རྗེ་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་འཇུག་ངོགས། བཅུ་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 15:31:02     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།     ཀློག་ཐེངས།  

303738897055882088.jpg

              དྲི་ཟའི་ན་ཆུང་མཛེས་སྡུག་རྒྱ་མཚོའི་གཏེར། །འཛུམ་ལྡན་སྒེག་ཅིང་རོལ་པའི་སྨིན་ལེགས་མ། །ནོར་བུའི་རྐང་གདུབ་འཁྲོལ་བའི་ཞབས་སེན་གྱིས། །རེག་པས་བདག་བློ་མྱ་ངན་མེད་པ་སྐྱོངས། །དེ་ཡང་བྱ་ཁྱུང་དུ་བཞུགས་སྐབས་འགའ་ཞིག་གིས་གདན་སར་མྱུར་དུ་ཕེབས་རྒྱུའི་ཞབས་བསྐུལ་ཞུས་པར། ཕྱོགས་འདི་སོས་དལ་ཞིང་སྐྱིད་པ་ཞིག་འདུག་པས། རེ་ཞིག་རྨ་ཆུའི་ཚུར་ཁ་ནས་སྡོད་རྒྱུ་ཡིན་གསུངས། ཉིན་གཅིག་ཕྱག་གཡོག་འགའ་བཀྲ་ཤིས་འཁྱིལ་དུ་ལྡོག་རྩིས་བྱས་པར། དེ་རིང་མ་འགྲོ་ང་ཡང་རྒྱབ་ངོས་ཤིག་ཏུ་འགྲོ་དགོས་པས། ང་ཚོ་རྒྱབ་སྤྲད་ནས་སོང་ན་མི་ལེགས་གསུངས་ཏེ། དངོས་མཇལ་གྱི་ཐ་མ་ཡིན་པའི་བརྡར་མངོན། སྔ་ཕྱིར་གསུང་དེ་འདྲ་དང༌། སྐུ་སྐྱེ་འཁྲུངས་ས་ལ་ས་ཆ་གང་བཟང་བར་འདུག་གསུངས་པ་སོགས་ཞལ་མི་བཞུགས་པའི་གསུང་གི་ཟུར་མང་དུ་ཕེབས་འདུག་ཀྱང༌། ལས་ཀྱིས་ནོངས་པའི་དབང་གིས་སུ་ལ་ཡང་དོགས་པ་མ་སྐྱེས་པར་སྣང༌། དེ་སྐབས་སུ་རྒྱུ་མཚན་གཞན་མེད་པ་ལ། ཐུའུ་བཀྭན་རིན་པོ་ཆེ་བྱ་ཁྱུང་དུ་སྐོར་གཅིག་ཕེབས་དགོས་ཚུལ་གྱི་གསུང་གནང་བ་ཡང་དེ་ན་ཐུགས་ཁེལ་བའི་ཞལ་གདམས་སོགས་མཛད་ཡུལ་མེད་སྟབས་ཡིན་འདུག་ཀྱང༌། ཁོང་ཐུགས་བྲེལ་གྱི་དབང་གིས་ཕེབས་མ་ཐུབ་པས་རྗེས་སོར་མཆོག་སྤྲུལ་ངོས་འཛིན་སོགས་ཀྱི་ཚེ། ལས་ཀྱིས་མནར་བ་མ་གཏོགས་དེ་སྐབས་མདུན་དུ་མཇལ་ཐུབ་ན་དཀའ་ལས་འདི་འདྲ་དགོས་པ་མེད་ཅེས་དམ་པ་ཉིད་ནས་ཡང་ཡང་གསུངས། ཡང་ཉིན་གཅིག་གཟིམས་ཆུང་དུ་བླ་མ་མཆོད་པའི་ཆོ་ག་དལ་བུས་གསུངས་ཏེ། འདི་གནས་བྱིན་རླབས་ཅན་ཡིན་པས་ངས་སྨོན་ལམ་རེ་བྱེད་ཀྱིན་ཡོད། ཁྱེད་རང་ཚོས་ཀྱང་སྨོན་ལམ་རེ་བཏབ་ན་ལེགས་ཞེས་བཀའ་སྩལ། བཅུ་པའི་ཚེས་བཅུ་སྐོར་ནས་སྐུ་ཁམས་རིམ་ལོད་དུ་སོང་བས། སྔོན་སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་ཁའི་ཚེ་ཡུལ་དབུས་ཀྱི་ལྗོངས་རྣམས་སུ་མ་བཞུགས་པར་གྲོང་ཁྱེར་རྩྭ་ཅན་དུ་གཤེགས་པ་ལྟར། ཀ་མདོའི་ཕྱོགས་སུ་བཏེག་སྟེ་ཚེས་བཅུ་དགུའི་ཉིན་གདོང་དམར་སྣའི་དགོན་པ་བཀྲ་ཤིས་ཆོས་སྡེར་ཕྱག་ཕེབས། དེར་འབྱོར་མ་ཐག་ད་ནི་བློ་བདེ་གསུངས་ཏེ་ཐུགས་བག་ཕེབས་པའི་རྣམ་པ་མཛད། ཉི་ཤུ་གཅིག་ལ་ཨེམ་ཆི་བློ་བཟང་དར་རྒྱས་འབྱོར་ཏེ་ཕྱག་རྩ་དང་ཆབ་རྟགས་སོགས་མཇལ་ནས་བླ་རྩ་བཟང་རྒྱུ་མི་འདུག་ཞུས་པ་ལ། གཞན་མི་གསུང་བར་ཕྱག་མཛུབ་བཞི་ལན་གཉིས་སུ་བསྒྱུར་བ་གནང༌། དེ་ཡང་ཞག་བརྒྱད་ནས་མྱ་ངན་འདའ་བའི་བརྡའམ། ཡང་ན་དེའི་སྔོན་ནས་ཞབས་འབྲིང་བ་འགའ་ཞིག་ལ། ངའི་གཟུགས་ཕུང་མ་བདེ་བ་འདི་ཉི་ཤུ་ལྔ་ཙམ་ནས་སངས་དྲག་ཏུ་འགྲོ་བ་འདྲ་གསུངས་པ་ལ་དཔག་ན་དེ་ཉིན་དག་ཞིང་དུ་ཕེབས་པའི་ཐུགས་འཕེན་ཡོད་པ་འདྲ་ཡང༌། ཉིན་དེར་ཞབས་བརྟན་འབུལ་མི་སོགས་འགྲུལ་སྡེབ་མང་དུ་འབྱོར་ནས་སྟབས་མ་འགྲིག་འདུག་པས། བརྡ་དེ་ཡང་ཉིན་ཞག་བཞིའི་མཚོན་དོན་ཡིན་ནམ་ཞེས་དཔྱོད་ལྡན་འགའ་ཞིག་གླེང།

             དེ་ལྟར་མྱ་ངན་ལས་འདའ་བའི་དུས་ཀྱང་སྔ་ཕྱིར་གང་འདོད་དུ་བསྒྱུར་བ་ནི། ཚེ་གཏོང་འཇོག་སོགས་ལ་མངའ་བརྙེས་པའི་ཆེ་བ་བླ་ན་མེད་པར་མངོན། ཀ་མདོར་ཕེབས་པ་ནས་བཟུང་བཞེས་པ་གཏན་མི་མཛད་ཅིང༌། རྒྱུན་པར་ཏིང་ངེ་འཛིན་ཞིག་གི་ངང་དུ་འབྱམས་ནས་བཞུགས། མཚམས་མཚམས་སུ་སྤྱན་ནམ་མཁའ་ལ་གཟིགས་ཤིང་འཛུམ་པ་རེ་མཛད། ལྷག་པར་དགོན་ལག་འགའ་ཞིག་གིས་ཞབས་བརྟན་ཕུལ་ཏེ། གཟིམས་ཆུང་གི་ཕྱི་རོལ་ནས་གནས་བཅུ་སོགས་གསུངས་པའི་ཚེ་ཡང་ཡང་བར་སྣང་ལ་གཟིགས་ཏེ་ཐལ་མོ་སྦྱོར་བ་གནང༌། དེ་སྐབས་དག་པའི་གཟིགས་སྣང་ཁྱད་པར་ཅན་དུ་མ་ཞིག་བྱུང་བར་གདོན་མི་ཟ་ཡང་ཞབས་སྡོད་རྣམས་ནས་རྒྱུ་མཚན་སོགས་ཞུ་རྒྱུ་མ་བྱུང་འདུག །ཞབས་པད་ཡུན་དུ་བརྟན་དགོས་ཀྱི་གསོལ་བ་བཏབ་པར། དཀོན་མཆོག་ལ་གསོལ་བ་འདེབས་ཞེས་པ་ཙམ་ལས་ལན་གཞན་མ་གནང༌། དེར་མ་ཟད་ལོ་སྔ་མར་བྱམས་ཆེན་ཕལ་ཆེར་གྲུབ་པའི་མཚམས་ཤིག་ནས་བཟུང༌། ཞབས་བརྟན་ནམ་ཕུལ་གྱི་ཚེ། ལན་སྤྱི་སྙོམས་རེ་ལས་གསལ་ཆ་མཛད་པ་ཡེ་མི་སྣང་ལ། བྱམས་ཆེན་རབ་གནས་ཀྱང་དབྱར་སྟོན་གང་རིགས་ཤིག་ལ་གནང་ན་མཚོ་སྔོན་གྱི་དཔོན་ཁག་སོགས་ཕྱོགས་ཀྱི་འགྲུལ་པ་རྣམས་དང༌། ཐམས་ཅད་ལ་སྟབས་བདེ་བར་འདུག་ཅེས་ནན་གྱིས་ཞུས་ཀྱང་དཔྱིད་ཚ་དྲག་ལྟ་བུ་མཛད་པ་ཡང༌། དོན་སྐོར་དེ་དག་འགྲུབ་ནས་དག་པའི་ཞིང་དུ་འབྱོན་པར་རིངས་པའི་དགོངས་གཏད་ཡིན་ཏེ། སྔར་འདུ་ཁང་གི་ལས་མགོ་རྩོམ་སྐབས། ངེད་ལ་ད་དུང་དོན་ཆེན་པོ་གསུམ་སྒྲུབ་རྒྱུ་ཡོད་པ་ནི། འདུ་ཁང་ཆེན་མོ་དང༌། དབུས་སུ་ཕེབས་རྒྱུ། བྱམས་ཆེན་བཞེངས་རྒྱུ་གསུམ་ཡིན་གསུངས་པས་ཤུགས་ལ་དེ་གསུམ་འགྲུབ་ནས་ཆེར་མི་བཞུགས་པའི་བརྡ་ཡིན་པ། དཔེར་ན་ཚོང་དཔོན་ཆེན་པོ་ཕྱོགས་སུ་སོང་ནས་ཡུན་རིང་ལོན་ཀྱང༌། ནམ་ཉོ་ཚོང་གི་བྱ་བ་འགྲུབ་མ་ཐག་ཏུ་རང་ཡུལ་དུ་ལྡོག་པ་བཞིན། མ་དག་པའི་ཞིང་དུ་བསམ་བཞིན་སྐྱེ་བ་བཞེས་པའི་འཕགས་ཆེན་དམ་པ་རྣམས་ཀྱང༌། ཞིང་དེའི་གདུལ་བྱ་དང་མཛད་པའི་མཐའ་རྫོགས་པ་ན་སྤྲུལ་བའི་བཀོད་པ་བསྡུ་བ་ཆོས་ཉིད་ཡིན་པའི་ཕྱིར་ཏེ། ཐེག་པ་ཆེན་པོ་བསྡུ་བ་ལས། མཛད་པ་རྫོགས་པར་བྱ་བའི་ཕྱིར། །ཞི་བ་མི་འདོད་བཟློག་པའི་ཕྱིར། །སངས་རྒྱས་བརྙས་པ་བཟློག་པའི་ཕྱིར། །སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། །སོ་སོར་རང་བརྩོན་བརྩམས་པའི་ཕྱིར། །མྱུར་དུ་ཡོངས་སུ་སྨིན་བྱའི་ཕྱིར། །སངས་རྒྱས་རྣམས་ཀྱི་སྤྲུལ་བའི་སྐུ། །གཏན་དུ་བཞུགས་པར་མི་བཞེད་དོ། །ཞེས་སོ། །གསེར་ཁང་གི་ལས་མགོ་རྩོམ་སྐབས་འདིར་བྱམས་སྐུ་དང༌། མཆོད་རྟེན་ཆེན་པོ་ཞིག་ཀྱང་བཞེངས་དགོས་གསུངས་པ་ཡང་བྱམས་ཆེན་གྲུབ་མ་ཐག་ཉིད་ཀྱི་སྐུ་གདུང་གི་མཆོད་རྟེན་བཟོ་བོ་དེ་དག་གིས་སྒྲུབ་དགོས་པའི་དོན་ཡིན་ལ། སོས་ཀར་སྨོན་ལམ་སྦྱིན་བདག་རྡོ་རམས་པ་ངག་དབང་ཤེས་རབ་ཀྱིས་ངེད་ལ་སྐྱབས་མགོན་མཆོག་གི་རྣམ་ཐར་བསྒྲིག་དགོས་པའི་བསྐུལ་མ་བྱས་ཏེ། རྗེས་སོར་ཞིག་ཁོང་གིས་དེའི་གནས་ཚུལ་མདུན་དུ་གླེང་སྐབས་ཁོང་རང་སོག་ཡུལ་དུ་ལྡོག་པའི་སྔོན་ལ་གྲུབ་ན་བཟང་འདུག་ཞུས་པར། དེ་མི་ཡོང༌། ལོ་གསུམ་ཚུན་ལ་ས་བོན་ཡང་ཆ་ཚང་བ་མི་འགྲིག་མོད་གསུངས་པ། ལོ་གསུམ་གྱི་ཁོངས་སུ་གདུང་རྫོགས་སོགས་མྱང་འདས་ཀྱི་སྐུར་དང་བཅས་པ་ཆ་ཚང་རྒྱུའི་དོན་དུ་ཐེ་ཚོམ་མ་མཆིས་སོ། །དེ་ནས་ནག་ཕྱོགས་བདུད་ཀྱི་རིས་ནི་ནགས་ཀྱི་མེ་ལྕེ་བཞིན་དུ་གཟི་བྱིན་མངོན་པར་རྒྱས། དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་གཤོག་པ་ཆག་པའི་བྱ་བཞིན་མཐུ་དང་ནུས་པ་རྡུགས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉི་རྒས་ཀྱི་གྲིབ་སོ་བཞིན་འགྲིབ་པའི་མཐར་སོན། ལུས་ཅན་ཀུན་གྱི་བསོད་ནམས་ཡང་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་སྐམ་སྟེ་ལྕགས་ཕག་ཧོར་ཟླ་བཅུ་པའི་ཉི་ཤུ་བརྒྱད་ཀྱི་སྲོད་འཁོར་ལ་གཟིམས་ཁྲིའི་ཐ་མར་སེང་གེའི་ཉལ་སྟབས་ཀྱིས་བཞུགས་ནས་ཧིཀ་དམའ་བ་གཉིས་དང༌། མཐོན་པོ་གཅིག་གནང་བའི་མཐར་ཞལ་དབུགས་ཀྱི་རྒྱུ་བ་འགགས་ཏེ་རགས་པའི་སྐུ་ལུས་མ་དག་པའི་ཞིང་འདིར་ཡོངས་སུ་བོར་ནས། ཡིད་ཀྱི་ལུས་དག་པའི་ཞིང་མཆོག་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་རྒྱལ་བ་མི་ཕམ་མགོན་པོའི་མདུན་སར་གཤེགས་སོ། །
 

                བློ་བཟང་རྒྱལ་བསྟན་པདྨོའི་གཉེན་གཅིག་དེ། །སྐལ་དམན་མིག་གིས་མཐོང་བའི་ལམ་ལས་འདས། །རྗེས་ཆགས་ཐུན་མཚམས་འོད་ཀྱིས་མ་བཏང་ཡང༌། །ཡིད་འབྱུང་གདུང་བའི་མུན་པ་སེལ་མ་ནུས། །ཕུན་ཚོགས་འབྲས་བུའི་དཔལ་འཕྲོག་སྟོན་གྱི་དུས། །མྱ་ངན་མཆི་མའི་ཆར་གྱིས་དག་པའི་ཡིད། །དགའ་དང་འདོད་པའི་རྡུལ་གྱིས་དབེན་པའི་མཁར། །སྐྱབས་གཅིག་དྲན་པའི་ཟླ་བ་ལྷག་པར་གསལ། །མི་ཟད་དབང་ཁྲིད་ལུང་ཆོས་མན་ངག་གི །སྦྲང་ཆར་འཇོ་བའི་སྤྲིན་སྔོན་དབྱིངས་སུ་ཡལ། །ད་ནི་སྔོན་བྱོན་མཁས་རྣམས་འབད་པ་བརྒྱས། །བསྒྲུབས་པའི་ཆོས་ཀྱི་རྫིང་བུ་སྐམ་ལ་ཉེ། །གཞན་ཕན་ཐབས་ཀྱི་རྣམ་པ་མཐའ་ཡས་པའི། །དཔག་བསམ་ལྗོན་པ་གློ་བུར་ཉིད་དུ་འགྱེལ། །ད་ནི་མཆོག་དང་ཐུན་མོང་དངོས་གྲུབ་ཀྱི། །དགའ་སྟོན་འདོད་པ་ཡོངས་ཀྱི་རེ་ཐག་ཆད། །བཤད་སྒྲུབ་རླབས་ཀྱི་ཕྲེང་བ་འབུམ་འགྱེད་པའི། །བཤེས་གཉེན་ཆོས་ཀྱི་རོལ་མཚོ་དབྱིངས་སུ་ཐིམ། །ད་ནི་ཐར་པ་དོན་གཉེར་ཉ་ཆུང་ཀུན། །ནག་ཕྱོགས་བདུད་རིགས་བྱ་ཡི་ཟས་སུ་གྱུར། །ཀྱེ་ཧོ་ཐར་ལམ་གསལ་བའི་ཉིན་བྱེད་ནུབ། །སྲིད་པའི་འཕྲང་ལས་སྒྲོལ་བའི་མགོན་གྱིས་བསྐྱུར། །དུག་གསུམ་ནད་ཀྱི་གདུང་སེལ་སྨན་པས་བོར། །ཉམ་ཐག་རྒུད་པའི་འོ་དོད་སུ་ལ་འབོད། །དུས་ཀྱི་རྐང་དྲུག་སྙིང་པོའི་བཅུད་འཐུང་ཚེ། །རི་བོའི་འདབ་ཕྲེང་བཞད་པའི་ནོར་འཛིན་ཡང༌། །གདུང་བ་མ་བཟོད་འདར་བའི་གེ་སར་རྡུལ། །སྣ་ལྔའི་འཇའ་ཚོན་ཟོལ་གྱིས་མཁའ་ལ་དཀྲིགས། །ཀུན་རྟོག་སྤྲོས་པའི་ཆུ་འཛིན་དབྱིངས་སུ་ཡལ། །ཕྱི་ནང་རླུང་གི་རྒྱུ་བ་ཅིག་ཅར་འགགས། །ཉེར་ཞིའི་ཐུགས་དང་མཁའ་དབྱིངས་ལྷན་ཅིག་ཏུ། །གསལ་བའི་སྒྱུ་འཕྲུལ་འགྲོ་ལ་མངོན་དུ་བསྟན། །ཞིང་མཆོག་དགའ་ལྡན་ཆོས་ཀྱི་དགའ་ཚལ་དེར། །ཡབ་སྲས་མཇལ་བའི་དགའ་བ་རྒྱས་གྱུར་ཚེ། །རྨོངས་པ་བདག་ཅག་སྲིད་པའི་མུན་ཁང་དུ། །མི་བཟད་རྒུད་པས་གདུངས་པ་སུ་ཡིས་ཤེས། །རྒྱང་ནས་འབོད་པའི་གདུང་དབྱངས་ང་རོ་འདི། །སྒྲིབ་པ་མེད་པའི་སྙན་གྱིས་གསན་ནས་ཀྱང༌། །དུས་ལས་མི་ཡོལ་ཐུགས་རྗེའི་ཕྱག་བརྐྱངས་ཏེ། །མགོན་ཁྱོད་གཤེགས་པའི་བཤུལ་དེར་དྲང་དུ་གསོལ། །ཡང་ན་ད་དུང་ཆེས་རིང་འཁོར་བའི་མཐའ། །མ་མཐོང་ཉམ་ཐག་བུས་པ་མགོན་མེད་རྣམས། །སྙིང་རྗེ་མ་མས་འདོར་བ་མི་རིགས་པས། །གཞན་ཕན་སྤྲུལ་བའི་གོམ་སྟབས་ཕྱིར་སྒྱུར་ཞིག །
 

            དེ་སྔོན་གྲང་ངད་ཤིན་ཏུ་ཆེ་བས་རྨ་ཆུ་ལ་དར་ལམ་འཛིན་དུ་ཉེ་བར་ཡོད་པ་ལ། དེ་ནས་བཟུང་ནམ་མཁའ་གཡའ་དག་ཅིང༌། རླུང་ཕྲ་མོ་ཙམ་ཡང་མི་ལྡང་བར་ནམ་དུས་ཤིན་ཏུ་དྲོ་བས་སྔ་མའི་དར་ཆགས་པ་རྣམས་ཞུ་སྟེ། བྱང་ཕྲན་བུ་ཡང་མི་རྒྱུ་བར་གདུང་མཇལ་བ་སོགས་ཕན་ཚུན་དུ་རྒྱུ་འགྲུལ་བྱེད་མི་རྣམས་ཤིན་ཏུ་བགྲོད་སླ་བ་བྱུང༌། འདི་ཡང་ནང་དུ་རྟོགས་པ་ཁྱད་པར་ཅན་བརྙེས་པའི་མཚན་མ་དང༌། དུས་ནམ་གྱི་ཚེ་ཡང་གཞན་ཕན་འཕྲིན་ལས་ཀྱི་འཇུག་པ་མི་ཉམས་པའི་བྱིན་རླབས་ཀྱི་ནུས་མཐུར་མངོན། སྐྱབས་མགོན་མཆོག་དག་པའི་ཞིང་དུ་དགོངས་པ་གཏད་པའི་ཉིན་དེར། གསང་སྔགས་སྨིན་རྒྱས་གླིང་གི་རྟེན་གཙོ་ཐུབ་དབང་གི་སྨན་སྐུ་ཞིག་ཡོད་པ་རྐྱེན་གང་ཡང་མེད་པར་ཐང་དུ་ཟག་སྟེ་དབུ་ལྷུང་བ་དང༌། ལོ་དེར་གདན་ས་ནས་རྐྱེན་གཞན་མེད་པར་ཚོགས་འཚོགས་སྐབས་གྲྭ་པ་ཕལ་ཆེར་ཞྭ་མོ་མི་གྱོན་པར་ནང་དུ་འགྲོ་རྒྱུའི་མིག་ལྟོས་ངན་པའི་ཤན་ཞིག་ཞུགས་ཤིང༌། དུང་མཁན་གཉིས་ཀྱང་ཡང་ཡང་རྗེས་སུ་ལུས་ཏེ་དུང་ཁེར་འབུད་ཤིན་ཏུ་ལན་མང་པོར་བྱུང་བ་སོགས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བདག་པོས་ཡོངས་སུ་བོར་ཏེ། འགྲོ་བ་རྣམས་མགོན་མེད་སྐྱབས་མེད་དུ་ལུས་ཤིང༌། ཆོས་ཀྱི་དུང་ཡ་བྲལ་དུ་འགྲོ་བའི་མཚན་མ་ངན་པར་སྣང༌། བཅུ་གཅིག་པའི་ཚེས་གཅིག་ནས་བཟུང་རྒྱལ་མཁན་པོ་དང༌། ཁྲི་ཟུར་བསོད་ནམས་དབང་རྒྱལ་སོགས་གདན་སའི་བླ་མ་གདན་ཟུར་ཁ་ཤས་རིམ་པར་འབྱོར་ཏེ། ཆོག་གྲྭ་གསུམ་གྱི་རྒྱུན་སྟར་ཆགས་སུ་བཙུགས་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་བྱས་ཏེ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མངོན་པར་མཆོད་ཅིང་ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་རྗེས་སུ་འཛིན་པའི་སྨོན་ལམ་གྱིས་མཚམས་སྦྱོར་སོགས་ལ་འབད་པ་ཆིག་དྲིལ་དུ་བྱས། བྱ་ཁྱུང་སོགས་ཉེ་འཁོར་གྱི་དགོན་ཆེ་ཕྲ་མཐའ་དག་དང༌། གྲོང་སྡེ་ཀུན་ནས་གདུང་མཇལ་བ་སྟོང་ཕྲག་དུ་མ་ཉིན་རེ་བཞིན་འདུས་ཏེ་གདུང་དབྱངས་ཀྱིས་གསོལ་བ་འདེབས་པ་དང༌། དངོས་འབྱོར་གྱི་མཆོད་སྤྲིན་བསྟར་བས་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སྒྲུབ་པའི་སྐལ་བ་ཅན་དུ་གྱུར། སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེ་ཡང་གདན་འདྲེན་གྱི་མི་སྣ་འབྱོར་མ་ཐག་འགྱོགས་ཤད་ཀྱིས་བྱོན་ཏེ་ཚེས་དྲུག་ལ་ཀ་མདོར་ཕྱག་ཕེབས། དགོན་པའི་འདབས་སུ་ཕེབས་བྱམས་ནས་བབས་ཏེ། ནང་དུ་ཕེབས་ནས་བརྐྱང་ཕྱག་ལན་གསུམ་གྱི་མཐར་ཕྱག་ཐལ་མོ་སྦྱར་ཏེ་སྤྱན་ཆབ་བསིལ་བཞིན་དུ་མཆོག་སྤྲུལ་མྱུར་བྱོན་གསུངས་ཤིང་ཐུགས་སྨོན་ནན་ཏན་མཛད། ཐམས་ཅད་ཀྱིས་ས་ཆ་ངན་པ་འདི་འདྲ་ཞིག་ཏུ་ཞིང་བརྗེས་སོང་ཞེས་ལྷག་ཏུ་མྱ་ངན་བྱས་པར་ཐུའུ་བཀྭན་རིན་པོ་ཆེ་ནས། ས་ཆ་འདི་ལྟ་བུ་ཞིག་ཏུ་མཛད་པའི་ཐ་མ་བསྟན་པ་ནི། བདག་ཅག་གི་སྟོན་པ་གྲོང་ཁྱེར་རྩྭ་ཅན་དུ་གཤེགས་པ་དང་ཆོས་མཚུངས་པས་ཤིན་ཏུ་ཡ་མཚན་པའི་གནས་ཡིན། དེར་མ་ཟད་སྔ་སོར་ས་འདིར་དགོན་པའི་གཞི་གསར་དུ་འདིང་སྐབས་ངེད་ཀྱིས་ས་ཆ་ངན་པ་འདིར་དེ་འདྲ་གནང་ནས་ཅི་བྱེད་ཞུས་པ་ལ། འདི་ས་ཤིན་ཏུ་བཟང༌། ང་ཡང་རྗེས་སོར་འདི་ནས་གཏན་སྡོད་ཅིག་བྱེད་བསམ་པ་ཡོད་གསུངས་པས་དེ་དུས་ན་ཐུགས་དགོངས་འདི་ཡོད་པར་སྣང་གསུངས། དེའི་ཕྱི་ཉིན་དངུལ་སྲང་བཞི་བརྒྱ། གོས་ཆེན། སྣམ་བུ། རས་ཟམ་སོགས་གདུང་འབུལ་གཏོས་ཆེ་བ་བསྟར་ཞིང༌།

              སྐུ་འབུམ་དགོན་ལུང་སོ་སོའི་བླ་གྲྭ་མང་དུ་འབྱོར་པ་རྣམས་ཀྱིས་ཀྱང་སྤྱི་སྒེར་སོ་སོས་གདུང་འབུལ་རིམ་པས་ཞུས། ཐུའུ་བཀྭན་རིན་པོ་ཆེ་ནས་སྐུ་གདུང་ཡིད་བཞིན་གྱི་ནོར་བུར། སྲི་ཞུ་བགྱིད་ཚུལ་རྡོར་སེམས་ཀྱི་ཆོ་ག་དང་འབྲེལ་བ་གསར་རྩོམ་གནང་བའི་སྟེང་ནས་ཁྲུས་དང༌། གནས་ཡིག་གདགས་པ་སོགས་སྔོན་དུ་འགྲོ་བས་བདག་མདུན་བུམ་ཆོག་པུར་བཟླས་མཆོག་ཁྲུས་ཏིང་ངེ་འཛིན་གྱི་དབང་བཞི་ལེན་པ་སོགས་ཟག་པ་མེད་པའི་ཐུགས་ཀྱི་དགོངས་པ་རྫོགས་པའི་ཐབས་ཀྱི་རིམ་པ་མདོ་རྒྱུད་དམ་པའི་མན་ངག་བཞིན་ཕྱག་བཞེས་སུ་བསྟར། དེར་འཁོད་ཀྱི་བླ་གྲྭ་སྤྱི་ནས་མཆོག་སྤྲུལ་མྱུར་འབྱོན་གྱི་བཀའ་རྩོམ་ཞུས་པར། དེ་རིང་ངེད་ཀྱི་ཡང་སྐྱེས་སྐར་ཡིན་པས་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་ཡིན་གསུངས་ནས་དགྱེས་ཚོར་དང་བཅས་འཕྲལ་དུ་གནང༌། དེར་སྐུ་འབུམ་ནས་འོངས་པའི་གྲོ་ཚང་སྤྲུལ་སྐུ་སོགས་ཀྱིས་སྐྱབས་མགོན་ཐུགས་རྗེ་ཅན་འདི་ཉིད་སྤྱིར་མདོ་སྨད་ཀྱི་དགོན་ཆེན་ཐམས་ཅད་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང༌། སྐུ་འབུམ་གྱི་གདན་ས་འདི་ལ་ལྷག་པར་ཡང་བཀའ་དྲིན་ཆེ། རྗེ་རང་གི་ཞལ་ནས་ཀྱང༌། ངེད་ལ་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་གཉིས་འདུག་སའི་མིང་ཙམ་མ་གཏོགས་ཁྱད་མེད་གསུངས། ལྷག་པར་ད་ལོ་ཡང་ཆེད་གཉེར་གྱིས་ཕེབས་ནས་ཆོས་ཀྱི་འཁོར་ལོ་དེ་ཙམ་བསྐོར་བ་དེ་གསུང་གི་བདུད་རྩིའི་ཐ་མ་སྒོ་སྐྱེལ་གནང་བ་ཡིན་འདུག །རྗེས་སོར་ཐམས་ཅད་ཀྱིས་ཡུན་རིང་བཞུགས་དགོས་ཞུས་པ་ལ་ངེད་མྱུར་དུ་སླེབ་ཡོང་གསུངས་པ་ཡང་སྐུ་གདུང་ལ་དགོངས་པར་སྣང་བས་གང་ཐད་ནས་སྐུ་གདུང་རིན་པོ་ཆེ་སྐུ་འབུམ་དུ་གདན་འདྲེན་བྱེད་དགོས་ཟེར། བྱ་ཁྱུང་བ་རྣམས་ངེད་ཅག་གི་བླ་མ་མཛད་བཞིན་པའི་སྟེང་ནས་དག་ཞིང་དུ་ཕེབས་པས་སྐུ་གདུང་བྱ་ཁྱུང་དུ་སྤྱན་འདྲེན་དགོས་ཟེར། ཀ་མདོ་པ་རྣམས་ངེད་ས་ངན་འབྱོར་པ་ཆུང་ཡང་སྐྱབས་མགོན་རང་གི་ཐུགས་རྗེས་བཟུང་བ་ཡིན་པས་སྐུ་གདུང་འདི་ཀ་ན་བཞུགས་དགོས་ཟེར། གདན་ས་ནས་འོངས་པ་རྣམས་ཀྱིས་གྲྭ་མང་ནས་བཟུང་ཐམས་ཅད་ཀྱིས་སྐུའི་ཐ་མ་མཐོང་རྒྱུ་མ་བྱུང་བས་མྱ་ངན་གྱིས་ནོན་ཡོད་པའི་སྟེང་དུ་སྐུ་གདུང་སྤྱན་མ་དྲངས་ན་སེམས་ཀྱིས་བཟོད་ལུགས་མེད་པས་གདན་སར་ཕེབས་དགོས་ཟེར། སྣང་ར་བ་རྣམས་ཀྱིས་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་ཞུ་ན་མ་གཏོགས་སྣང་རར་འོས་ཚུལ་སོགས་འཐེན་འཁྱེར་མང་ཙམ་བྱུང་ནས་མཐར་ཐམས་ཅད་ཀྱིས་ཐུའུ་བཀྭན་རིན་པོ་ཆེ་ནས་ལྗགས་བཀོད་གང་གནང་ལྟར་ཡིན་ཞུས་པས། སྔོན་མཉམ་མེད་ཐུབ་པའི་དབང་པོའི་སྐུ་གདུང་གི་དོན་དུ། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་དང༌། མ་གྷ་དྷ་པ། ཡངས་པ་ཅན་པ། སྒྲ་སྒྲོགས་པ་སོགས་རྩོད་པ་བྱུང་བའི་ཚེ་བྲམ་ཟེ་བྲེ་བོ་དང་མཉམ་པས་འདུམ་པར་བྱས་པ་བཞིན། ཐབས་མཁས་ཀྱི་སྒོ་ནས་གཞན་རྣམས་ལ་བབས་འོས་ཀྱི་རྟེན་སྐལ་རེ་བྱིན་ནས་སྐུ་གདུང་རིན་པོ་ཆེ་གདན་སར་སྤྱན་འདྲེན་རྒྱུའི་བཀོད་ཁྱབ་མཛད། བརྒྱད་ཀྱི་ཉིན་ཐུའུ་བཀྭན་རིན་པོ་ཆེར། མཎྜལ་སྐུ་གསུང་ཐུགས་རྟེན། ན་བཟའ་ཆ་ཚང༌། དངུལ་སྲང་བདུན་བརྒྱ། རྟ་ནོར་དགུ་བཅུ། གོས་ཕྲུག་ཧ་སག་སོགས་རྣམ་གྲངས་ཆིག་སྟོང་དང་བརྒྱ་ལྷག་ཙམ་གྱི་དངོས་འབུལ་བཏེག །ཚེས་དགུ་ལ་སྐུ་གདུང་རིན་པོ་ཆེ་བཞུགས་ཡུལ་གྱི་ཕེབས་བྱམས་དང་མཆོད་རྫས་སོགས་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་གདན་སར་ཆིབས་བསྒྱུར་ཞིང༌། སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེ་ཡང་གདུང་སྐྱེལ་དང་སྦྲགས་ཏེ་ལྷན་དུ་ཕེབས། ཟི་ལིང་ཨམ་བན་ནས་ཀྱང་སྐུ་གདུང་རིན་པོ་ཆེར་རྒྱ་ལུགས་ཀྱི་མཆོད་འབུལ་དང༌། གདུང་སྐྱེལ། ཕྱག་མཛོད་ཆོས་རྗེ་སོགས་ལ་སེམས་གསོ་བཅས་ཀྱི་ཆེད་དུ་སྐུ་ཚབ་ཆེད་གཏོང་གནང༌། ལམ་ནས་གཅུ་འཁོར། ཉི་མ་ལུང༌། བྲག་དཀར་སོགས་དགོན་གྲོང་མཐའ་དག་ནས་བསྙེན་བཀུར་ཕུལ་དུ་ཕྱིན་པ་བསྒྲུབས། གདན་ས་ནས་སྡེ་ཁྲི་སྤྲུལ་བའི་སྐུ། ཁྲི་རིན་པོ་ཆེ་འཇིགས་མེད་རིགས་པའི་སེངྒེ། ཁྲི་ཆེན་ནམ་མཁའ་བཟང་སྤྲུལ་བའི་སྐུ་རྣམས་ཀྱིས་གཙོས་བསུ་བ་ཉིན་སྔ་ཕྱིར་འབྱོར། བཅུ་གསུམ་གྱི་ཉིན་དགོན་ལག་དུ་མ་དང༌། བསང་གི་ལྷ་སྡེ་བཅས་རྟ་བསུ་བ་ཆེས་མང་བ་དང༌། དགེ་འདུན་མང་གི་སེར་སྦྲེང་བཅས་གདན་སར་བབས། འདུ་ཁང་གྲྭ་ཁང་ཐམས་ཅད་ཀྱི་སྟེང་དུ་མཆོད་རྫས་དུ་མ་བཀྲམ་ཞིང༌། འབུད་དཀྲོལ་གྱི་རོལ་མོ་སྣ་ཚོགས་པ་དང༌། དགེ་འདུན་མང་ནས་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་གདངས་དབྱངས་དང་འུར་འདོན་གྱིས་གསུངས་ཤིང༌། གྲོང་པའི་སྐྱེ་བོ་ཐམས་ཅད་ཀྱང་སྨྲེ་སྔགས་ཀྱིས་གསོལ་བ་འདེབས་པས་ལུང་པ་ཁོལ་བ་ཙམ་བྱུང༌།

                  དེ་ནས་བཟུང་བདེ་གསང་འཇིགས་གསུམ། དུས་འཁོར། ཀུན་རིག་སོགས་དཀྱིལ་འཁོར་ཆེན་པོ་དུ་མའི་ཞལ་ཕྱེ་སྟེ། རྗེ་བླ་མ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་སོ་སོའི་གཙོ་བོ་དང་ཐ་མི་དད་དུ་བསྒྲུབ་པ་ལ་རབ་འབྱམས་མཆོད་པའི་སྤྲིན་གྱི་ཕུང་པོ་ཡོངས་སུ་གཏིབས་ཏེ། ཐུགས་རྗེ་བསྐུལ་བའི་གདུང་དབྱངས་ཀྱི་འབྲུག་སྒྲ་རྒྱུན་ཆད་མེད་པར་བསྒྲགས། ཉིན་རེ་བཞིན་གཟིམས་ཆུང་གི་ཕྱི་ནང་ཀུན་ཏུ་མར་མེ་སྟོང་ཕྲག་དུ་མ། ལྷ་བཤོས་ཆེ་བ་བདུན་རེ་དང་ཆུང་བ་བརྒྱ་ཕྲག་མང་པོ། དྲི་བཟང་གིས་བསྒོས་པའི་ཡོན་ཆབ་དང༌། སྤོས་རིང་མེ་ཏོག་སོགས་མཆོད་པའི་རྫས་ཀྱིས་གོ་མཚམས་མེད་པར་གཏམས་པས། ཉིན་མཚན་ངོ་མི་ཤེས་པ་ལྟ་བུ་ཟླ་བ་མང་པོའི་བར་དུ་བྱུང༌། ཁྲི་རིན་པོ་ཆེ་ནས་ལྗགས་བཀོད་གནང་བ་ལྟར་དགོངས་ཞག་གྲུབ་ཀྱི་བར་ཚོགས་ནས་འཇིགས་བྱེད་ལྷ་བཅུ་གསུམ་མ་དང༌། འཇུག་པ་ཆག་མེད་དུ་གསུངས་ཤིང༌། གྲྭ་ཚང་ཕན་ཚུན་རེ་མོས་ཀྱིས་གཟིམས་ཆུང་རྭ་བར་ཕེབས་ཏེ། རྒྱན་འཇུག །རྒྱུད་གཞུང༌། འཇམ་དཔལ་མཚན་བརྗོད་རྣམས་དང་མཇུག་ཏུ་མཆོག་སྤྲུལ་མྱུར་འབྱོན་སོགས་གསུངས་ཏེ་ཐུགས་རྗེ་བསྐུལ། གཞན་ཡང་སེམས་བསྐྱེད་མཆོད་པ་བྱེད་པ། སྨྱུང་གནས་སྲུང་བ། ལམ་རིམ་ཆུང་བ། དགོངས་པ་རབ་གསལ། དབུ་མ་ལུང་རིགས་སྒྲོན་མེ་སོགས་ཀྱི་རྒྱུགས་འབུལ་བ། ལམ་རིམ་དང༌། ཕྱག་ཆེན་གྱི་ཁྲིད་དམིགས་ལྟ་བུའི་དགེ་སྦྱོར་ཆག་མེད་ཀྱི་དམ་བཅའ་བྱེད་པ་སོགས་དམ་པའི་དགོངས་པ་ལྟར་གྱི་མཆོད་པའི་ལས་ལ་བརྩོན་པ་མང་དུ་བྱུང༌། མདོ་སྨད་ཀྱི་བླ་མ་ཆེ་ཆུང་ཐམས་ཅད་ལ་འབུལ་བ་དང༌། འདི་ཀའི་དགོན་མ་ལག་ཐམས་ཅད། གཞན་ཡང་སྐུ་འབུམ། དགོན་ལུང༌། བྱ་ཁྱུང༌། གསེར་ཁོག །ཆུ་བཟང༌། བདེ་ཆེན་སོགས་དགོན་ཆེ་ཕྲ་བརྒྱད་ཅུ་སྐོར་ལ་མང་འགྱེད་བཅས་བསྡོམས་པར། དངུལ་རྐྱང་སྲང་བདུན་སྟོང་བཞི་བརྒྱ་སྐོར། གོས་ཆེ་ཆུང་སུམ་བརྒྱ་དང་ཉེར་བརྒྱད། ཧ་སག་དང་ཕྲུག་ཉིས་བརྒྱ་ང་བདུན། རས་ཏཱ་ཆེན་སྟོང་དང་ལྔ་བརྒྱ་ལྷག །གཅན་གཟན་གྱི་པགས་རིགས་ལྔ་བཅུ་སྐོར། དུང་ཚེ་ཁྲོན་སྟོང་དང་དྲུག་བརྒྱ། ཇ་ལན་འདུས་བརྒྱ་ལྷག །མར་ཁལ་སྟོང་དང་དགུ་བརྒྱ། རྟ་ཆེ་ཆུང་བདུན་བརྒྱ་བརྒྱད་ཅུ། ནོར་བཞི་བརྒྱ་ཉི་ཤུ། ལུག་སུམ་སྟོང་ལྔ་བརྒྱ། མཆོད་ཆ་དང་གོ་ལག་གི་རིགས་ཆེས་མང་བ་སོགས། གོང་གསལ་དངུལ་རྐྱང་མ་གཏོགས་པའི་དངོས་པོ་གང་སོང་བསྡོམས་པ་རགས་རྩིས་ཀྱི་སྲང་ཆིག་ཁྲི་ལྔ་སྟོང་སུམ་བརྒྱ་དྲུག་ཅུ་སྐོར་སོང་ཞིང༌། དབུས་སུ་ཡང་མི་སྣ་ཆེན་མངགས་ཀྱི་གདོང༌། དངུལ་རྐྱང་སྲང་ཆིག་ཁྲི་བདུན་སྟོང༌། བཟང་གོས་ཉིས་བརྒྱ་སྐོར། མཛོད་བཏགས་བཞི་བརྒྱ་སོགས་དངོས་པོ་སྣ་ཚོགས་དང་བཅས་པས། རྒྱལ་བ་ཡབ་སྲས་ཀྱིས་གཙོས་སྐྱེས་ཆེན་དམ་པ་མཐའ་དག་ལ་བསྔོ་རྟེན། སེར་འབྲས་དགེ་གསུམ། བཀྲ་ཤིས་ལྷུན་པོ་རྣམས་ཀྱིས་ཐོག་དྲངས་གཙང་དབུས་ཀྱི་དགོན་ཁག་དུ་མར་མང་འགྱེད་བཅས་དགོངས་རྫོགས་གཏོས་ཆེ་བ་བསྒྲུབས། ཆུ་བྱིའི་ལོར་ཟླ་མཆོད་ནམ་ཡིན་གྱི་ཚེ་གྲྭ་ཚང་ཡོངས་རྫོགས་ཕེབས་ནས་ཁྲུས་གསོལ་དང་སྨོན་ལམ་རྣམ་ལྔ། མཆོག་སྤྲུལ་མྱུར་འབྱོན་སོགས་གསུངས་ཤིང༌།

               རྒྱུན་པར་ཡང་འཛིན་གྲྭ་སོ་སོ། ཕྱོགས་ཀྱི་གདུང་འབུལ་བྱེད་མི་སོགས་མཆོད་པ་འབུལ་མཁན་རྒྱུན་མ་ཆད་པ་བྱུང༌། ཁྲུས་དང༌། དྲི་བཟང་གི་བྱུགས་པ། ག་བུར་སོགས་འབུལ་རྒྱུ། རྒྱུན་པར་སྤུར་ཚྭའི་ནང་དུ་བཞུགས་ཏེ་བདུན་ཕྲག་རེ་ཙམ་ནས་ཚྭ་བརྗེ་རྒྱུ་སོགས་གང་ཅིའི་ཞབས་འདེགས་གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས་སོགས་ཀྱིས་བསྒྲུབས་པས་ཅུང་ཟད་ཀྱང་མ་ཉམས་པ་ཕྱོགས་འདིར་སྐུ་གདུང་རིལ་པོར་བཞུགས་པའི་ཁུར་བླངས་པ་ཀུན་ལས་ངོས་གཙང་བའི་དཔེར་གྱུར། དུས་བཟང་ཕལ་ཆེར་ལ་མདུན་དུ་བདག་འཇུག་བླངས་པ་དང༌། སེམས་བསྐྱེད་མཆོད་པ་བྱས་པའི་ཚེ་གཟིམས་ཆུང་ནང་ཀུན་དྲི་བཟང་པོའི་ངད་ཀྱིས་ཁྱབ་ཅིང༌། དཔྲལ་མགྲིན་ཐུགས་ཀ་སོགས་དང༌། ཕྱག་མཉམ་གཞག་མཛད་པའི་མཐིལ་སོགས་ལས་ཀྱང་བདུད་རྩིའི་རྒྱུན་ཟིལ་པ་ཁྲོམ་མེ་བ་ཡང་ཡང་བབས། དེའི་དབྱར་ཐོག་ནས་ལས་མགོ་བརྩམས་ཏེ། སྔར་གྱི་བྱམས་ཆེན་བཞེངས་པའི་བཟོ་བོ་གཅིག་གིས་གཙོས་བཟོ་བོ་ཁ་ཤས་ཀྱིས་དངུལ་དཀར་སྲང་སུམ་སྟོང་ལྷག་ཙམ་ལ་བྱང་ཆུབ་མཆོད་རྟེན་ཐོག་གཉིས་ཀྱི་ཚད། བཟོ་དང་ཕྲ་རྒྱན་སོགས་ཤིན་ཏུ་འགངས་ཆེ་བ། སྒོ་ཁྱིམ་དང༌། ཚིགས་རྒྱན་སེང་གེ་སོགས་ལ་གསེར་ཚོས་བྱུགས་པས་རབ་ཏུ་མཛེས་ཤིང་ཆ་ཚད་དང་ལྡན་པར་བཞེངས་པ་གླང་གི་ལོའི་དཔྱིད་ཐོག་ལེགས་པར་གྲུབ་སྟེ་འདུ་ཁང་ཆེན་མོའི་ཕུག་གི་གཙང་ཁང་དུ་བཞག །གཉིས་པའི་ཡར་ཚེས་ལ་མཆོད་རོལ་དུ་མས་མདུན་བདར་ཏེ་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་སྤྱན་དྲངས་ནས་མཆོད་རྟེན་གྱི་སྙིང་པོར་ཟ་མ་ཏོག་ཏུ་བཞུགས་སུ་བཅུག །གཟིམས་ཆུང་ནས་སྐུ་གདུང་གདན་དྲངས་མ་ཐག་བཞུགས་གདན་གྱི་སྟེང་དུ་ཉི་འོད་ཕོག་ཅིང༌། འདུ་ཁང་ཕུར་གདན་དྲངས་མ་ཐག་རྒྱ་མཐོངས་ནས་ཉི་འོད་ཤར་བ་ཞལ་རས་ལ་ཁྲིགས་ཀྱིས་བབ་པ་སོགས་ནི་མཆོག་སྤྲུལ་ཉི་མ་གཞོན་ནུའི་འཛུམ་ཞལ་མྱུར་དུ་སྟོན་པའི་དགེ་མཚན་དུ་གསལ། དེ་ནས་ཟ་མ་ཏོག་གི་སྟེང་འོག་ཀུན་ཏུ་གཟུངས་དང༌། བྱིན་རྟེན་མཐའ་ཡས་པས་ཡོངས་སུ་གཏམས་ཏེ་གཟུངས་འབུལ་གྱི་ཕྱག་བཞེས་རྒྱལ་བའི་དགོངས་པ་དང་མཐུན་པར་བསྒྲུབས་པའི་ཞབས་འདེགས་མཛོ་དགེ་རི་ཁྲོད་པ་མཁས་གྲུབ་བསྟན་འཛིན་གྱིས་ཞུས། གསུམ་པའི་ཚེས་ལ་སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེ་གདན་དྲངས་ཏེ། དམ་པ་ཉིད་ནས་དབུ་མཛད། བླ་མ་གདན་ཟུར། དགེ་བཤེས། སྐད་གྲྭ་པ་སོགས་ཧྲག་བསྡུས་ལྔ་བཅུ་སྐོར་གྱིས་སྤྱན་དབྱེའི་ཆོ་ག་རྒྱས་པ། ཞི་རྒྱས་ཀྱི་སྦྱིན་སྲེག་གཉིས་དང་བཅས་ཕྱག་ལེན་ཞིབ་རྒྱས་སུ་གནང་སྟེ། འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་ས་བླ་ན་མ་མཆིས་པ། བྱིན་རླབས་ཟད་མི་ཤེས་པའི་དངོས་གྲུབ་ཀྱི་གཏེར་ཆེན་པོ། ས་གསུམ་ན་མཚུངས་ཟླ་མེད་པའི་སྲིད་ཞིའི་མཆོད་སྡོང་གཅིག་པུར་གྱུར་ཏོ། །
 

             སྨྲས་པ། སྲིད་ཞིའི་གདུང་སེལ་སྨྲ་བའི་ཟླ་བ་དེ། །ཉེར་ཞིའི་ཆུ་འཛིན་དབྱིངས་སུ་མནལ་གྱུར་ཀྱང༌། །ལུས་ཅན་ཡིད་མཚོར་དགེ་ལེགས་ཀུན་དའི་ཚལ། །རྒྱས་བྱེད་ནུས་པ་མི་ཉམས་ཨེ་མ་མཚར། །དེ་ཚེ་གཏོང་བ་ཡངས་པའི་རླབས་ཀྱི་ཕྲེང༌། །འབུམ་ཕྲག་སྤྲོ་ཞིང་སྡུད་པའི་རོལ་པ་ཡི། །ངོ་མཚར་མི་ཟད་གཏམ་དུ་གླེང་བས་ཀྱང༌། །བློ་ཆུང་ཁྲོན་པའི་རུས་སྦལ་སྙིང་རྩ་འགེམས། །རྩེ་གཅིག་མོས་པའི་བསམ་གཏན་ལ་གནས་ཤིང༌། །གསོལ་འདེབས་བཟླས་བརྗོད་ལྷུར་ལེན་དྲང་སྲོང་ཚོགས། །རྨད་བྱུང་དཀའ་ཐུབ་སྤྱོད་པས་ཚངས་པ་ཆེ། །དགྱེས་འཛུམ་འོད་ཀྱི་སྣང་བ་མྱུར་དུ་འཆར། །སྡེ་བཞིའི་དཔལ་དང་འབྱོར་པ་མ་ལུས་པའི། །བཀྲ་ཤིས་དགེ་མཚན་གཡས་སུ་འཁྱིལ་བའི་མཚོ། །བསྲུབས་སྐྱེས་སྲིད་ཞིའི་མཆོད་སྡོང་ལྷུན་པོ་ནི། །བྱིན་རླབས་ཟླ་འོད་འབུམ་གྱི་རྩེ་དགའ་འཛིན། །ཐོག་མ་བར་དང་མཐར་དགེ་བ། །དམ་པ་རྣམས་ཀྱི་མཛད་པ་ནི། །ནམ་ཡང་འགྲོ་བའི་གསོས་སྨན་ཏེ། །རིན་ཆེན་བྱང་ཆུབ་སེམས་ཀྱི་མཐུ། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་མཛད་པའི་ཐ་མ་དང་སྐུ་གདུང་ཇི་ལྟར་བསྒྲུབ་པའི་ཚུལ་གྱི་སརྒ་སྟེ་བཅུ་གཉིས་པའོ།། །།
 

              འཁྲིལ་ལྡེམ་ཡིད་འོང་ཤེལ་གྱི་ལྕུག་ཕྲན་རྩེར། །དྲི་བྲལ་ཟླ་བའི་མེ་ལོང་རྒྱས་པའི་ཞལ། །ཨུཏྤལ་མཐིང་གའི་མིག་ཡངས་གཡོ་བ་ཅན། །ཚངས་པའི་བུ་མོ་སྙིང་གི་ཐིག་ལེར་མཛོད། །དེ་ནས་མཆོག་སྤྲུལ་མྱུར་འབྱོན་གྱི་དོན་ལ་མདོ་དབུས་ཀུན་ཏུ་ལྷ་དང་བླ་མས་ལུང་ཕེབས་ཀྱི་རིམ་གྲོ་མཐའ་དག་མ་ལུས་པར་བསྒྲུབས། དེ་སྐབས་ཀློང་རྡོལ་གྲུབ་དབང་རིན་པོ་ཆེ་ནས། སྤྲུལ་སྐུའི་དོན་ཐམས་ཅད་ལ་ལུང་ཞུས་སོགས་བྱས་ཏེ་སྐུ་རིམ་སྒྲུབ་པ་གལ་ཆེ། འོན་ཀྱང་དངོས་གཞི་ཇོ་བོ་རིན་པོ་ཆེ་ལྟ་བུ་ཞིག་གི་མདུན་ནས་བརྟག་སྒྲིལ་གྱིས་ཐག་གཅོད་དགོས་པ་ཡོང༌། སྔར་ཀུན་གཟིགས་ལྔ་པ་ཡང་དེ་ལྟར་བྱས་པ་ཡིན་པས་བསླུ་བ་ཞིག་མི་ཡོང་གསུངས་ཤིང༌། མ་འགྱངས་པར་འཇམ་དབྱངས་གོང་མ་ཆེན་པོ་ནས། སྤྲུལ་སྐུའི་སྐོར་ཇོ་བོའི་མདུན་དུ་གསེར་གྱི་བུམ་པའི་ནང་ནས་བརྟག་སྒྲིལ་གྱིས་ཐག་གཅོད་དགོས་ཞེས་གསེར་གྱི་བཀའ་བབས་པས་སྔར་གྱི་བླ་མའི་གསུང་ལ་ཡིད་ཆེས་རྙེད། དེ་ནས་ཕྱོགས་འདིར་སྤྲུལ་སྐུའི་དོགས་གནས་མང་ཙམ་བྱུང་བ་སོ་སོར་ངོས་འཛིན་སོགས་ཞིབ་དཔྱོད་བྱས་པར་གཉིས་ངོ་མཐོ་བ་བྱུང༌། དེའི་གནས་ཚུལ་ཨམ་བན་ལ་ཞུས་པས། ར་ངན་གྱི་དེ། རོང་པོའི་འདི། སྣང་རའི་གཅིག་བཅས་གོང་དུ་ཡི་གེ་འཛིན་རྒྱུ་ཡིན་ཟེར་བྱུང་བས། ངོས་ཅག་རྣམས་ནས་སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེར། འདི་གསུམ་ལ་བརྟག་སྒྲིལ་བྱས་ནས་གཅིག་འབབ་པ་གཞིར་བཅས་ཀྱང༌། དོན་རྩ་མ་འཕྱུགས་པ་ཞིག་གལ་ཆེ་བས་ད་དུང་ཕྱོགས་གཞན་དང༌། ཅུང་ཟད་ངང་བསྲིངས་ནས་སླད་ཀྱང་དེ་རིགས་འབྱུང་མིན་གྱི་ཨང་ཉན་རེ་བྱེད་ཨེ་དགོས་ནན་གྱིས་ཞུས་པར། སྐུ་ཞབས་ཉིད་ནས་ཀྱང་སྐྱབས་མགོན་མཆོག་གི་ན་བཟའ་སོགས་གདན་དྲངས་ཏེ་ཕུར་ཚུགས་གསོལ་འདེབས་ཀྱི་སྒོ་ནས་ཐུགས་དམ་བརྟག་པ་གནང་བའི་མནལ་ལམ་དུ། མི་འགའ་ཞིག་གིས། གོང་མའི་མདུན་ན་མདའ་འཕེན་བྱེད་ཀྱིན་འདུག་པའི་གཉིས་པ་དེས་འཕོག་པ་བྱུང་བས་འདི་གསུམ་གྱིས་འགྲིག་པ་འདྲ་གསུངས། དེ་ནས་གོང་དུ་གྲེའུ་ཙེ་བཟུང་བའི་ལན་དུ་ཐག་གཅོད་རྒྱུར་དབུས་སུ་འགྲོ་དགོས་ཀྱི་བཀའ་ཕེབས་ཏེ། རྒྱུད་པ་སློབ་ཟུར་དབལ་མང་ཞབས་དྲུང༌། མགྲོན་གཉེར་ཤེས་རབ་རྒྱ་མཚོ་བཅས་ཆེད་གཏད་ཀྱིས་དབུས་སུ་སོང༌། དེ་ཀར་ཡོད་པ་རྗེ་གོང་མའི་སྐུ་ཚ་དཔོན་པོ་སེང་གེ་དང་བཅས་ཁོང་རྣམས་ནས་ཐིག་ལེ་བཅུ་དྲུག་གི་ཆོ་ག་སོགས་ལྷ་བླ་མ་སོ་སོའི་ལུང་ཕེབས་ཀྱི་རིམ་གྲོ་རྣམས་ལེགས་པར་ཚགས་སུ་ཚུད་པ་སྔོན་དུ་བཏང་ནས། མེ་སྤྲུལ་ཟླ་བ་བརྒྱད་པའི་ཚེས་གཅིག་ལ་ཇོ་བོ་ལོ་ཀི་ཤྭ་རའི་མདུན་དུ། རྒྱལ་དབང་ཐམས་ཅད་མཁྱེན་པ། རྟ་ཚག་རྗེ་དྲུང་རིན་པོ་ཆེ། དེ་མོ་ནོ་མོན་ཧན། རྭ་སྒྲེང་ནོ་མོན་ཧན་སོགས་བླ་མ་སྤྲུལ་སྐུ་ཆེ་ཁག །ལྷ་སའི་ཨམ་བན་གཉིས་བཅས་འཚོགས་ཏེ། ཐུགས་དམ་ཞལ་འདོན་རྒྱུན་རིང་ནན་ཏན་དུ་གནང་བའི་མཐར་མཚན་བྱང་བསྒྱུར་བས་ཨང་གཉིས་པ་རོང་པོའི་ཕྱོགས་སུ་འཁྲུངས་པའི་མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་ཀྱི་མཚན་བྱང་ཐོན། མི་སྣ་རྣམས་སྒོར་ཕྱིན་པ་དང༌།

             འབྲས་སྤུངས་ཚོགས་ཡོངས་དབྱར་གྱི་ལྗོངས་རྒྱུའི་མཇལ་ཁར་ཕེབས་པ་དང་དུས་ཐུག་པས་བླ་མ་བདུན་སོགས་ནས་དགའ་དར་འཐེན་པས་རྟེན་འབྲེལ་ལེགས་ཚོགས་ཤིན་ཏུ་ཆེ་བ་བྱུང༌། དེ་མཚུངས་ཆོས་སྐྱོང་ཁག་གི་ལུང་བསྟན་དང༌། ལྷ་སའི་ཇོ་བོ་རང་བྱོན་ལྔ་ལྡན་སོགས་ཀྱི་མདུན་དུ་ཟན་བསྒྱུར་བ་ཐམས་ཅད་ཀྱང་མཐུན་པར་གཉིས་པ་འདི་ལ་བབས་པས། མཆོག་དམན་ཀུན་གྱིས་དཀོན་མཆོག་མི་བསླུ་བའི་བདེན་པ་ནི་འདི་ལྟ་བུའོ་སྙམ་དུ་གཏིང་ནས་ཡིད་ཆེས་ཀྱི་ངེས་པ་འདྲོངས། དེར་མ་ཟད་ཀུན་མཁྱེན་གོང་མ་ཞིང་བརྗེས་མ་ཐག་གི་ཚེ་བླ་བྲང་གི་མགོན་ཁྱི་བོར་བ་འཁྲུངས་ཡུལ་གྱི་སྡེ་འདིའི་མཐར་སོང་ཞིང༌། མགོན་རྟ་ཞིག་རི་ལ་ཤོར་ནས་ལོ་ངོ་བཞི་ཙམ་དུ་མི་ལ་མ་འཁོར་བ་ཡང་དེའི་ཉེ་འཁོར་དུ་འོང་བ། གཅིག་གིས་བཟུང་ནས་མཆོག་སྤྲུལ་རིན་པོ་ཆེར་ཕུལ་བ་སོགས་ཀྱང༌། ཆོས་སྐྱོང་ཕྱི་བཞིན་འབྲང་བའི་མཚན་མར་མངོན། དེ་ནས་ཐག་བཅད་པའི་གནས་ཚུལ་ལྷ་སའི་ཨམ་བན་གྱིས་རྟ་ཟམ་སྟེང་ནས་གོང་དུ་ཞུས་པའི་ཕྱིར་ཕེབས་ཀྱི་ལན། ལྷ་སར་དགུན་འབྲིང་པོའི་ཚེས་གཅིག་ལ་བབས་ཤིང༌། གདན་སར་ཟི་ལིང་བརྒྱུད་དེ་ཟླ་བ་དེའི་བཅོ་ལྔའི་ཉིན་འབྱོར། མཆོག་སྤྲུལ་གྱི་དོན་སྐོར་འདི་དག་ལ་གོང་མ་བདག་པོ་ཆེན་པོས་རྟ་ཟམ་གྱི་སྟེང་ནས་མདོ་དབུས་ཀུན་ཏུ་གསེར་ཡིག་ལན་མང་པོར་ཕེབས་པས་གཟིགས་པ་ཤིན་ཏུ་ཆེ་ཞིང༌། རྒྱལ་དབང་ཐམས་ཅད་མཁྱེན་པ་དང༌། པཎ་ཆེན་སྣང་བ་མཐའ་ཡས། རྟ་ཚག་རྗེ་དྲུང་རིན་པོ་ཆེ་སོགས་ནས་ཀྱང་ཐུགས་ཁུར་ཚད་མེད་པ་བཞེས་ཏེ་ཞིབ་གཅོད་སྔར་མ་གྲགས་པ་ལྟ་བུ་གནང༌། ཐག་གཅོད་མཚམས་ནས་གཟེངས་བསྟོད་ཀྱི་བཀའ་ཤོག་དང༌། ཞབས་བརྟན་གསོལ་འདེབས་སོགས་ལྗགས་རྩོམ་གནང་སྟེ་སྤྱན་བསྐྱང་བསམ་གྱིས་མི་ཁྱབ་པ་མཛད་པ་ཡང་སྐུ་འཕྲེང་སྔ་ཕྱིའི་ཐུགས་བསྐྱེད་དང་འཕྲིན་ལས་ཕུལ་དུ་བྱུང་བའི་དགེ་མཚན་དུ་མངོན། དེ་མ་ཐག་ནས་གང་ཅིའི་གྲ་སྒྲིགས་ལས་འཛིན་སོ་སོས་ཁུར་དུ་བླངས་ཏེ་ས་རྟའི་ཟླ་བ་དང་པོའི་ཡར་ཚེས་བཅུ་གཅིག་གི་ཉིན་རྒྱ་བོད་ཧོར་གསུམ་གྱི་བླ་དཔོན་ཆེ་དགུ་དུ་མས་ཐོག་དྲངས། བསུ་བ་སེར་སྦྲེང་ནམ་མཁའི་སྐར་ཚོགས་ལྟ་བུས་མདུན་བསུས་ཏེ་གདན་ས་ཆེན་པོར་མི་འཇིགས་ཆོས་ཀྱི་ཁྲི་ལ་ཞབས་སེན་ཉེ་བར་བཀོད་དེ་དགའ་སྟོན་རྒྱས་པར་བསྟར། ཀུན་མཁྱེན་གོང་མ་དག་ཞིང་དུ་དགོངས་པ་གཏད་མཚམས་ནས་དགོན་པའི་འཛིན་སྐྱོང་གི་ཁུར་ངེད་ཀྱི་སྟེང་དུ་ལྷུང་བ་ཡང༌། རང་ངོས་ནས་ནུས་པ་དམན་ཡང་རྗེ་བླ་མ་དེ་ཉིད་ལ་མི་ཕྱེད་དད་པས་གསོལ་བ་བཏབ་པ་ཁོ་ནའི་མཐུས་ཉམས་ཆགས་སུ་མ་གྱུར་པར་རྗེ་རང་གི་ཕྱག་ཏུ་འབྱོར་པས་འབད་པ་དོན་ལྡན་དུ་གྱུར། གཉིས་པའི་ཡར་ཚེས་ལ་དགེ་ལྡན་བསྟན་པའི་རྩ་ལག་མཚུངས་ཟླ་མ་མཆིས་པ་སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེ་གདན་དྲངས། ཁོང་གི་སྤྱན་སྔར་རབ་བྱུང་གི་སྡོམ་པ་བཞེས་པས་མཚན་བློ་བཟང་འཇིགས་མེད་ཐུབ་བསྟན་ཉི་མ་ཞེས་གསོལ་ཞིང༌། རྒྱལ་བའི་བསྟན་པའི་སྒོར་ཞུགས་ཏེ་གསན་སྦྱོང་སོགས་རྣམ་དཀར་གྱི་མཛད་པ་ཡར་ཚེས་ཀྱི་ཟླ་བ་ལྟར་གོང་དུ་འཕེལ་བཞིན་པ་འདི་ལགས་སོ། །
 

            སྨྲས་པ། ལེགས་བྱས་ཡོངས་ཀྱི་གོ་འབྱེད་ལྷ་ལམ་ངོས། །གསང་གསུམ་འོད་ཡངས་རླབས་ཀྱི་རོལ་པ་ཡིས། །ཐུབ་བསྟན་ཁོར་ཡུག་སྣང་བའི་ཉིན་མོར་བྱེད། །དཔག་ཡས་ངོ་མཚར་ཁྱུང་སྔོན་སྐྱེས་ཀྱིས་དྲངས། །ན་ཚོད་མ་རྫོགས་ཧ་རི་ཙན་དན་གྱི། །རྐང་འཐུང་གསར་པའི་བསུང་ཞིམ་དྲི་ཡིས་ཀྱང༌། །མཐའ་དག་ཕྱོགས་ཀྱི་འཁོར་ལོ་འགེངས་བྱེད་པ། །ཕལ་པའི་ནགས་ཚལ་ཡོངས་ཀྱིས་དོ་ཟླ་མིན། །མ་སྨད་གྲགས་པའི་སྒྲ་བརྒྱ་ལྡིར་བ་ཡིས། །ཐུགས་བསྐྱེད་སྤྲིན་སྔོན་གཡོ་བའི་གདེངས་ཀ་ལས། །དགེ་མཚན་སྦྲང་ཆར་མི་ཟད་འཇོ་བ་ལ། །རབ་དགའི་ཁུ་བྱུག་སྙན་པའི་གླུ་དབྱངས་སྒྲོགས། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་རྣམ་པར་ཐར་བ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས། སླར་ཡང་མཆོག་སྤྲུལ་ཉི་མ་གཞོན་ནུའི་འཛུམ་ཞལ་མངོན་དུ་གྱུར་པའི་སརྒ་སྟེ་བཅུ་གསུམ་པའོ།། །།
 

             སྨྲས་པ། རྣམ་དཀར་དགེ་བ་གློག་འོད་ཕྲེང་བས་མཐའ་དག་ཕྱོགས་རྣམས་སྣང་བྱེད་ཅིང༌། །གསང་གསུམ་སྤྲིན་སྔོན་རོལ་པའི་འབྲུག་སྒྲ་རྒྱུད་མར་སྒྲོགས་པའི་དགེ་མཚན་ནི། །དང་སེམས་སྨིན་མའི་འཁྲི་ཤིང་གཡོ་ལྡན་རྣམ་དཔྱོད་ཨུཏྤལ་མིག་ཡངས་མ། །ཀུན་བཟང་གཞོན་ནུའི་ལང་ཚོར་འཁྱུད་པས་དཔྱིད་ཀྱི་དགའ་བ་གསལ་བྱེད་ཡིན། །སྒྲ་དོན་རྒྱན་གྱི་འདབ་ཡངས་མཆུ་སྒྲོས་དམར། །ཟབ་དོན་ཟེའུ་འབྲུའི་ནུ་མ་མངོན་དགའ་བ། །མཛེས་མ་མེ་ཏོག་མཚོན་གྱིས་རེག་པ་ཡིས། །མཁས་ཀུན་མངོན་འདོད་གསར་པའི་བསླབ་པ་འཛིན། །འོན་ཀྱང་བློ་དམན་བློ་ཡི་ཁོར་ཡུག་ཁོངས་ལས་མི་འདའ་ཞིང༌། །བློ་ཆེན་ལྷ་དབང་གླིང་བཞིའི་དཀྱིལ་འཁོར་ཅིག་ཅར་མཐོང་ཕྱིར་ཡང༌། །ལེགས་བཤད་རྒྱ་མཚོར་འཁྱིལ་ལས་ངོ་མཚར་སྙིང་པོའི་རིན་ཆེན་ཁམས། །བསྡུས་ཏེ་གྱེན་འཐོར་སྤུངས་འདི་ཐུབ་བསྟན་འཛིན་མའི་མཛེས་རྒྱན་ཡིན། །མཁས་རློམ་གླང་པོ་བརྒྱ་ཡིས་བཟོད་དཀའ་བ། །མི་འཇིགས་སྤོབས་པ་རབ་རྒྱས་གདོང་ལྔའི་དབྱངས། །རྒྱལ་བསྟན་གངས་རིའི་དཔལ་དུ་བརྗིད་པའི་གཏམ། །རྒྱས་པར་མཛོད་ཅིག་རྒྱལ་ཡུམ་དབྱངས་ཅན་མ། །འཁྲུལ་བྲལ་རྒྱལ་བའི་བཀའ་དང་རྒྱ་ཆེན་གཞུང་ལུགས་གནམ་རུ་ཡི། །རྒྱུད་ལས་ཉེར་དྲངས་དམ་པའི་སྤྱོད་ཚུལ་དྲང་པོར་བསྲངས་པའི་ཉག་ཕྲན་ནི། །སྐལ་བཟང་དད་པའི་འབེམ་ལས་མི་འདའ་ངོ་མཚར་སྒྱུ་མའི་ཟློས་གར་གྱིས། །དཀྱུས་ཐོག་ཆོད་པའི་གཞོན་ནུ་གང་དེ་ཐུབ་བསྟན་དཔུང་གི་སྡེ་དཔོན་ཡིན། །འཇམ་དཔལ་རྡོ་རྗེ་ཟླ་བ་བདུད་རྩིའི་རྒྱུན། །བཏུང་བས་འཕེལ་བ་མི་ངོམས་རོ་ལྡན་མ། །གང་ཞིག་ལེགས་བཤད་གསར་པ་གསར་པའི་རླབས། །སྤྲོ་བས་བཀོད་པ་རྫོགས་པའི་མཐའ་ལས་གྲོལ། །སྐལ་བཟང་བསོད་ནམས་གསེར་གྱི་ཁང་ཆེན་དུ། །ཉམས་འགྱུར་རོ་ལྡན་ངོ་མཚར་མཛད་པའི་གཟུགས། །སྙན་དངགས་རི་མོའི་ལམ་ནས་མཚོན་པ་འདི། །མི་མཉམ་རྣམ་དཔྱོད་དབྱངས་ཅན་པིར་གྱིས་བྲིས། །ཆེར་སྙིགས་སྐྱོན་བརྒྱའི་ཚ་གདུང་གིས། །རྒྱལ་དབང་གྲགས་བསྟན་པད་མའི་རྫིང༌། །ལེགས་བཤད་ཆབ་དང་བྲལ་བ་ཡི། །ཟ་ཟིའི་སྨིག་རྒྱུར་ཆས་པ་ན། །རྨད་བྱུང་མཛད་པའི་གྲུ་ཆར་གྱིས། །ཡོངས་གང་བཤད་སྒྲུབ་རླབས་ཀྱི་ཕྲེང༌། །མཐའ་དག་ཕྱོགས་སུ་སྤྲོ་བ་ནི། །རྟོགས་བརྗོད་སྤྲིན་གྱི་སྙིང་པོ་ཡིན། །དེང་དུས་ཆེར་རློམ་སྙིང་པོའི་བཅུད་བྲལ་ཡང༌། །ལྟར་སྣང་མཛེས་པའི་མགྲིན་བཟང་འོ་མ་ནི། །རྨོངས་རྟུལ་འཁོར་སློབ་རེ་བས་ལན་མང་དུ། །བསྐུལ་ཚེ་སྤྱོད་ངན་དྲི་ཡིས་ཆགས་བྲལ་སྟེར། །བདག་ཉིད་ཆེན་པོའི་རང་བཞིན་ནི། །ཕུལ་བྱུང་རྣམ་དཔྱོད་རོ་འཛིན་གྱིས། །ཅི་ཙམ་མྱང་བཞིན་མངར་བ་ཡི། །བདུད་རྩི་གསར་པའི་ཐིགས་པ་ཉིད། །ལེགས་བཤད་མཁའ་འགྲོ་དཀར་པོའི་ཕྲེང་བ་ཅན། །ལོངས་སྤྱོད་འཁོར་ལོ་ཡངས་པའི་ཆུ་གཏེར་ལས། །ངོ་མཚར་བཅུ་དྲུག་ཆ་ཤས་རྫོགས་པའི་ཟླ། །སྲིད་ཞིའི་མུན་པ་སེལ་བའི་དཔྱིད་དུ་ཤར། །འབྲས་མེད་གཅམ་བུའི་སྙེ་མ་འཕང་མཐོའི་ཚལ། །ཆགས་སྡང་གཏམ་གྱི་དུག་ཚེར་འཛིང་བའི་ནགས། །མ་ཡིན་མཐོང་ཐོས་དྲན་པས་རྒུད་པ་ཀུན། །སེལ་བྱེད་སྨན་གྱི་ལྗོངས་འདི་བསྟེན་པར་བྱོས། །འདིར་འབད་དགེ་བའི་མཁའ་ལྡིང་དབང་པོ་ཚོགས་གཉིས་འདབ་ཡངས་སྲིད་ཞིའི་མཁའ་མཐའ་ཟ་བྱེད་ཅིང༌། །རྒྱ་ཆེན་ལྷག་བསམ་འབར་བའི་སྡང་མིག་འཁོར་བའི་ཆུ་གཏེར་ཁོང་ནས་འབྱིན་པའི་ལྟ་སྟངས་ཀྱིས། །དམིགས་མེད་དབྱིངས་ནས་འཕྱོ་བའི་ཤུགས་ཀྱིས་རྨོངས་པའི་བྲང་འགྲོ་ཆགས་སྡང་ལྕེ་གཉིས་གཡོ་བ་ཅན། །ཟོས་པའི་སྙིང་པོ་བླ་མེད་ཡེ་ཤེས་དབང་གི་རྒྱལ་པོས་འགྲོ་འདིའི་རེ་བ་སྐོང་གྱུར་ཅིག །དེང་ནས་བརྩམས་ཏེ་སྐྱེ་ཞིང་སྐྱེ་བ་རུ། །འདྲེན་མཆོག་དམ་པའི་ཞབས་སེན་ནོར་བུའི་འོད། །སྤྱི་བོར་རེག་པའི་སྐལ་བཟང་མི་ཉམས་ཤིང༌། །འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་པར་ཤོག །ཐུབ་པ་མཆོག་གི་སྤྱོད་ཡུལ་ཉི་མའི་ཟེར། །ལུས་ཅན་ཁམས་ཀྱི་མེ་ཤེལ་དང་འགྲོགས་པས། །ཡང་དག་ལམ་བཟང་རབ་འབར་བྱིན་ཟ་ཡིས། །སྲིད་པ་ཡ་ངའི་ཚང་ཚིང་གཞོམ་གྱུར་ཅིག །གླིང་དང་གླིང་ཕྲན་བཅུ་གཉིས་འདབ་མའི་དབུས། །རིན་ཆེན་རང་བཞིན་ལྷུན་པོའི་ཟེའུ་འབྲུ་ལ། །ཟླ་ཉི་བུང་བས་འཕུར་ལྡིང་རོལ་གྱི་བར། །ལེགས་བཤད་ཟབ་མོའི་དྲི་བསུང་འཐུལ་བར་ཤོག །གཏམ་འདི་སྲིད་པའི་ཚ་གདུང་སེལ་བའི་གདུག༷ས། །སྨྲ་མཁས་ཡོངས་ཀྱི་མགྲིན་པར་ཆོས་ཀྱི་དུང༷༌། །སྐལ་བཟང་ཡིད་ལ་དགེ་མཚན་དཔ༷ལ་བེའུའི། །བཀྲ་ཤིས་རི་མོའི་རྣམ་པར་གནས་གྱུར་ཅིག །མཛད་པའི་ཆུ་མཚོ་མཛེས་བྱེད་པད་མ༷་དཀར། །གསང་གསུམ་གཏིང་མཐར་རོལ་བའི་གསེར་གྱི་ཉ༷། །དགེ་ལེགས་བདུད་རྩིའི་བགོ་སྐལ་ནོད་པ་ཡི། །རིན་ཆེན་བུམ༷་བཟང་དུ་ཡང་འགྱུར་བར་སྨོན། །དད་བརྩོན་བློ་གྲོས་ལྟེ་བ་ལས་ཐོན་པའི། །ལེགས་བཤད་རྩིབས་སྟོང་རྫོགས་པའི་འཁོར་ལོ༷་འདིས། །ལུང་རྟོགས་ཡོན་ཏན་ཡངས་པའི་ས་ཆེན་ལ། །དབང་བསྒྱུར་ཆོས་ཀྱི་རྒྱལ་སྲིད་ཐོབ་པར་ཤོག །མདོ་སྔགས་ཆོས་ཚུལ་ཁ་བད་མངོན་མཐོ་དགེ༷་ལྡན་རིང་ལུགས་རྣམ་པར་རྒྱལ་བའི་ཁང་བཟང་རྩེར། །རྣམ་དག་དད་པའི་ཡུ་བ་རབ་བརྟན་དགེ༷་ཚོགས་བྱེ་བའི་དར་གྱི་ཤམ་བུ་རིམ་པར་བཀྲ། །ངེས་ལེགས་ནོར་བུའི་ཏོག་མཛེས་གྲགས་སྙན་དགེ༷་བའི་འབྲུ་ལྡན་གཡེར་ཁའི་ཕྲེང་བ་རྒོད་པ་ཡི། །ནམ་མཁའི་མཐར་གཏུགས་འགྲོ་ལ་གཏན་དུ་དགེ༷་བ་མི་ནུབ་བསྟན་པའི་རྒྱལ་མཚ༷ན་ཚུགས་གྱུར་ཅིག །
 

              ཅེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་འདི་ནི་ཧར་ཆེན་ཐུ་མེད་ཤོག་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་རྣམ་དཔྱོད་ཀྱི་འཇུག་པ་མཆོག་ཏུ་ཡངས་པ་ཀྱ་ཧུ་བླ་མ་རྡོ་རམས་པ་ངག་དབང་ཤེས་རབ་ཀྱིས་ནན་ཏན་དུ་བསྐུལ་ཏེ་མགོ་བརྩམས་པའི་ཐོག །གདན་ས་ཆེན་པོ་ནས་བླ་མ་གདན་ཟུར་དགེ་འདུན་མང་བཅས་དང༌། བླ་བྲང་ཞབས་སྡོད་ཐུན་མོང་ནས་བསྐུལ་མ་སྔ་ཕྱིར་བྱུང་ཞིང༌། ཉེ་ཆར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མའི་ཞལ་སྔ་ནས་ཀྱི་བཀའི་མེ་ཏོག་སྤྱི་བོར་ལྷུང་བ་དང༌། རང་ཉིད་ཀྱང་ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཐུགས་རྗེའི་བདག་ཉིད་ཅན་གྱི་ཞབས་རྡུལ་རྙོག་པ་མེད་པ་འབྲལ་མེད་གཙུག་གིས་བསྟེན་པའི་སྐལ་བ་བཟང་པོར་ལོངས་སྤྱོད་པའི་ཕྱིར་དུ་དམིགས་ཏེ། འདྲེན་པ་མཆོག་གི་བཀའ་འབངས་ཀྱི་ཐ་ཤལ་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རང་ལོ་སོ་བརྒྱད་པ་ལ་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་སྦྱར་བ་འདིས་ཀྱང་བདག་སོགས་ལུས་ཅན་མཐའ་དག་ཚེ་རབས་ཀྱི་ཕྲེང་བར་མགོན་པོ་གང་གིས་འབྲལ་བ་མེད་པར་རྗེས་སུ་བཟུང་སྟེ་ཟབ་པ་དང་རྒྱ་ཆེ་བའི་གསུང་གི་གསང་མཛོད་འཛིན་པའི་སྲས་ཀྱི་ཐུ་བོར་འགྱུར་བའི་རྒྱུར་གྱུར་ཅིག།། །།

                                                                                                    རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
        གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།