རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་གསང་བའི་རྣམ་ཐར་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 15:37:20     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ    ཀློག་ཐེངས།  

593009154861053646.jpg

 

                        དཔལ་ལྡན་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་ཤིང༌། །སྤངས་རྟོགས་ཡོན་ཏན་དཀྱིལ་འཁོར་ཡོངས་སུ་རྫོགས། །གསང་གསུམ་སྒྱུ་འཕྲུལ་དྲ་བའི་འོད་དཀར་ཅན། །སྨྲ་བའི་ཟླ་བ་ལུས་ཅན་གཙུག་ན་རྒྱལ། །མི་མཉམ་ཐུགས་བསྐྱེད་དབྱར་གྱི་དཔལ་མོའི་བྱིན། །རྒྱལ་བསྟན་ནོར་འཛིན་ཁྱབ་པར་སྤྲོ་བ་ཡི། །སྤྲུལ་བའི་ཟློས་གར་པདྨ་དཀར་པོའི་ཕྲེང༌། །བཤད་སྒྲུབ་སྦྲང་རྩིའི་དགའ་སྟོན་ཅི་ཡང་རྒྱས། །མཐའ་ཀླས་འགྲོ་བའི་ཁམས་ཀྱི་རྫིང་བུ་རུ། །བརྟན་གཡོ་རབ་འབྱམས་བཀོད་པའི་ཟླ་སྣང་འབུམ། །ཅིག་ཅར་སྤྲོ་ཡང་ཉེར་ཞིའི་མཁའ་དབྱིངས་ལས། །མི་གཡོ་སྐུ་བཞིའི་རྒྱལ་ཐབས་བླ་ན་མེད། །སྟོབས་བཅུའི་འཇུག་པ་སྲིད་ཞིའི་དངོས་ཀུན་གྱི། །རྗེས་འགྲོ་རབ་འབྱམས་རྒྱལ་གསུང་གསང་བའི་མཛོད། །གྲགས་པ་གཏིང་ཡངས་རོལ་མཚོའི་ཕྱོགས་ཆ་ཡང༌། །དབྱངས་ཅན་ངང་མོ་འབུམ་གྱི་རྩེ་དགའི་གནས། །འོན་ཀྱང་ཐུགས་རྗེ་ཧ་རི་ཙནྡན་གྱི། །གྲིབ་བསིལ་དགེ་བའི་ལམ་དུ་ངལ་བསོ་བ། །གང་ཞིག་དེ་ཡི་ངོ་མཚར་བསྔགས་པ་ཡི། །གཏམ་གྱི་གླིང་བུ་བསྒྱུར་ལ་སྤྲོ་བ་འཛིན། །འཛམ་གླིང་མཁས་དང་གྲུབ་པ་མ་ལུས་པའི། །རལ་པའི་ཅོད་པཎ་ནོར་བུའི་རྐང་སྟེགས་ཅན། །ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་བཞད་པ་ཞེས། །སྙན་པའི་བ་དན་སྲིད་པ་གསུམ་ན་གཡོ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཚན་འཛིན་འཕོ་འཇིག་གཡུལ་ངོ་ལས་རྒྱལ་ཡང༌། །འགྲོ་བའི་དོན་སླད་སྤྲུལ་བའི་ཟློས་གར་ནི། །རྒྱ་བོད་མཚམས་ཀྱི་ལྗོངས་འདིར་བསྒྱུར་རོ་ཞེས། །བཀའ་ལུང་འགྱུར་བ་མེད་པའི་ཞལ་བཞེས་མཛད། །དཔལ་ལྡན་བླ་མའི་༝། །དེ་ནས་གཟིགས་པ་ལྔ་ཡིས་མཁྱེན་བཞིན་དུ། །ཌཱ་ཀིའི་མཚན་ལྡན་ཡུམ་གྱི་ལྷུམ་ཞུགས་ཚེ། །ཆོས་ཀྱི་རྒྱལ་པོ་རྒྱལ་ཆེན་རྣམ་སྲས་སོགས། །ཆོས་སྲུང་རྒྱ་མཚོས་གཡེལ་མེད་བྱ་ར་མཛད། །དཔལ་ལྡན་༝། །དགེ་མཚན་ལྟས་དང་བཅས་ཏེ་བལྟམས་པ་ན། །འཇིག་རྟེན་སྐྱོང་རྣམས་ལྷ་ཡི་གོས་བཟང་ཕུལ། །ཚུལ་ཁྲིམས་ཕུལ་པོ་ཡོངས་སུ་རྫོགས་པ་ཡི། །གོས་བཟང་དྲན་ཤེས་ནོར་བུའི་སྐ་རགས་འཆང༌། །དཔལ་ལྡན་༝། །ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་ཨ་ཏི་ཤ །མངོན་སུམ་གཟིགས་པས་དགའ་བ་དཔག་མེད་འཁྲུངས། །པཎ་ཆེན་དུ་མར་འཁྲུངས་པའི་ངང་ཚུལ་ཀྱང༌། །རྗེས་དྲན་རྣམ་འགྱུར་རིགས་པའི་གད་རྒྱངས་བསྒྲགས། །དཔལ་ལྡན་༝། །དགེ་ལྡན་བསྟན་ལ་དབང་བསྒྱུར་རྟེན་འབྲེལ་གྱིས། །འཇམ་དཔལ་སྙིང་པོའི་སྣང་བརྙན་རྙེད་པ་ན། །ཉིན་མཚན་ཀུན་ཏུ་ཕྱག་མཆོད་ལྷུར་མཛད་པས། །འཇམ་དབྱངས་བླ་མས་མངོན་སུམ་རྗེས་སུ་གཟུང༌། །དཔལ་ལྡན་༝། །བག་མེད་བྱིས་པའི་སྤྱོད་པ་ཀུན་སྤངས་ཤིང༌། །གཙུག་ལག་རབ་འབྱམས་འབད་མེད་ཐུགས་སུ་ཆུད། །དོན་ཟབ་སྙན་ཚིག་སྤེལ་ལ་ཐོགས་མེད་པས། །བློ་ཆེན་རྒན་པོ་རྣམས་ཀྱི་སྙེམས་པ་ཕྲོགས། །དཔལ་ལྡན་༝། །ཅུང་ཟད་སྙུན་གྱིས་ཟིན་ཚེ་ཕ་དམ་པ། །མངོན་སུམ་བྱོན་ནས་གེགས་སེལ་བསྲུང་བ་མཛད། །ཡུམ་ཆེན་ལབ་སྒྲོན་དུས་ནས་ལྷན་ཅིག་ཏུ། །ཐུགས་བསྐྱེད་སྨོན་ལམ་ཟབ་མོས་འབྲེལ་བར་ངེས། །དཔལ་ལྡན་༝། །ཡི་དམ་ཆོས་སྲུང་དུ་མའི་ཞལ་གཟིགས་ཤིང༌། །ཕྱི་ནང་རྟེན་འབྲེལ་ཀུན་ལ་དབང་བསྒྱུར་བས། །རི་མོའི་འཕྲུལ་གྱིས་གདོན་བགེགས་དཔུང་བཅོམ་སྟེ། །ཟླ་གྲགས་སྒྱུ་མའི་རོལ་རྩེད་སླར་ཡང་བསྟན། །དཔལ་ལྡན་༝། །འཁྲུལ་བྲལ་དམ་པའི་ལུང་གིས་ངེས་རྙེད་ཅིང༌། །སྔོན་གནས་རྗེས་དྲན་ངོ་མཚར་མཛད་བཟང་གིས། །གཟུར་གནས་མཁས་པ་ཀུན་གྱི་ཡིད་འཕྲོག་སྟེ། །ཆོས་ཀྱི་ཁྲི་ལ་ཞབས་སེན་ཉེ་བར་བཀོད། །དཔལ་ལྡན་༝། །ཡབ་གཅིག་བློ་བཟང་རྒྱལ་བའི་དབང་པོ་ཡིས། །གནས་གསུམ་བྱིན་རླབས་ཟབ་མོའི་བརྡ་ཐབས་ཀྱིས། །མདོ་སྔགས་ཟབ་རྒྱས་ཆོས་ཚུལ་མ་ལུས་པ། །ཇི་བཞིན་ཉམས་སུ་ལེན་པའི་གདམས་པར་ཤར། །དཔལ་ལྡན་༝། །འཇམ་དབྱངས་གཞོན་ནུས་མངོན་སུམ་བྱིན་བརླབས་ཤིང༌། །སྐྱེས་ཐོབ་བློ་གྲོས་ལུས་རྩལ་རབ་རྫོགས་པས། །རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་སྒྲ་དབྱངས་ཀྱིས། །སྨྲ་ངན་དཔུང་བཅོམ་བློ་གསལ་དགའ་བ་བསྐྱེད། །དཔལ་ལྡན་༝། །སྤྱན་རས་གཟིགས་དབང་སྣང་སྟོང་སྲིན་པོའི་སྐུར། །བཞེངས་པ་མྱུར་མཛད་ཡེ་ཤེས་མགོན་པོ་ཡིས། །འདུ་འབྲལ་མེད་པར་རྟག་ཏུ་རྗེས་འབྲངས་ནས། །འཕྲིན་ལས་གཡེལ་མེད་སྒྲུབ་པར་ཞལ་གྱིས་བཞེས། །དཔལ་ལྡན་༝། །གནམ་སའི་ཁྱོན་ཀུན་འགེངས་པ་འཇིགས་པའི་གཟུགས། །འཇམ་དཔལ་བཀའ་སྡོད་ལས་ཀྱི་གཤིན་རྗེ་ཡིས། །དགེ་ལྡན་ཆོས་ཀྱི་གསང་མཛོད་ཡོངས་གཏད་ནས། །བགེགས་ཚོགས་ཀུན་འཇོམས་རྡོ་རྗེའི་གཡར་དམ་བཅས། །དཔལ་ལྡན་༝། །རྒྱལ་དབང་མཆོག་དང་པཎ་ཆེན་ཐམས་ཅད་མཁྱེན། །རོལ་པའི་རྡོ་རྗེ་དགེ་འདུན་རྒྱ་མཚོའི་སྡེ། །མཻ་ཏྲིའི་ཞབས་སོགས་ཡོངས་འཛིན་མང་བསྟེན་ནས། །ས་སྟེང་གདམས་པ་ཀུན་གྱི་བདག་པོར་གྱུར། །དཔལ་ལྡན་༝། །ཁེངས་དང་དྲེགས་པའི་བག་ཆགས་རིང་སྤངས་ཏེ། །སངས་རྒྱས་དངོས་སུ་གཟིགས་པའི་མོས་གུས་ཀྱིས། །ལེགས་ཚོགས་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ། །གངས་ལྗོངས་འདི་ན་འགྲན་པའི་ཟླ་དང་བྲལ། །དཔལ་ལྡན་༝། །ངག་གི་དཔལ་སྟེར་འཇམ་དབྱངས་དཀར་པོ་ཡིས། །མངོན་སུམ་རྗེས་བཟུང་མཁྱེན་པའི་ཀློང་རྡོལ་ཞིང༌། །ཚིག་དོན་མཐའ་དག་མི་བརྗེད་གསུངས་ཐོབ་པས། །མདོ་རྒྱུད་མན་ངག་ཀུན་གྱི་གཏེར་དུ་གྱུར། །དཔལ་ལྡན་༝།

                  །བསྟོད་ཚིག་དོན་ཡོད་ཞགས་པའི་འཁྲུལ་འཁོར་གྱིས། །མངོན་སུམ་མགྲོན་དུ་བཀུག་པའི་དབྱངས་ལྡན་མ། །མགྲིན་པར་འཁྱུད་པས་སྔོན་མེད་ལེགས་བཤད་ཀྱི། །དགའ་སྟོན་སྤེལ་བའི་སྤོབས་པ་བླ་ན་མེད། །དཔལ་ལྡན་༝། །སྦལ་ཏི་འདུལ་བ་འཛིན་པའི་གདན་ས་རུ། །ཀུན་མཁྱེན་གོང་མའི་དུས་བཞིན་ཨ་ཙརྻས། །སྐུ་ཚེའི་ཚད་དང་མཛད་པ་འཕྲིན་ལས་སོགས། །འབྱུང་འགྱུར་མཐའ་དག་མ་ནོར་ལུང་བསྟན་མཛད། །དཔལ་ལྡན་༝། །དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་ནས། །འཇིགས་མཛད་རྡོ་རྗེའི་དབང་བསྐུར་མཛད་པའི་ཚེ། །ཡི་དམ་ལྷ་ཚོགས་རྟེན་དང་བརྟེན་པ་རྣམས། །མངོན་སུམ་གཟིགས་ཤིང་བྱིན་རླབས་དགའ་སྟོན་མྱོང༌། །དཔལ་ལྡན་༝། །རྟག་ཏུ་སྦས་པའི་བརྟུལ་ཞུགས་ལྷུར་མཛད་ཀྱང༌། །ཐོལ་བྱུང་ཚུལ་གྱིས་འབྱུང་འགྱུར་བསླབ་བྱ་སོགས། །གང་སྩལ་རྒྱ་མཚོའི་རླབས་བཞིན་ཅུང་ཟད་ཀྱང༌། །དུས་ལས་མི་ཡོལ་སྒྲིབ་མེད་མཁྱེན་པའི་གཏེར། །དཔལ་ལྡན་༝། །ཕ་རོལ་སེམས་ཀྱི་འགྱུར་བ་སྣ་ཚོགས་དང༌། །སོམ་ཉིའི་དྲ་བར་ཆུད་རྣམས་མ་ཞུས་ཀྱང༌། །གདུལ་བྱའི་མོས་པ་ཇི་བཞིན་གཟིགས་པ་ཡིས། །གསལ་བར་འདོམས་མཛད་ཐར་པའི་ས་མཁན་མཆོག །དཔལ་ལྡན་༝། །པཎ་ཆེན་མཆོག་དང་ཐུགས་ཡིད་གཅིག་འདྲེས་ཏེ། །དགོས་དབང་ཁྱད་འཕགས་གཟིགས་པས་ཡབ་སྲས་གཉིས། །བཀའ་གདམས་བསྟན་པའི་འབྱུང་གནས་རྭ་སྒྲེང་དུ། །ཞལ་འཛོམ་དག་པའི་སྣང་བ་འབྱམས་སུ་ཀླས། །དཔལ་ལྡན་༝། །མདོ་སྨད་ཡུལ་གྱི་གདན་ས་ཆེན་པོ་ཀུན། །འཁོར་ལོ་གསུམ་གྱིས་སྐྱོང་བར་མཛད་པའི་ཚེ། །སྤྱན་རས་གཟིགས་ཀྱིས་ལུང་བསྟན་བསྐུལ་མ་མཛད། །གཞན་ཕན་སྙིང་རྗེའི་རོལ་པ་ཁོ་ནར་ངེས། །དཔལ་ལྡན་༝། །གྲུབ་པའི་ཞིང་མཆོག་དབེན་གནས་ཐར་པ་རྩེར། །ཟབ་གསང་རྡོ་རྗེའི་རྣལ་འབྱོར་ལ་གནས་ཚེ། །ཧེ་རུ་ཀ་དཔལ་རྟེན་དང་བརྟེན་པ་ཡི། །དཀྱིལ་འཁོར་འཁོར་ལོའི་སྣང་བ་མངོན་སུམ་གཟིགས། །དཔལ་ལྡན་༝། །འཛམ་གླིང་ཆེ་དགུའི་སྙིང་སྟོབས་ལས་འདས་པ། །བགྲང་ཡས་འཁོར་ཚོགས་རིམས་ནད་དུཿཁ་ལས། །སྒྲོལ་ལ་འཇིགས་བྲལ་གྲུབ་པའི་རྣམ་དཔྱོད་ཀྱིས། །པཎ་ཆེན་སྣང་མཐའི་འཕྲིན་ལས་རུ་མཚོན་བསྒྲེང༌། །དཔལ་ལྡན་༝། །

                 ཆུ་ཀླུང་འཁྲུགས་པས་འདབས་འབྲེལ་གྲོང་ཁྱེར་ཆེ། །བཅོམ་པའི་ཁྲོད་ནས་ཉིད་ལ་སྐྱབས་འཚོལ་རྣམས། །ཉེར་འཚེ་ལས་གྲོལ་སྣོད་བཅུད་རྟེན་འབྲེལ་ལ། །མངའ་བསྒྱུར་ནམ་ཡང་བསླུ་མེད་སྐྱབས་ཀྱི་མཆོག །དཔལ་ལྡན་༝། །གཞན་གྱི་རྦད་འདྲེ་གདོན་བགེགས་ནད་རིམས་དང༌། །སད་སེར་ཐན་པ་ལ་སོགས་ཉེར་འཚེ་ཀུན། །སྤྱན་དམིགས་ཙམ་དང་བདེན་ཚིག་རེ་རེས་ཀྱང༌། །ལྷག་མེད་ཞི་མཛད་རྣལ་འབྱོར་དབང་ཕྱུག་ཆེ། །དཔལ་ལྡན་༝། །བོ་དོང་དགོན་པར་འདོད་ཁམས་དབང་ཕྱུག་མ། །འོལ་ཁར་ལྷ་ཆེན་འོ་དེ་གུང་རྒྱལ་དང༌། །རྒྱུན་གྱི་འབྱོན་བཞུད་ལ་ཡང་རྨ་རྒྱལ་སོགས། །དཀར་ཕྱོགས་སྐྱོང་བ་ཀུན་གྱིས་བསུ་སྐྱེལ་མཛད། །དཔལ་ལྡན༌༝། །ཆོས་འཁོར་ལྷ་སར་རྗེ་བཙུན་འཇམ་དབྱངས་དང༌། །གདན་ས་ཆེན་པོར་ཡབ་རྗེའི་སྣང་བརྙན་གྱིས། །སྙན་ཤལ་བཞེས་ཤིང་དགྱེས་པའི་འཛུམ་དཀར་གྱིས། །དགེ་ལྡན་བསྟན་པའི་བདག་པོར་མངལ་གསོལ་བ། །དཔལ་ལྡན་༝། །དབུས་གཙང་གཉིས་དང་མདོ་སྨད་ལྗོངས་ཀུན་ཏུ། །དབང་ཁྲིད་མན་ངག་གདམས་པ་མ་ལུས་པ། །མཁས་གྲུབ་ཀུན་ལ་ལན་བརྒྱར་སྤེལ་བ་ཡིས། །གསང་ཆེན་བསྟན་པའི་མེ་རོ་རྨང་ནས་གསོས། །དཔལ་ལྡན༌༝། །འཁོར་ལོ་གསུམ་གྱི་མཛད་འཕྲིན་མཐའ་ཀླས་པས། །ས་སྟེང་ཀུན་ཏུ་ཁྱབ་ཀྱང་རང་དོན་ལ། །སྲེད་པའི་འདུན་པ་ཆ་ཙམ་མ་འདྲེས་པར། །བདེན་པའི་ཚིག་གིས་ཞལ་བཞེས་ཐུབ་པ་མཆོག།།དཔལ་ལྡན༌༝། །འཆད་རྩོད་རྩོམ་པས་མཁས་ཀུན་གཙུག་གི་རྒྱན། །མཐུ་སྟོབས་ནུས་པས་གྲུབ་རིགས་ཚོགས་ཀྱི་རྗེ། །འཕྲིན་ལས་བཟང་པོས་འཇིག་རྟེན་ཀུན་གྱི་མགོན། །ཐུབ་བསྟན་ཡོངས་ཀྱི་མངའ་བདག་དྲིན་ཅན་རྗེ། །དཔལ་ལྡན༌༝། །མཐའ་བྲལ་དེ་ཉིད་མངོན་སུམ་གཟིགས་པ་ཡིས། །དངོས་འཛིན་འཆིང་བའི་དྲ་བ་ཀུན་བཅད་ཅིང༌། །ཟབ་ལམ་རིམ་གཉིས་རྣལ་འབྱོར་མཐར་ཕྱིན་པས། །ཐ་མལ་སྣང་ཞེན་དྲི་མ་མ་ལུས་སྦྱངས། །དཔལ་ལྡན༌༝། །འགྲོ་ཀུན་མི་ཕམ་མགོན་གྱིས་རྗེས་འཛིན་ཅིང༌། །ཉིད་ཀྱི་ཞལ་སྐྱིན་ལ་དགོངས་བྱམས་མགོན་གྱི། །སྣང་བརྙན་གསར་བསྐྲུན་རབ་གནས་མཛད་པའི་ཚེ། །ཡེ་ཤེས་མངོན་སུམ་ཞུགས་པའི་གཟི་བྱིན་འབར། །དཔལ་ལྡན༌༝། །

              འབྲོམ་རྗེས་སྟོང་ཆེན་ཐིག་ལེའི་སྤྲོ་བསྡུ་བཞིན། །གཟུགས་སྐུའི་བཀོད་པ་དབྱིངས་སུ་སྡུད་པའི་བརྡར། །གྲེ་ཕུགས་ཨ་ཡིག་འོད་ཀྱི་རང་བཞིན་ཅན། །སྐལ་ལྡན་དུ་མའི་མིག་ལ་མངོན་སུམ་བསྟན། །དཔལ་ལྡན་༝། །རབ་འབྱམས་རྒྱལ་བའི་འཁོར་ལོ་མ་ལུས་པའི། །གསང་གསུམ་ཡོན་ཏན་མེ་ཏོག་སིལ་མའི་ཕྲེང༌། །ཚོམ་བུར་བསྡུས་པ་དཀོན་མཆོག་གསུམ་གྱི་དངོས། །འཇིགས་མེད་དབང་པོ་སྲིད་ཞིའི་གཙུག་གི་རྒྱན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་དད་པའི་ཡིད་ཀྱི་རྔ་ཡབ་རྩེས། །ཟབ་གསང་ཡོན་ཏན་ཆུ་ཡི་ཕུང་པོ་ལས། །ཆ་ཙམ་སྤེལ་བའི་བདུད་རྩི་ཟེགས་མ་ནི། །བདག་གཞན་བསོད་ནམས་མྱུ་གུའི་གསོས་སུ་འགྲེམ། །དེ་ཡི་དགེ་བས་དལ་འབྱོར་རྟེན་གྱི་གཟིངས། །ཐོས་བསམ་བསྒོམ་པའི་བ་དན་གྱིས་མཛེས་པས། །ཕྲ་རགས་འཁོར་བའི་རྒྱ་མཚོ་བསྒྲལ་གྱི་བར། །དེད་དཔོན་མཆོག་གིས་རྟག་ཏུ་སྐྱོངས་གྱུར་ཅིག །སྲིད་ལ་རྒྱབ་ཀྱིས་ཕྱོགས་པའི་ངེས་འབྱུང་དང༌། །གཞན་ཕན་ཁུར་དུ་འཁྱེར་བའི་བྱང་ཆུབ་སེམས། །རྒྱལ་བ་དགྱེས་བྱེད་ཡང་དག་ལྟ་བ་རྣམས། །ཟུང་དུ་འབྲེལ་བའི་ལམ་བཟང་མངོན་གྱུར་ཤོག །དེ་ནས་གསང་བ་སྔགས་ཀྱི་ལམ་ཞུགས་ཏེ། །དངོས་གྲུབ་རིན་ཆེན་གཏེར་གྱི་སྒོ་གཅིག་པུ། །རྣམ་དག་དམ་ཚིག་སྡོམ་པ་ཆ་ཙམ་ཡང༌། །མི་ཉམས་སྲོག་དང་བསྡོས་ཏེ་བསྲུང་བར་ཤོག །དག་པའི་འཁོར་ལོ་འདབ་བརྒྱར་གྲོལ་བ་ལས། །ལྷན་སྐྱེས་བདེ་ཆེན་སྦྲང་རྩིས་མྱོས་པ་ཡིས། །ཟུང་འཇུག་འདབ་ཡངས་གཡོ་བའི་རྐང་དྲུག་གིས། །ཆོས་ཀྱི་སྒྲ་དབྱངས་རྟག་ཏུ་སྒྲོགས་གྱུར་ཅིག །
                 ཅེས་དུས་གསུམ་རྒྱལ་བ་ཀུན་གྱི་ཞལ་སྐྱིན། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག །བཀའ་དྲིན་མཚུངས་ཟླ་མེད་པ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་གསང་བའི་རྣམ་པར་ཐར་པ་མདོར་བསྡུས་པ་འདི་ནི། མདོ་དང་སྔགས་ཀྱི་གཞུང་ལུགས་རྒྱ་མཚོའི་གནད་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་རྒྱུད་པ་དཔོན་སློབ་དཀོན་མཆོག་རྒྱལ་མཚན། རྡོ་རམས་པ་སྐལ་བཟང་དཔལ་འབྱོར། རབ་འབྱམས་པ་ངག་དབང་མཆོག་ལྡན། རབ་འབྱམས་པ་མཐའ་ཡས་རྒྱ་མཚོ། དཀའ་བཅུ་འཇམ་དབྱངས་ནོར་བུ། དཀོན་མཆོག་དཔལ་ལྡན། སྦྱིན་པ་རྣམ་རྒྱལ། འཇམ་དབྱངས་ཆོས་གྲགས་སོགས་དོན་གཉེར་ཅན་དུ་མས་སྔ་ཕྱིར་བསྐུལ་ཞིང༌། གཙོ་ཆེར་རང་ཉིད་ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་མཆོག་གིས་འབྲལ་མེད་རྗེས་སུ་འཛིན་པའི་ཕྱིར་དུ་དམིགས་ཏེ། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོ་འཕྲུལ་ཟླ་བའི་ཡར་ཚེས་དགེ་བར་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་པོའི་ཡང་རྩེར་བྲིས་པ་དགེ་ལེགས་འཕེལ། །

                                                                                                             རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
      གསལ་འདེབས།
                 འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།