས་དཔངས་ཁ་བརྒྱད་རེ་ཅན། དངུལ་དཀར་གྱི་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་སོགས་ཁྲུ་གང་ལྷག་ཙམ་རེ་ཡོད་པ། ཁ་ཆེ་ཤ་ཁམ། ཁ་སུར་བ་ཎི། འབའ་ཤ་རྒུན་འབྲུམ། བྱེ་རིས། ཤེལ་དཀར་སོ་སོ་ནས་སྒམ་བཅོ་ལྔ་རེ། སྤོས་དམར་དོ་པོ་ལྔ་བཅུ། ཕྲུག་དོ་པོ་བདུན་ཅུ་སོགས་རྟེན་ཆས་མཐའ་དག་རྒྱལ་བའི་ཕྱག་ཐམ་དང་བཅས་མ་ཉམས་པར་ཕུལ། དེའི་མཇུག་ཏུ་འཐུད་དེ་བཀྲ་ཤིས་ལྷུན་པོའི་སྐུ་ཆས་གསར་འབྱོར་གྱི་ཕུད་ལྟ་བུར་གོང་དུ་བདོག་པ་སྤེལ་བར་གནང༌། དེ་ནས་སྟོན་མོའི་སྐབས་མཁན་པོ་ཉིད་དང་ཡཻ་ཧོར་པོ་ཏ་ལའི་མཁན་པོ་མདུང་ནག་ཞབས་དྲུང་གཉིས་ཀྱིས་ཚོགས་གླེང་བྱས་པར་བརྗོད་དོན་ཕུན་སུམ་ཚོགས་ཤིང་རྗོད་བྱེད་ཚིག་བཀྲ་ལེགས་པ་དང་རྣམ་འགྱུར་སོགས་སྒོ་ཐམས་ཅད་ནས་ལྷུན་ཆགས་པས་མིག་དང་རྣ་བའི་བདུད་རྩི་སྤྲོ་བར་མཛད། དེ་སྐབས་འཛམ་གླིང་གི་ཆེ་དགུ་ཕྱོགས་གཅིག་ཏུ་འཛོམས་པ་བཞིན་མཆོད་ཡོན་ཉི་ཟླ་ཟུང་དུ་འབྲེལ། གསེར་གྱི་རི་བོ་ལྟ་བུའི་བླ་མ་ཆེ་ཁག །འཇིག་རྟེན་མེས་པོ་ལྟ་བུའི་བློན་ཆེན་རྣམས་དང༌། གཞན་ཡང་ལུས་ཀྱི་ཆ་ལུགས་མི་འདྲ་བ། ངག་གི་སྐད་རིགས་མི་གཅིག་པ། བསམ་པའི་འཁྱེར་སོ་མི་མཚུངས་པའི་དཔོན་རིགས་དང་བློན་པོ་ཆེ་ཆུང་གྲངས་མེད་པ་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་དེར་བརྟན་བཞུགས་ཀྱི་བཤད་པ་དང་ཚོགས་གླེང་སོགས་གང་གི་སྐབས་སུའང་དཔའ་ཞུམ་པ་མེད་པར་སྐུའི་གཟི་བྱིན་རྒྱས་ཤིང་གསུང་གི་གདངས་མཐོ་བས་ཁྲོམ་ཟིལ་གྱིས་གནོན་པ་བྱུང་བར། གོང་མ་ཆེན་པོ་ཤིན་ཏུ་ཐུགས་མགུ་བས་སྤྱིར་བླ་མ་སེར་མོ་བ་དང༌། སྒོས་སུ་ཉི་མ་ནུབ་ཕྱོགས་ཀྱི་བསྟན་པའི་ལར་རྒྱ། རྒྱལ་བའི་དབང་པོ་མཆོག་གི་འཕྲིན་ལས་ཀྱི་ཞབས་འདེགས་བླ་ན་མེད་པར་གྱུར། དེ་ནས་གྲལ་དུ་བཞུགས་སྐབས་གོང་མ་ཆེན་པོ་ནས་ཏཱ་ལའི་བླ་མའི་སྐུ་ཚབ་ཀྱི་གདན་དམའ་སོང་འདུག་གསུངས་ནས་འབོལ་སུམ་རྩེག་བྱེད་དུ་བཅུག་ཅིང༌། ཧོ་ཐོག་ཐུ་དེར་སྡོད་ཅེས་ཧོ་ཐོག་ཐུའི་ཐོབ་དང༌། མང་མྱུག་གི་ལྭ་བ། བྱུ་རུའི་རྒྱན་ཕྲེང་སོགས་གནང༌། གསོལ་སྟོན་གྲོལ་ནས་བླ་དཔོན་ཆེ་ཁག་མང་པོས་ཉིད་ལ་ལེགས་སོའི་ཁ་དར་ཕུལ། གོང་ནས་རྗེས་སོར་ཡང་གོས་ཆེན་དང་གོས་ཁུག་སོགས་ཀྱི་གནང་སྦྱིན་ལན་འགའ་ཞིག་སྩལ།

                      གཙོ་ཆེར་པཎ་ཆེན་མཆོག་ནས་གོང་མར་ཞུ་མཁས་མཛད་པ་དང༌། དེའི་ཡན་ལག་ཏུ་དམ་པ་ཉིད་ཀྱིས་ཞབས་བརྟན་འབུལ་ཚུལ་སོགས་གང་ཅི་ནས་གོང་མ་ཆེན་པོ་ཤིན་ཏུ་དགྱེས་ཏེ་རྒྱལ་དབང་རིན་པོ་ཆེར་ཡུའུ་ཤིས་ཀྱི་ཐམ་ག་འཇའ་ས་སོགས་གཟེངས་བསྟོད་ཚད་མེད་གནང་རྒྱུའི་སྒོ་དོད་པས་འཕྲིན་ལས་ཀྱི་གདུགས་དཀར་སྲིད་པའི་རྩེ་མོར་བསྒྲེངས་ཏེ་ཕེབས་པའི་དགོས་དོན་གཙོ་བོ་ལྷུན་གྱིས་གྲུབ། དགུ་པའི་ནང་ལ་ཕོ་བྲང་དུ་ཕེབས་ནས་ཤ་ར་སུ་མེར་བཞུགས། སྐུ་ཆས་རྣམས་དང་པོ་ནས་འདིར་ཕབ་ཡོད་པས་པཎ་ཆེན་རིན་པོ་ཆེར་མཎྜལ་སྐུ་གསུང་ཐུགས་རྟེན། ཕྲུག་བཅོ་ལྔ། ཐེར་དྲིལ་སུམ་ཅུ། སྤོས་དོ་པོ་གཅིག །མངའ་རིས་མགོ་སྟབ་པ་ཀོ་ཁྲ་གཅིག་བཅས་ཕུལ། ཞབས་ཕྱི་ཉེར་གསུམ་ཡོད་པ་སོ་སོས་ཀྱང་ཕྲུག་རེ་མཇལ་དར་དུ་ཕུལ། པཎ་ཆེན་རིན་པོ་ཆེ་ནས་ད་ལན་ཁྱེད་ཀྱིས་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་དོན་ལར་རྒྱ་ལ་འདི་ལས་ལྷག་པའི་གོ་གཅོད་ཚུལ་མེད། ལེགས་སོ་རྒྱ་ཆེན་པོ་ཞིག་གི་བབ་འོས་ཡོད་ཀྱང་སླར་བོད་དུ་སོང་ནས་བྱེད་རྩིས་ཡིན་པས། ད་ལན་མཚོན་བྱེད་ཙམ་ཡིན་གསུང་སྟེ། མཛོད་གོས་ཁྱད་འཕགས་ཡུག་བཅུ་ནང་མཛོད་བཅས་གནང༌། ཞབས་ཕྱི་རྣམས་ལ་སྲང་བཅུ་རེ་དང་གོས་ཡུག་རེ་བདག་རྐྱེན་སྩལ། ཉིད་སྐབས་སྐབས་སུ་ལྕང་སྐྱ་རིན་པོ་ཆེའི་མདུན་དུ་ཕེབས་ཏེ་ཆོས་ཀྱི་འཕྲོས་པ། སྔོན་གྱི་གྲྭ་ས་སོ་སོ་དང་ཨ་མདོའི་ཕྱོགས་ཀྱི་ལོ་རྒྱུས། རྒྱ་ནག་གི་གནས་ཚུལ་སོགས་ལུགས་གཉིས་ཀྱི་གསུང་འཕྲོས་ཤིན་ཏུ་འཕེལ་ཞིང་ཐུགས་མཉེས་མཉེས་ཁོ་ན་གནང༌། ཉིན་གཅིག་ལམ་ཤེས་ཀྱི་ཡན་ལག་ལས་བརྩམས་པའི་དྲི་བ་ཞིག་གནང་བར་དོན་བདུན་ཅུ་དང་སྐབས་གཉིས་པའི་མཐའ་དཔྱོད་ཀྱི་ཚིག་ཟིན་ཅུང་མི་འདྲ་ཚུལ་དང་བཅས་ཞིབ་ཏུ་ཞུས་པར། ཁྱོད་ཀྱིས་ད་དུང་ཡིག་ཆ་མ་བརྗེད་འདུག་པ་ཤིན་ཏུ་ལེགས། འཇམ་དབྱངས་བཞད་པའི་ཡིག་ཆ་འདི་གཅིག་གོ་ན་རི་མཐོན་པོའི་རྩེ་ནས་བལྟས་དུས་རི་ཆུང་ཐམས་ཅད་ཁ་འོག་ཏུ་ཆུད་ཡོད་པ་ལྟ་བུ་ཞིག་ཡིན། ངའང་ལས་དོན་གྱི་གཡེང་བ་ཆེ་སོང་བས་སློབ་གཉེར་བསམ་པ་ལྟར་ཞིག་བྱེད་རྒྱུ་མ་བྱུང་ཡང༌། ཡིག་ཆ་འདི་ལ་འཛིན་སྐྱོར་དགའ་མོ་བྱས་པའི་ཁུལ་ཡིན་པས་ད་ལྟ་པོ་ཏི་ལྔ་ལ་གོ་བ་ཞིག་ཆགས་པ་འདིའི་དྲིན་ཡིན། སྔ་མོ་ཅོ་ནེ་ནོ་མོན་ཧན་གྱིས་ང་ལ་ཉིན་གཅིག་གྲུབ་མཐའ་ཐམས་ཅད་ཀྱི་འདོད་ཚུལ་གསལ་བར་སྟོན་པ་ཁྱོད་ཀྱི་གྲུབ་མཐའ་འདི་ལྟ་བུའི་རྒྱས་པོ་སྔར་མ་བྱུང་འདུག་པས་བཀའ་དྲིན་ཆེ་ཟེར་བར། ངས་ཁྱེད་ཀྱིས་འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོ་གཟིགས་ཡོད་མོད་བྱས་པར་ལྟ་མ་མྱོང་ཟེར། འོ་ན་ངའི་འདི་དེའི་ནང་ནས་ཉེར་མཁོ་ཉུང་ཉུང་ཞིག་བཏུས་པ་ཡིན། གྲུབ་མཐའི་འགྲོ་ཕྱོགས་ཤིག་ཤེས་འདོད་ཚེ་བལྟ་ན་ལྟ་རྒྱུ་དེར་ཡོད་བྱས་པ་ཡིན་གསུང༌། དེ་ལས་འཕྲོས་ཏེ་བཀའ་མཆིད་མང་པོ་གནང་བའི་ལྷོངས་ཤིག་ལ་ཁྱེད་ཚོ་སྒོ་མང་གི་དགེ་བཤེས་ཚོས་རྡོ་རྗེའི་གཟེག་མའི་གཏན་ཚིགས་ཞེས་པའི་རྡོ་རྗེ་དེ་གསེར་གི་རྡོ་རྗེ་ཡིན་ཟེར་གི་ཡོད་དམ། ཟངས་ཀྱི་རྡོ་རྗེ་ཡིན་ཟེར་གི་ཡོད་གསུང་བར། དེ་འདྲ་མིན། རྡོ་རྗེ་ཕ་ལམ་དེས་རྡོ་དང་ལྕགས་ལ་སོགས་པ་ཐམས་ཅད་གཅོད་ནུས་པ་ལྟར། གཏན་ཚིགས་འདིས་མཐའ་བཞི་ལས་སྐྱེ་བར་འཛིན་པའི་སྒྲོ་འདོག་གི་མཐའ་ཐམས་ཅད་གཅོད་ནུས་པའི་དོན་ཡིན་ཞུས་པར། ངས་རྩེད་མོ་བྱས་པ་ཡིན། སྔ་མོ་ཁོང་གིས་དེ་འདྲ་བྱས་བྲིས་བྱུང་གསུངས་ནས་བཞད་མོ་གནང༌། དགེ་བཤེས་གཞན་འགའ་ཞིག་ལའང་དེང་སང་ཤེས་རབ་ཆེ་མདོག་ཁ་པོ་ཡོད་ཀྱང༌། རྩོད་གྲྭ་བཞག་ནས་ལོ་གཉིས་གསུམ་ཞིག་སོང་དུས་བརྩོད་པའི་རྗེས་མེད་པར་འགྲོ་གི་འདུག །སྔོན་གྱི་དགེ་བཤེས་འདི་ཚོས་གང་ཤེས་པ་དེ་བརྗེད་རྒྱུ་མེད་པ་རྡོ་ཐོག་ཏུ་ཕུར་པ་བཏབ་པ་འདྲ་བ་ཞིག་འདུག་པ་དེ་སྔོན་དང་དེང་སང་གི་མིའི་རང་བཞིན་བརྟན་མི་བརྟན་དང་དང་པོ་ནས་སློབ་གཉེར་རྒྱག་ལུགས་མ་འདྲ་བ་རེད་ཅེས་བསྔགས་བརྗོད་མཛད་འདུག །ཉིན་གཅིག་ལྕང་སྐྱ་རིན་པོ་ཆེའི་མདུན་དུ་ཕེབས་སྐབས། ཨ་མྱེ་ཆང་ཁྱེད་རང་ལ་ཐུགས་ཤིན་ཏུ་དགྱེས་འདུག་པས། ཇ་སག་བླ་མའི་ཐོབ་ལྟ་བུ་རེ་ཞུ་འདོད་ན་ཟུར་ཙམ་ཞིག་བཏང་བས་ཆོག་ཚོད་རེད་གསུང་བྱུང་བར། སྤྱིར་བོད་ལུང་པ་ན་དེ་འདྲ་ཞིག་བྱུང་ཕྱིན་དོན་ཡོད་མེད་ཐམས་ཅད་འཇར་ནས་ཡོང་ཞིང༌། ཆེ་ཆུང་ཐམས་ཅད་མིང་དང་གོ་ས་ཞིག་མ་གཏོགས་བསམ་རྒྱུ་མེད་པའི་མིག་ལྟོས་ལ་དཔག་ན་རྙེད་པའི་མཆོག་ལེགས་པར་རྙེད་པ་ཡིན་མོད་ཀྱང༌། དམ་པ་འདི་ནི་རང་གི་གཤིས་ལུགས་ཀྱིས་འདོད་ཆུང་ཆོག་ཤེས་ལ་གནས་པ་དང་བྱ་བ་གང་ལའང་ཚོད་ཟིན་ཅིང༌། ཕུགས་སུ་དགོས་པ་ཅི་ཡོད་དང་གནོད་པ་ཅི་ཡོད་ཀྱི་ཕྱི་རྗེས་སུ་གཟིགས་པ་སོགས་ལུགས་གཉིས་ཆར་ནས་ལྷུས་ཐེངས་པའི་མཐར་ཐུག་པ་ཞིག་ཡོད་པས། དེ་རིགས་གཏན་མི་དགོས་ཞེས་ཞུས་ནས་དང་དུ་མ་བཞེས། ཚུལ་འདི་ནི་སྤྱོད་འཇུག་ལས། གྲགས་པའི་དོན་དུ་ནོར་གཏོང་ཞིང༌། །བདག་ཉིད་ཀྱང་ནི་གསོད་བྱེད་ན། །ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤི་ན་དེས་ཀོ་སུ་ལ་བདེ། །བསྟོད་དང་གྲགས་པའི་རིམ་གྲོ་ནི། །བསོད་ནམས་མི་འགྱུར་ཆེར་མི་འགྱུར། །བདག་སྟོབས་མི་འགྱུར་ནད་མེད་མིན། །ལུས་བདེ་བར་ཡང་མི་འགྱུར་རོ། །ཞེས་མིང་དང་གྲགས་སྐམ་དེས་ཅི་ལའང་ཕན་རྒྱུ་མེད་པར་གསུང་བའི་དོན་ཁ་བཤད་ལག་ལེན་དུ་ཡོད་པ་ཆོས་དང་རྒྱུད་འདྲེས་པའི་རྣམ་ཐར་རྨད་དུ་བྱུང་བའོ། །

                 དགུ་པའི་བཅུ་གསུམ་ལ་སོའུ་ཧེའི་རྟེན་བྱ་བ་རྒྱལ་པོ་ན་རིམ་ཁྲི་འདོན་གནང་སའི་ཕོ་བྲང༌། རྒྱུན་པར་རྒྱལ་པོའི་བཀའ་མེད་པར་ནང་དུ་སོང་ཡང་མི་ཆོག་པ་དེར་མཆོད་ཡོན་ཞལ་འཛོམ་གྱི་སྟོན་མོ་གནང་བའི་བཞུགས་གྲལ་དུའང་ཕེབས། རྒྱུན་པར་མཁན་ནང་རྣམས་ཞག་གྲངས་འཆར་ཅན་གྱི་ཕོགས་ཡོད་པ་གྲུབ་ནས་མི་སྡོད་ཀྱང་འདི་ལོ་གོང་མ་ཆེན་པོ་ནས་ད་ལོ་དགུན་གྲང་མོ་རེད། ཏཱ་ལའི་བླ་མའི་ཨེལྖི་མཁན་པོ་ལ་ཕོགས་འཕར་མ་གནང་རྒྱུ་ཡིན་པས་སེམས་བདེ་མོ་བྱས་ནས་སྡོད་ཅེས་བཀའ་བསྒྱུར་ཞིང༌། བུ་ལ་ཧན་གྱི་ཏཱ་ཧུ། དངུལ་གྱི་ཁྲུས་བུམ་ཁྲུས་གཞོང༌། སྒ་སྲབ་སྡོམ་བཅས་ཆ་འགྲིག་རྣམས་གནང༌། འོན་ཀྱང་ཉིད་ལོ་རྗེས་མར་རིགས་གྲྭ་གཏོང་དགོས་པའི་ཐུགས་ཁུར་གྱི་སྟབས་ལྕང་སྐྱ་རིན་པོ་ཆེ་ལ་ངས་རིགས་གྲྭ་མི་ནོན་འདུག་སྟབས་དགོངས་པ་ཞུ་ཐབས་ཤིག་བཀའ་དྲིན་བསྐྱང་དགོས་ཞུས་པར་ངས་ཁྱོད་ཤེས་རྒྱ་ཆེ་བསམ་རེ་མ་ཆེ་བ་རེད། གོང་མ་རྒྱལ་པོས་དགུན་གྲང་གི་གསུངས་པ་དེ་ས་དང་རྡོ་གྲང་གི་བྱས་པ་མ་རེད། ཁྱོད་ལ་ཐུགས་རྩིས་ཆེ་བས་ཤ་ཚ་གནང་བ་རེད། གཏོང་སྒོ་ཅི་འདྲ་བྱེད་རྒྱུ་ཡིན་ཡི་གེ་ཞིབ་མོ་བྲིས་ན་རྟ་ཟམ་ཐོག་ནས་གྲཻ་ཙི་བཏང་ཆོག་གསུང༌། དེ་བཞིན་བྱས་ཏེ་གྲཻ་ཙི་བཏང་བ་སྲིད་སྐྱོང་ནོ་མོན་ཧན་གྱི་ཕྱག་ཏུ་འབྱོར་བས། ཁོང་གིས་ཀྱང་སེར་འབྲས་ཀྱི་བླ་མ་རྣམས་ལ་ད་ལོ་མཁན་པོ་ཆོས་དར་གྱིས་གོ་བཅད་ཡོད་པར་སྣང༌། གཞན་གྱི་དོན་དག་ལ་གོང་མ་ཚང་གིས་འདི་འདྲ་བྱས་ནས་གྲཻ་ཙི་བཏང་མི་ཡོང༌། ཁོ་ལ་གོང་མ་ཧ་ཅང་མཉེས་ནས་བདག་རྐྱེན་ཆེན་པོ་བྱུང་བ་རེད་གསུང་སྟེ་དེ་ག་རང་ཡིན་པར་སྣང་ངོ༌། །གོང་ཞབས་མཆོད་ཡོན་གདན་འཛོམ་མདུན་ས་ཆེར། །གོང་ས་མཆོག་གི་བཀའ་འཕྲིན་སྤེལ་བ་ལ། །གོང་ན་མེད་པའི་རྣམ་དཔྱོད་གར་བསྒྱུར་ཚེ། །གོང་མ་ཆེན་པོས་དགྱེས་ཞལ་ལྷུག་པར་བསྟན། །རྒྱལ་བློན་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས། །རྒྱལ་དབང་མཆོག་གི་མཛད་པ་འཕྲིན་ལས་ཀྱི། །རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས་པ་འདི། །རྒྱལ་བའི་བསྟན་ལའང་བྱ་བ་ཆུང་ངུ་མིན། །རིགས་གྲྭའི་གཏོང་སྒོའི་སྐོར་ཉིད་ནས་གསུང་བཀོད་གནང་བ་བཞིན་སྡེ་པ་སྐལ་བཟང་སོགས་ཀྱིས་ཁུར་ལེན་བྱས་ཏེ། འགྱེད་ཆེན་ལ་ཞོ་ལྔ་རེ། ཉིན་ལྟར་གྱི་མང་འགྱེད། སྒོ་མང་ལ་ལྷག་མཆོད་གྲྭ་ཇ་བཞིའི་ཐོག་འགྱེད་དངུལ་ཞོ་གསུམ་རེ། ཁམས་ཚན་ལ་ཁ་བཏགས་བཅས་བཏང་སྟེ། རྒྱུན་པར་འདུལ་ཤག་རྒྱལ་གསུམ་རིགས་ཆུང་ཡིན་ཀྱང་རིགས་འབྲིང་གི་གཏོང་སྒོ་ལས་ཀྱང་ལྷག་པ་བྱུང༌། སྔ་ལོ་བསྐུལ་མ་གནང་ཡོད་པ་བཞིན་ངེད་ཀྱིས་ཀྱང་མང་ཇ་གཅིག་དང་རྡོ་ཚད་བདུན་གྱིས་སྐར་ལྔའི་འགྱེད་བཅས་རིགས་གྲྭའི་ཞལ་འདེབས་སུ་ཕུལ། དེ་ནས་ཕོ་བྲང་དུ་ཙནྡན་ཇོ་བོ་སོགས་ལ་མཆོད་འབུལ་དང་ཕྱག་སྐོར། དད་ལྡན་དུ་མར་ཆོས་སྦྱིན་ཡང་མང་དུ་གནང༌། པཎ་ཆེན་ཐམས་ཅད་མཁྱེན་པ་དགོངས་པ་གཞན་དུ་གཏད་རྗེས་ཧོ་ཐོག་ཐུ་རྣམས་དང་ལྷན་དུ་ཟླ་བ་གཅིག་གི་རིང་དགོངས་རྫོགས་ཀྱི་རིམ་པ་བསྒྲུབས་ཏེ་གསོལ་འདེབས་ཞུས། ཉིད་ནས་སྒེར་དུའང་མཆོད་འབུལ་སོགས་རྒྱ་གང་ཆེ་ཞུས། དེ་སྐབས་ཕྱོགས་སོ་སོ་ནས་པཎ་ཆེན་ཐམས་ཅད་མཁྱེན་པར་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་བའི་ཕྱིར་འོངས་པ་མང་པོ་ལུས་སོང་བ་རྣམས། ལྕང་སྐྱ་རིན་པོ་ཆེ་ནས་པཎ་ཆེན་གྱི་ཡོངས་འཛིན་ལ་བསྒྲུབ་ཏུ་བཅུག་ན་ཞུས་པར། གོང་མས་ཏཱ་ལའི་བླ་མའི་ཨེལྖི་མཁན་པོ་འདུག་པ་དེ་ལ་བསྒྲུབ་ཏུ་ཆུག་གསུང་སྟེ། བསྒྲུབ་བྱ་སུམ་བརྒྱ་ལྷག་ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག་སྟེ་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད་ཅིང་ཐར་པའི་ས་བོན་གྲུང་པོ་འདེབས་པར་མཛད། འདི་ནི་པཎ་ཆེན་མཆོག་གིའང་མཛད་པའི་འཕྲོ་བསྐངས་ཏེ་ཟག་མེད་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་སྒྲུབ་པའི་མཆོད་པ་བླ་ན་མེད་པ་ཡིན་ལ། བསྒྲུབ་བྱ་དེ་དག་ཀྱང་མགོན་མེད་སྐྱབས་མེད་དུ་ལུས་པའི་ཚེ་ཡིད་ལ་བརྣག་པའི་དོན་ལས་ཀྱི་ཆོ་གར། ཁྱོད་སྔོན་བདག་ལེགས་པར་གསུང་བའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ན་ཅི་མ་རུང་སྙམ་དུ་སྨོན་པ་དེ། དེང་ཁྱོད་མཁན་པོར་འོས་པ་དང་སློབ་དཔོན་དུ་འོས་པ་དང༌། གསོལ་བ་དང་གཞིའི་ལས་མི་གཡོ་བ་བཞག་པར་མི་འོས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །ཞེས་གསུངས་པ་བཞིན་མཛད་པས་བཀའ་དྲིན་བླ་ན་མེད་པར་གྱུར་ཏོ། །
 

                    ཚུལ་དེ་དག་ལ་བརྟེན་ནས་ཚོ་ཆེན་ཞེ་དགུ་སོགས་ཀྱི་མཇལ་བ་དང་ཆོས་འབྲེལ་ཞུ་མཁན་ཡང་ཟམ་མ་ཆད་པར་བྱུང༌། དེའི་ཞར་ལ་བདོག་པའི་མཆོད་སྤྲིན་རྒྱ་ཆེ་ཞིང་དངོས་གཙང་བ་དབྱར་གྱི་ཆར་སྤྲིན་བཞིན་འདུས་པས་རིགས་གྲྭའི་གཏོང་སྒོ་སོགས་ཀྱི་ཐེབས་གང་དགོས་དཀའ་ཚེགས་ཅི་ཡང་མེད་པར་ལྷུན་གྲུབ་ཏུ་བྱུང་སྟེ། ཕར་ཕྱིན་བསྡུས་པ་ལས། ཚིག་ཏུ་མ་བརྗོད་ཚོགས་སུ་མ་གྱུར་ཀྱང༌། །ཉམས་སུ་མཁོ་བའི་ལོངས་སྤྱོད་རིམ་གྲོ་འདུ། །ཞེས་ཚུལ་ཁྲིམས་ཀྱི་ཕན་ཡོན་དུ་གསུངས་པ་དང༌། དཔག་བསམ་འཁྲི་ཤིང་ལས། བསོད་ནམས་ལྡན་པའི་ཉེར་མཁོ་རྣམས། །འབད་པ་མེད་པར་ཕུན་སུམ་ཚོགས། །ཞེས་པ་ལྟར་རོ། །འདི་ནི་མཚོན་བྱེད་ཙམ་ཡིན་གྱི། མངོན་རྟོགས་རྒྱན་ལས། བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྦ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་རྟེན་པར་བྱེད། །ཅེས་གསུངས་པ་ལྟར་སེམས་དཔའ་ཆེན་པོ་རྣམས་ལ་བདེ་དགེ་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱ་མཚོ་ལ་ཆུ་བོ་བཞིན་དུ་འདུ་བ་ནི་ཆོས་ཉིད་ཡིན་ནོ། །དེ་རྗེས་གོང་མ་ཆེན་པོ་ནས་རྒྱལ་དབང་ཐམས་ཅད་མཁྱེན་པར་འཚམས་ཞུས་ཀྱི་ལན་གསེར་དངུལ་གོས་ཆེན་རིན་པོ་ཆེའི་སྤྱད་པ་སྣ་ཚོགས་པས་མཚོན་ཁྱད་ནོར་དཔག་ཏུ་མེད་པའི་རྟེན་ཆས་དང༌། ཉིད་ལའང་གནང་སྦྱིན་རྒྱ་ཆེན་པོ་བཅས་སྩལ་ཏེ་གསེར་གྱི་རྒྱལ་ཁབ་ནས་བཏེག་ས་ཚིགས་སོ་སོའི་རྒྱའི་དཔོན་པོ་རྣམས་ཀྱིས་བསུ་སྐྱེལ་དང་ཚ་ཞག་གི་གྲ་སྒྲིག་རྣམས་བཀུར་གཟོས་ཕུལ་དུ་ཆེ་བའི་སྟེང་ནས་རིམ་གྱིས་ཕེབས་ཏེ་རྒྱ་གྲོང་ཟད་མཚམས་སུ་དར་རྩེ་མདོ་ས་དཀར་མགོའི་ནང་ནས་བཞུགས། ལྕགས་ལ་རྒྱལ་པོའི་ཡཱ་མུན་ལ་གདན་འདྲེན་བྱས་ཏེ་འབུལ་བ་དང་བསྙེན་བཀུར་ཞུས། ལྔ་མཆོད་དགོན་དང་ལྷ་མོ་རྩེའི་དགོན་པ་གཉིས་ཀྱིས་གདན་དྲངས་ཏེ་བསྙེན་བཀུར་བསྟབས། དགའ་ལྡན་ལྷ་བརྒྱ་མ་དང་ཆོས་སྤྱོད་ཁ་ཤས་ཀྱི་ལུང་ཞུས། དངོས་འབུལ་གྱ་ནོམ་པ་ཕུལ། ཁམས་ལི་ཐང་ལ་ཕེབས་ནས་སྡེ་པ་ཨ་སང་ནོར་བུའི་ནང་དུ་བཞུགས། ལི་ཐང་མཁན་པོ་ཆོས་གྲགས་ཀྱིས་ལི་ཐང་དགོན་པར་གདན་འདྲེན་ཞུས་པར་ཕེབས་ཤིང་མང་འགྱེད་གནང༌། དེ་ནས་རིམ་གྱིས་ཕེབས་ཏེ་འབའ་སྡེ་པ་རྣམ་ངེས་ཚང་ནས་བཞུགས། འབའ་སྡེ་ཆེན་ཁང་སར་དུ་གདན་འདྲེན་ཞུས། འབུལ་བ་དང་བསྙེན་བཀུར་གཟབས། སྨ་ཁམས་ལ་ཕེབས་ཏེ་འོད་ཟེར་སྤྲུལ་སྐུའི་ནང་དུ་བཞུགས། སྨ་ཁམས་ཐེ་ཇིས་གདན་དྲངས། དངོས་འབུལ་དང་བསྙེན་བཀུར་གང་ལེགས་བྱས། དེ་ནས་ཁམས་བྲག་གཡབ་བྱམས་མདུན་དུ་ཕེབས། བྲག་གཡབ་ཆེ་ཚང་དང་ཆུང་ཚང་གཉིས་ཀྱིས་མཚམས་ཞུ་ཕུལ། ཁམས་ཆབ་མདོར་རྒྱལ་བ་འཕགས་པ་ལྷ་དང་ཞི་བ་ལྷ་རྣམ་གཉིས་དང་མཇལ་འཕྲད་གནང༌། དངོས་འབུལ་གྱ་ནོམ་པ་བཏེག །ཚུར་ལའང་གནང་སྦྱིན་གཏོས་ཆེ་བ་སྩལ། ཁམས་རི་བོ་ཆེར་ཕེབས། ནགས་ཤོད་དགོན་པའི་ཇ་སག་བླ་མས་མཚམས་ཞུ་དང་དངོས་འབུལ་བགྱིས། ཁམས་ཤོ་པ་མདོའི་དགོན་པར་ཕེབས་སྐབས་གྲྭ་མང་ནས་རྟེན་འབྲེལ་བསྟོད་པའི་ལུང་སོགས་ཆོས་བཀའ་འགའ་ཞིག་ཞུས་ཏེ་དངོས་འབུལ་དང་བསྙེན་བཀུར་ཤིན་ཏུ་གཟབས། དེ་ནས་རིམ་གྱིས་ཕེབས་ཏེ་ནུབ་གངས་ལའི་མདོ་རྡོ་ཐུག་ན་བཞུགས་པའི་དགུང་མོ་ཕྱག་མཛོད་ལ་ནུབ་གངས་ལ་འདིར་བསྟན་མ་གནས་པ་འདྲ་གསུང༌། དེ་ཅི་རེད་ཞུས་པར། དེ་ནས་བསྟན་མ་ཕེབས་ཏེ་ཁྱོད་ལ་སྒོ་མང་མཁན་པོ་ཡོང་གསུང་བ་ཞིག་རྨིས་བྱུང༌། འོན་ཀྱང་ང་ལ་དེ་ཡོང་དོན་ག་ལ་ཡོད་གསུང༌། དེ་ལྟར་ལམ་སྐབས་སུ་ཉེ་ཞོ་ཅི་ཡང་མེད་ཅིང་བསྟན་འགྲོའི་དོན་མཛད་བཞིན་པའི་མུ་ནས་ལྷ་སར་ཕེབས། དེའི་ཚེ་ཨམ་བན་གཉིས་དང་བཀའ་བློན་བཞི། གོང་མའི་ཆོ་ལོ་ཡོད་པ་རྣམས་ཀྱིས་གསེར་ཡིག་ལ་ཕེབས་བསུ་དང༌། མཁན་པོ་ཉིད་ལ་ཇ་ཐབ་བྱས། དེ་རྗེས་གསེར་ཡིག་པོ་ཏ་ལར་གདན་འདྲེན་ཞུས་སྐབས་ནོ་མིན་ཧན་གཟིམ་ཆུང་ཕྱི་མའི་སྒོར་ཕེབས་ནས་པུས་བཙུགས། རྒྱལ་བ་རིན་པོ་ཆེ་བཞུགས་ཁྲིའི་རྩར་ཕེབས། དེ་ནས་ཉིད་ཀྱིས་གོང་མའི་བཀའ་བསྒྱུར་བ་ནི་གནམ་གྱི་ལྷའི་བཀའ། ཁྱོད་ཏཱ་ལའི་བླ་མའི་སྤྲུལ་སྐུ་བདེ་མོ་ཨེ་ཡིན་ཞེས་ཞུས་ཏེ་རྒྱལ་བའི་ཕྱག་ཏུ་གསེར་ཡིག་ཕུལ། རྟེན་ཆས་བསམ་གྱིས་མི་ཁྱབ་པ་རྣམས་རིམ་བཞིན་སྤྱན་ལམ་དུ་བསྟར། ནོ་མིན་ཧན་དང་ཨམ་བན་གཉིས་བཀའ་བློན་བཞི། བོད་ཀྱི་ཆོ་ལོ་ཡོད་པ་རྣམས་ལ་སོ་སོའི་གོ་བབ་ཀྱི་གོང་མའི་རྟེན་ཆས་རིམ་པར་སྤྲད། དེ་ནས་གཞུང་གིས་སྟོན་ཆེན་གནང༌།

                    དེའི་སྟེང་དུ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་ནོ་མིན་ཧན་སོགས་ཐུགས་ཤིན་ཏུ་དགྱེས་ཉམས་ཀྱི་གསུང་གླེང་མང་པོ་མཛད། ཞག་ཁ་ཤས་སོང་ནས་འབྲས་སྤུངས་སུ་ཕེབས། ཚོགས་ཆེན་ལ་མང་ཇ་བཞི་དང་འགྱེད་ཁ་རེ། སྒོ་མང་གྲྭ་ཚང་ལ་གྲྭ་ཇ་བཞི་དང་དངུལ་ཞོ་གསུམ་རེ། བསམ་བློ་ཁམས་ཚན་ལ་དངུལ་ཞོ་དོ་རེ་དང་ཚོམས་ཇ་བཞི། བིས་མདོ་མི་ཚན་ལ་དངུལ་ཊཾ་ཁ་རེ་དང་ཚོམས་ཇ་བཞི་བཏང༌། རྒྱལ་བ་རིན་པོ་ཆེར་གཟིམ་ཆུང་ནང་དུ་འབུལ་བ་དངུལ་གྱི་མཎྜལ་འདོགས་བཅས། ནང་མཛོད་ཁ་བཏགས། སྐུ་གསུང་ཐུགས་རྟེན། དངུལ་སྲང་ཉིས་བརྒྱ། གོས་ཡུག་བཅོ་ལྔ། ཤིང་ཐོག་སྣ་ཚོགས་ཀོ་ཁྲ་ལྔ། ཤིང་ཐོག་ཨ་མྲ་སྒམ་གསུམ། ཐ་མ་ཁ་ཀོ་ཁྲ་ལྔ་བཅས་རྣམ་གྲངས་ཉིས་བརྒྱ་དང་སུམ་ཅུ་རྩ་གསུམ། ནོ་མིན་ཧན་ལའང་མཎྜལ། མཛོད་བཏགས། སྐུ་གསུང་ཐུགས་རྟེན། དངུལ་སྲང་བརྒྱ། གོས་ཡུག་བདུན། ཤིང་ཐོག་ཀོ་ཁྲ་བཞི། ཐ་མ་ཁ་ཀོ་ཁྲ་གསུམ་བཅས་རྣམ་གྲངས་བརྒྱ་དང་དགུ་བཅུ་ཕུལ། འདུལ་བ་བླ་བྲང་རྩིས་སྤྲད་ནས་ལྷ་དབང་གླིང་དུ་ཟུར་བཞུགས་མཛད། རྒྱལ་དབང་རིན་པོ་ཆེ་ནས་ཁྱོད་རང་གོང་མ་བདག་པོ་ཆེན་པོ་དགུང་ལོ་བདུན་ཅུར་ཕེབས་པའི་བཀྲ་ཤིས་ཁྲི་ཕྲག་གི་བ་ཡར་འབུལ་བར་ཕྱིན་སྐབས་འདི་གའི་བསྟན་སྲིད་ལ་རྒྱར་ཤིན་ཏུ་ཕན་པ་བྱུང་བས་དམིགས་བསལ་གྱིས་བསྐོ་བཞག་བགྱིས་པ་ཡིན་གསུང་སྟེ་ལྷོ་བྲག་ཆུང་ཚང་དགོན་མ་ལག་དང་བཅས་པའི་མཁན་ས་བདག་རྐྱེན་ལ་གནང༌། དེར་བྱོན་ནས་ཁྲི་འདོན་གནང་སྐབས་དངོས་འབུལ་རྒྱ་ཆེན་པོ་དང༌། ཁྱད་པར་སྐུ་གསུང་ཐུགས་རྟེན་གྱི་གཙོ་བོར་ཛྷཻ་ཁྱིམ་ལས་གྲུབ་པའི་ཇོ་བོའི་སྐུ་ཁྲུ་ཚད་མ་ཀན་ཆག་བྲག་རའི་ནང་རྟེན་གྱི་གཙོ་བོ་དེ་ཉིད་ཕུལ་བས་ཐུགས་ཤིན་ཏུ་དགྱེས། ཕར་ཡང་མང་འགྱེད་སོགས་ཀྱིས་ཚིམ་པར་མཛད། ལོ་བདུན་གྱི་རིང་ལ་འཛིན་བདག་བྱས། བིས་མདོ་མི་ཚན་ལ་སྔར་ཚོམས་མེད་པས། ཚོམས་ཇ་ཡོད་ཚེ་རྒྱུད་ཁང་སྟེང་གི་གཡབ་སྐོར་དུ་འཚོགས་དགོས་པ་སོགས་འོ་བརྒྱལ་བར་ཡོད་པ་དང༌། རྒྱལ་ཁང་རྩེའི་ཁང་མིག་རྣམས་སྔར་གྲྭ་པ་ནང་ཕན་ཚུན་ཉོ་ཚོང་བྱས་ཏེ་འགྲོ་བ་ཞིག་ཡོད་པ་དེ་སྐབས་ཉོ་མཁན་སོགས་འགྲིག་པ་ཞིག་མ་བྱུང་བས་ཚུར་བསྙེགས་ནས་འོངས་པ་ལྟ་བུས་དཀའ་ཚེགས་མེད་པར་བྱུང་བ་ཉོས་ཏེ་མི་ཚན་གྱི་ཚོམས་སུ་སྦྱོར་འཇགས་གནང༌། སྔར་གྲྭ་རྐྱང་སྐབས་དེར་ཡང་ཡང་བཞུགས་རྒྱུར་སོང་ཞིང༌། འདི་དུས་རྟེན་འབྲེལ་རང་འགྲིག་གིས་ཕྱག་ཏུ་འོང་ལུགས་དང༌། སྔོན་ཆོས་གྲྭ་འགྲིམ་སྐབས་མངའ་རིས་སྤྲུལ་སྐུ་རིན་པོ་ཆེ་ནས་ཁྱེད་རྒྱུད་གྲྭར་འགྲོ་རྒྱུ་བྱུང་ན་དགའ་ལྡན་ཁྲི་པ་བྱེད་རྒྱུའི་སྔོན་གྱི་ལས་སྨོན་གྱི་འཕྲོ་ཞིག་འདུག་གསུངས་པ་རྣམས་གུང་བསྒྲིགས་ཏེ། དཔྱོད་ལྡན་འགའ་ཞིག་ཁྲི་རྒྱལ་ཁང་རྩེ་བའི་སྐྱེ་མཐར་གླེང་བའང་བྱུང༌། དེ་ནི་ཁྲི་ཐོག་ཉེར་ལྔ་པ། མཚན་དངོས་དཔལ་འབྱོར་རྒྱ་མཚོ་རྒྱལ་ཁང་རྩེར་ཡུན་རིང་བཞུགས་པས་རྒྱལ་ཁང་རྩེ་པར་གྲགས། རྭ་སྒྲེང་གི་ཇོ་བོ་འཇམ་པའི་རྡོ་རྗེ་དང་རྒྱལ་བ་བསོད་ནམས་རྒྱ་མཚོས་ཁུ་སྟོན་གྱི་སྐྱེ་བར་ལུང་བསྟན། ཕྱག་མཛོད་སེང་གེ་སོགས་རྒྱལ་བའི་སྤྲུལ་སྐུ་གདན་འདྲེན་ལ་སོག་ཡུལ་དུ་འགྲོ་སྐབས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ཞེས་མཚན་འདོགས་མཁན་ཡང་ཁོང་ཡིན་ལ། དུས་ཐོག་དེར་བསྟན་འགྲོ་ལ་ཕན་པའི་འཕྲིན་ལས་ཆེ་ཤོས་ཤིག་བྱུང་བར་སྣང་ངོ༌། །
 

                    དེ་ལྟར་ལྷ་དབང་གླིང་དུ་ཟུར་བཞུགས་ཀྱི་སྐབས་ཕལ་ཆེར་བཅད་རྒྱ་ལྟ་བུའི་ངོས་ནས་ཐུགས་དམ་མཛད་ཅིང༌། གཞུང་ནས་བཀའ་ཕེབས་ཏེ་རྒྱལ་བའི་ཞབས་བརྟན་ལ་ཚེ་དཔག་མེད། སྒྲོལ་དཀར། མགོན་པོ་ཚེ་བདག་སོགས་ཀྱི་ཚེ་སྒྲུབ་ཀྱང་ལོ་ལྟར་བདུན་ཕྲག་གཉིས་གསུམ་རེ་གནང༌། ཆུ་སྟག་ལོ་ཉིད་ཀྱི་དགེ་ཕྲུག་ཧར་ཆིན་ཐོ་ཡོན་མཐུ་སྟོབས་ཉི་མ་ལ་ཞུར་བཅུག་སྟེ། སྙིགས་མའི་དུས་འདིར་རྗེ་བཙུན་མི་ལ་དང་མཚུངས་པར་ཆོས་བརྒྱད་ཀྱི་འཆིང་བ་གྲོལ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཀློང་རྡོལ་བླ་མ་རིན་པོ་ཆེའི་དྲུང་ནས་ཐར་འདོད་ཡོངས་ཀྱི་འཇུག་ངོགས་གཅིག་པུ་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོ་མཆན་སུམ་སྦྲགས་ཀྱི་བཤད་ལུང་རྒྱས་པ་མན་ངག་གི་གནད་དུ་མས་བརྒྱན་པ་དང༌། རྒྱུད་སྡེ་ཀུན་གྱི་རྒྱལ་པོ་དང་མདོ་སྡེ་ཀུན་གྱི་ཟ་མ་ཏོག་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་པ་དང་བཅས་པའི་དགོངས་དོན་རྗེན་པར་སྟོན་པ་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ལུང་སྨིན་རྒྱས། གཞན་ཡང་བརྒྱད་སྟོང་པ། བཀའ་གདམས་གཞུང་དྲུག །འགྲེལ་ཆེན་དྲི་མེད་འོད། བྱམས་ཆོས་སྡེ་ལྔ། ཚད་མ་སྡེ་བདུན། མངོན་པ་གོང་འོག །འདུལ་བ་མདོ་རྩ་བ། མེ་ཏོག་ཕྲེང་རྒྱུད། མདོ་ཀུན་ལས་བཏུས་པ། བཞི་བརྒྱ་པ། ནག་པོ་གཞུང་དྲུག །ཕྲེང་བ་སྐོར་གསུམ། དྲིལ་བུའི་གཞུང་ཆུང་གསུམ། ལཱུ་ཨི་པའི་རྒྱ་གཞུང༌། མདོ་བསྲེ། མདོར་བྱས། དཀྱིལ་ཆོག་ཉི་ཤུ་པ། རྣམ་བཞག་རིམ་པ། གསང་འདུས་རིམ་ལྔ། སྒྲུབ་ཐབས་རྒྱ་མཚོ་དང་བ་རི་བརྒྱ་རྩའི་རྒྱ་གཞུང༌། སྣར་ཐང་བརྒྱ་རྩའི་རང་གཞུང་སོགས་རྒྱ་གཞུང་དང༌། བཀའ་གདམས་ཕ་ཆོས་བུ་ཆོས། རྒྱལ་པོ་བཀའ་འབུམ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་འགྲེལ་སྦས་དོན་ཀུན་གསལ། རིམ་ལྔ་གསལ་སྒྲོན། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། འཇིགས་བྱེད་བསྐྱེད་རིམ་ཆེན་མོ། འཁྲུལ་འཁོར་ཁམས་གསུམ་རྣམ་རྒྱལ། ཡིག་ཆུང་ཡང་ཆུང་སོགས་དང༌། མགོན་པོའི་བེ་བུམ། རྣམ་སྲས་བེ་བུམ། བེག་རྩེའི་བེ་བུམ། ལྷ་མོའི་ལས་གསུམ་རྣམ་གཞག །ཐར་རྩེ་པའི་སྒྲུབ་ཐབས་རྒྱ་མཚོ་དང༌། ཆོས་སྤྱོད་རབ་གསལ་གསར་རྙིང་གཉིས་ཀྱི་ལུང་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་རྒྱུན་དཔག་ཏུ་མེད་པ་ཟླ་བ་མང་པོར་སྦྲེལ་ཏེ་རྒྱ་མཚོ་ལས་ཆུ་བཅུ་པ་བཞིན་དུ་བཞེས་ནས་ཐུགས་ཀྱི་ཡོལ་གོ་འགེངས་པར་མཛད། ཕྱི་ནས་དགའ་ལྡན་ཁྲིར་ཕེབས་པ་གཟིམས་ཁང་ཆོས་མཛད་ངག་དབང་སྙན་གྲགས་སོགས་དགེ་བཤེས་མང་པོས་ཀྱང་དེའི་ཞར་ལ་ཐོབ་པས་རྒྱ་བོད་ཀྱི་གཞུང་འགངས་ཆེ་ཞིང་རྒྱུན་ཉག་ཕྲ་བ་མང་པོའི་ཆད་འཐུད་དུ་གྱུར་པའི་རྩ་བ་དམ་པ་འདི་ཉིད་ཀྱི་བཀའ་དྲིན་ཡིན། དེར་མ་ཟད་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལོ་ལྟར་སྟོན་དཔྱིད་ལ་བཀའ་ཆོས་ཆེན་མོ་གཉིས་རེ་གནང་གི་ཡོད་པས། ཤིང་འབྲུག་ལོའི་དཔྱིད་ཆོས་སྐབས་བདག་གིས་འདི་ལོ་སྟོན་ཀའི་བཀའ་ཆོས་ལ་འདུལ་བ་མདོ་རྩ་བའི་བཤད་ལུང་ཞིག་ཐུགས་རྗེས་གཟིགས་དགོས་ཞེས་གསོལ་བ་བཏབ་པར་དགྱེས་བཞིན་ཞལ་གྱིས་བཞེས། དབྱར་ཀ་ཡང་བསྐྱར་གྱིས་ཉེར་ལེན་ཞུས་པའི་ཚེ་ནོ་མིན་ཧན་ལ་གཅིག་ཞུ་དགོས་གསུང༌། དེར་ཕྱིན་ནས་ཞུས་པས། སྟོན་དཔྱིད་ཀྱི་བཀའ་ཆོས་འཆར་ཅན་འདི་སྡེ་པ་གཞུང་ནས་ཞུས་པ་ཡིན། སོ་སོས་གང་འདོད་རེ་གནང་རྒྱུ་ཡིན་ན་རང་རང་གིས་གདན་འདྲེན་ཞུས། རྨེ་རུ་ནས་འདུལ་བ་འདྲ་གནང་སྟེ་མི་ཚོའི་འདུ་ཁང་བཤིག་བཏང་མི་ཆོག་གསུང་ནས་དགོངས་པ་མ་ཁྲོལ། ད་བྱེད་ཐབས་མི་ཡོང་བར་འདུག་སྙམ་ཕྱིར་སོང་སྟེ་རྒྱུ་མཚན་བླ་མ་ལ་ཞུས་པས། ཁྱོད་རང་སེམས་ཕམ་མི་དགོས། འབྲས་སྤུངས་གདན་ས་ཁྱད་པར་ཅན་ཡིན་པས་ང་རང་ལ་མཇལ་འདུན་ཞིག་ཀྱང་ཡོད། ང་རང་ཚོའི་འདི་ཅི་ལས་ཀྱང་ཡག་པོ་ཞིག་ཡོང་གསུང༌། གསུང་ཟུར་དེ་ལ་བརྟེན་ནས་བདག་གི་དགེ་རྒན་རིན་པོ་ཆེ་མཁན་པོ་སྐལ་བཟང་དངོས་གྲུབ་པར་ད་ཆ་གཞན་སྟབས་མི་འདུག་པས་འབྲས་སྤུངས་སྤྱི་ཞུས་ཀྱི་མིང་ཞིག་འཇོག་དགོས་པར་འདུག་ཞུས་པས་ཐུགས་ཤིན་ཏུ་འཐད་ཀྱང་ནོ་མིན་ཧན་གྱི་སྟབས་དོགས་པ་གནང་གི་འདུག །འོན་ཀྱང་བླ་མ་ཚོགས་འདུའི་སྟེང་ནས་གླེང་བསླང་བར། དམ་པ་འདི་ཉིད་ནས། བླ་མ་གཞན་དང་མི་འདྲ་བ། གདན་ས་གཞན་དང་མི་འདྲ་བ། ཆོས་གཞན་དང་མི་འདྲ་བ་ཡིན་པས་དོགས་པ་བྱེད་རྒྱུ་ཡོད་དོགས་མེད། ཞུས་ཐོང་ཞེས་གྲོས་མགོ་བཏོན་ཏེ་གདན་འདྲེན་ཞུས། གདན་ས་ཕན་ཚུན་ནས་བློ་གསལ་དོན་གཉེར་འདུས་པ་ལྔ་སྟོང་ཙམ་ལ་བདུན་པའི་ཚེས་བརྒྱད་ནས་བཟུང་ཉིན་ཉི་ཤུའི་རིང་བསྟན་པའི་ནང་མཛོད་འདུལ་བ་མདོ་རྩ་བའི་བཤད་ལུང༌། དེ་ནས་སྒོ་མང་ལ་མངོན་རྟོགས་རྒྱན་གྱི་བཤད་ལུང༌། བློ་གསལ་གླིང་དུ་འདུལ་བ་རྒྱ་མཚོའི་སྙིང་པོའི་བཤད་ལུང༌། བདེ་ཡངས་པར་སྨན་བླ་མཐོ་བརྩེགས་ཀྱི་རྗེས་གནང༌། སྔགས་པར་བླ་མ་ལྔ་བཅུ་པའི་བཤད་ལུང་བཅས་གནང༌། འབྲས་སྤུངས་སྤྱི་སོའི་གཏོང་སྒོ་རྣམས་རང་རང་ངོས་ཐད་ཀྱི་གཞི་ཀའི་ཐོག་ནས་ཡོང་བས་སྦྱིན་སྤྲོད་ལེན་བྱེད་རྒྱུ་ཆེར་མེད་སྟབས་སྤྱི་སོ་ནས་འབུལ་བའི་རྣམ་བཞག་ཆེར་མི་འདུག་ལ། རང་ཉིད་རྩ་བའི་ཞུ་བ་པོར་སོང་སྟབས་གཏང་རག་གི་ཡོན་དུ་མཎྜལ། སྐུ་གསུང་ཐུགས་རྟེན། དངུལ་རྟ་རྨིག་མ་གཉིས། གོས་ཡུག་ཁ་ཤས་བཅས་ཕུལ་བས། བཀའ་ཆོས་གྲོལ་ནས་ཕྱིར་ཡོང་སྐབས་དམ་པ་འདི་ཉིད་ནས། ཁྱེད་ཀྱིས་ངེད་འབྲས་སྤུངས་བླ་མ་ཚོའི་ངོའི་འབག་བཤུས་སོང་ཞེས་རྩེད་མོ་གནང་གི་འདུག་ལ། བཀའ་ཆོས་འདི་སྐོར་ལའང་ཁོང་བཀའ་དྲིན་ཆེ་བར་བྱུང༌།

                   ཅི་མཛད་བསྟན་པ་ལ་ཕན་རླབས་བཀའ་དྲིན་ཆེ་བ་ཁོ་ནར་འབྱུང་བ་ནི་རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་གྲུབ་པའི་འབྲས་རྟགས་སུ་མངོན། དེས་མཚོན་ཏེ་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་ཆོས་བཀའ་མང་པོ་སྔ་ཕྱིར་གསན་ཞིང༌། སྐབས་ཤིག་རྒྱལ་སྲས་རིན་པོ་ཆེ་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་རྣམ་རྒྱལ་གྲྭ་ཁང་དུ་རྡོ་རྗེ་ཕྲེང་བ་དང་མི་ཏྲ་བརྒྱ་རྩ་སོགས་གནང་བའང་ལེགས་པར་གསན་ཏེ་གསང་ཆེན་གདམས་པའི་ནོར་བུས་ཐུགས་ཀྱི་བང་མཛོད་ཕྱུར་བུར་གཏམས། དོན་གཉེར་ཅན་འགའ་ཞིག་གིས་ནན་གྱིས་ཞུས་ཏེ་ཆོས་བཀའ་འགའ་ཞིག་གནང་ཡང་དེ་གཙོ་བོར་མི་མཛད་པར་རང་གིས་གསན་རྒྱུ་དང༌། དེ་མ་ཡིན་པའི་སྐབས་ཐམས་ཅད་དུ་དབེན་པ་ལས་སྐྱེས་པའི་བདེ་བས་ཐུགས་ཕྲོགས་ཏེ་ཉམས་བཞེས་ལ་ཤིན་ཏུ་འགྲུས་པར་མཛད་པས་ཐུགས་དམ་ཡར་ཟླ་བཞིན་འཕེལ། མཛད་པ་འདིའང་དོན་ཆེན་པོ་ཀུན་གྱིས་གོ་དགོས་པ་ཞིག་ཡིན་ཏེ། དེང་དུས་ཕལ་མོ་ཆེ་རང་གིས་མ་ཐོས་གོང་ནས་གཞན་ལ་བཤད་པར་རིངས་པ། སློབ་གཉེར་མགོ་ཚུགས་ཙམ་ནས་མཁས་པའི་གྲགས་པ་འདོད་པ། སྒོམ་སྒྲུབ་ཀྱི་སྣེ་མ་ཟིན་པར་གྲུབ་ཐོབ་རེ་བ་སོགས་འབྲས་བུ་འདོད་ཀྱང་རྒྱུ་ལ་གཡེལ་བ་ནི་གང་ཡང་མི་འགྲུབ་པའི་སྔ་ལྟས་ཡིན་པས། ཡོན་ཏན་ཕུན་སུམ་ཚོགས་པ་འདོད་ན་དམ་པའི་མཛད་སྲོལ་འདི་བཞིན་བྱེད་དགོས་ཏེ། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། ཁྱོད་ནི་ཡོན་ཏན་རྒྱུ་རྣམས་ལ། །མངོན་དགྱེས་འབྲས་བུ་རྣམས་ལ་མིན། །ཡང་དག་སྒྲུབ་པ་དེ་ཉིད་ཀྱིས། །ཁྱོད་ཀྱི་ཡོན་ཏན་ཕ་མཐར་ཕྱིན། །ཞེས་གསུངས་པ་བཞིན་ནོ། །ཤིང་འབྲུག་གི་ལོ་མཇུག་ཏུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེ་དབུས་སུ་ཆིབས་བསྐྱོད་པར་ཕེབས་བསུ་ཞུ་ཞིང་སྔར་ནས་ཐུགས་འདྲིས་ཆེ་བས་ཡང་ཡང་མདུན་དུ་ཕེབས་ཏེ་ལུགས་གཉིས་ཀྱི་གསུང་གླེང་འཕེལ། ཀུན་མཁྱེན་མཆོག་ནས་ཁྱེད་བཀྲ་ཤིས་འཁྱིལ་དུ་ཕེབས་དགོས་གསུངས་པར་ཁས་ལེན་ཞུས། ཕྱི་ལོ་ཀུན་མཁྱེན་མཆོག་གཙང་དུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་དང་པཎ་ཆེན་རྣམ་ཐར་བཀའ་རྩོམ་མཛད་པ་སོགས་ཀྱིས་ལོ་ངོ་ལྷག་ཙམ་འགྱང་བས། དེའི་ཤུལ་དུ་གཞུང་ས་རིན་པོ་ཆེ་ནས་དམ་པ་འདིར་རྒྱ་ནག་མཁན་པོར་ཕེབས་དགོས་ཀྱི་བཀའ་བབས། གནང་བ་ཞུ་རྩིས་མཛད་ཀྱང་གནང་བ་ཞུས་མི་ཆོག་ཅེས་དགོངས་པ་མ་ཁྲོལ། དེ་ནས་བྱང་ཁ་བརྒྱུད་དེ་ཕེབས་པར་ལམ་སྐབས་ཀུན་ཏུ་དཔོན་གཡོག་རྟ་ཁལ་དང་བཅས་པར་ཉེས་སྐྱོན་ཅི་ཡང་མེད་པས་བདེ་སྐྱིད་དང༌། གོང་དུ་མཇལ་ཏེ་རྟ་ལོའི་ལོ་གསར་ལ་ཞབས་བརྟན་དང་རྟེན་ཆས་འབུལ་རྒྱུ་སོགས་གྲ་གང་འགྲིག །གོང་མ་ཆེན་པོས་ཀྱང་དགྱེས་གཟིགས་ཀྱི་བཀའ་སོགས་གང་ལེགས། འཆར་ཅན་གྱི་རྟེན་ཆས་རྒྱ་ཆེན་པོ་གནང་བ་སོགས་སྔ་མའི་སྐབས་བཞིན་བཀྲ་ཤིས་ལུགས་ལེགས་ཀྱི་མུ་ནས་ཡར་ཕེབས་པ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པ་ཕྱིར་ཆིབས་ཁ་བསྒྱུར་བ་ནག་ཆུའི་མཚོ་མོ་རར་མཇལ་འཛོམ་བྱུང༌། ཕན་ཚུལ་ལེགས་སྐྱེས་སྤེལ་ཞིང་གསུང་འཕྲོས་མཛད། ཀུན་མཁྱེན་མཆོག་ནས་ཁྱེད་ཡར་ཕེབས་ན་རྒྱལ་དབང་རིན་པོ་ཆེའི་ཐུགས་ལ་སྒོ་མང་བླ་མར་བསྐོ་རྒྱུའི་ཐུགས་འདུན་འདུག་པས། དེ་བྱས་ཏེ་གྲྭ་ཚང་ལ་འཆད་ཉན་ཡག་པོ་ཞིག་གནང་ན་དེ་གལ་ཆེ། ཁྱེད་ཀྱིས་སྔར་འདུལ་བ་བླ་མ་བྱས་ཏེ་རིགས་གྲྭ་གཉིས་བཏང་འདུག་པས་ད་ལན་གཅིག་ལས་གཏོང་མི་དགོས། དེའི་མཚམས་སུ་ངེད་ཀྱིས་བསུ་མ་གཏོང་རྒྱུ་ཡིན་པས་ཕེབས་དགོས་ཞེས་གསུང་ཡང་བསྐྱར་ཕེབས་པར། སྔ་མའི་ཁས་ལེན་འགྱུར་མེད་ཀྱི་ལན་ཞུས། ཡར་འབྱོར་ནས་རྒྱལ་བར་གསེར་ཡིག་དང་རྟེན་ཆས་འབུལ་རྒྱུ། གཞུང་གིས་སྟོན་ཆེན་སོགས་སྔར་རྒྱུན་བཞིན་བྱས། རྒྱལ་དབང་ཐམས་ཅད་མཁྱེན་པར་གཟིམ་ཆུང་གི་འབུལ་བར། དངུལ་གྱི་མཎྜལ། མཛོད་བཏགས་གཅིག །སྐུ་གསུང་ཐུགས་རྟེན། དངུལ་སྲང་བརྒྱ་དང་ལྔ་བཅུ། གོས་ཡུག་བཅོ་ལྔ། ཤེལ་ཀ་ར་སྒམ་གསུམ། ཐ་མ་ཀ་ཀོ་ཊ་ལྔ། སིས་ཐོག་ཨ་མྲ་སྒམ་གཉིས་བཅས་རྣམ་གྲངས་བརྒྱ་དང་བརྒྱད་ཅུ་གྱ་གཅིག་ཕུལ། དེ་ནས་འབྲས་སྤུངས་ལ་ཕེབས། འབྲས་སྤུངས་ཚོགས་ཆེན་ལ་མང་ཇ་བཞི་དང་འགྱེད་ཞོ་རེ། སྒོ་མང་གྲྭ་ཚང་ལ་གྲྭ་ཇ་བཞི་འགྱེད་སྐར་མ་ཕྱེད་བརྒྱད་རེ། ཁམས་ཚན་མི་ཚན་ལའང་ཚོམས་ཇ་འགྱེད་བཅས་བཏང་སྟེ་དེ་སྐོར་གྱི་བྱ་བཞག་ཐམས་ཅད་ཀྱང་བདེ་བླག་ཏུ་འགྲུབ་བོ། །

                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།