རྗེ་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་འཇུག་ངོགས། དགུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 12:31:06     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།     ཀློག་ཐེངས།  

 419426153994413559.jpg

                རྒྱལ་གསུང་རྙོག་མས་དབེན་པའི་ཡིད་བཞིན་མཚོ། །བཞིན་ལག་རླབས་ཕྲེང་གར་གྱིས་རོལ་པ་ལས། །ཟད་མེད་སྤྲོ་བའི་བྱིན་རླབས་གཟེགས་མ་ཡིས། །ལེགས་བཤད་འདབ་བརྒྱའི་ཕྲེང་བ་སྨིན་པར་མཛོད། །དེ་ལྟར་ཟླ་བ་དང་པོའི་ཚེས་བཅུ་གཅིག་གི་ཉིན་དགོན་ལག་ཕན་ཚུན་སོགས་ཕྱོགས་རིས་མེད་ཀྱི་སེར་སྐྱ་དྲག་ཞན་བརྒྱ་ཕྲག་དུ་མའི་ཆིབས་བསུ་དང་གདན་ས་ནས་དགེ་འདུན་ཉིས་སྟོང་དུ་ཉེ་བའི་སེར་སྦྲེང༌། དད་འདུས་ཀྱི་མཇལ་བ་ཁྲི་ཕྲག་བརྒལ་བ་སོགས་ཁྲོམ་ཚོགས་ཆེན་པོ་སའི་དྲེག་པ་ལྟ་བུས་མདུན་བསུས་ཏེ་བླ་བྲང་ཆེན་མོར་ཕྱག་ཕེབས། བཤུལ་ཐག་རིང་པོ་ནས་བྱོན་ཡང་སྐུ་ངལ་བའི་རྣམ་པ་མི་མཛད་པར། རྗེ་ཉིད་ལ་རེ་ལྟོས་འཆའ་བའི་འགྲོ་བ་རྣམས་ལ་རྗེས་སུ་བརྩེ་བའི་གཞན་དབང་དུ་གྱུར་པས་ཞག་གཅིག་སོང་མཚམས་ནས་གསུང་ཆོས་ལ་ཕེབས་ཏེ་སྐྱེས་རབས་སོགས་ཀྱི་བཤད་པ་རྒྱས་པར་མཛད། ཉིན་ལྟར་ཕྱོགས་རིས་མེད་ནས་མཇལ་བ་སྟོང་ཕྲག་དུ་མ་དབྱར་གྱི་ཆར་སྤྲིན་བཞིན་དུ་འདུས་པ་རྣམས་ལ་ཕྱག་དབང་སོགས་འདོད་པ་བཞིན་སྩལ་ནས་ཡིད་ཀྱི་རེ་བ་བསྐང༌། སྤྱི་སྒེར་སོ་སོ་ནས་གསོལ་སྟོན་གང་གཟབ་དང་བཞུགས་གྲལ་རྒྱས་པ་ཚོགས་ལངས་དང་བཅས་པ་བསྟར། དངུལ་སྲང་ཉིས་སྟོང་ལྷག་ཙམ་གྱི་སྐུ་འགྱེད་དང༌། ཙན་དན་ཇོ་བོའི་སྐུ་མི་ཚད་ཙམ་ཞིག་འདུ་ཁང་ནང་དུ་གསར་འཇོག་མཛད། སྤྱི་འབུལ་ཕྱག་མཛོད་ཕུག་ལ་དངུལ་སྲང་ལྔ་བརྒྱ། དངུལ་སྲང་སྟོང་ལས་གྲུབ་པའི་འཆམ་གོས་ཤིན་ཏུ་འགངས་ཆེ་བ་གྲས་མཚུངས་ཆ་ཚང༌། དངུལ་སྲང་ཉིས་བརྒྱ་སྐོར་ལས་གྲུབ་པའི་སྨོན་ལམ་གྱི་མཆོད་རྫས་ཚེམ་གྲུབ་ཆ་དང༌། སྣམ་སྦྱར་བརྒྱད། གདུགས་རྒྱལ་མཚན་འཕན་ཆ་སོགས་སྦྱོར་འཇགས་དང༌། སྔ་སོར་དབྱར་གནས་མ་ཚུགས་འདུག་པ་གདན་ས་ཆེན་པོ་གཅིག་ལ་གཞི་གསུམ་གྱི་ཕྱག་ལེན་མེད་པ་ཧ་ཅང་མི་འཚམ་པར་དགོངས་ཏེ་གསར་དུ་བཙུགས་པའི་ཐེབས་སུ་དངུལ་སྲང་སྟོང་ཕྲག་གཅིག །ཐོས་བསམ་གླིང་ལ་དངུལ་འགྱེད་ཟུར་དུ་གནང་ཞིང་གྲྭ་ཇའི་ཐེབས་སུ་དངུལ་སྲང་ཆིག་སྟོང༌། རྒྱུད་དུས་འཁོར་གཉིས་ལ་དངུལ་སྲང་བརྒྱ་རེ་དང༌། དངུལ་སྲང་བརྒྱ་རེའི་ཟོང་གི་ཁེ་བེ་སུའི་གྲལ་གདན་བཅུ་རེ། རྒྱ་གླིང་ཆ་རེ་དང་རྒྱུད་པར་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཡོལ་བ་སྤུས་ལེགས་སོ་སོར་ཁ་བཏགས་ཀྱི་འགྱེད། ཨ་མཆོག་དགོན་པར་ཙན་དན་ཇོ་བོའི་སྐུ་གཅིག །རྗེའི་གསེར་སྐུ་ཆེ་བ་གཅིག །གཉྫི་ར་གཅིག །དངུལ་སྲང་སྟོང་བཅས་སྦྱོར་འཇགས་ཐོག །དངུལ་ཞོ་ལྔ་རེ་དང༌། ཁ་བཏགས་རེའི་འགྱེད། དེ་མཚུངས་ཨུརྒེ་གྲྭ་ཚང༌། གཙོས་མཛོ་དགེ་སོགས་དགོན་ལག་སོ་སོ་དང་གཞན་ཡང་རིས་མེད་ཀྱི་དགོན་སྡེ་དུ་མར་མང་འགྱེད་དང་འཇོག་པ་གྱ་ནོམ་པ་གནང༌། བླ་མ་སྐུ་སྐྱེ་དཔོན་རིགས་ཆེ་ཆུང་སྦྱིན་བདག་གཙོ་ཆེ་བ་རྣམས་ལ་དངུལ་གོས་དར་པགས་རིགས་གྱོན་པ་ཉེར་སྤྱད་སོགས་འཚེམ་མེད་དུ་སྩལ་བའི་གནང་ཆ་ཐོར་བུའི་སྐོར་ལ་དངུལ་རྐྱང་སྲང་སུམ་སྟོང་ལྔ་བརྒྱ་སྐོར་ཞིག་སོང༌། དགེ་ཚུལ་དུ་མ་དང་བསྙེན་རྫོགས་བརྒྱ་ཕྲག་ཙམ་ཞིག་གསར་བསྒྲུབས་མཛད། སྔར་སྤུངས་ཐག་གི་སྲོལ་མེད་པ་ལ། དད་ལྡན་རྣམས་ཀྱིས་དངོས་པོ་ཆུང་ངུ་ཞིག་ཀྱང་དགེ་འདུན་ཐམས་ཅད་ལ་འབུལ་དུ་ཡོད་པས་བསོད་ནམས་རྫོགས་ཚབས་ཆེ་བ་དང༌། གྲྭ་པའི་མཐུན་རྐྱེན་ལ་ཡང་ཕན་ཐོགས་པར་གཟིགས་ནས་གསར་འཛུགས་མཛད་དེ། ཐོག་མར་བླ་བྲང་ནས་འགྱེད་རེ་འདེང་ངེས་ཀྱི་འཇོག་པ་གནང་ཞིང༌། དེ་ཀའི་སྲོལ་ལོ་སྟར་ཆགས་སུ་གནས་དགོས་པར་བཀས་བཅད། དགོན་པ་བཏབ་ནས་བགྲང་བྱ་དྲུག་ཅུ་སྐོར་ལས་མ་སོང་ཡང་གྲྭ་འཚོགས་འཕེལ་རྒྱས་ཆེ་བས་སྔར་གྱིའདུ་ཁང་ཀ་བ་བརྒྱད་ཅུ་མ་དེར་དགེ་འདུན་རྣམས་མ་ཤོང་བར་མཆོད་ཁང་ཆེན་མོ་གསར་རྒྱག་གི་བཀའ་ཕེབས་ཏེ་དོ་དམ་པ་ཇོ་རུག་ཐུ་དབོན་པོ་ངག་དབང་ཆོས་གྲགས། ཨུས་ཙང་དཔོན་པོ་དགེ་འདུན་འཇམ་དབྱངས་སོགས་བསྐོ་བཞག་མཛད་ནས་རྩིག་རྡོ་ལེན་པ་སོགས་ཀྱི་ལས་མགོ་བརྩམས། སྣང་ར་ནས་ཡུམ་མཇལ་བར་ཕེབས་པ་ལ་སྐྱེས་ཀྱི་ཚུལ་དུ་གནང་ཆ་གྱ་ནོམ་པ་སྩལ་ཏེ། སྣང་རར་བྱམས་ཆེན་ཞིག་བཞེངས་རྒྱུའི་ལྗགས་བཀོད་གནང༌། ཚ་ཁོ་རི་ཁྲོད་པ་སོགས་དོན་གཉེར་ཅན་དུ་མ་ལ་ཚེམ་བུ་བུའི་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་དམར་ཁྲིད་སོགས་ཆོས་བཀའ་ཅི་རིགས་སྩལ། ཇུན་ཝང་ངག་དབང་དར་རྒྱས་མཇལ་དུ་ཕེབས་པར་བླ་བྲང་ནས་བསྙེན་བཀུར་གཟབ་རྒྱས་ཐོག་ལུགས་གཉིས་ཀྱི་བཀའ་མཆིད་དང༌། སྤྱི་ཁང་དུ་དགེ་གཉེར་སོགས་ཚོགས་འདུ་མང་ནས་ཀྱང་དཀར་སྤྲོའི་གཞིས་ལེན་གང་ལེགས་འབུལ་རྒྱུའི་བཀོད་ཁྱབ་གནང༌། ཆོས་གྲྭར་ཕེབས་ནས་བགྲོ་གླེང་གི་རྒྱུགས་ཞིབ་ཏུ་བཞེས་ཤིང༌། སྐད་གྲྭ་པ་རྣམས་མདུན་དུ་བོས་ཏེ་འདོན་དབྱངས་གདངས་འདུར་སོ་སོའི་ཉམས་གསོས་དང་གསར་སློབ་སོགས་ཐུགས་ཁུར་ཆེ་བར་མཛད། རྒྱུགས་འབུལ་མི་མང་དུ་བྱུང་བར་མང་ཉུང་བབས་བསྟུན་གྱི་གནང་ཆ་སྩལ། སྨད་ཕྱོགས་སུ་ཕེབས་སྐབས། བཀོད་ཁྱབ་གནང་བ་བཞིན་བཀྲས་ལྷུན་ཚོགས་གསོག་པས་གྲྭ་པ་བརྒྱ་སྐོར་ཞིག་ལ་འཆམ་ཆེན་ལྕགས་མཁར་བཅས་ཀྱི་ཕྱག་ལེན་ཆ་ཚང་བར་བསླབས་པ་གཟིགས་འབུལ་ཞུས་པས་ཁོང་ལ་ལེགས་སྐྱེས་གྱ་ནོམ་པ་དང༌། གྲྭ་པ་རྣམས་ལ་ཡང་དགྱེས་གཟིགས་དང་བཅས་གནང་ཆ་མཛད།

                  དེའི་ཡན་ལག་ཏུ་བྱ་ཁྱུང་ནས་ཀེང་འཆམ་སློབ་མི་གཉིས་འོང་བར་ཡང་ཞིབ་སློབ་བྱེད་དུ་བཅུག །དཔྱིད་མཇུག་ཟླ་བ་གཅིག་གི་རིང་བཅད་རྒྱ་དམ་པོར་གནང་སྟེ་ཐུགས་དམ་ཟབ་མོའི་ཉམས་བཞེས་ཀྱིས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད། མཇུག་ཏུ་རྒྱུད་གྲྭ་ནས་བགྲེས་པ་ཁ་ཤས་འབོད་བར་གནང་སྟེ་ཉིན་བདུན་གྱི་རིང་གསང་བ་འདུས་པའི་བདག་འཇུག་བཞེས། སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་སོགས་དོན་གཉེར་ཅན་ཁ་ཤས་ལ་དབྱངས་ཅན་དགྱེས་གླུའི་སྟེང་ནས་སྙན་དངགས་ཞིབ་ཁྲིད་གནང་སྟེ་རྩོམ་རྒྱུགས་དང༌། གྲས་རྒྱག་པ་སོགས་ཕྱག་ལེན་བཞིན་མཛད། འགྲེལ་པའི་དཔེར་བརྗོད་དགོངས་པར་མ་བབས་པ་རྣམས་ལ་རྩ་བ་དང་མཐུན་པའི་དཔེར་བརྗོད་འཕྲལ་རྩོམ་གནང་བས་བློ་གསར་རྣམས་མོས་གུས་དང་སྤྲོ་བ་འཕེལ། སླར་ཡང་བཅད་རྒྱའི་ཐུན་མཚམས་སུ་སྟོང་སྐོར་སྤྲུལ་བའི་སྐུར་སུམ་རྟགས་ཁྲིད་ཅིང་གཟིམས་ཁང་སྟེང་ནས་ཕར་ཕྱིན་པའི་འཛིན་གྲྭ་གཏུགས་པར་གཟིགས་ཏེ་རྒྱལ་ཕམ་ཤན་འབྱེད་ཀྱི་ཡི་གེ་གནང༌། རྒྱུད་པ་དཔོན་སློབ་ཤེས་རབ་དར་རྒྱས་ནས་ཁྲིའི་དགོངས་པ་ཞུས་པར་མཆོད་ཡོན་དགོངས་མཐུན་གྱིས་ལྷ་རམས་པ་བསོད་ནམས་གྲགས་པ་རྒྱུད་པ་དཔོན་སློབ་དང༌། རྡོ་རམས་པ་བློ་བཟང་སྦྱིན་པ་བླ་མ་དབུ་མཛད་དུ་བསྐོས། ཅོ་ནེ་དཔོན་ནས་བསྟན་འགྱུར་གྱི་པར་གསར་དུ་བརྐོས་པའི་དཀར་ཆག་རྗེ་ཉིད་ལ་ཞུས་པ་གསར་རྩོམ་གྱི་དབུ་བཙུགས། ཧོར་ཟླ་ལྔ་པའི་ནང་དུ་ཁྱི་གྱ་སྨན་ཆུར་ཕེབས་ཏེ་ཞག་བདུན་དུ་སྐུའི་འཕྲོད་བསྟེན་མཛད། ཀརྨ་རོལ་པའི་རྡོ་རྗེའི་སྒྲུབ་གནས་ཤ་རྫོང་དུ་བྱོན་ཏེ་ཞག་ཤས་བཞུགས་ནས་མཆོད་མཇལ་གནང༌། དེ་ནས་གདན་ས་ཆེན་པོ་སྐུ་འབུམ་དུ་ཕྱག་ཕེབས་པར་ཆིབས་བསུ་སེར་སྦྲེང་སྤྱི་སྒེར་གྱི་སྟོན་མོ་སོགས་ཤངས་ལེན་ཤིན་ཏུ་གཟབས། དགེ་འདུན་ཉིས་སྟོང་དུ་ཉེ་བར་དངུལ་སྲང་དགུ་བརྒྱའི་སྐུ་འགྱེད་བསྟར། ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་དུ་ཆིབས་བསྐྱོད་པར་བླ་གྲྭ་ཐམས་ཅད་ནས་བསུ་བ་སེར་སྦྲེང་དཀར་སྤྲོ་སོགས་བསྙེན་བཀུར་ཕུལ་དུ་ཕྱིན་པ་ཞུས། ཚོགས་མང་ལ་དངུལ་སྲང་བདུན་བརྒྱའི་སྐུ་འགྱེད་དང༌། དེ་ཀའི་རྒྱུད་གྲྭ་དེ་ཉིད་ཀུན་མཁྱེན་གོང་མས་ཕྱག་འདེབས་གནང་བས་རང་གི་གདན་ས་ལྟ་བུ་ཡིན་གཤིས་རྒྱུད་ཁང་གསར་རྒྱག་གི་ཐེབས་སུ་དངུལ་སྲང་ལྔ་བརྒྱ་གནང༌། དེ་ནས་སྟོང་སྐོར་དུ་བྱོན་དེ་དགོན་པར་དངུལ་ཞོ་དོ་རེའི་འགྱེད་དང༌། འདུ་ཁང་ཞིག་གསོའི་ཐེབས་ལ་དངུལ་སྲང་བརྒྱ་སོགས་གནང་ཆ་སྩལ། སྒོ་མེ་ཆབ་ཚན་དུ་ཞག་བདུན་བཞུགས་ནས་རིམ་གྱིས་སྣང་རར་བྱོན། སྡེ་པ་སོ་སོ་ནས་སྟོན་མོ་གཟབ་རྒྱས་ཞུས་པར་བབས་འོས་ཀྱི་སྟེར་སྦྱིན་མཛད། ཚུར་བྱོན་པའི་ལམ་ནས་བྲག་དཀར་རི་ཁྲོད། རོང་པོ་བཀྲ་ཤིས་ཆོས་རྫོང་སོགས་རི་དགོན་ཁ་ཤས་དང༌། གྲོང་སྡེ་སོ་སོ་ནས་གདན་འདྲེན་དང་ཐབ་བསུ་བྱས་པ་ཐམས་ཅད་ལ་ལུགས་གཉིས་ཀྱིས་རེ་བ་བསྐངས་ཏེ་གདན་སར་བབས། རྗེ་ཉིད་ཕྱོགས་དེར་ཕེབས་ཤུལ་ནས་འཆད་ཉན་གྱི་བར་ཆད་ལྟ་བུས་དགོན་པའི་ནང་དུ་ཟིང་ཆ་བྱུང་སྐབས་རྗེ་ཉིད་ལ་མི་གུས་པའི་གྲངས་སུ་བརྩི་བའི་གྲྭ་པ་གཅིག་ལ་གྲྭ་མང་དཔུང་བསྒྲིལ་གྱིས་བཅེར་བའི་གནས་ཚུལ་གསན་ནས་ལན་རྩ་སུ་ལ་ཡོད་ཀྱི་སྦྱངས་ཤད་ཞིབ་ཏུ་གནང་སྟེ། ངས་གྲྭ་པ་གཅིག་ཐུབ་མོད་ཀྱང་ལས་འབྲས་མི་ཐུབ་གསུངས་ཏེ་གྲྭ་མང་ལ་བཀའ་བཀྱོན་གནང༌། ཡང་དགོན་སྡེ་འདི་རྒྱལ་བས་ལུང་བསྟན་པའི་དགོན་པ་ཡིན་པས་བསྟན་པ་དང་འགྲོ་བའི་སྨན་ཡོན་དུ་འགྱུར་ངེས་སྙམ་ལུགས་གཉིས་གང་ས་ནས་བླ་ལྷག་ཏུ་བསྐྱངས་པ་ཡིན། ངེད་ཀྱི་ངོས་ནས་སུ་ལ་ཡང་ཉེ་རིང་བྱེད་དོན་མེད་ཁྱོད་མཐོ་དམན་སུས་ཀྱང་ས་ཆ་ཡུལ་ཕྱོགས་གྲྭ་ཚང་ཕན་ཚུན་འཛིན་གྲྭ་གོང་འོག་རྒན་གཞོན་སོགས་རིས་སུ་བཅད་དེ་དཀྲུགས་ཤིང་གཏན་ནས་བྱས་མི་ཆོག །དགེ་འདུན་ཐུགས་མཐུན་པ་ཤིན་ཏུ་གལ་ཆེ། ཞེས་སོགས་དང༌། འཆམ་ཆེན་འདི་སྔོན་སྡེ་པ་ཚང་ནས་ཅིས་ཀྱང་དགོན་པར་ཚུགས་དགོས་ཞེས་ངེད་ལ་ཞལ་ཆེམས་ནན་ཏན་གནང་ཡོད་པས་ཁྲལ་ཆོས་དང་སླ་ཆོས་སུ་མ་སོང་བར་གལ་ཆེན་བྱེད་དགོས་ཞེས་སོགས་སྒྲིགས་ལམ་ཀུན་སྤྱོད་ཀྱི་ཚོགས་གཏམ་ཤིན་ཏུ་རྒྱས་པ་གནང༌། འདི་དག་ནི་ཚད་མ་རྣམ་འགྲེལ་ལས། ཙན་དན་སྟེ་འུར་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །ཞེས་པ་ལྟར་གྱི་གྲགས་པ་དོན་ལ་གནས་པའི་རྣམ་པར་ཐར་པ་གཟུར་གནས་རྣམ་དཔྱོད་ཅན་དག་གི་ཡིད་རང་དབང་མེད་པར་འཕྲོག་པའི་ཁྱད་ཆོས་བླ་ན་མེད་པའོ། །

                  དཔོན་པེའི་སི་བཱ་ཐུར་དེའི་ཆིང་ཡུལ་དབུས་སུ་བྱོན་པ་ལམ་ནས་བར་ཆད་ཀྱི་རྐྱེན་དབང་དུ་གྱུར་པའི་དགོངས་རྫོགས་བསྒྲུབ་ཆེད་དུ་དཔོན་མོ་ནོར་འཛིན་དབང་མོ་མཚོ་ཁ་ནས་འབྱོར་ཏེ་ཚོགས་པར་མང་འགྱེད་དང༌། ཉིད་ལ་བསྔོ་རྟེན་གྱ་ནོམ་པ་ཕུལ་བས་དཔོན་འདས་པ་དེ་ཉིད་འཁོར་བ་སྤྱི་དང་བྱེ་བྲག་གི་འཇིགས་པ་ལས་སྒྲོལ་བའི་སྤྱན་དམིགས་གང་གཟབ་རྒྱུན་ཆགས་སུ་མཛད། མིའི་དབང་མོ་ལ་ཡང་གནང་ཆ་སྤམ་མཐོ་བ་དང་སེམས་ལ་ཕན་པའི་བཀའ་མཆིད་ཞིབ་རྒྱས་གནང༌། དགུང་ལོ་ཞེ་དྲུག་ལ་ཕེབས་པའི་ལོ་གསར་གྱི་དགའ་སྟོན་སོགས་རྒྱས་པར་བསྟར། གསུང་ཆོས་ལ་ཡང་བསྐྱར་སྐྱེས་རབས་ཀྱི་དབུ་གསར་འཛུགས་དང་དགོངས་པ་རབ་གསལ་དགག་བྱ་ངོས་འཛིན་གྱི་ཐད་ནས་གནང༌། གཉིས་ཀ་ལ་ཡང་གསུང་བཤད་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་ལ། རྣོ་ཞིང་འདྲིལ་བ་དཀའ་བའི་གནས་ལ་རྩལ་དུ་བཏོན་ནས་དགག་བཞག་བསྐྱངས་ཏེ་བཤད་པ་མཛད་པས། བློ་གྲོས་ཀྱི་ནོར་དང་ལྡན་པ་རྣམས་དད་པའི་ཤུགས་ཀྱིས་མིག་ནས་མཆི་མ་འཁྲུག་པ་བྱུང༌། མཇལ་བ་ཁྲི་ཕྲག་ལྷག་འདུས་པར་ཕྱག་དབང་སོགས་ཀྱིས་རེ་བ་བསྐང༌། སྔར་ཆོས་ཐོག་ཆོས་མཚམས་ཀུན་ལ་གུང་ཞོག་གི་ཚོགས་གཉིས་རེ་ཡོད་ཀྱང༌། ཆོས་མཚམས་སུ་གུང་ཚིགས་མང་ཇ་དགོས་པ་ཆུང་ཞིང་བརྩི་བཞག་འཛིན་པ་སོགས་ལ་གནོད་པར་དགོངས་ནས་མི་དགོས་པར་བཅད། གདན་ས་འདི་ཉིད་ཀྱི་ཁྱད་ཆོས་བླ་ན་མེད་པའི་གཙོ་བོ་ནི་མཚན་ཉིད་ཀྱི་འཆད་ཉན་ཡིན་པས། གྲྭ་འཚོགས་སོགས་གང་ས་ནས་ཐོས་བསམ་གླིང་གཙོ་ཆེ་དགོས་པར་གཟིགས་ཏེ་རྒྱུད་པར་གྲྭ་པ་ཉིས་བརྒྱ་དང་བཅུ་གཅིག །དུས་འཁོར་ལ་བརྒྱ་དང་ང་གཅིག་ལས་ལྷག་ཞུགས་མི་ཆོག་པ་སོགས་སྐབས་སུ་གང་བབས་ཀྱི་སྒྲིགས་ལམ་འགའ་ཞིག་གསར་ཚུགས་མཛད། ཚོགས་ཆེན་ཁྲི་པ་ངག་དབང་འཕྲིན་ལས་པས་དགོངས་པ་ཞུས་པར་དགྱེས་བཞིན་དུ་གནང༌། ཁོང་ལུགས་གཉིས་གང་ལ་ཡང་མཁྱེན་དཔྱོད་ནམ་མཁའ་ལྟར་ཡངས་ཤིང་སྙིང་སྟོབས་ཕུལ་དུ་ཕྱིན་པའི་སྟོབས་ཀྱིས་རྗེ་ཉིད་སྨད་ཕྱོགས་སུ་ཕེབས་ཤུལ་ནས་འཆད་ཉན་དང་སྒྲིགས་ལམ་སོགས་ཅུང་ཟད་ཀྱང་ཉམས་ཆག་མེད་པར་བསྐྱངས་པའི་ལེགས་སོའི་ཞལ་དཀར་དུ་ནང་མཛོད་ཆེ་ལེགས་དང་བཅས་ཤིན་ཏུ་དགྱེས་པའི་བཀའ་ལུང་གནང༌། དེ་ནས་མཆོད་ཡོན་བཀའ་བགྲོས་ཀྱིས་རིགས་པའི་དབང་ཕྱུག་ལྷ་རམས་པ་བསོད་ནམས་དབང་རྒྱལ་ཁྲིར་བསྐོ་བཞག་མཛད་ཅིང་ཁྲི་སྟོན་བཞུགས་གྲལ་གྱི་མགོན་དུ་གདན་དྲངས་པར་ཡང་ཕེབས། ཁྲི་ཟུར་སྙན་གྲགས་ཚང་ནས་གསོལ་བ་བཏབ་པ་ལྟར་དཔོན་གཡོག་ཉུང་བསྡུས་ལ་ལཱུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་དབང་བཞི་ཡོངས་རྫོགས་སྟ་གོན་དང་བཅས་པ་གནང༌། སྔ་སོར་དཀོན་མཆོག་ཝང་གི་ཨུརྒེར་ཡི་གེ་གནང་དོན་བཞིན། དེ་ནས་རྩེའི་རྣམ་རྒྱལ་གྲྭ་ཚང་དུ་དུས་འཁོར་གྱི་སྐོར་ལ་ཕྱག་ལེན་ཞིབ་ཏུ་སྦྱངས་པའི་རབ་འབྱམས་པ་བསོད་ནམས་ཟླ་བ་དང༌། དུས་འཁོར་ཆོག་གྲྭའི་དབུ་མཛད་སོགས་གྲྭ་པ་བཅུ་ཙམ་འབྱོར་པར་ཕོགས་སོགས་ཆ་རྐྱེན་གང་གཟབ་ཐོག །དུས་འཁོར་གྲྭ་ཚང་པ་རྣམས་ལ་ཆོ་གའི་གདངས་འདུར་རྡུལ་ཚོན་སོགས་ཀྱི་ཕྱག་ལེན་མཐའ་དག་ཞིབ་ཁྲིད་བྱེད་དུ་བཅུག །དུས་འཁོར་གྲྭ་ཚང་སྤྱི་ནས་གསོལ་བ་བཏབ་པ་ལྟར་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་རྒྱུར། རབ་འབྱམས་པ་བསོད་ནམས་ཟླ་བས་ཁུར་བླངས་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་ནག་པ་ཟླ་བའི་ཚེས་གཅིག་ལ་མགོ་བརྩམས་ནས། དམ་པ་གོང་མའི་ཕྱག་བཞེས་མ་ཉམས་པར་བྱས་ཏེ་བཞེངས་པ་ཚེས་བརྒྱད་ལ་ལེགས་པར་གྲུབ། དེ་ནས་སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ཉིད། བདེན་དོན་རྣམ་པ་བཅུ་གཉིས་ཀྱི་བདག་ཉིད། དེ་ཉིད་རྣམ་པ་བཅུ་དྲུག་རིག་པ། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་མཉམ་པར་སྦྱོར་བའི་བདེ་ཆེན་རང་གི་རིག་པའི་ངོ་བོ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཏེ། ཉན་མཁན་གྱི་སློབ་མ་སྟོང་སྐོར་སྤྲུལ་བའི་སྐུ། ཁོ་བོ་ཅག་དང་གྲྭ་ཚང་ཕན་ཚུན་གྱི་ཁྲི་གདན་ཟུར། ཝང་ཏཱ་ལེའི་དཱའི་ཆིང༌། འབུམ་གླིང་སྒྲོལ་མ་ཕུའི་སྐུ་སྐྱེ། ཆེས་འཁོར་གྱི་ཧོར་སྤྲུལ་སྐུ། གུར་ཡག་བླ་མ་ངག་དབང་བཀྲ་ཤིས། དར་ཞིང་བླ་མ་འཇམ་དབྱངས་སོགས་ཕྱོགས་འདུས་དང༌། གདན་སའི་གྲྭ་པ་བསྡོམས་པ་ཉིས་སྟོང་བརྒལ་བར་ཚེས་བཅུ་གཅིག་ལ་སློབ་མ་རྗེས་འཛིན་དང་བཅུ་གཉིས་ལ་སྟ་གོན། བཅུ་གསུམ་ལ་བསྐྱེད་རིམ་བསྒོམ་པའི་སྣོད་རུང་དུ་བྱེད་པ་བྱིས་པ་འཇུག་པའི་དབང་བདུན། བཅུ་བཞི་ལ་རྫོགས་རིམ་ཉན་སེམས་སྒོམ་པ་ལ་དབང་དུ་བྱེད་པའི་དབང་གོང་མ་གསུམ། བཅོ་ལྔ་ལ་རྒྱུད་རྫོགས་པར་སྟོན་པ་པོར་བྱེད་པ་གོང་མའི་ཡང་གོང་མ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པ་རི་བོ་དགེ་ལྡན་པའི་ཐུན་མོང་མ་ཡིན་པའི་དབང་རྒྱུན་མཁས་གྲུབ་ཐམས་ཅད་མཁྱེན་པ་ནས་བརྒྱུད་པའི་ཕྱག་ལེན་རྣམ་པར་དག་ཅིང་རིམ་གཉིས་ཡན་ལག་དང་བཅས་པའི་རྒྱུད་དོན་མ་ལུས་པ་དབང་གི་ཁོག་ནས་དྲངས་པའི་གསུང་བཤད་མཐའ་ཆོད་པ་དང་བཅས་ཏེ་སྩལ་བས་སྐལ་ལྡན་ཡིད་ཀྱི་བུམ་བཟང་བྱིན་རླབས་བདུད་རྩིའི་ཟིལ་དངར་གྱིས་ཡོངས་སུ་གཏམས།

                   སྟ་གོན་གྱི་ཉིན་ཚོགས་པ་ཆེ་སྟབས་སོ་ཤིང་འདོར་བའི་མགོ་བརྩམས་པའི་ཚེ་མཐའ་རང་ན་ཡོད་པའི་གྲྭ་པ་འགའ་ཞིག་གིས་ང་ཚོ་མཐའ་བའི་ནང་ན་ཡོད་པ་ཚོ་ནམ་ཞིག་སླེབས་ན་ཞེས་གཅིག་གིས་གཅིག་ལ་ཀུ་རེ་སྨྲས་པ་རྗེས་སོར་ཁོང་ཚོའི་ཐད་ཀར་བབས་ནས་འོང་བའི་ཚེ་མཐའ་བའི་ནང་ན་ཡོད་པ་ཚོ་སླེབས་བྱུང་གསུངས་པས་སྔར་སྨྲས་པ་དེ་མངོན་མཁྱེན་གྱིས་གསན་པར་གོ་ནས་དད་གུས་སྐྱེས་ཤིང་འཇིགས་ཞུམ་པ་བྱུང༌། རྒྱུད་པ་གྲྭ་ཚང་སྤྱི་ནས་གསོལ་བ་བཏབ་པ་ལྟར་གོང་སྨོས་ཀྱི་ཉན་མཁན་རྣམས་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཀྱི་དབང་བཞི་ཡོངས་རྫོགས་དང༌། ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པའི་དབང་བསྐུར་ཟབ་མོ་གནང་སྟེ། མཇུག་ཏུ་ཚོགས་འཁོར་རྒྱས་པ་མཛད། ཝང་གིས་ཞུས་ངོར་གཟིམས་ཆུང་ལྷོ་བྲག་བཀའ་འབུམ་གྱི་དབང་ལུང་རྗེས་གནང་ཆ་ཚང༌། མཁའ་སྤྱོད་མ་དམར་མོའི་དབང་དང༌། གདུགས་དཀར་ལྷ་བཅུ་བདུན་མའི་དབང་རྣམས་གནང་ཞིང༌། དཔོན་ཚང་གཅིག་པུར་དམར་པོ་མདའ་འགེངས་ཀྱི་རྗེས་གནང༌། དེའི་ཆོས་སྐོར་གྱི་ལུང་བཅས་སྩལ། གཞན་ཡང་དོན་གཉེར་ཅན་དུ་མ་ལ་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ལུང་དང་བཅས་པ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་སོགས་སོ་སོའི་མོས་པ་བཞིན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། རིག་གནས་སྐོར་སོགས་ཕྱག་དཔེ་འགའ་ཞིག་རྩོལ་སྒྲུབ་ཀྱི་ཆེད་དུ་མགྲོན་གཉེར་ཤེས་རབ་རྒྱ་མཚོ་སྡེ་དགེའི་ཕྱོགས་སུ་རྫོངས་སྟ་མཛད། བསྟན་པའི་དམིགས་རྐྱེན་ལ་དགོངས་ནས་རིགས་ལམ་སྨྲ་བ་རབ་འབྱམས་པ་ངག་དབང་ཚུལ་ཁྲིམས། བློ་བཟང་འཇིགས་མེད། ཧོར་ཆིན་ཞབས་དྲུང༌། བློ་བཟང་རྒྱལ་མཚན་བཞི། སྐུ་འབུམ་དགོན་ལུང་སོགས་མཚན་ཉིད་ཀྱི་དགོན་ཆེ་ཁག་རྣམས་ལ་གྲྭ་སྐོར་དུ་མངགས་ཏེ་ཕན་ཚུན་མཐའ་དག་ལེགས་བཤད་ཀྱི་དགའ་སྟོན་ལ་བཀོད། གྲུབ་མཐའི་རྣམ་གཞག་རིན་པོ་ཆེའི་ཕྲེང་བ་ཞེས་ཚིག་ཉུང་བས་འཛིན་སྐྱོར་སླ་ཞིང་བློ་མཆོག་དམན་ཀུན་གྱིས་གོ་བདེ་བ་གྲུབ་མཐའི་གནད་འགག་རྣམས་ཆ་ཚང་བར་འདྲིལ་བའི་ལེགས་བཤད་དྲི་མ་མེད་པ་འདི་ཉིད་ལྗགས་རྩོམ་མཛད། དམེ་ཤུལ་དཀར་པོ་གཤོང་དུ་དགོན་པ་ཞིག་འདེབས་བཞེད་ནས་ཟླ་བ་བདུན་པའི་ཚེས་ལ་དེར་བྱོན། བསང་མཆོད་བཏང་བའི་ཚེ་མདུན་རིའི་ཐད་ནས་འཇའ་ཚོན་ཞིག་ཤར་བས་ནམ་མཁའ་ཁྱབ་པ་སོགས་ལྟས་ཡ་མཚན་པ་བྱུང༌། ཉེ་འཁོར་ན་བྲག་དོ་ཆད་ཤིན་ཏུ་གཉན་པར་བརྩི་བས་དགྲ་ལྟ་བུ་ཞིག་ཡོད་པ་དེ་ལ་གཟིགས་ནས་འདི་མེད་ན་བཟང་བ་ལ་ཞེས་གསུངས་ཤིང་ཉི་མ་ཁ་ཤས་སོང་མཚམས་བྲག་དེ་རང་ཞིག་ལ་སོང་བས་ཀུན་ཡ་མཚན་ཆེ་ཆེ་ལྟར་བྱེད་ཀྱང་བདག་ཉིད་ཆེན་པོ་འདི་ལྟ་བུ་ལྟ་ཞོག །འཇིག་རྟེན་པའི་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་ཀྱང་དེ་འདྲ་ཚེགས་མེད་དུ་འགྲུབ་པ་ཞིག་ཡིན་པར་སྣང༌། དེ་ནས་སྔར་དཔོན་ཚང་ནས་གདན་འདྲེན་ཞུས་ཡོད་པ་ལྟར། དེ་ཕྱོགས་སུ་ཆིབས་བསྐྱོད་པར་ཝང་འཁོར་བཅས་ཀྱིས་རྟ་བསུ་དང༌། གྲྭ་ཚང་ནས་སེར་སྦྲེང་བཅས་ཨུརྒེར་བབས། གཞིས་ལེན་གཟབ་རྒྱས་ཞུས་ཤིང་ཨུརྒེ་གྲྭ་ཚང་གསང་སྔགས་སྨིན་རྒྱས་གླིང་གི་ཚོགས་དབུས་སུ་གདན་དྲངས་ནས་དངོས་འབུལ་སྤམ་མཐོ་བ་དང་བཅས་ཞབས་བརྟན་ཕུལ། གྲྭ་ཚང་ལ་ཡང་སྒྲིགས་ལམ་གསར་འཛུགས་སོགས་ཀྱི་བཀོད་ཁྱབ་མཛད། གླ་རི་མགོའི་ཕྱོགས་ནས་གདན་དྲངས་པ་ལྟར་དེ་ཀའི་དགོན་པ་བཀྲ་ཤིས་ཆོས་འཕེལ་གླིང་དུ་སེར་སྐྱ་མཐའ་དག་ལ་ཀུན་རིག་གི་དབང་ཆེན་སྩལ། གདན་སར་བབས་ཏེ། རྒྱུད་པ་དཔོན་སློབ་བསོད་ནམས་གྲགས་པ་ཨུརྒེ་གྲྭ་ཚང་གི་བླ་མར་བསྐོས་པའི་རྗེས་སུ་རྒྱུད་པ་བླ་མ་དབུ་མཛད་བློ་བཟང་སྦྱིན་པ་རྒྱུད་པའི་ཁྲི་དང༌། རྡོ་རམས་པ་ནམ་མཁའ་རྒྱལ་མཚན་བླ་མ་དབུ་མཛད་དུ་བསྐོ་བཞག་གནང༌། ཧོར་ཟླ་དགུ་པའི་ནང་དུ་སྣང་རའི་བྱམས་ཆེན་གསར་བཞེངས་ཀྱི་རབ་གནས་ལ་བྱོན་ཏེ་བཀྲ་ཤིས་སྙེ་མའི་སྒོ་ནས་དམ་ཡེ་དབྱེར་མེད་དུ་བྱས་པའི་དགེ་མཚན་གྱི་གཟི་འོད་ཁོར་ཡུག་ཏུ་ཁྱབ་པར་མཛད། མགུར་ནས་བསུ་བ་སེར་སྦྲེང་དང་བཅས་དེར་བྱོན་ཏེ་ལ་མོ་ཞབས་དྲུང་རིན་པོ་ཆེ་དང་མཇལ་འཛོམ་ཐོག་ཕན་ཚུན་གསུང་གླེང་དང་བསྙེན་བཀུར་གང་ལེགས་ཞུས། ཚུར་བྱོན་པའི་ལམ་གར་ཤཱཀྱ་བུ་རྒྱུད། སྤྲེ་ནག །ཝ་རྒྱ། ཚེ་བརྟན་བུ་རྒྱུད། སྣ་ཀྱ་སོགས་ཀྱིས་བསྙེན་བཀུར་ཞིང༌། ཀ་མདོར་སྡེ་འཁྲུགས་ཆེན་པོ་ཞིག་ཡོད་པ་ཆིངས་དམ་མཛད་དེ། འགྲོ་བ་མང་པོར་མི་འཇིགས་པའི་སྦྱིན་པ་སྩལ། གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས་དང༌། སྤྱི་སོའི་སྡེ་པ་ངོ་གཡོག་བཅས་གདན་འདྲེན་དུ་བཏང་བ་ལྟར་བསྟན་པའི་གསལ་བྱེད་ཆེན་པོ་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ་བཀྲ་ཤིས་འཁྱིལ་དུ་ཕེབས་པ་ལ་ཆིབས་བསུ་རིང་ཐུང་དང༌། ཐབ་བསུ་སེར་སྦྲེང༌། སྤྱི་སྒེར་གྱི་སྟོན་མོ་སོགས་ཤངས་ལེན་གཟབ་རྒྱས་ཞུས། སྐྱབས་མགོན་མཆོག་ནས་བཀོད་ཁྱབ་གནང་བ་བཞིན། ཐུའུ་བཀྭན་རིན་པོ་ཆེ་འདུ་ཁང་ཆེན་མོར་འཇིགས་བྲལ་ཆོས་ཀྱི་ཁྲི་ལ་སྤྱན་དྲངས་ཏེ། མཎྜལ་དར་ཚོན། སྐུ་གསུང་ཐུགས་རྟེན། ན་བཟའ་ཉེར་སྤྱད། དངུལ་སྲང་ལྔ་བརྒྱ། གོས་ཆེ་ཆུང༌། ཟམ་རས། གཅན་གཟན་གྱི་པགས་པ་དུ་མ། ཆིབས་ཆེན་ལེགས་པ་སོགས་བདོག་པའི་མེ་ཏོག་གིས་མངོན་པར་མཆོད་ནས་སྐྱབས་མགོན་རྣམ་གཉིས་སྐུ་འཕྲེང་དུ་མར་འབྲེལ་བའི་ཐུགས་བསྐྱེད་ཀྱི་དོན་བཞིན་དུ་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་མགོན་དུ་ཞབས་པད་རྡོ་རྗེའི་ཁམས་ལྟར་བརྟན་དགོས་པའི་གསོལ་འདེབས་ནན་ཅན་ཞུས་པར་དགྱེས་པའི་བཀའ་ལན་དང༌། ཆོས་གྲྭར་བཀའ་ཆོས་གནང་དགོས་ཀྱི་གསོལ་བ་བཏབ་པར་ཚོགས་ཡོངས་ལ་རྗེ་བདག་ཉིད་ཆེན་པོས་སྟོན་པ་ཐུབ་པའི་དབང་པོར་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་ཚིག་ཉུང་ཡང་བརྗོད་དོན་ནམ་མཁའ་ལྟར་རྒྱ་ཆེ་བ་དེ་ཉིད་ཀྱི་སྟེང་ནས་གསུང་བཤད་ཤིན་ཏུ་འབྱམས་ཀླས་ཤིང༌། དབུ་ཚད་ཀྱི་རིགས་ལམ་ཤིན་ཏུ་རྣོ་བའི་རྩལ་ཐོན་ངེས་པ། སྐབས་སུ་གང་བབས་ཀྱི་འཕགས་པ་ཡབ་སྲས་སོ་སོའི་གཞུང་དུ་མའི་ཤེས་བྱེད་དང་བཅས་ཐོགས་མེད་དུ་གནང་བས་མཁས་དགུའི་ཡིད་ཀྱི་བརྟན་པ་ཅིག་ཅར་ཕྲོགས་ཏེ་རིགས་པའི་རྗེས་སུ་འབྲང་བའི་གུས་པ་ལྷག་པར་འཕེལ། དེ་རྗེས་ཐུའུ་བཀྭན་རིན་པོ་ཆེ་ནས་ཀྱང་སྐྱབས་མགོན་མཆོག་ཚོགས་དབུས་སུ་སྤྱན་དྲངས་ཏེ། ཞབས་བརྟན་གྱི་གསོལ་འདེབས་དང་སྦྲགས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྤྲོས་ཤིང༌། ཚོགས་པར་མང་འགྱེད་གྱ་ནོམ་པ་གནང༌། ཁོང་ལ་སྔར་ནས་སྐུ་ཁམས་མི་བདེ་བ་ཞིག་བྱུང་སྟེ་རྒྱུན་རིང་ཙམ་སོང་ཡང་སྐབས་འདིར་སྐྱབས་མགོན་མཆོག་ནས་གདུགས་དཀར་གྱི་དབང་ཞིག་གནང་བས་བྱད་འགྲོལ་ཚར་མ་ཐག་བདེ་ཆམ་གྱིས་སོང་ཞིང༌། དེ་ནས་བཟུང་སྟེ་བསྙུང་གཞི་དེ་ཉིད་ལྷག་མེད་དུ་དྭངས་སོང་ཞེས་གསུངས་པ་ཞལ་ནས་དངོས་སུ་ཐོས། སུ་ཉིད་གཡས་རུའི་ཕྱོགས་ནས་ལས་སྐྱབས་ཐེའི་ཇིའི་བུ་ཐོ་ཡོན་རབ་རྒྱས་སོགས་འགྲུལ་སྡེབ་ཁ་ཤས་འབྱོར་བས་ཚོགས་སུ་གདན་དྲངས་ཏེ་གསེར་དངུལ་སོགས་འབུལ་བ་སྤམ་མཐོ་བ་ཕུལ་ནས་ཞབས་པད་ཡུན་བརྟན་གྱི་གསོལ་འདེབས་ཞུས། ཚོགས་པར་མང་འགྱེད་ཀྱིས་བསྙེན་བཀུར་ཡང་དག་བསྒྲུབས། མཆོད་གནས་བླ་མ་ཞིག་ཞུས་པར་དུས་འཁོར་དཔོན་སློབ་རབ་བརྟན་རྒྱ་མཚོ་ལ་བཀའ་ཕེབས།

                     ཤིང་རྟའི་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་སྔར་རྒྱུན་བཞིན་གནང༌། འདི་ལོ་གསུང་ཆོས་སུ་ལེགས་བཤད་སྙིང་པོ་ཆུང་བ་ལ་མཁས་གྲུབ་ནོར་བཟང་བའི་འགྲེལ་པའི་ས་བཅད་ཀྱི་སྟེང་ནས་ཐལ་རང་གི་དགག་བྱའི་ཁྱད་པར་ཕྲ་མོ་ཚུན་ཆད་ལ་མཁས་པ་སོ་སོའི་བཞེད་ཚུལ་དུ་མ་བཀོད་ནས་དགག་བཞག་མཐའ་ཆོད་པ་དང༌། ཚིག་རེ་རེ་ལ་ཡང་བཤད་ཚུལ་གྱི་རྣམ་གྲངས་མི་འདྲ་བ་དུ་མ་བཅས་གཟབ་བཤད་ཕུལ་དུ་ཕྱིན་པ་མཛད་པས་རྣམ་དཔྱོད་ཅན་རྣམས་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་དད་གུས་ཚད་མེད་པ་སྐྱེས་ཏེ། འགའ་ཞིག་གིས་རྗེ་འདིས་གསུང་རབ་ཀྱི་དོན་འཆད་པའི་ཚེ་རྗེ་བཙུན་འཇམ་དབྱངས་དང་དབྱངས་ཅན་མ་སོགས་སྐུ་ལུས་ལ་ཞུགས་ནས་འཆད་པ་ཡིན་ནམ་ཞེས་ཟེར་བ་ཡང་རྣམ་པ་གཅིག་ཏུ་བསྟོད་པའི་ལུགས་ཡིན་མོད་ཀྱང༌། བཀའ་གདམས་གླེགས་བམ་ལས། འཇམ་པའི་དཔལ་དུའང་འགལ་བ་མེད། །ཅེས་གསུངས་པ་དང༌། ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ལྕང་སྐྱ་རྡོ་རྗེ་འཆང་གིས་མཛད་པ་ལས། འཇམ་དབྱངས་བཞད་པ་དང་རྗེ་རིན་པོ་ཆེ་དབྱེར་མེད་ཡིན་སྙམ་པ་ཞིག་གིས་ལུང་བསྟན་གནང་ཚུལ་གསུངས་པ་དང༌། རྗེ་འདི་མངལ་དུ་བཞུགས་སྐབས་ཡུམ་གྱི་མནལ་ལམ་དུ། འཆི་བས་འཇིགས་ནས་སྐུ་འབུམ་ལ་གནས་མཇལ་དུ་འགྲོ་རྩིས་བྱས་པར་མངལ་གྱི་བྱིས་པ་དེས་ཨ་མ་ཁྱོད་ཀྱི་ལམ་མགོ་ངས་ཐོན་ཡོང་ང་རྗེ་རིན་པོ་ཆེའི་སྐྱེ་བ་ཡིན་ཟེར་བ་ཞིག་རྨིས་པ་སོགས་ལ་དཔག་ན། རྗེ་འདིར་འཇམ་དབྱངས་ཟུར་ནས་འཇུག་དགོས་པ་ཞིག་རང་མིན་ནམ་སྙམ། བསྒྲུབ་བྱ་དུ་མ་དགེ་ཚུལ་དང་བསྙེན་རྫོགས་བསྒྲུབ་པ། བསྟན་པ་སྤྱི་དགོས་ཀྱི་རིམ་གྲོར་མཆོད་ཁང་ཆེན་མོའི་ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་བཞི་བླུགས་པའི་དབང་གི་སྦྱིན་སྲེག་གི་ཉིན་རྗེ་ཉིད་ཚོགས་དབུར་ཕེབས། འདུ་ཁང་རྙིང་པ་བསྐྱོད་རྒྱུར་ལྡེབས་རིས་གཙོ་བོ་རྣམས་སླར་ཚད་སོགས་མཚུངས་པར་བྱེད་དགོས་གསུངས་ཏེ་བཀབ་ཤོག་ལེན་དུ་བཅུག །ཨར་ཆོག་གི་སྐབས་ཡེ་ཤེས་པ་སྤོས་གྲུབ་བསྟུན་འཇིགས་བྱེད་དང་ཆོས་རྒྱལ་ཕྱི་ནང་གཉིས་ཀྱི་སྐུ་ལ་སེར་ཀ་འཕྲལ་དུ་ཞུགས་པ་དེར་འཁོད་རྣམས་ཀྱིས་མངོན་སུམ་དུ་མཐོང་བས་ཡ་མཚན་ཆེ་བར་གྱུར། དུས་འཁོར་རྡོ་རྗེ་འཛིན་པ་སྨྲ་བའི་སེང་གེ་བློ་བཟང་རིན་ཆེན་པའི་ཞལ་སྔ་ནས་དུས་འཁོར་ཁྲི་དང༌། ཁྱ་དགེ་སྤྲུལ་སྐུ་རྡོ་རྗེ་འཛིན་པར་བསྐོ་བཞག་གནང༌། སློབ་ཟུར་རབ་བརྟན་རྒྱ་མཚོ་བ་ལ་ཐིག་ལེ་བཅུ་དྲུག་གི་དབང་དང་སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་ཆོས་བཀའ་གང་ཞུས་སྩལ། དཔོན་ཚང་ནས་ཞུས་པ་བཞིན་བདེ་མཆོག་དཀར་པོའི་ཚེ་སྒྲུབ་ཉིན་བདུན་གྱི་བར་བཀའ་དྲིན་བསྐྱངས། སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་དང༌། གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས། དྲུང་ཡིག་ཆོས་འཛིན། བློ་བཟང་འཇིགས་མེད་སོགས་ལ་དབྱངས་ཅན་སྒྲ་མདོའི་རི་མོ་ཞིབ་ཁྲིད་མཛད། ཁོ་བོ་ཅག་ནས་གསོལ་བ་བཏབ་པ་བཞིན་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན་ཉིན་གཉིས་ལ་རྒྱས་པར་བཀའ་དྲིན་བསྐྱངས། སྟ་གོན་གྱི་ནུབ་མོ་ཁྲག་རློན་པ་ཞིག་བཏུང་བ་རྨིས་ཏེ་བཙོག་གྲིབ་ལྟ་བུ་ཞིག་ཡིན་ནམ་སྙམ་ཡང་སྙན་འབུལ་ཞུས་པར་ཤིན་ཏུ་ལེགས་གསུངས་ནས་བརྩེ་བས་དབུགས་དབྱུང་མཛད། མཇུག་ཏུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དཔའ་བོ་གཅིག་པའི་ལྗགས་ལུང་སྩལ་ཏེ། ངེད་ཀྱིས་སྔར་སྟོང་སྐོར་རིན་པོ་ཆེའི་མདུན་དུ་དབང་ཐོབ་པ་ནས་བཟུང་དཔའ་གཅིག་ཆག་མ་མྱོང་བས་ཆོས་གྲྭ་པ་རྣམས་སློབ་གཉེར་མཐར་ཕྱིན་པ་ལ་རྒྱབ་རྟེན་དུ་འདི་ལྟ་བུ་རེ་ཅིས་ཀྱང་མ་ཆག་པ་བྱེད་དགོས་ཞེས་ནན་ཏན་དུ་གསུངས། བཞི་པའི་ཚེས་ལ་སྐུ་འབུམ་དུ་ཕེབས་ཏེ་སྟག་མཚེར་ཞལ་སྔ་ནས་ཀྱིས་གཙོས་དགེ་འདུན་བརྒྱ་ཕྲག་མང་པོར་ཐུགས་རྗེ་ཆེན་པོའི་དབང་སོགས་འདོད་ཆོས་དུ་མ་དང༌། དགོན་ལུང་དུ་ཐུའུ་བཀྭན་རིན་པོ་ཆེས་གཙོས་ཧྲག་བསྡུས་ལ་ཚེ་དཔག་མེད་ཀྱི་དབང༌། རྒྱལ་ཐང་པའི་གཅོད་ཀྱི་དབང་ཁྲིད་སོགས་ཆོས་ཀྱི་ཆར་ཕབ་ཅིང་ཆོས་བཟང་རི་ཁྲོད་དུ་འདུ་ཁང་རབ་གནས་མཛད་དེ་རིམ་གྱིས་གདན་སར་བབས། དགོན་པའི་རྒྱབ་རིའི་རྩེར་བདེ་མཆོག་ཀླད་ཅེས་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་བཞུགས་པར་ཀུན་མཁྱེན་གོང་མའི་གསུང་རྒྱུན་ལས་འབྱུང་བའི་གནས་ཁྱད་པར་ཅན་བདེ་ཁོད་སྙོམས་པ་ཞིག་ཡོད་པ་དེར་འཕྱིང་གུར་ཕུབས་ནས་བཞུགས་ཏེ་དབུ་མའི་མཐའ་དཔྱོད་ལྗགས་རྩོམ་མཛད། དེར་སྐབས་སྐབས་སུ་བཅད་རྒྱ་གནང་ཡུལ་གྱི་གཟིམས་ཁང་ཞིག་གསར་དུ་རྒྱག་རྒྱུའི་ལྗགས་བཀོད་གནང་སྟེ་མིང་ཐར་པ་རྩེར་བཏགས། དཔའ་རིའི་ཐུར་ཆེན་ནས་དྭགས་པོ་རིན་པོ་ཆེ་ཀུན་གྲོལ་ནོ་མིན་ཧན་གྱིས་སོས་ཀ་སྙན་གསན་ཕུལ་ཡོད་པ་ལྟར་གདན་འདྲེན་པ་ཡང་བསྐྱར་གྱིས་འོང་བས་ལྔ་པའི་ཚེས་བཅུ་བདུན་ལ་དེ་ཕྱོགས་སུ་ཆིབས་བསྐྱོད། ལམ་ནས་སྐུ་དངོས་དཔོན་གཡོག་ཉུང་བསྡུས་སྔོན་ལ་ཕེབས་ཏེ་ཧོ་ཤུ་རྗེས་སུ་ལུས་པ་རྒྱ་གྲོང་ཞིག་ཏུ་ཞག་བབས་བྱས་ཡོད་པར་མཚན་མོ་ཆར་ཐོག་ཆེན་པོ་བརྒྱབ་ནས་ཕན་ཚུན་ཐམས་ཅད་འུར་ཟིང་ཆེ་བར་བྱུང༌། གནས་ཚང་གི་ཁང་པ་ཡང་ཆུས་ཁྱེར་ལ་ཁད་ཙམ་བྱུང་བའི་ཚེ་རྗེ་ཉིད་ལ་གསོལ་བ་དྲག་ཏུ་བཏབ་པས་རིམ་གྱིས་ཇེ་འཇམ་དུ་སོང༌། ཕྱི་ཉིན་ནམ་ལངས་ནས་བལྟས་ཚེ་གཡས་གཡོན་གྱི་ཁང་པ་གཅིག་ཀྱང་མ་ལུས་པར་གྲོང་ཐམས་ཅད་ཆུས་ཁྱེར་བའི་ཤུལ་གྱི་ཐང་སྟོང་ཞིག་ན་ཁང་པ་འདི་གཅིག་པུར་ལུས་ཡོད་པ་མཐོང་སྟེ་རྒྱ་མི་རྣམས་ཀྱང་དད་པ་ཚད་མེད་པ་སྐྱེས། དེ་ནུབ་རྗེ་ཉིད་ལན་ཇུས་མཁར་གྱི་ཉེ་འགྲམ་ཞིག་ཏུ་བཞུགས་པ་དེར་ཡང་ལུང་པ་ཐམས་ཅད་ཆུས་ཁེངས་པ་ལྟར་སོངས་ཏེ་རྨ་ཆུའི་ཟམ་སོགས་ཁྱེར་ཡང་ཉིད་འཁོར་བཅས་ཀྱི་སྐུ་ཆས་ཁལ་རྟ་སོགས་ལ་སྐྱོན་ཅུང་ཟད་ཀྱང་མ་བྱུང༌། ཟླ་བ་དྲུག་པའི་ཚེས་གསུམ་ལ་ཀུན་གྲོལ་ནོ་མིན་ཧན་གྱིས་གཙོས་བླ་དཔོན་ཆེ་བགྲེས་སོགས་རྟ་པ་བརྒྱ་ཕྲག་དུ་མས་ཆིབས་བསུ་སེར་སྦྲེང་དང་བཅས་ཐུར་ཆེན་དགོན་པ་ཐོས་བསམ་དར་རྒྱས་གླིང་དུ་ཕྱག་ཕེབས། དེ་ཀའི་ཚེས་དགུ་ནས་བདུན་པའི་ཚེས་བཅུ་སྐོར་གྱི་བར་དུ་དྭགས་པོ་རིན་པོ་ཆེས་གཙོ་མཛད། རྒྱ་རྡོག་སྨོན་ལམ་ལྷུན་གྲུབ། སེར་རྩུད་དགོན་པའི་བླ་མ་ངག་དབང་ཚུལ་ཁྲིམས། ཏེའི་ཐུང་དགོན་ཆེན་གྱི་བླ་མ་ཁྲི་གདན་ཟུར། དེ་ཀའི་མཚན་ཉིད་གྲྭ་ཚང་གི་དཔོན་སློབ་དོན་གྲུབ་བཀྲ་ཤིས་སོགས་སྐྱ་སེར་ཉིས་སྟོང་ལྷག་ལ། རྡོ་རྗེ་ཕྲེང་བ་དང༌། ཀྲྀ་ཡ་སྦྲགས་པའི་དབང་ཡོངས་སུ་རྫོགས་པར་གནང༌། ཞར་ལ་སྒྲུབ་ཐབས་རིན་འབྱུང་དང༌། ལྷོ་བྲག་སྙན་བརྒྱུད་ཀྱི་རྗེས་གནང་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ཆར་བཞིན་ཕབ་སྟེ་སྐལ་བཟང་ཡིད་ཀྱི་ཞིང་སར་ལེགས་ཚོགས་བྱེ་བའི་འབྲས་བཟང་སྨིན་པར་མཛད། དེའི་སེང་བར་དུ་སྐྱེ་བོ་ཕོ་མོ་བརྒྱ་དང་བཅོ་ལྔར་དགེ་བསྙེན་གྱི་སྡོམ་པ་ཕོག །

                  དེར་གསང་ཆེན་བསྟན་པ་འཛིན་པའི་རྒྱུད་གྲྭ་ཞིག་ཀྱང་གསར་འདེབས་མཛད་དེ། དགེ་བའི་བཤེས་གཉེན་ཆེན་པོ་དོན་གྲུབ་བཀྲ་ཤིས་བླ་མར་བསྐོ་བཞག་གནང༌། ཁོང་གིས་ཀྱང་དང་པོར་དགོངས་པ་ནན་ཅན་ཞུས་འདུག་ཀྱང༌། རྗེས་སོར་སྐྱབས་མཆོག་ཉིད་ཀྱི་ཐུགས་བསྐྱེད་ལ་བརྟེན་ནས་རྒྱུད་གྲྭ་དེ་ཉིད་ཆོས་འཆད་ཉན། ཀུན་སྤྱོད་སོགས་གང་ས་ནས་ཡུལ་མཐའ་དེ་དང་མི་འཚམ་པ་ལྟ་བུའི་ཆེས་ཁྱད་པར་དུ་འཕགས་པ་ཞིག་བྱུང་བས། དགེ་བཤེས་པ་ཡང་ལྷག་པར་སྤྲོ་བ་འཕེལ་ཏེ། རང་ཚོའི་ས་ཆར་རྒྱུད་གྲྭའི་སྒྲིགས་ལམ་འདི་འདྲའི་ཚད་ལྡན་ཡོང་བ་རྗེ་འཇམ་དབྱངས་བཞད་པ་ཁོ་ནའི་བཀའ་དྲིན་ཡིན། ངེད་ཀྱང་སྔར་ཡིན་ན་གཅིག་པུར་དགེ་སྦྱོར་ཞིག་བྱེད་རྩིས་ཡོད་ཀྱང། ད་ནི་མ་ཤི་བར་དུ་དགོངས་པ་ཞུ་རྒྱུ་མིན་གསུངས་ཏེ་ལོ་བཅོ་ལྔ་ཁྲི་མཛད་སྣང། དེ་ནས་བྲ་སྟི་རབ་རྒྱས་དགོན་དུ་སེར་སྐྱ་དུ་མ་ལ་ཀུན་རིག་གི་དབང་དང༌། དགེ་བསྙེན་ཉི་ཤུ། བསྙེན་རྫོགས་ཉེར་གཉིས་སོགས་གསར་བསྒྲུབས་མཛད། གཞན་ཡང༌། དཱ་བན་རྒྱལ་ལྡོག་དགོན། འབྲི་གུ་དགོན། མཆོད་རྟེན་ཐང༌། ཆོས་ལུང་དགོན་སོགས་སུ་སྤྱན་དྲངས་པར་གསང་བ་འདུས་པའི་དབང་དང་རྗེས་གནང་དུ་མ། རབ་བྱུང༌། བསྙེན་རྫོགས་སོགས་ཀྱི་སྒོ་ནས་སོ་སོའི་རེ་བ་བསྐང༌། ཏེའི་ཐུང་དགོན་ཆེན་དུ་བླ་གྲྭ་ཚང་མས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་བཞིན། འཇིགས་བྱེད་དཔའ་བོ་གཅིག་པ། བདེ་མཆོག་དྲིལ་བུ་ལྷ་ལྔ། ཚེ་དཔག་མེད་གསུམ་གྱི་དབང་ཆེན་དང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སོགས་འདོད་ཆོས་མང་དུ་སྩལ། བསྙེན་གནས་དགེ་བསྙེན་རབ་བྱུང་དགེ་ཚུལ་སོགས་ཆེས་མང་བ་དང༌། བསྙེན་རྫོགས་བརྒྱ་དང་སོ་གཅིག་བསྒྲུབས། ཀླུ་སྐྱབས་དཔོན་པོའི་ཡཱ་མོན་ནས་གདན་དྲངས་ཏེ་རྒྱ་ལུགས་ཀྱི་བསྙེན་བཀུར་གྱ་ནོམ་པ་ཞུས། ཏེའི་ཐུང་བྲག་དགོན་ཟེར་བའི་དབེན་གནས་ཁྱད་འཕགས་ཤིག་ཡོད་པ་དེར་ཡང་བྱོན། སླར་ཡང་ཡར་ལུང་དགོན་དུ་གཅོད་དབང་ནམ་མཁའ་སྒོ་འབྱེད་དང༌། ཀུན་རིག་གི་དབང་ཆེན་གནང་བ་སོགས་དེ་ཕྱོགས་ཀྱི་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་དེ་དགུ་པའི་ནང་ལ་གདན་སར་བབས། དུར་བེད་རབ་འབྱམས་པ་དཔལ་བཟང་གིས་ཚོགས་སུ་གདན་དྲངས་ནས་ཞབས་བརྟན་དང་དངོས་འབུལ་གྱ་ནོམ་པ་བསྟར་བས་ཆོས་བཀའ་ཅི་རིགས་སྩལ། ཐོས་བསམ་གླིང་གི་བཅའ་ཡིག་བླང་དོར་རབ་གསལ་དང༌། སྨོན་ལམ་ཆེན་མོའི་བཅའ་ཡིག་ཤེལ་དཀར་མེ་ལོང་གཉིས་གསར་དུ་བཞག །དགུན་གྱི་རིང་ཐར་པ་རྩེར་བཅད་རྒྱ་དམ་པོར་གནང་སྟེ་ཐུགས་དམ་ཟབ་མོའི་ཉམས་བཞེས་ལྷུར་མཛད་ཅིང༌། བསྟན་པའི་འཕེལ་རྒྱས་ཀྱི་དོན་དུ་སྤྱན་དམིགས་གང་གཟབ་མཛད། དགུང་ལོ་ཞེ་བརྒྱད་ལ་ཕེབས་པའི་ལོ་གསར་གྱི་དགའ་སྟོན་གནང་ཞིང༌། བསྒྲུབ་བྱ་དུ་མར་རབ་བྱུང་དང་བསྙེན་རྫོགས་སོགས་བཀའ་དྲིན་སྩལ། ཧལ་ཧ་ངག་དབང་ཡོན་ཏན་དང༌། མཛོ་དགེ་དགེ་འདུན་དཔལ་བཟང་གཉིས་ནས་ཉིད་ཀྱི་བཀའ་ཕེབས་ལྟར་ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐའི་རྒྱུགས་ཕུལ་བར་རྟ་རེ་གནང་སྦྱིན་མཛད།

                     གཞན་ཡང་ལོ་སྔ་ཕྱི་ཅི་རིགས་པར་ཐུ་མེད་པ་ངག་དབང་འོད་ཟེར་གྱིས་ཕར་ཕྱིན་གྱི་ཐལ་ཕྲེང་སྐབས་དང་པོ་གཉིས་དང་བཞི་པ། དྲང་ངེས་རྣམ་འབྱེད་ཆེན་མོ། རྣམ་བཤད་སྙིང་པོ་རྒྱན། རྣམ་བཤད་དགོངས་པ་རབ་གསལ། ཆོས་མངོན། ཡིག་ཆའི་འདུལ་བ་ཡོངས་རྫོགས། བསམ་གཏན་གྱིས་ལེགས་བཤད་སྙིང་པོ། ཕར་ཕྱིན་གྱི་སྐབས་ཕལ་ཆེར། ཡིག་ཆའི་འདུལ་བ་དང་དབུ་མ་རྒྱས་པ་ཡོངས་རྫོགས། ཆོ་ཧོར་སྦྱིན་པས་ཡིག་ཆའི་དབུ་ཕར་གཉིས་ཡོངས་རྫོགས། ཟུར་བཀོལ་རྒྱས་པ་བཞི། དགེ་འདུན་དཔལ་བཟང་གིས་ཡིག་ཆའི་དབུ་ཕར་གཉིས། གསེར་འཕྲེང་སྐབས་དང་པོ། ལེགས་བཤད་སྙིང་པོ། དྲང་ངེས་རྣམ་འབྱེད་ཆེན་མོ། ལམ་རིམ་ཆེན་མོ། དཀོན་མཆོག་ཚངས་དབྱངས་ཀྱིས་ཕར་ཕྱིན་སྐབས་དང་པོ་ནས་བདུན་པའི་བར། དགེ་འདུན་ཉི་ཤུ་ཆེན་མོ། དྲང་ངེས་རྣམ་འབྱེད་ཆེན་མོ། རྣམ་བཤད་དགོངས་པ་རབ་གསལ། ཡིག་ཆའི་མཛོད་ཕལ་ཆེར་དང༌། འདུལ་བ་ཡོངས་རྫོགས། ལམ་རིམ་ཆེན་མོ། ངག་དབང་ཡོན་ཏན་གྱིས་ཡིག་ཆའི་མཛོད་ཡོངས་རྫོགས། དབལ་མང་ཞབས་དྲུང་གིས་ཡིག་ཆའི་ཕར་ཕྱིན་སྐབས་དང་པོ་བཞི། དགེ་འདུན་ཉི་ཤུ་ཆེན་མོ། དྲང་ངེས་རྣམ་འབྱེད་ཆེན་མོ། དབུ་མ་ལུང་རིགས་སྒྲོན་མེ། གྲུབ་མཐའ་ཆེན་མོ། འདུལ་བ་མདོ་རྩ་བ། གྲགས་པ་བཟང་པོས་རྣམ་བཤད་དགོངས་པ་རབ་གསལ། ལམ་རིམ་ཆུང་ངུ་སོགས་ཀྱིས་མཚོན་རང་རང་གི་བློའི་ནུས་པ་དང་བསྟུན་པའི་མཚན་ཉིད་ཀྱི་ཐལ་ཕྲེང་ཟུར་བཀོལ། སྔགས་ཀྱི་བསྐྱེད་རྫོགས་ཊཱིཀྐ་ཆེ་ཆུང༌། སྨན་གྱི་རྒྱུད་ཆུང་གསུམ་སོགས་གྲྭ་ཚང་སོ་སོ་ནས་རྒྱུགས་འབུལ་མཁན་ཆེས་མང་དུ་བྱུང་བ་ལ་དགྱེས་གཟིགས་ཚད་མེད་པ་མཛད་པའི་བཀའ་དྲིན་གྱིས་སྤྱན་ལྟོས་བཟང་པོ་དེ་ཉིད་ད་ལྟའི་བར་གོང་འཕེལ་དུ་གནས་པ་འདི་བཞིན་ལགས། རོང་པོ་མར་ནང་དུ་ཕན་ཚུན་གྱི་མི་སུམ་ཅུ་སྐོར་བསད་པའི་འཁྲུག་ལོང་ཤིན་ཏུ་ཆེ་བ་ཞིག་ཡོད་པར་གཟུ་ཆིངས་གནང་སྟེ་དགེ་བའི་ལམ་ལ་སྦྱར། རྒྱུད་པ་གྲྭ་ཚང་སྤྱིས་གསོལ་བ་བཏབ་པ་བཞིན་ཁྲི་གདན་ཟུར་སྤྲུལ་སྐུ་ཆེ་ཆུང་བཀའ་རམས་དགེ་བཤེས་སོགས་ཧྲག་བསྡུས་ལྔ་བརྒྱ་སྐོར་ལ་བཞི་པའི་བཅུ་གཅིག་ནས་བཟུང་ཉིན་བཅུ་གསུམ་གྱི་བར་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་རྒྱས་པ་རྒྱུད་འགྲེལ་བསྟན་བཅོས་མཐའ་དག་གི་དགོངས་པ་བསྡུས་ནས་སྐབས་སུ་གང་བབས་ཀྱི་དོགས་སྤངས་དགག་བཞག་སོགས་མཛད་དེ་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་གསུམ་གྱི་ཟ་མ་ཏོག་ཅིག་ཅར་ཕྱེ་བས་ཟབ་དོན་ནོར་བུའི་དོ་ཤལ་དཔྱོད་ལྡན་ཡོངས་ཀྱི་མགུལ་བའི་རྒྱན་དུ་བསྟར། ཆོས་ཐུན་རེ་རེ་བཞིན་འགྲེལ་གཏོར་བསྔོ་བ་དང་མཇུག་ཏུ་ཚོགས་འཁོར་རྒྱས་པ་སོགས་ཕྱག་ལེན་བཞིན་མཛད། ཁོ་བོ་ཅག་ནས་གསོལ་བ་བཏབ་སྟེ་དུས་འཁོར་གྲྭ་ཁང་དུ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་ཆེན་སྩལ། ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་ནས་ཆེ་བགྲེས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་རྡོ་རྗེ་ཕྲེང་བའི་དབང་གི་སྙན་གསན་ཕུལ་བ་བཞིན། ལྔ་པའི་ཚེས་ལ་དེར་ཆིབས་བསྐྱོད། ལོ་དེར་ཐན་པ་ཤིན་ཏུ་ཆེ་ཡང་རྗེ་ཉིད་ཕེབས་ཉིན་གློ་བུར་དུ་ཆར་རྒྱུན་ལེགས་པར་བབས་པས་ཡུལ་མི་རྣམས་གཉན་རྗེ་གོང་སྔོན་གྱིས་བསུ་བར་གླེང༌། དེ་ནས་གཉུག་མར་གནས་པ་བླ་མ་ཁྲི་གདན་ཟུར་སོགས་སེར་སྐྱ་སྟོང་ཕྲག་དུ་མ་དང་དགེ་བའི་བཤེས་གཉེན་རོང་པོའི་དབོན་པོ། མཁན་ཆེན་དྲུང་ཡིག་པ། བྲག་དཀར་སྤྲུལ་སྐུ་སོགས་རེབ་ཀོང༌། རྗེས་ཚང༌། འབོ་ར། མཛོ་དགེ །ཙ་ཡུ་སོགས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་ཆེས་མང་བར། སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་ཀྱི་གདམས་པའི་ཉིང་ཁུ་རྡོ་རྗེ་ཕྲེང་བའི་དབང་ཆེན་ཟབ་མོ་ཕྱག་ལེན་རྣམ་པར་དག་ཅིང་དབང་བཤད་འབྱམས་ཀླས་པ་མཇུག་ཏུ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་བཞིན་དུ་བསྲུང་དགོས་ཚུལ་གྱི་བསླབ་བྱ་ནན་ཏན་དང་བཅས་སྩལ། མཇུག་གི་ཉི་མ་ཁ་ཤས་ཀྱི་རིང་ནམ་མཁའི་ངོས་ཐམས་ཅད་འཇའ་སྤྲིན་ཁ་དོག་སྣ་ལྔ་པས་ཁྱབ་པ་སོགས་ལྟས་ཡ་མཚན་པ་མང་དུ་བྱུང༌། ཚེས་བཅུ་བདུན་ལ་གདན་སར་བབས་ཏེ། སྨད་སོག་གི་གྲྭ་རྒྱུན་སྤྱི་ནས་གསོལ་བ་བཏབ་པ་བཞིན་ཚོགས་མང་ལ་ཉིན་བཅུ་གསུམ་གྱི་རིང་བཱ་རི་བརྒྱ་རྩའི་རྗེས་གནང་ལུང་དང་བཅས་པ་སྩལ། གཞན་ཡང་དོན་གཉེར་ཅན་སོ་སོ་ལ་བླ་མ་མཆོད་པའི་ཁྲིད་དང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་འདོད་ཆོས་ཅི་རིགས་གནང༌། དེའི་སེང་བར་དུ་ལྕང་སྐྱ་རིན་པོ་ཆེའི་འཁྲུངས་རབས་རྣམ་ཐར་དང༌། དབུ་མའི་མཐའ་དཔྱོད་ཀྱི་མཇུག་གྲུབ་སྟེ་མཐར་འཛིན་རྨོངས་པའི་མུན་པ་མཐའ་དག་སེལ་བའི་ལེགས་བཤད་ཀྱི་སྒྲོན་མེ་སྦར་བར་མཛད་དོ། །
                    སྡེ་ཁྲི་སྤྲུལ་བའི་སྐུའི་གདན་འདྲེན་ལ་དབོན་པོ་དབུས་སུ་འགྲོ་རྩིས་བྱས་པར་ཁྱོད་རང་མ་སོང་བ་དགའ་ཞེས་བཤོལ་མ་མཛད་དེ་ཁོ་རང་མ་འགྱངས་པར་ནད་ཡུན་རིང་ཞིག་གིས་ཐེབས་པས་དེ་ལ་དགོངས་པར་སྣང༌། དེས་མཚོན་ཐར་ཤུལ་རབ་འབྱམས་པ་ཟེར་བ་དབུས་སུ་འགྲོ་སྐབས་སྐྱབས་འཇུག་ཞུས་ཚེ། ཕྱིར་ལམ་སེམས་ཆུང་གྱིས་གསུངས་པ་ལྟར། ཕྱིར་ལམ་ཇག་པར་ཐུག་སྟེ་རྨས་འགྲམ་བྱུང་བ་དང༌། སོག་པོ་ཞིག་གཟུགས་ཕུང་མ་བདེ་བའི་དོན་དུ་བརྟག་པ་ཞུས་པར་འདི་ལ་སྐྱོན་ཆེར་མེད་འདྲ་ཡང་མིག་ལ་སེམས་ཆུང་གྱིས་ཞེས་ཕེབས་པ་ལོ་གྲངས་བཅུ་སྐོར་ལྷག་སོང་རྗེས་མིག་ལོང་བ་དང༌། ཆེ་ཆིན་སྡེ་པས་གཟུགས་གཞི་མ་བདེ་བར་མོ་ལུང་ཐམས་ཅད་འཁྲུགས་ཤིང་འཆི་ལ་ཐུག་པའི་ཚེ། རླུང་ཡིན་མོད་རླུང་བཅོས་གྱིས་གསུངས་པ་བཞིན་བྱས་པས་མྱུར་དུ་བདེ་བ་དང༌། གྲྭ་པ་ཞིག་མ་བདེ་བའི་དོན་དུ་ཐུགས་བརྟག་ཞུས་པར། ཤོ་ཞིག་བསྒྲིལ་བར་བཅུ་གསུམ་བབས་འདུག་པ་བརྟག་པ་ཞུ་བ་པོས་མཐོང་སྣང་ཡང་མོ་མི་བཟང་གསུངས་པར་གྲྭ་པ་དེ་ཉིད་གཤེགས་སོང་བ་སོགས་འཕྲལ་ཕུགས་ལེགས་ཉེས་ཞུས་ཚད་ཀྱི་རིགས་ལ་འཕྲལ་དེར་ཕོ་གདོན་མོ་གདོན་ཐམས་ཅད་ཐལ་བྱུང་དུ་མི་གསུང་ཡང་གསུང་གི་བབས་ལ་བརྟག་ཤེས་ན་དོན་རྩ་ལ་ཅུང་ཟད་ཙམ་ཡང་བསླུ་བ་མི་སྲིད་པས་འདི་འདྲའི་རིགས་མཐའ་ཡས་པ་ཡོད་ཀྱང་བྲིར་མ་ལངས། གླིང་བསྲེའི་བཅའ་ཡིག་གསར་དུ་བཞག་སྟེ། ལོ་ལྟར་ཉིན་དང་པོར་ཁྲི་རིན་པོ་ཆེ་ནས་པོ་ཏི་ལྔའི་བཤད་པ་རྒྱས་པ་དང༌། ཉིན་གཉིས་པར་རྒྱུད་དུས་འཁོར་སྨན་པ་གསུམ་གྱི་དཔོན་སློབ་རེས་མོས་བཞིན་གསང་བ་འདུས་པའི་རྒྱུད་ཊཱིཀ །དུས་འཁོར་ཊཱིཀ་ཆེན། རིག་གནས་ལྔའི་རྣམ་གཞག་སོགས་ལས་བརྩམས་པའི་བཤད་པ་ཆ་ཚང་བར་བྱེད་རྒྱུ་སོགས་ཕྱག་བཞེས་ཀྱི་ཆ་ཐམས་ཅད་ལ་དག་ཐེར་ཞིབ་ཏུ་མཛད། ཐོས་བསམ་གླིང་གི་རྩོད་ཡིག་ཟླ་ཤེལ་ཕྲེང་བ་ཡང་གསར་བསྒྲིགས་གནང་སྟེ། སྔར་དགེ་བཤེས་ཆེ་བར་གྲགས་པ་ལ་ལ་ཡང་སེམས་བསྐྱེད་དྲུག་པ་མན་ཆད་ལ་རྩོད་པ་མ་སོང་བ་སྣང་ཞིང༌། ཕྱོགས་གང་ན་ཡང་གཞུང་མགོ་མཇུག་ཀུན་ལ་རྩོད་པ་འགྲོ་བ་ཤིན་ཏུ་དཀའ་བར་འདུག་ཀྱང༌། རྗེ་བླ་མ་མཆོག་འདིའི་ཐབས་མཁས་ཀྱི་མཐུ་ལ་བརྟེན་ནས་ད་ལྟ་བློ་མཐོ་དམན་སུ་ཡིན་ཀྱང་གཞུང་གོང་འོག་ཀུན་ལ་ཧོར་ཁུངས་སུ་མ་ལུས་པར་བག་ཆགས་རེ་འཇོག་ཐུབ་པ་འདི་ཡང་གཞན་ཞིག་གིས་སྐྱེ་བའི་བར་དུ་བསྒྲུབ་དཀའ་བའི་བསྟན་པའི་བྱ་བ་རླབས་པོ་ཆེ་ཞིག་ཏུ་སྣང༌། དེ་སྔོན་དཔེ་མཛོད་ཀྱི་སྲོལ་མེད་ཀྱང༌། དོན་གཉེར་ཅན་ཆ་རྐྱེན་སྲབ་པ་རྣམས་ལ་ཕན་པའི་ཕྱིར་དེའི་སྲོལ་བཙུགས་པས་མ་འགྱངས་པར་པོ་ཏི་སྟོང་ཕྲག་བརྒལ་བ་བྱུང་སྟེ་བསྟན་རྒྱུན་ལ་ཤིན་ཏུ་ཕན་པར་སོང༌། ཁེ་ཐཱ་ཕྱོགས་ནས་དཔོན་པོ་བསྟན་འཛིན་དང་རྒྱ་མཚོ་སོགས་ཀྱིས་གདན་དྲངས་པ་ལྟར་ཆིབས་བསྐྱོད། དཔོན་འབངས་སོ་སོས་རང་རང་གི་འབྱོར་བསྟུན་གྱི་བསྙེན་བཀུར་ཕུ་དུད་བླ་ན་མེད་པ་ཞུས། རྔ་བ་ནས་གདན་འདྲེན་ཞུས་ཏེ་ཕེབས་པར་དམེ་དཔོན་པོས་གཙོས་བླ་དཔོན་ཆེ་ཕྲ་དུ་མ་དང༌། ཚ་ཁོ་ཅོག་ཙེ་རྒྱལ་པོའི་བང་ཆེན་ད་རོ་ཆེ་བ་གཉིས་བཅས་ཀྱིས་ཆིབས་བསུ་ཐབ་བསུ་སོགས་བསྙེན་བཀུར་ཡང་དག་བསྒྲུབས། རྔ་བའི་དགོན་པ་གསར་པར་གསོ་སྦྱོང་མཛད་ཅིང་འཛིན་གྲྭ་གསུམ་དུ་བྱས་ནས་བརྩི་བཞག་གནང༌། སྒྲིགས་ལམ་གསར་འཛུགས་སོགས་བཀོད་ཁྱབ་དང་མང་འགྱེད་ཐོག་དངུལ་སྲང་བརྒྱ་དང་མཆོད་རྫས་དུ་མ་སྦྱོར་འཇགས་མཛད། སྐབས་དེར་རྩོད་གླེང་འགའ་ཞིག་གི་རྐྱེན་གྱིས་འགོ་ལོག་གིས་རྔ་པའི་མི་ཞིག་བསད་པར། ཕན་ཚུན་ཚིག་སྦྱངས་བཤད་བྱེད་དུ་བཅུག་སྟེ། འགོ་ལོག་ལ་སྟོང་འཇལ་དགོས་ཀྱི་བཀའ་ཕེབས་པར། སྔར་དེ་འདྲའི་དཔེ་མི་སྲིད་ཀྱང་ད་ལན་སྐུ་ཞབས་རིན་པོ་ཆེའི་བཀའ་གྱེན་ཟློག་མི་ནུས་ཞེས་གསུང་དང་དུ་བླངས།

                     དེ་ནས་ཨ་ཁེབ་བླ་མ་དང་འདི་ཀའི་གྲྭ་རྒན་གདོང་ཁུ་ཐབས་མཁས། སྔོ་ཤུལ་ཚང༌། མགོ་རབ་འབྱམས་པ། དམེ་དཔོན་པོ། རྡོར་ཞར་དཔོན་པོ། ཨ་འཁྱམ་དཔོན་པོ་སོགས་དེ་ཕྱོགས་ཀྱི་སྡེ་དགོན་མཐའ་དག་ནས་སྤྱན་དྲངས་པར་རང་རང་གི་འདོད་པ་བཞིན་གྱི་ཆོས་ཆར་ཕབ། ཇོ་ནང་བའི་ལུགས་སྲོལ་འཛིན་པ་འབྲོག་དགེ་བླ་མས་གདན་དྲངས་ཏེ་ཐུགས་རྗེ་ཆེན་པོའི་དབང་སོགས་ཆོས་བཀའ་འགའ་ཞིག་ཞུས་ནས་ཞབས་བརྟན་གྱི་བཤད་པ་ཚིག་དོན་ཕུན་སུམ་ཚོགས་པ་དང་བཅས་དངོས་འབུལ་གཟེངས་མཐོ་བ་བསྟར། འགོ་ལོག་ནས་དམག་ཟོར་མགོན་པོ་ངོ་གཡོག་སུམ་བརྒྱ་ཙམ་འོངས་ཏེ་ཐུགས་རྗེ་ཆེན་པོའི་དབང་ཆེན་ཞུས་ཤིང་གཞན་ཡང་འགོ་ལོག་གི་དཔོན་ཁག་དུ་མ་མཇལ་བར་འོང༌། ཕྱིར་ཕེབས་ལམ་ནས་སོག་ཚང་སྐུ་སྐྱེ་སོགས་འཚམས་རིང་སྐ་བར་མ་དང༌། གླིང་པའི་དཔོན་པོ་ཕྱག་རྡོར་སྐྱབས་སོགས་ཀྱིས་བསྙེན་བཀུར་ཞུས་པར་སོ་སོའི་འདོད་པ་བསྐངས་ཏེ། བཅུ་གཅིག་པའི་ཚེས་ལ་གདན་སར་བབས། གྲྭ་པ་རེ་རེར་ཟམ་བུབ་རེའི་རྩིས་ཀྱི་འགྱེད་དང༌། སྤྱི་འཇོག་སྲང་ལྔ་བཅུ། རྒྱུད་དུས་འཁོར་གཉིས་ལ་ཉི་ཤུ་རེ། སྐད་གྲྭ་པ་དགུ་བཅུ་སྐོར་ལ་ལོ་སྦྲེལ་གྱི་བར་དུ་འདོན་རྟ་དབྱངས་ཞིབ་ཐིག་སློབ་ཏུ་བཅུག་པར་ཟམ་ཆ་རེའི་བདག་རྐྱེན་གནང༌། ཨ་མཆོག་དགོན་པར་ཟམ་ཡ་རེའི་འགྱེད་དང༌། མཆོད་རྟེན་ཤར་དུ་འཇོག་པ་སྲང་ལྔ་བཅུ་སོགས། དགོན་ལག་དུ་མ་ལ་ཡང་བབས་འོས་ཀྱི་གནང་ཆ་སྩལ། དུར་བེད་སྐལ་བཟང་ཚུལ་ཁྲིམས་ཀྱིས་ཚོགས་དབུས་སུ་གདན་དྲངས་ཏེ་དངུལ་སྲང་བཞི་བརྒྱ་སོགས་དངོས་འབུལ་རྒྱ་ཆེ་བ་དང་བཅས་བརྟན་བཞུགས་ཕུལ། དེས་ཞུས་ངོར་དཔའ་གཅིག་གི་དབང༌། འཇིགས་བྱེད་སྔགས་བཏུའི་རྗེས་གནང༌། མགོན་ཆོས་ལྷ་མོ་རྣམ་སྲས་མགོན་དཀར་རྣམས་ཀྱི་རྗེས་གནང་སྩལ། དགུན་སྨད་ཀྱི་རིང་ཐར་པ་རྩེར་བཅད་རྒྱ་གནང་སྟེ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་གཞོལ་བར་མཛད། དགུང་ལོ་ཞེ་དགུ་པ་མེ་ཕོ་སྤྲེའུའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་སྨོན་ལམ་གསུང་ཆོས་སོགས་སྔར་རྒྱུན་བཞིན་གནང༌། རབ་བྱུང་བསྙེན་རྫོགས་དུ་མ་དང་ཕྱོགས་འདུས་ཀྱི་མཇལ་བ་ཆེས་མང་བར་ཕྱག་དབང་སྩལ་ཅིང་དེ་དག་ལ་རྗེས་སུ་བརྩེ་བས་དགོངས་ཏེ། ཁྱེད་འདིར་འཚོགས་ཀྱི་དད་ལྡན་ཕོ་མོ་ཀུན། །གསུང་ཡི་གེ་དྲུག་མའི་བྱིན་རླབས་ཀྱིས། །ཞིང་ཁྱད་འཕགས་པོ་ཏ་ལར་སྐྱེས་ནས། །ལྷ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཤོག །
                     ཅེས་པའི་སྨོན་ཚིག་ལྗགས་རྩོམ་གནང་སྟེ་ལོ་ལྟར་མ་ཎི་པས་ཁྲོམ་དཀྱིལ་དུ་དགེ་བསྐུལ་གྱི་མགུར་དབྱངས་འཐེན་པའི་སྲོལ་བཙུགས། ཚོགས་ཆེན་ཁྲི་ཐོག་པ་བསོད་ནམས་དབང་རྒྱལ་གྱིས་ཞུས་ངོར་ཁོང་དང༌། རབ་འབྱམས་པ་བློ་བཟང་འཇིགས་མེད། མཛོ་དགེ་བློ་བཟང་དཀོན་མཆོག་སོགས་ལ་འཁྲུལ་འཁོར་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་འཁྲུལ་འཁོར་གྱི་ཁྲིད། ས་འཁོར་གནམ་འཁོར་གྱི་བྲི་ལྟེབ། ལིངྒ་སྔགས་ཅན་སྔགས་མེད་ཀྱི་ཁྱད་པར་སོགས་མན་ངག་ཞིབ་རྒྱས་དང༌། ཡིག་ཆུང་ཡང་ཆུང་སོགས་ཀྱི་ལྗགས་ལུང་སྩལ། དོན་གཉེར་ཅན་འགའ་ཞིག་གིས་ཞུས་ངོར་བླ་བྲང་ཐུབ་བསྟན་ཕོ་བྲང་གི་ཚོམས་ཆེན་དུ་གྲྭ་པ་སུམ་བརྒྱ་ཙམ་ལ་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཤིན་ཏུ་རྒྱས་པ་བསྟན་པ་ཡོངས་རྫོགས་ཀྱི་གནད་ལ་གོ་བ་བསྐྱེད་པ་དང༌། རྗེ་ཉིད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་འབྱུང་གནས་ཀྱི་ཁྲིད་མདོར་བསྡུས་སོགས་ཆོས་བཀའ་འགའ་ཞིག་གནང༌། གསུམ་པའི་ཚེས་ལ་རྒྱུད་པ་ཁྲི་ཟུར་དཔའ་རི་བ་སོགས་བརྒྱ་སྐོར་ལ་ཉིན་བདུན་གྱི་རིང་བྱང་ཆུབ་བདེ་ལམ་གྱི་ཁྲིད་མྱོང་སྟེང་དུ་བསྐོར་བས་རྒྱུད་འཁུལ་ངེས་པ་སྨིན་རྒྱས་སུ་སྩལ། གསོལ་དཔོན་གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས་ཐོར་ནད་ཤིན་ཏུ་ལྕི་བ་ཞིག་གིས་མ་བདེ་བའི་དོན་དུ་སྐྱབས་འཇུག་ཞུས་པར་བཀའ་ལས། མིའི་འཆི་བ་འགོག་ཐུབ་པ་དཀའ་མོད་ཀྱང༌། འདི་ས་ཐག་རིང་ནས་ཁྲིད་འོང་བས་ལྷ་ཐོར་གྱིས་ཤི་ན་མ་བཟང་ཞེས་དོན་གྱིས་སྲོག་སྐྱོབ་པར་ཞལ་བཞེས་མཛད། སྤྱན་དམིགས་དང་བཅས་བསྲུང་མདུད་བུམ་ཆུ་གནང་བས། བསྲུང་མདུད་མགྲིན་པར་བཞག་ཚེ་རྒྱ་གྲི་ཞིག་བཞག་པའི་ཉམས་སྣང་དང༌། བུམ་ཆུ་བཏུང་འཕྲལ་ནད་ཟུག་ཐུ་མོར་ཡོད་པ་དེ་བདེ་ཆམ་གྱིས་སོང་བའི་ཉམས་བྱུང་སྟེ་མ་འགྱངས་པར་ནད་ལས་གྲོལ་ནས་དད་གུས་ཚད་མེད་པ་རྙེད། བྱམས་པའི་བསྟོད་པ་ཚངས་པའི་ཅོད་པན་མའི་འགྲེལ་པ་ཞིག་གཟིགས་ནས་བསྟོད་པ་འདིའི་འོང་ལུགས་མདོ་སྡེ་རྒྱན་སྤྱི་ཁོག་དང་བསྟུན་དགོས་པ་མ་ཤེས་པར་འདུག་གསུངས་དེ་མ་ཐག་ས་བཅད་ཅིག་གསར་རྩོམ་མཛད། རྗེ་འདིས་གཞུང་གང་དང་གང་ལ་གཟིགས་ཙམ་ནས་ས་བཅད་ལེན་པ་ལ་ཐོགས་པ་མི་མངའ་བ་ནི་གསུང་རབ་མཐའ་དག་ལ་ནང་བྱན་ཆུད་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་ཏེ། གཞུང་གི་ཚིག་རེ་གཉིས་ལ་སྐབས་ཐོབ་ཀྱི་འགྲེལ་རྒྱག་པ་ལས་སླ་ཡང༌། ས་བཅད་ལེན་པ་ལ་གཞུང་གོང་འོག་ཆ་ཚང་བ་བློ་ངོར་ཧྲུག་གིས་ཤར་བ་ཞིག་དགོས་སོ། །ཁོ་བོ་ཅག་ནས་གསོལ་བ་བཏབ་པ་བཞིན་མགོན་པོ་བར་ཆད་ཀུན་སེལ། མགོན་དཀར་ཡིད་བཞིན་ནོར་བུ། ལྷ་མོ་ཀུ་རུ་ཀུལླེ་སོགས་ཀྱི་རྗེས་གནང་སྩལ། བཞི་པའི་ཚེས་ལ་ཀབ་རོན་ཆུ་ཚན་དུ་ཕེབས་པའི་ལམ་ནས། རྐང་ཚ། མགོན་ཤུལ། སྨན་ཤུལ། བན་ཤུལ་སོགས་ཀྱིས་བསྙེན་བཀུར་ཞིང༌། དེར་ཞག་བདུན་དུ་སྐུའི་འཕྲོད་བསྟེན་མཛད། བན་ཤུལ་དགེ་སློང་བསྟན་འཛིན་གྲགས་པས་ཞུས་ངོར་བྲག་དཀར་གྱི་བསང་མཆོད་ཅིག་ཀྱང་ལྗགས་རྩོམ་གནང༌། ལོ་སྔ་མར་དཔོན་ཚང་ནས་རྡོ་རྗེ་ཕྲེང་བའི་དབང་གི་སྙན་གསན་ཕུལ་ཡོད་པ་བཞིན། ལྔ་པའི་ཚེས་ལ་གདན་འདྲེན་པ་ཁལ་རྟ་དང་བཅས་འབྱོར་པས་བཅུ་བདུན་ལ་དེར་ཆིབས་བསྐྱོད། ཝང་འཁོར་བཅས་ཀྱིས་བསུ་བ་ཨུརྒེ་གྲྭ་ཚང་གིས་སེར་སྦྲེང་སྟོན་མོ་རྒྱས་པ་སོགས་གཞིས་ལེན་གང་གཟབ་ཞུས། དེ་ནས་དཔོན་མོ་སེའི་དོད་བཅས་དང༌། ཨུརྒེ་ཁྲི་པ་བསོད་ནམས་གྲགས་པ། བླ་མ་དབུ་མཛད་བློ་བཟང་མཆོག་གྲུབ་རྣམས་ཀྱིས་གཙོས་གྲྭ་ཚང་ཡོངས་རྫོགས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕུལ་དུ་ཕྱིན་པ་གཙང་སྤྲུལ་བའི་སྐུ་བསྟན་པ་རྒྱ་མཚོ་སོགས་ཕྱོགས་ཀྱི་བླ་གྲྭ་དུ་མ། མགོ་རྟ་སྤྲུལ་སྐུ་སོགས་གདན་སའི་གྲྭ་པ་འགའ་ཞིག་དང༌། གཞན་ཡང་དད་འདུས་ཀྱི་སེར་སྐྱ་སྟོང་ཕྲག་བརྒལ་བར་ཉེར་གཉིས་ནས་བཟུང་ཉིན་བཅོ་བརྒྱད་ཀྱི་རིང་ལ་རྡོ་རྗེ་འཕྲེང་བ་དང་ཀྲྀ་ཡ་སྦྲགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང་ཡོངས་སུ་རྫོགས་པར་གནང༌།

               འདི་ལོ་ཐན་པ་ཆེ་བས་རྩེ་ཆུ་ཆད་ཅིང༌། ཆུ་མིག་ཕལ་ཆེར་སྐམ་ཡོད་པ་སྟ་གོན་གྱི་ནུབ་མོ་ནས་བཟུང་ཆར་གྱི་རྒྱུན་བཟང་པོ་བབས་ཏེ་སོར་ཆུད་པས་ཞལ་ནས། རྟེན་འབྲེལ་ཤིན་ཏུ་ལེགས། ཆོས་གེགས་མེད་དུ་མཐར་ཕྱིན་པར་འདུག་གསུངས། དེ་སྐབས་གོས་སྡེ་བན་སྔགས་ཟེར་བ་ཡང་དབང་གྲལ་དུ་བསྡད་ནས་གུས་འདུད་ལྷུར་བླངས་ཤིང༌། ཁྱེད་ཀྱིས་གྲུབ་མཐའ་རིས་མེད་ཐམས་ཅད་མཁས་པོ་འདི་འདྲ་མཁྱེན་ཀྱང༌། དགེ་ལུགས་པ་ཤ་སྟག་གནང་བ་འདི་ངེས་པར་བླང་དོར་གཟུ་བོར་གནང་བ་རེད་སྙམ་དུ་དད་པ་ཆེ། ཞྭ་སེར་གྱི་གྲུབ་མཐའ་ལ་ཞྭ་མིན་པ་འཇོག་མི་ཤེས་མཁན་ཚོ་བླ་ཆེན་ཡིན་ཀྱང་རྨོངས་ཡུས་བཙོང་བར་སྣང་བས་ང་མི་དད་ཅེས་ཞུས་སྐད། དཔོན་ཚང་ནས་ཀྱང་མི་ཁྱིམ་ཁ་ཤས་སོགས་ཡོན་འབུལ་གཟེངས་བསྟོད། ཨུརྒེ་གྲྭ་ཚང་ནས་གསོལ་བ་བཏབ་པར་འཇིགས་བྱེད་བཅུ་གསུམ་མ་དང༌། ཀུན་རིག་གི་དབང་ཆེན་སྩལ། བསྒྲུབ་བྱ་ཉེར་བདུན་ཙམ་ཞིག་བསྙེན་རྫོགས་མཛད། སླར་བྱོན་ནས་ཐར་བ་རྩེར་གསུང་རྩོམ་འགའ་ཞིག་དད་དོན་གཉེར་ཅན་ཁ་ཤས་ལ་ཉིད་ཀྱི་གསུང་འབུམ་ཁྲོད་ནས་ལུང་ཁ་ཡར་སྩལ། བྲག་ཡབ་ཆུང་ཚང་སྤྲུལ་སྐུ་གཤེགས་པའི་བསྔོ་རྟེན་གསེར་སྲང་བཅུ་སོགས་ཕུལ་བ་བླ་བྲང་རྒྱལ་མཚན་མཐོན་པོ་བརྒྱུད་ནས་འབྱོར་བར། དགོངས་པ་རྫོགས་པའི་སྤྱན་དམིགས་དང་སྤྲུལ་སྐུ་མྱུར་འབྱོན་ཞིག་ལྗགས་རྩོམ་གནང༌། ཁྲི་ཟུར་བློ་བཟང་སྙན་གྲགས། ཁྲི་ཟུར་ངག་དབང་འཕྲིན་ལས། ཁྲི་ཐོག་པ་བསོད་ནམས་དབང་རྒྱལ་སོགས་ནས་སྐྱབས་མགོན་ཉིད་ཀྱི་རྣམ་ཐར་ལྗགས་རྩོམ་ཞུས་པར་ཞལ་བཞེས་མཛད་ཅིང་བཀའ་མཆིད་ལས་འཕྲོས་ཏེ་སྐུ་ན་ཕྲ་མོའི་ཚེ་བསྲུང་བ་བྱེད་མཁན་གྱི་གྲུབ་ཐོབ་ཉོབ་ཀྱི་སྐུ་སྐྱེ་ཟེར་བ་དེ་སྒོ་མང་གྲུབ་ཐོབ་དངོས་ཡིན་ཚུལ་གསུངས་པ་ལ་དཔག་ན་སྔ་ཕྱིའི་འབྲེལ་ངོ་མཚར་བ་ཞིག་བསྒྲིགས་རྒྱུ་ཡོད་པར་སྣང༌། རྗེས་སོར་ཁྲི་ཆེན་སྤྲུལ་བའི་སྐུ་འཇིགས་མེད་རིགས་པའི་སེང་གེ་དང༌། སྣང་རའི་ཏོག་སྐུ་སྐྱེ་སོགས་ཀྱིས་ཀྱང་རྣམ་ཐར་བཀའ་རྩོམ་གྱི་བསྐུལ་མ་ཞུས་པའི་ལན་དུ་རྟེན་འབྲེལ་ལ་དགོངས་ནས་ཞལ་བཞེས་རེ་ཙམ་མཛད། ཡང་ལན་གཅིག་ཨ་ཁྱུང་སྐུ་སྐྱེས་ཀྱིས་ནན་ཏན་དུ་ཞུས་པར། ཆོས་བརྒྱད་ཆུ་གཏེར་ནང་བྱིང་བའི། །སྙོམ་ལས་བདག་ལ་དམ་པ་རྣམས། །མགུ་བའི་རྣམ་ཐར་ནམ་མཁའ་ཡི། །ཆུ་སྐྱེས་བཞིན་དུ་ཡོད་རེ་སྐན། །འོན་ཀྱང་མི་བཟད་དུས་ངན་འདིར། །རྙེད་དང་བཀུར་སྟིའི་འདུ་འགོད་ལ། །གཅམ་བུའི་ཚིག་གིས་སྒྲོ་བཏགས་ཏེ། །རྒྱ་ཆེན་གླེགས་བམ་སྤེལ་བའང་མཐོང༌། །དེ་ལྟ་ན་ནི་བདག་ལ་ཡང༌། །རྒྱལ་ཁམས་ཆུ་བཞིན་ཉུལ་བ་དང༌། །འཁོར་སློབ་སྤྲིན་ལྟར་འདུས་པ་ཡི། །རྣམ་ཐར་དེ་ཙམ་འོང་བར་སྣང༌། །ཞེས་གསུངས་ཏེ། འདི་ཡང་བླང་དོར་འབྱེད་པའི་བློ་གྲོས་པདྨའི་འདབ་མ་ལྟར་ཡངས་པ་ཞིག་གིས་ལེགས་པར་བརྟགས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དུ་མ་གོ་ནུས་ཤིང༌། ཞར་ལ་ལེགས་ཉེས་ཀྱི་བླང་དོར་མི་འཆུག་པའི་མན་ངག་ཟབ་མོ་སྙིང་གི་དཀྱིལ་དུ་འཆང་དགོས་པ་དུ་མ་ཞིག་ཀྱང་འདོམས་པར་སྣང་ངོ༌། །

                   ལོ་འདིར་ལ་མོ་ཞབས་དྲུང་རིན་པོ་ཆེ་ཡུལ་དབུས་སུ་ཕེབས་རྒྱུར་རྒྱལ་བ་ཡབ་སྲས་ལ་འབུལ་རྒྱུའི་འཚམས་ཞུས་དང་ཁོང་ལ་ཡང་རྫོངས་ཆ་གྱ་ནོམ་པ་བཅས་ཨེལ་ཆི་ཆེད་མངགས་མཛད། བསྡུས་གྲྭ་པ་རྣམས་ལ་རྟགས་གསལ་འཕེན་ལུགས་ཐལ་མོ་རྡེབ་ཚུལ་ཚུན་ཆད་ལེགས་པར་བསླབ་སྟེ་ཉིན་མང་པོར་གཟིགས་རྟོག་མཛད་ནས་ཟམ་ཡ་རེ་བདག་རྐྱེན་གནང༌། དྲུག་པའི་ཉི་ཤུ་བདུན་བརྒྱད་གཉིས་ཀར་བླ་མ་གླིང་བསྲེའི་དབུར་བྱོན་ནས་ཉིན་དང་པོར་ཚོགས་ཆེན་ཁྲི་པ་བསོད་ནམས་དབང་རྒྱལ་ལ་བཞེངས་ཏེ་བསྟན་པ་སྤྱིའི་ཁོག་ལས་བརྩམས་པའི་བགྲོ་གླེང་དོན་ཟབ་ཅིང་རིགས་པ་རྣོ་བ་དང༌། ཉིན་གཉིས་པར་རྒྱུད་པ་དཔོན་སློབ་བློ་བཟང་སྦྱིན་པར་བཞེངས་ནས་ཁོང་གིས་རིམ་པ་བཞི་པའི་དོན་གྱི་འོད་གསལ་གྱི་ངོ་བོར་ལྷའི་སྐུ་འཆར་ཞེས་ཁས་བླངས་པ་ལ་དགག་བཞག་མཐའ་ཆོད་པ་ཕྱག་ཐལ་མོ་རྡེབ་ལུགས་ཚུན་ཆད་རྩོད་བཞིན་པ་ཞིག་གི་ཉམས་ལས་གཤོགས་ཆེ་བར་མཛད་དེ། མཚམས་ཤིག་ཏུ། ད་འཁོར་གསུམ་ཞིག་བསྐོར་དགོས་པར་འདུག །གསར་བུ་ཚོའི་སེམས་ལ་བླ་རྒན་འདི་དང་པོ་ནས་པམ་པོ་བྱས་བསྡད་པ་ཡིན་སྙམ་པ་ཡོད་ཤས་ཆེ་གསུངས་པ་གནས་སྐབས་བཞད་གད་ཀྱི་རྣམ་པ་ལྟ་བུ་ལ། དོན་སྤྲུལ་སྐུ་ཆེ་ཁག་ཏུ་མིང་བཏགས་པ་རྣམས་དང་པོ་རང་ནས་མཐོང་བ་དོན་ལྡན་གྱི་མིང་ཙམ་ལ་སྐྱབས་སུ་མ་མཆི་བར་མཁས་པའི་ཁྲོད་དུ་སློབ་གཉེར་ལ་བརྩོན་དགོས་པའི་བརྡར་མངོན། དུར་བེད་ཤོག་ནས་ལྷ་རམས་པ་རབ་རྒྱས་དང༌། གཞན་སྦྱིན་བདག་ཁ་ཤས་ཀྱིས་འདུ་ཁང་ཆེན་མོའི་ཀ་བ་བརྒྱ་དང་བཞི་བཅུར་ཧ་སག་གི་ཐུམ་གྲངས་མཚུངས་ཕུལ་བ་སྐྱེལ་མི་བློ་བཟང་སོགས་འབྱོར་ཏེ་ཚོགས་སུ་གདན་དྲངས་ནས་ཞབས་བརྟན་ཕུལ། ལྷ་རམས་པ་རབ་རྒྱས་ནས་མདོ་སྔགས་ཀྱི་དཀའ་གནད་འགའ་ཞིག་ལ་དྲི་ཞུས་ཀྱི་ཡི་གེ་ཕུལ་བར་ལན་འཕྲལ་དུ་མཛད། བློ་བཟང་སོགས་བསྒྲུབ་བྱ་བཅོ་ལྔ་བསྙེན་པར་རྫོགས་ཤིང་ཁོང་ངོ་གཡོག་ཉུང་བསྡུས་ལ་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སྩལ། མཛོ་དགེ་ཕྱོགས་ནས་གདན་འདྲེན་པ་འོངས་ཏེ་དེར་ཆིབས་ཀྱི་ཁ་ལོ་བསྒྱུར། ལམ་ཁར་རྗེས་ཚང་སྨྱུང་གནས་པ་བློ་བཟང་བཀྲ་ཤིས་ཀྱིས་གདན་དྲངས་པར་བྱོན་ཏེ། ཇོ་མོ་བློ་བཟང་ཟེར་བ་དུས་ཆོས་སུ་གྱུར་པའི་དོན་དུ་བསྔོ་སྨོན་སོགས་ཀྱི་བཀའ་དྲིན་སྩལ། རྗེས་ཚང་སྒར་པས་གདན་དྲངས་པར་ཡང་ལུགས་གཉིས་ཀྱིས་རེ་བ་བསྐང༌། དེ་ནས་རིམ་གྱིས་བྱོན་པས་རྐྱང་མཚོའི་ཁར་ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་སྐུའི་སྒར་ཐོག་ཏུ་གདན་དྲངས་ཏེ་ཤངས་ལེན་གང་གཟབ་ཞུས། སྤྲུལ་བའི་སྐུ་ནས་གཙུག་ཕུད་ཕུལ་བར་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབ་པའི་ཆོ་ག་མཛད་དེ་མཚན་འཇིགས་མེད་ནམ་མཁའ་ཞེས་བཏགས། ཀུན་རིག་རྣམ་པར་སྣང་མཛད་དང༌། འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན། མགོན་ཆོས་གཉིས་ཀྱི་རྗེས་གནང་སོགས་འདོད་ཆོས་ཀྱང་མང་དུ་སྩལ། དེ་ནས་མཛོ་དགེ་དཔོན་པོ་ཕྱག་རྡོར་སྐྱབས་ཀྱི་སྐོར་དང༌། ལྷ་རྒོད་ཀྱི་སྐོར། ཝཱ་རུ། བུམ་སྐོར། བྱམས་མེ། རྦོ་ཚང་སོགས་ཀྱི་དད་ལྡན་སོ་སོ་ནས་བསྙེན་བཀུར་ཞུས་པ་བདག་གིར་བཞེས་ཏེ་ཐུགས་རྗེ་ཆེན་པོའི་དབང་སོགས་གང་ལ་གང་འདོད་ཀྱི་ཆོས་བཀའ་ཅི་རིགས་སྩལ་ནས་ཐར་པའི་ས་བོན་བསྐྲུན། སླར་ཕེབས་ཏེ་གདན་སར་རྟ་ནོར་བརྒྱའི་འགྱེད་དང༌། ཨ་མཆོག་དགོན་པར་རྟ་ནོར་སུམ་ཅུའི་འགྱེད། གླ་རི་མགོའི་དགོན་པར་ཡང་དངུལ་སྲང་ལྔ་བཅུ་སོགས་ཀྱི་གནང་ཆ་མཛད། སྡེ་ཁྲི་རིན་པོ་ཆེའི་སྤྲུལ་སྐུ་འཇིགས་མེད་ལུང་རིགས་རྒྱ་མཚོ་དབུས་ནས་ཕེབས་པ་ལ། གྲྭ་སར་ཐུགས་གཉེར་མཐིལ་ཕྱིན་མཛད་པར་དགྱེས་གཟིགས་ཀྱི་བཀའ་ཁྱབ་སྩལ་ཅིང༌། ཁོང་གིས་ཀྱང་ཕྲུག་ཐེར་སོགས་ཀྱི་འབུལ་སྐྱེས་ངོས་གཙང་བ་ཕུལ། རྒྱུད་པ་དཔོན་སློབ་བློ་བཟང་སྦྱིན་པ་མཛོ་དགེའི་བླ་མར་མངགས་ཏེ་མཆོད་ཡོན་བཀའ་བགྲོས་ནས་ཨུརྒེ་བླ་མ་དབུ་མཛད་བློ་བཟང་མཆོག་གྲུབ་རྒྱུད་པའི་ཁྲིར་བསྐོ་བཞག་མཛད། བཅུ་པའི་ཚེས་ལ་གདན་ས་ཆེན་པོ་སྐུ་འབུམ་དུ་ཕེབས་ཏེ། ཆོས་བཀའ་ཅི་རིགས་གནང་ཞིང༌། དགེ་ཚུལ་སློང་བསྡོམས་པ་བརྒྱ་དང་སུམ་ཅུ་སྐོར་ཞིག་གསར་དུ་བསྒྲུབས། དེར་འཆི་མེད་བདག་པོའི་ཁང་བཟང་ལ་ཅོ་འདྲི་བའི་གཟིམས་ཁང་གསར་བ་ཞིག་དབྱར་ཐོག་དེར་གྲུབ་པའི་ཞལ་བསྲོ་ལ་སྐུ་འབུམ་གྱི་བླ་མ་ལས་སྣེ་ཆེ་བགྲེས་ལ་སྟོན་མོ་དང༌། ཚོགས་པར་ཇ་ཐུག་བཞིའི་སྟེང་དོང་ཚེ་བརྒྱ་རེ་དང་ཁ་བཏགས་རེའི་འགྱེད་ཕུལ། དུར་བད་ནས་ཀཽ་ཤྲཱི་དགེ་སློང་བསྟན་འཛིན་སོགས་འབྱོར་ཏེ་གསོལ་བ་བཏབ་པས་མཁའ་སྤྱོད་མའི་རྗེས་གནང་སྩལ། སྐུ་འབུམ་ཚོགས་ཆེན་དགེ་བསྐོས་བྲག་ཐ་དཀའ་བཅུས་ཞུས་ངོར་དམིགས་བརྩེ་མའི་རིལ་སྒྲུབ་ཀྱི་ཆོ་ག་བཀའ་རྩོམ་གནང༌། བར་སྐབས་ནས་དགོན་ལུང་དུ་བྱོན་ཏེ་ཐུའུ་བཀྭན་རིན་པོ་ཆེ་དང༌། སུམ་པ་མཁན་པོ་ཡེ་ཤེས་དཔལ་བ་རྣམ་གཉིས་ཀྱི་བར་དུ་ཕྲ་མ་མཁན་འགའ་ཞིག་གིས་སེལ་འཇུག་བྱས་པ་ཞིབ་བཀྲོལ་ངོས་ཕན་ཚུན་ཐུགས་ནང་གཙང་བ་མཛད།

                      ཐུའུ་བཀྭན་རིན་པོ་ཆེར་ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང་འཆི་བླུ་དང་བཅས་པ། དགོན་ལུང་ཚོགས་ཆེན་ལ་ཚེ་དཔག་མེད་ཀྱི་དབང༌། རྒྱུད་པ་གྲྭ་ཚང་ལ་བདེ་མཆོག་ལཱུ་ཨི་པའི་དབང་རྣམས་གནང༌། བསྟན་པའི་རྩ་ལག་དམ་པ་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེར་རྗེ་ཉིད་ནས་བདོག་པ་གྱ་ནོམ་པ་བསྟར་ཏེ་ཞབས་བརྟན་འབུལ་དུ་བཅུག །སླར་སྐུ་འབུམ་དུ་ཕེབས་ནས་ཉིན་ཁ་ཤས་ཀྱི་བར་ཚོགས་མང་ལ་ལྗགས་ལུང་མང་དུ་སྩལ། གདན་སར་ཆིབས་བསྐྱོད་པའི་ལམ་ཁར་སྣང་ར་ནས། གསེར་འཕྱང་ཞེས་པ་མེ་མོ་བྱའི་ལོ་གསར་གྱི་དགའ་སྟོན་གནང་སྟེ་ཚེས་བརྒྱད་ལ་གདན་སར་བབས། ཉིན་ལྷག་མ་རྣམས་ཀྱི་གསུང་ཆོས་ལ་འཆག་མེད་དུ་ཕེབས་ཏེ་ལེགས་པར་བཤད་པའི་དགའ་སྟོན་སྩལ། བསྒྲུབ་བྱ་ལྔ་བཅུ་ལྷག་ཙམ་ལ་བསྙེན་རྫོགས་མཛད་ཅིང༌། ཚེས་བཅུ་བཞིའི་ཉིན་འཆམ་ལ་གཟིགས་སྐབས་བྱ་རོག་ཞིག་གིས་ཤ་དུམ་ཅིག་ཁྱེར་འོངས་ནས་ཙ་མུཎྜིའི་ཕྱག་གི་ཐོད་པར་འཕངས་པ་ལྕགས་མཁར་གྱི་ནང་དུ་ཞོག་གསུང་སྟེ་ཆོས་སྐྱོང་གིས་འཕྲིན་ལས་དངོས་སུ་བསྒྲུབས་པའི་མཚན་མའོ། །ཞེས་དཔྱོད་ལྡན་མཐའ་དག་མགྲིན་གཅིག་ཏུ་གླེང༌། ཁྲི་རིན་པོ་ཆེ་བསོད་ནམས་དབང་རྒྱལ་ནས་དགོངས་པ་ཞུས་པས། སྡེ་ཁྲི་སྤྲུལ་བའི་སྐུ་ཚོགས་ཆེན་གྱི་ཁྲིར་བསྐོ་བཞག་མཛད། ཨ་རུ་ཧོར་ཆེན་རབ་འབྱམས་པ་ནམ་མཁའ། སུ་ཉིད་རབ་འབྱམས་པ་བློ་བཟང་གཉིས་ཀྱིས་སོ་སོ་ནས་ཚོགས་སུ་གདན་དྲངས་ཏེ་དངོས་འབུལ་རྒྱ་ཆེ་བ་ཕུལ། ཨོང་ཉོད་པེའི་སིའི་དཔོན་མོས་དངུལ་སྲང་ཉིས་བརྒྱ་སྐོར་ལས་གྲུབ་པའི་གོས་སྐུ་བཟོ་ཤིན་ཏུ་ལེགས་པ་ཞིག་ཕུལ་བ་གཟིམས་ཁང་རྭ་བར་བཤམས་ནས་གྲྭ་མང་དང་ལྷན་དུ་ཁྲུས་གསོལ་དང༌། ཤིས་བརྗོད་མཛད་ཅིང་ཁ་བཏགས་རེའི་འགྱེད་སྩལ། ཧར་ཆེན་ཐུ་མེད་ནས་རབ་འབྱམས་པ་སྦྱིན་པ་དར་རྒྱས་ཀྱིས་དངུལ་སྲང་སྟོང་ཕྲག་གཅིག་ཇོ་རུག་ཐུ་དབོན་པོ་ལ་བསྐུར་བའི་མང་འགྱེད་ཀྱི་ཐོག་རྗེ་ཉིད་ཚོགས་དབུར་གདན་དྲངས་ཏེ་དངོས་འབུལ་བཏེག །རབ་འབྱམས་པ་ནམ་མཁས་གསོལ་བ་བཏབ་པ་བཞིན། ཁྲིད་གདན་ཟུར་སོགས་དགེ་འདུན་སྟོང་ལྷག་ལ་ཉིན་དུ་མའི་བར་རྗེ་ཉིད་ཀྱི་གསུང་འབུམ་ཕལ་ཆེ་བའི་ལྗགས་ལུང་གནང༌། དཔོན་ཚང་གོང་མས་གདན་དྲངས་པའི་ལི་ཐང་བཀའ་འགྱུར་མཚལ་པར་མ་རྒྱུན་པར་ཚོགས་སུ་བཀྲམ་རྒྱུ་དེའི་ཤོག་གུ་མང་པོ་ཆད་ཅིང་གོང་འོག་འཁྲུགས་ཚབས་ཧ་ཅང་ཆེ་བར་འཁྲུགས་པ་བསྡེབས་ཤིང་ཆད་པ་རྣམས་བྲིས་ནས་བསབ་རྒྱུའི་བཀོད་ཁྱབ་མཛད། རབ་འབྱམས་པ་ནམ་མཁས་ཞུས་ངོར་ཉུང་བསྡུས་ཤིག་ལ་མགོན་ཆོས་ལྷ་མོ་སོགས་ཀྱི་རྗེས་གནང་སྩལ། ཀུན་མཁྱེན་གོང་མའི་འཇིགས་བྱེད་ཆོས་འབྱུང་གི་ལུང་རྒྱུན་བར་སྐབས་སུ་ཉག་ཕྲ་བ། ཧོར་སྤྲུལ་སྐུ་བློ་བཟང་འཇམ་དབྱངས་ལ་ཡོད་ཚུལ་གསན་ཏེ། རྡོ་རམས་པ་ངག་དབང་བཟོད་པ་སོགས་གྲྭ་པ་བཞི་དེར་ཆོས་ཉན་ལ་རྫོངས་སྟ་མཛད། སྔར་ཟི་ལིང་དུ་འཕྲིན་པས་རྐྱེན་བྱས་ཏེ། ལན་ཇུས་ནས་ཙོང་འདུའི་སྐུ་ཚབ། ཏཱ་ཞིན་ཆེ་བ་གཅིག་འོང་བར་ངོས་འཕྲད་མཛད། ཁོས་བསྙེན་བཀུར་ཕུ་དུད་བླ་ན་མེད་པ་ཞུས་ཏེ། ཁྱེད་རེ་ཞིག་བདེ་བར་བཞུགས་ན་ངས་ཀ་ཇུའི་ཐེན་ཡེ་སོགས་ཁྲིད་དེ་རྒྱ་མཁར་དགོན་དུ་སོང་ནས་སྐུ་དོན་ཐག་བཅད་དེ་ཕྱིར་ལམ་མཇལ་ཆོག་ཅེས་ཏཱ་ཞིན་ངོ་གཡོག་དེ་ཕྱོགས་སུ་ཐེགས། ཁོང་ཚོས་ཁྲིམས་མེད་ཀྱི་ས་ཆའི་སྤྱོད་ཚུལ་སྣ་ཚོགས་བསྟན་པས། ཏཱ་ཞིན་ལྷག་པར་ཁྲོས་ཏེ། རྗེ་ཉིད་ལ་ཁྱེད་ཀྱི་ཕྱོགས་ན་ལན་པ་ཅུང་ཟད་ཀྱང་མི་འདུག །ང་མགྱོགས་པར་སོང་སྟེ། ཙོང་འདུ་ལ་རྒྱུ་མཚན་ཞུས་ནས་མྱུར་བར་ཐག་ཆོད་པ་ཞིག་བྱེད་ཅེས་ཞུས། དོན་གཉེར་ཅན་འགའ་ཞིག་གིས་ཞུས་ངོར་ཚོམ་ཆེན་ནས་ཁོ་བོ་ཅག་དང་ཁྲི་གདན་ཟུར་སོགས་སུམ་བརྒྱ་སྐོར་ལ་ཉིན་ལྔའི་བར་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྨིན་བྱེད་བསྐྱེད་རིམ་གྱི་གཟབ་ཁྲིད་སྨིན་རྒྱས་སུ་སྩལ། གཞན་འགའ་ཞིག་ལ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་རྒྱས་པ་ཞིག་ཀྱང་གནང་སྟེ་ཐར་པ་རྩེར་བྱོན་ནས་བཅད་རྒྱ་མཛད། དྭགས་པོ་ཀུན་གྲོལ་ནོ་མིན་ཧན་ནས་བསོད་ནམས་རིན་ཆེན་ཟེར་བ། སྒྲ་སྙན་དངགས་སོགས་རིག་གནས་དུ་མ་སློབ་པར་སྐུ་མདུན་དུ་མངགས་པ་དེར་དབྱངས་ཅན་སྒྲ་མདོའི་རི་མོ་ཡོངས་རྫོགས་དང༌། སྡེབ་སྦྱོར་རིན་ཆེན་འབྱུང་གནས། སྐར་རྩིས་སོགས་ཞིབ་ཁྲིད་བཀའ་དྲིན་བསྐྱངས། མཆོད་ཁང་ཆེན་མོའི་ནང་དུ་ལྷ་མོ་རིག་བྱེད་མའི་སྒོ་ནས་བུམ་གཏེར་འཇོག་རྒྱུའི་ཉེར་བསྡོགས་སུ་དཀའ་བཅུ་དོན་ཡོད་ཚུལ་ཁྲིམས། ཀ་རིང་དཀའ་བཅུའི་སྤྲུལ་སྐུ། ཁ་གྱ་དར་རྒྱས་སོགས་ལ་རིག་བྱེད་མའི་རྗེས་གནང་དང་དེའི་ཆོས་སྐོར་འགའ་ཞིག་གི་ལུང་གནང་སྟེ། གྲངས་བསྙེན་གཏོང་དུ་བཅུག །སྡེ་དགེའི་བྲིས་པ་དགེ་རྒྱས་ཀྱིས་ལོ་ཤས་ཕྱག་དཔེ་བྲིས་པར་ཡོན་དུ་ནང་མཛོད་གཅིག །དངུལ་སྲང་བརྒྱ། རྟ་བཞི། བཟང་གོས་ཁ་ཤས། པགས་རིགས། གྱོན་པ་ཉེར་སྤྱད་སོགས་སྲང་སུམ་བརྒྱ་སྐོར་གྱི་གནང་ཆས་ཚིམས་པར་བྱས་ཏེ་རང་ཡུལ་དུ་རྫོངས་སྟ་གནང༌། དེ་མཚུངས་ལན་སྔ་ཕྱིར་ཟླ་གམ། ཆབ་མདོ། ཧོར་བྲག་མགོ་སོགས་ཐག་རིང་པོ་ནས་པར་ཡིག་དང༌། དབུ་ལྷ་འདྲི་མི་སོགས་ཆེད་གཏད་ཀྱིས་འབོད་པར་གནང་ཞིང་དེ་ཐམས་ཅད་ཡོན་གྱིས་མགུ་བར་མཛད་པ་ནི། སླ་ཆོས་སུ་མ་སོང་བར་བསྟན་པའི་དག་ཐེར་འབའ་ཞིག་ལ་དགོངས་པའི་རྣམ་ཐར་རོ། །

                      ལྔ་པའི་ཚེས་ལ་ཤར་ཕྱོགས་གོང་མ་ཆེན་པོའི་རྒྱལ་ཁབ་ནས་ཆོས་སྡེ་འདི་ལ་གཟེངས་བསྟོད་ཀྱི་མཚན་དང་གསེར་གྱི་འཇའ་ས་བཅས་སྩལ་པ་ཟི་ལིང་དུ་བབས་ཏེ། ཨམ་བན་གྱིས་བསྐྱལ་ནས་འོང་རྒྱུའི་གཏམ་གསན་འཕྲལ་སོག་ཕྱོགས་སུ་ཆིབས་བསྐྱོད། འབལ་གཞུང་དུ་ཨམ་བན་ལ་ཐུག་པར། ཏཱ་ཞིན་ནས་བཀུར་གཟོས་ཚད་མེད་པ་ཞུས། དེ་ནས་རྗེ་ཉིད་སྔོན་ལ་ཕེབས་ཏེ་གོང་མ་ཆེན་པོའི་གསེར་གྱི་བཀའ་ལུང་ལ་བཀུར་གཟོས་ཀྱི་བསུ་བ་སེར་སྦྲེང་སོགས་རྒྱ་ཆེ་བ་བྱེད་ཚུལ་གྱི་བཀོད་ཁྱབ་ཇི་ལྟར་གནང་བ་བཞིན་གྱི་གྲ་བསྒྲིགས་ཐོག་ནས། གསེར་གྱི་འཇའ་ས་མཆོད་ཁང་ཆེན་མོའི་ནང་དུ་གདན་དྲངས་ཏེ་ཞལ་ཕྱེ་བར་དགོན་པའི་མཚན་མན་ཇུ། སོག་པོ། རྒྱ་ནག །བོད་བཞིའི་སྐད་རང་རང་གི་ཡི་གེར་བྲིས་ནས། ཚེ་རིང་གནམ་གྱི་ཤེ་མོང་གི་བཀའ་རྟགས་ཕྱག་རྒྱའི་རེ་ཁས་མཚན་པའི་སོག་སྐད་དུ། བི་ལིག་ཨེ་ནོལ་ཐུ་སུ་མི་ཞེས་པ་ཐད་བསྒྱུར་བྱས་ན་ཤེས་རབ་རྟོགས་ལྡན་གླིང་ཞེས་པར་འདུག་ཀྱང༌། བོད་ཡིག་ལ་བློ་གསལ་གླིང་ཞེས་པ་དོན་འགྱུར་དུ་སྣང༌། ཨམ་བན་དང་ཡིག་མཁན་གཉིས་སོགས་ལ་སྟོན་མོ་ཤིན་ཏུ་རྒྱས་པ་དང༌། དངོས་པོའི་ལེགས་སྐྱེས་གྱ་ནོམ་པ་བསྟར་ཏེ་ཨམ་བན་ཟི་ལིང་དུ་ཐེགས། ཟི་ལིང་མཁར་ནང་དུ་སྔ་དུས་བཞེངས་པའི་ཙན་དན་ལས་གྲུབ་པའི་དུས་གསུམ་སངས་རྒྱས་སོགས་རྟེན་འགངས་ཅན་མང་དུ་བཞུགས་པ་ཞིག་ཐོང་ཤི་ཆེ་བ་ལེ་ཏུ་དཱའི་ཆིང་སོགས་སྦྱིན་བདག་ཁྱིམ་ཚང་མང་པོས་ཉིད་ལ་ཕུལ་བ་ལྷ་ཁང་ཧ་ཅང་རྙིངས་ཏེ་གོག་པོར་སོང་བས་ནང་རྟེན་རྣམས་འོ་བརྒྱལ་བར་ཡོད་པ་ཐུགས་ཀྱིས་མ་བཟོད་ནས་སྔར་གྱི་གཞི་ཆེན་ཞིག་སྟོངས་པའི་ཤིང་ཆ་དངུལ་སྲང་ཉིས་བརྒྱས་ཉོས་པ་དང༌། གཞན་ཡང་ཆ་རྐྱེན་དུ་མ་གནང་སྟེ་ཞིག་གསོས་ཕུལ་དུ་ཕྱིན་པའི་གསར་བསྐྲུན་ལྟ་བུ་དང༌། དེར་ཆིབས་བསྐྱོད་སྐབས་བཞུགས་གནས་ཀྱི་ཁང་པ་དུ་མ་བསྣན་ཏེ་བཟོས། གཅུ་འཁོར་དགོན་དུ་ཡང་ཁང་ལས་ཀྱི་ཐེབས་དང་ལས་བྱེད་བཅས་མངགས་ཏེ་གཟིམས་ཆུང་གསར་རྒྱག་གནང༌། ཞབས་དྲུང་གྲགས་པ་རྒྱལ་མཚན་སྔར་གོ་སར་མ་བཏོན་པར་དམངས་ཁྲོད་དུ་ཡོད་པ་སྒོ་མང་དཔོན་སློབ་རིན་པོ་ཆེ་སངས་རྒྱས་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་མཛད་ནས། ཡབ་ཡུམ་གཉིས་ལ་རྟ་ནོར་སོགས་ཀྱི་གནང་ཆ་སྩལ་ཅིང༌། ཟླ་བ་དྲུག་པའི་ཚེས་དྲུག་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་བླ་བྲང་ཐུབ་བསྟན་ཕོ་བྲང་གི་ཚོམས་ཆེན་དུ་གདན་དྲངས་ཏེ་སྤྲུལ་སྐུའི་གོ་སར་མངའ་གསོལ་བར་ཕྱག་མཛོད་ཆེན་མོ་ནས་ཐམས་ཅད་ལ་སྟོན་མོ་གཟབ་རྒྱས་བཏང༌། ལོ་སྔ་མ་འགའ་ཞིག་ལ་འབོ་རའི་སྐུ་སྐྱེ་འདི་སློབ་གཉེར་སོགས་ཅི་འདྲ་འདུག་ཅེས་མི་མངོན་པའི་ཚུལ་གྱིས་མང་པོར་ཡང་ཡང་བཀའ་འདྲི་གནང༌། དེར་མ་ཟད་སྔ་སོར་འདི་བ་དགུང་ལོ་བཞི་ལྔ་ཙམ་ལོན་པའི་ཚོད་ཅིག་ལ་དཔོན་སློབ་སངས་རྒྱས་རྡོ་རྗེའི་དགེ་ཕྲུག་རབ་འབྱམས་པ་བློ་བཟང་བསྟན་འཛིན་གྱིས་སྐྱབས་མགོན་ཉིད་ལ་དཔོན་སློབ་དེ་ཉིད་དགོན་པ་འདིར་ཐུགས་ཞེན་ཤིན་ཏུ་ཆེ་བ་ཞིག་ཡོད་པས་འདིའི་ཉེ་འཁོར་ལྟ་བུ་རེར་འཁྲུངས་ཨེ་ཡོང་ཞེས་ཞུས་པར་ད་ལྟ་གུང་ཐང་ཚང་གི་སྤྲུལ་སྐུའི་དོགས་གཞི་བྱེད་ས་ལྔ་དྲུག་ཅིག་འདུག་པ་འདི་ཚོའི་ཁྲོད་ན་ཡོད་ཤས་ཆེ་གསུངས་པ་དེ་དུས་ནས་མངོན་སུམ་དུ་གཟིགས་ཡོད་པར་འདུག་ཀྱང༌། འདི་བར་དུ་གསལ་ཆ་མ་མཛད་པ་ནི། ལུང་ལས། ཅི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་གཟིགས། །

                    ཞེས་གསུངས་པ་ལྟར་སྐབས་སུ་བབས་མ་བབས་ཀྱི་དགག་བྱ་དང་དགོས་པ་ཁྱད་པར་ཅན་ཞིག་ཡོད་པ་གོར་མ་ཆག་གོ །དྲུག་པའི་ཉི་ཤུ་སྐོར་ལ། ཙོང་འདུའི་བཀས་གོང་མའི་མཛོད་ནས་དམག་མི་རེ་རེར་ནས་རྒྱ་བྲེ་ཆེ་བ་གཉིས་རེའི་ཕོགས་གནང་སྟེ། ཀ་ཇུ་ཐེན་ཡེས་ཀྱིས་གཙོས་ཟ་ལར་གྱི་དམག་གཏོས་ཆེ་བ་རྒྱ་མཁར་སྒར་དུ་སོང༌། དེའི་ཚེ་རྒྱུད་པ་བླ་ཟུར་ཤེས་རབ་དར་རྒྱས་དང༌། ཁ་གྱའི་ངག་དབང་འོད་ཟེར་གཉིས་མདུན་དུ་འོངས་ཏེ། ད་རེས་དམག་དཔོན་རྣམས་ཤིན་ཏུ་ཁྲོས་འདུག་པས་སྒར་དེ་མེད་པར་བྱས་ན་མི་ལེགས་འདུག་ཞུས་པར། ངེད་ཀྱི་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་དུ་ཡང་ཐོག་མར་འཇིགས་འཇིགས་འདྲ་བ་མང་པོ་ཐོག་ཏུ་འོང་ཡང་མཐར་ལེགས་པ་ཁོ་ན་བྱུང་བ་ཡིན་པས་སྐྲག་མི་དགོས་གསུངས་ཏེ་དབུགས་དབྱུང་མཛད། དེར་རྒྱ་དཔོན་རྣམས་ཀྱིས་སྒྱུ་ཐབས་བྱས་ཏེ་ཁྱེད་ཚོ་སོང་ནས་འཇམ་དབྱངས་ཧུ་ཐོག་ཐུ་ལ་བཤགས་པ་གྱིས་ཞེས་འདི་ཀར་མངགས་ཀྱང་ལྐོག་ཏུ་ཟ་ལར་མང་པོ་ཕྱི་བཞིན་བཏང་སྟེ་འཛིན་རྒྱུའི་ཤོམ་ར་བྱས་པ་མགྲོན་གཉེར་ལྷུན་གྲུབ་རྒྱ་མཚོས་སྙན་དུ་ཕུལ་བར་ཞལ་ནས། གྱོད་ཐག་མ་ཆོད་པ་ལས་སླ། མི་ལ་མགོ་སྐོར་བཏང་སྟེ་བསླུ་བ་ག་ནས་ཡོང༌། ཁོང་ཚོ་ལ་བྱ་ཐོང་གསུངས་པར། མགྲོན་གཉེར་ཤིན་ཏུ་སྐྲག་ནས་ཕོད་བཙོང་སྟེ། དེ་འདྲ་གསུང་ལུགས་ཡོད་དམ། མགོ་སྐོར་གོང་མ་ཚང་གིས་བཏང་བ་ལས། ང་ཚོས་ཐོང་བྱས་པ་མིན་མོད། འདི་དག་ལ་བྱ་ཤོར་ན་ངའི་སྲོག་གང་དུ་འགྲོ་ཞུས་པས། གཙང་ཁང་ཕུག་ཏུ་ཕེབས་ཤིང་རྟེན་རྣམས་ལ་སྙན་ཤལ་ཕུལ་ནས་འཕྲིན་བཅོལ་ཤུགས་དྲག་མཛད་དེ་སྐྱོན་མི་འདུག་གསུངས། རྒྱ་མཁར་སྒར་པའི་མི་རྣམས་ཀྱི་ཕྱི་བཞིན་དུ་ཟ་ལར་གྱི་དམག་འོངས་པས་ཐམས་ཅད་བཟུང་ནས་ལྕགས་ཀྱིས་བཅིངས། དེ་རྗེས་ཐེན་ཡེ་ཡང་མ་འགྱངས་པར་སླེབས་ནས་ཐམས་ཅད་ཀ་ཇུར་འཁྱེར་རྩིས་བྱས་པར། རྗེ་ཉིད་ནས་དངོས་པོ་རྒྱ་ཆེ་བའི་འཛིན་པ་དང་བཅས་དེ་རྣམས་རྒྱ་ནང་དུ་མི་འཁྱེར་བའི་ངོ་ཆེན་སྦྲན་ཀྱང་མི་བཅུ་ཙམ་མ་ཁྱེར་བའི་ཐབས་མ་བྱུང་བས། དེ་རེ་རེའི་ཆེད་དུ་དངུལ་སྲང་བཅུ་རེ་བྱ་དགར་བྱིན་ནས་སྲོག་སྐྱོན་མི་ཡོང་བ་དང༌། བཙོན་ལུགས་ངན་པ་མི་བྱེད་པའི་ངོ་ཆེན་གནང་བར་རྒྱ་དཔོན་རྣམས་ཀྱང་དད་གུས་ཤུགས་དྲག་སྐྱེས་ཏེ་ཁས་བླངས། ཚུལ་འདི་ཡང༌། དབུ་མ་བཞི་བརྒྱ་བར། ཇི་ལྟར་མ་ནི་ཁྱད་པར་དུ། །ནད་ཐེབས་བུ་ལ་གདུང་འགྱུར་བ། །དེ་བཞིན་བྱང་ཆུབ་སེམས་དཔའི་བརྩེ། །དམ་པ་མིན་ལ་ཁྱད་པར་དུའོ། །ཞེས་དང༌།

                   ཁྲོ་ཡང་འབྱུང་པོས་བཟུང་བ་ལ། །སྨན་པ་འཁྲུགས་པ་མིན་པ་ལྟར། །ཐུབ་པ་ཉོན་མོངས་དག་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཆེ་བ་བླ་ན་མེད་པར་མངོན། རྗེས་སོར་འདི་ནས་ཁྲི་པ་བསྐོས་པ་ཁྲིར་བཀོད་ཐོག་རྒྱའི་མི་སྣ་རྣམས་ཀྱིས་ཕྱིན་ཆད་རྒྱ་མཁར་དགོན་པ་འདི་འཇམ་དབྱངས་ཧུ་ཐོག་ཐུར་སྤྲད་པ་ཡིན་ཞེས་དྲིལ་བསྒྲགས་ཤིང༌། ཆོད་ཡིག་བཞག་སྟེ་རྟིང་ཆོད་ངེས་ཀྱི་མཚམས་ནས་མི་རྣམས་ཕྱིར་སྤྲད། འདི་དག་གི་སེང་བར་དུ་འཇིགས་བྱེད་ཞེ་དགུ་མའི་སྒྲུབ་ཐབས་ལྗགས་རྩོམ་མཛད། ལོ་འདིར་ལྷ་བཟོ་མཁས་པ་བིས་ཐང་དཔལ་ལྡན་དང༌། སྣང་རའི་ལྷ་བཟོ། མ་ཁ་ལྷ་བཟོ། ཅོ་ནེ་ལྷ་བཟོ་སོགས་ཕྱོགས་དུ་མ་ནས་པིར་ཐོགས་དབང་པོ་མཁས་བསྒྲུག་བདུན་ཅུ་སྐོར་གྱིས་ལོགས་རིས་ལ་སངས་རྒྱས་སྟོང་སྐུ་སོགས་འདུ་ཁང་སྔ་མའི་སྐབས་སུ་གང་ཡོད་ཚད་ལས་མ་ཉམས་པར་བཞེངས་པའི་སྟེང་དུ་འཇམ་དབྱངས་ཀུན་གཟིགས་ཀྱི་ཞིང་བཀོད། ཀླུ་དབང་རྒྱལ་པོ། གནས་བཅུ། རྒྱལ་བ་དང་པཎ་ཆེན་གྱི་འཁྲུངས་རབས། སྒྲོལ་མ་ཉེར་གཅིག །གདུགས་དཀར། རྟ་མགྲིན། སེང་གདོང་མ་སོགས་སངས་རྒྱས་བྱང་སེམས་དུ་མའི་སྐུ་བརྙན་དང༌། སྒོ་འཕྱོར་ལ་ཡང་ལྡེབས་རིས་སྔ་མའི་སྟེང་དུ་རྨ་ཆེན་གྱི་སྐུ་སོགས་བསྣན་ནས་བཞེངས། སྐུ་འདིའི་སྐྱ་རིས་གྲུབ་མཚམས་གློ་བུར་དུ་དྲག་ཆར་ཚན་པོ་ཆེ་ཞིག་འོང་བ་ལྷ་གཉན་ཆེན་པོ་དགྱེས་པའི་མཚན་མར་གླེང༌། ཤོད་ཀྱི་ཤིང་རྩི་ཡང་ལེགས་པར་གྲུབ་ཅིང༌། གོང་ནས་གསེར་ཡིག་ཕེབས་པ་སོགས་གང་ཅིའི་ལེགས་ལམ་ཆེ་བར་བྱུང་བའི་དགའ་སྟོན་དུ་ཟླ་བ་དགུ་པའི་ཚེས་བཅོ་ལྔའི་ཉིན་བཞུགས་གྲལ་རྒྱས་པའི་ཐོག་ལས་བྱེད་སོ་སོར་ལེགས་སོའི་དཔའ་དར་དང༌། འགའ་ཞིག་ལ་ཆོ་ལོ་སོགས་ཀྱིས་གཟེངས་བསྟོད་སྩལ། ཕྱི་ཉིན་ཁྱུང་རྩེར་ཕེབས་ཏེ་དགོན་པའི་བླ་གྲྭ་ཕལ་ཆེ་བ་དང༌། ཨ་བེ་བསོད་ནམས་གཡང་འཛིན་སོགས་ཕྱོགས་ཀྱི་སྦྱིན་བདག་དུ་མ་འདུས་པར་དགའ་སྟོན་གྱི་ཐོག །བསང་དང་ཁོ་ཚེའི་ལྷ་སྡེ་རྣམས་ནས་རྟ་རྒྱུག་མདའ་རྩལ་སྟོབས་ཤེད་འགྲན་པ་སོགས་སོག་ལུགས་ཀྱི་རྩེད་སྣ་དུ་མའི་གཟིགས་མོ་བསྟར། ཁོ་བོ་ཅག་ནས་ཞུས་ངོར་འཇིགས་བྱེད་དཔའ་གཅིག་གི་དབང་སོགས་དོན་གཉེར་ཅན་སོ་སོའི་མོས་པ་བཞིན་ཆོས་བཀའ་མང་དུ་སྩལ། དགུན་གྱི་རིང་ཐུགས་དམ་བཅད་རྒྱ་གཙོར་འདོན་གྱིས་རིམ་གཉིས་ཟབ་མོའི་ཉམས་བཞེས་ལ་ཆིག་དྲིལ་དུ་གཞོལ་བར་མཛད། དགུང་ལོ་ང་གཅིག་ལ་ཕེབས་པས་ཁྱིའི་ལོ་གསར་དང་སྨོན་ལམ་གསུང་ཆོས་དཀྱུས་བཞིན་གནང༌། བསྒྲུབ་བྱ་ཆེས་མང་བ་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་འདི་ལོ་དབུས་ཕྱོགས་སུ་འབྱོན་རྒྱུའི་ཐུགས་དམ་སྐྱབས་འཇུག་ཞུ་བར་ཕེབས་པ་ལ་ལུགས་གཉིས་ཀྱི་བཀའ་མཆིད་དང་བསླབ་བྱ་ཞིབ་རྒྱས་གནང༌། གསོལ་སྟོན་རྒྱས་པའི་ཐོག་ཕེབས་རྫོངས་ལ་དངུལ་སྲང་སུམ་བརྒྱ། གོས་ཆེན་དུ་མ་སོགས་གནང་ཆ་སྦམ་མཐོ་བ་སྩལ། ཁྲི་ཐོག་པ་སྡེ་ཁྲི་སྤྲུལ་བའི་སྐུ་རིན་པོ་ཆེས་གཙོས་དགོན་པའི་བླ་གྲྭ་ཁག་དང༌། ཕྱོགས་ཕན་ཚུན་གྱི་རི་ཁྲོད་པ་སོགས་དོན་གཉེར་ཅན་ཉིས་སྟོང་བརྒལ་བར་ཟླ་ངོ་ཙམ་གྱི་བར་དུ་ལྕང་སྐྱ་རྡོ་རྗེ་འཆང་ངག་དབང་བློ་བཟང་ཆོས་ལྡན་གྱི་ཁྲིད་ཡིག་སྟེང་ནས་འཇམ་དཔལ་ཞལ་ལུང་གི་ཁྲིད་སྨིན་རྒྱས་སེམས་བསྐྱེད་མཆོད་པ་དང་བཅས་ཕྱག་ལེན་བཞིན་གནང་སྟེ་རྣམ་གྲོལ་དོན་དུ་གཉེར་བའི་སྐལ་བཟང་གདུལ་བྱ་མཐའ་དག་གི་རེ་བའི་ཡིད་ཀྱི་ཤིང་རྟ་ལེགས་བཤད་ཀྱི་ནོར་བུས་ཡོངས་སུ་གཏམས་པར་མཛད། ད་རེས་འདུ་ཁང་གསར་བསྐྲུན་དུ་དམ་པའི་ཆོས་ཀྱི་སྒོ་ནས་ཞལ་བསྲོ་བགྱིས་པ་ཡིན་པས་ཁྱེད་རྣམས་ཀྱིས་ཀྱང་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་རྒྱུན་བསྲིངས་ཏེ་ཆོས་ཀྱི་དགའ་སྟོན་མི་ཉམས་པར་བྱེད་དགོས་ཞེས་བཀའ་ཕེབས་པས་ཚེ་དང་སྒྲུབ་པ་སྙོམས་པ་སོགས་ཀྱི་དམ་བཅའ་འབུལ་མི་མང་དུ་བྱུང༌། ཆོས་ཉན་པའི་ཁྲོད་ནས་འགའ་ཞིག་གིས་ཞུས་ངོར་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ཁྲིད་ཡིག་རྒྱས་པ་ཞིག་ཀྱང་ལྗགས་རྩོམ་མཛད། ཝང་གི་དཔོན་མོ་ཨ་ཀས་ཞུས་ངོར། འཕགས་པ་ཐུགས་རྗེ་ཆེན་པོའི་དབང་སོགས་འདོད་ཆོས་ཅི་རིགས་གནང༌། གཞུང་གསར་མན་ཆད་ལ་རིགས་ལུང་གི་རྒྱུགས་བཞེས་ཏེ་ཐལ་མོ་རྡེབས་ལུགས། འཁོར་གསུམ་སྐོར་ལུགས་ཚུན་ཆད་ལ་སྐྱོན་ཕྲ་མོ་རེ་ཡོད་པ་ཡང་ངོས་བཟུང་སྟེ་ལེགས་པར་བཅོས་དགོས་པའི་བསླབ་བྱ་ནན་ཏན་དང༌། ཆོས་གྲྭ་པ་རྣམས་ལ་དགྱེས་པའི་གསུང་གིས་དབུགས་དབྱུང་མཛད། དབེན་གནས་ཐར་པ་རྩེར་བྱོན་ནས་བཅད་རྒྱ་མཛད་ཅིང༌། སྐུ་མཚམས་ཀྱི་ཁོང་ནས་བདག་གཅིག་པུར་འཇམ་དབྱངས་དམར་སེར་དང༌། དབྱངས་ཅན་མའི་རྗེས་གནང༌། དུག་སྦྱོང་གི་མན་ངག་ཆིག་བརྒྱུད་སོགས་གནང༌། ཕྲན་དབུས་ཕྱོགས་སུ་འགྲོ་རྒྱུར་གནང་ཆ་དང༌། སློབ་གཉེར་བྱེད་ལུགས་སོགས་ཀྱི་བསླབ་བྱ་ཞིབ་རྒྱས་བཀའ་དྲིན་བསྐྱངས། གསོལ་དཔོན་ཀུན་དགའ་དང༌། དཀའ་བཅུ་དཀོན་མཆོག་རྒྱ་མཚོ་གཉིས་དབུས་ཕྱོགས་སུ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་གསུང་དཔེ་རྒྱུན་ཤིན་ཏུ་དཀོན་པར་ཡོད་པ་མང་པོ་རྩོལ་སྒྲུབ་ཀྱི་ཕྱིར་དུ་མངགས། རྒྱལ་བ་ཡབ་སྲས་ས་སྐྱ་གོང་འོག་བོད་ཀྱི་བླ་མ་སྤྲུལ་སྐུ་དགེ་བཤེས་དུ་མ་ལ་ཡང་ཕྱག་དཔེའི་དོན་སྐོར་སོགས་ཀྱི་ཞུ་ཤོག་ཕུལ།

                 ཁོང་གཉིས་ནས་ཀྱང་དབུས་གཙང་གཉིས་ཀར་ལོ་ངོ་གསུམ་གྱི་བར་འབད་པ་ཆེན་པོས་བཙལ་ཀྱང་ཐོ་གནང་བའི་ཕྱག་དཔེ་ཕྱེད་ཙམ་ལས་མ་དཔེ་མ་རྙེད་ཅིང༌། འཕགས་བོད་ཀྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ཁེངས་པ་འཛིན་པ་མང་པོས་ཀྱང་དཔེ་འདི་དག་གི་མིང་ཙམ་ཡང་སྔར་ཐོས་མ་མྱོང་ཞེས་ཤིན་ཏུ་ཡ་མཚན་བྱེད་པར་སྣང༌། ཀློང་རྡོལ་བླ་མ་རིན་པོ་ཆེའི་ཞལ་ནས་ཀྱང༌། འཇམ་དབྱངས་བཞད་པ་ཚང་ནས་རྒྱུན་པར་དཔེ་གཟིགས་ཁོ་ན་གནང་བ་དེ་དཔེ་སྔར་མ་ཤེས་པ་ཞིག་ལ་བློ་སྐྱེད་ལེན་བྱས་པ་མ་རེད། སངས་རྒྱས་ཀྱི་བསྟན་པའི་གནད་ཐམས་ཅད་རང་ཉིད་ཀྱི་ཐུགས་ལ་ཇི་ལྟ་བ་བཞིན་དུ་ཤར་ནས། དཀའ་བའི་གནད་སོ་སོ་ལ་མཁས་པ་འདི་དང་འདིས་ཇི་ལྟར་བཤད་ཡོད་སྙམ་དུ་ལྟད་མོ་ལྟ་བ་ཡིན་པར་འདུག་གསུངས། ཟླ་བ་དྲུག་པའི་ཚེས་ལ་དམུ་དགེ་ནས་སྤྱན་དྲངས་ཏེ་དེར་ཆིབས་བསྐྱོད་པའི་ལམ་ཁར་སོག་པོ་དང་མཛོ་དགེ་སོགས་ཀྱི་སྦྱིན་བདག་སོ་སོས་བསྙེན་བཀུར་ཞུས། ཐང་ལ་སྐུ་སྐྱེ་སོགས་ཁ་ཤས་ལ་ཀུན་རིག་གི་དབང་ཆེན་སྩལ་ཅིང༌། གཞན་ཡང་སོ་སོའི་མོས་པ་བཞིན་ཆོས་བཀའ་མང་དུ་གནང༌། སྡེ་འཁྲུགས་ལ་བརྟེན་པའི་སྡུག་བསྔལ་གྱིས་མནར་བ་མང་པོ་གསུང་གིས་ཞི་བར་མཛད་དེ་ཕན་པའི་ལམ་ལ་བཀོད། སྔར་བླ་ཆེན་མང་པོར་གནོད་འཚེ་བྱེད་མཁན་གྱི་གཞི་བདག་མི་བསྲུན་པ་འགའ་ཞིག་གིས་མཐོ་བརྩམས་པ་སྤྱན་དམིགས་ཙམ་གྱི་སྒོ་ནས་མངོན་སུམ་དུ་ཕྱིར་བཟློག་པས་ཕྱོགས་དེའི་སེར་སྐྱ་ཐམས་ཅད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་སྐྱེས། ཁ་ནག་དབལ་ཤུལ་གྱི་སེར་མང་ནས་གསོལ་བ་བཏབ་པ་བཞིན་འཇིགས་བྱེད་བཅུ་གསུམ་མའི་དབང་དང་འཇིགས་བྱེད་སྔགས་བཏུའི་རྗེས་གནང་སོགས་ཆོས་བཀའ་དུ་མ་གནང་ཞིང་རབ་བྱུང་བསྙེན་རྫོགས་མང་དུ་བསྒྲུབས། ཚ་ཁོ་ཅོག་ཙེ་རྒྱལ་པོའི་མི་སྣ་དང༌། ད་ཚང་གི་ལས་སྣེ་འགའ་ཞིག་བཅས་དེར་འབྱོར་ཏེ་མཁན་ཆེན་ངག་དབང་གྲགས་པའི་གདན་ས་ད་ཚང་ལྷུན་གྲུབ་གླིང་དུ་གདན་འདྲེན་གྱི་ཞུ་བ་ནན་ཏན་ཕུལ་བས་དེར་ཆིབས་ཀྱི་ཁ་ལོ་བསྒྱུར། ལམ་ནས་ཟངས་དཀར་གྱི་སྡེ་པས་མཆོད་བཀུར་ཕུལ་དུ་ཕྱིན་པ་ཞུས་ཤིང༌། དེ་ཀའི་དགོན་པ་ཁང་དམར་ལ་སྤྱི་འཇོག་སོགས་གྱ་ནོམ་པ་སྩལ། དེ་ནས་ཅོག་ཙེ་རྒྱལ་པོ་ངོ་གཡོག་དང༌། ད་ཚང་དགོན་པའི་བླ་མ་ལས་སྣེ་སོགས་ཀྱིས་རྟ་བསུ། མང་མས་སེར་སྦྲེང་དང་བཅས་ཏེ་ཕྱག་ཕེབས། ཚོགས་མང་ལ་ཀུན་རིག་གི་དབང་ཆེན་དང་ལྗགས་ལུང་ཁ་ཤས། ཅོག་ཙེ་རྒྱལ་པོར་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་སོགས་སོ་སོའི་མོས་པ་བཞིན་དུ་ཚིམ་པར་བྱས། དོན་གཉེར་ཅན་ལ་ལས་ཞུས་ངོར་ལྗགས་རྩོམ་འགའ་ཞིག་ཀྱང་མཛད། དེར་རྫིང་འགག་རྒྱལ་པོ་མཇལ་བར་འོང་བ་ལ་སྒྲོལ་དཀར་གྱི་རྗེས་གནང་སོགས་ཆོས་བཀའ་ཅི་རིགས་གནང་སྟེ་ཡིད་ཀྱི་རེ་བ་བསྐང༌། དགོན་པར་དགེ་འདུན་རྣམས་ལ་སྐུ་འགྱེད་དང་སྤྱི་འཇོག་དངུལ་སྲང་བརྒྱ་དང་ལྔ་བཅུ། རྟ་ནོར་ལྔ་བཅུ་གནང་སྟེ་འཆད་ཉན་དང་སྒྲིགས་ལམ་གོང་འཕེལ་དགོས་ཚུལ་གྱི་བཀོད་ཁྱབ་མཛད། ཅོག་ཙེ་རྒྱལ་པོ་ལ་ཡང་དགོན་པའི་མཆོད་བཀུར་སོགས་གང་ལེགས་བྱེད་དགོས་ཀྱི་བཀའ་ལུང་ཕེབས། དེ་ནས་ཕྱིར་བྱོན་པའི་ལམ་ཁར་རོང་རུ་དང་སྐྱ་མགོ་སོ་སོར་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན་རེ་གནང་ཞིང་ཕྱོགས་འདུས་ཀྱི་མཇལ་བ་ཆེས་མང་བ་ལ་ཕྱག་དབང་སོགས་སྩལ་ཏེ་ཐར་པའི་ས་བོན་བསྐྲུན། རིམ་གྱིས་བྱོན་ནས་བཅུ་པའི་ཟླ་མཇུག་དམུ་དགེ་དགོན་དུ་བབས། དེ་ཕྱོགས་ཀྱི་སྐྱེ་བོ་ཀུན་གྱིས་བསོད་ནམས་བསགས་པའི་ཞིང་སར་རྒྱུད་གྲྭ་ཧ་ཅང་མི་མང་ཡང་དངོས་གཙང་བ་ཞིག་བྱུང་ན་ལེགས་ཚུལ་དེ་ཀའི་བླ་སྡེ་དང་རྒན་པོ་རྣམས་འདུས་ཐོག་ཏུ་བཀའ་ཕེབས་པར་ཐམས་ཅད་གྲོས་མཐུན་གྱིས་རྒྱུད་གྲྭ་འཛུགས་རྒྱུར་ཐག་བཅད། གསར་ཚུགས་ཀྱི་ཚེ་གྲྭ་པ་སུམ་ཅུ་སོ་གཉིས་བྱུང་བ་སྙན་སྒྲོན་ཕུལ་བས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པར་འདུག་པས་རྟེན་འབྲེལ་བཟང་ཞེས་ཤིན་ཏུ་མཉེས། བླ་མ་ལས་སྣེ་སོགས་བསྐོ་བཞག་མཛད་ཅིང་ཚོགས་པར་མང་འགྱེད་སྩལ།

                    དེར་གནས་ཆུང་གི་སྐུ་རྟེན་ཞིག་ཡོད་པ་ཐོག་བབས་བྱས་ཏེ་མདུན་དུ་འོངས་ནས། བསྟན་པའི་བདག་པོ་མཐོང་བ་དོན་ལྡན་ཉིད་ཀྱིས་བསྟན་པ་དང་སེམས་ཅན་གྱི་དོན་དུ་དགོངས་ཏེ། འཆད་ཉན་གྱི་གྲྭ་ཚང་གསར་དུ་བཙུགས་པ་ལ་གཟུགས་མེད་ང་ཡང་རབ་ཏུ་དགའ། ཞེས་སོགས་ཀྱི་ཞུ་བ་མང་དུ་ཕུལ་བར། སྐྱབས་མགོན་མཆོག་ནས་ཀྱང་བསྟན་པ་སྤྱི་སྒེར་དང༌། ཁྱད་པར་གྲྭ་ཚང་དེ་ཀའི་ཆོས་སྲིད་ཀྱི་དོན་ལ་གཏད་གཉེར་མཛད་པས་བཀའ་བཞིན་སྒྲུབ་པར་ཞལ་གྱིས་བཞེས། སྐུ་རྟེན་དེ་ཡང་རྒྱུན་པར་བོད་སྐད་མི་ཤེས་ཀྱང་ཁོག་ཞུགས་ཀྱི་ཚེ་བོད་སྐད་གཙང་སིང་བཤད་པ་ཞིག་འདུག་ཟེར་བ་ཅུང་ཉམས་མཚར་བར་སྣང༌། དེ་ནས་ཆོས་གྲྭར་ཕེབས་ཏེ་འགྲེལ་པ་བཞི་སྦྲགས་ཀྱི་དབུ་ནས་གསུང་བཤད་རྒྱས་པར་གནང་ཞིང༌། དེར་ཚ་ཁོ་ནས་ལྷ་རམས་པ་བློ་བཟང་མགོན་པོ་མཇལ་བར་འོངས་པ་ལ་དམ་བཅའ་འཇོག་ཏུ་བཅུག །གྲྭ་པ་རྣམས་ལ་རང་རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་སྲུང་ཚུལ་འཆད་ཉན་བྱེད་ཚུལ་སོགས་བསླབ་བྱ་ཞིབ་ཏུ་གནང་ཞིང་བཅའ་ཁྲིམས་ཀྱི་ཡི་གེ་གསར་དུ་བཞག །རྒྱུད་པའི་སྤྱི་འཇོག་ལ། ཐུབ་དབང་གི་གསེར་སྐུ་གཅིག །རྡོར་དྲིལ་སོ་གཉིས། དུང་ཆེན་ཆ། རྔ་སྦུབ་སིལ་སྙན་སོགས་མཆོད་རྫས་དུ་མ་དང་དངུལ་སྲང་བརྒྱ། རྟ་ནོར་ལྔ་བཅུ་སོགས་དང༌། སྨོན་ལམ་སྤྱི་བར་རྟ་ནོར་བཅུ་དགུ །འདུ་ཁང་གི་ཐེབས་ལ་རྟ་ནོར་བརྒྱད་ཅུ་གྱ་བཞི། དེའི་ལྕགས་འཛེར་གྱི་རྒྱུར་མེ་མདའ་བཅུ་དྲུག །རལ་གྲི་བཅུ་གཅིག་སོགས་གང་དགོས་ཀྱི་ཆ་རྐྱེན་ཕོན་ཆེ་བ་སྩལ། དེ་སྐབས་གདན་ས་ནས་གསོལ་དཔོན་བསྟན་པ་དར་རྒྱས་སོགས་འཚམས་ཞུས་ལ་འོང་བར་དགོན་པའི་གླིང་དུ་ཆམ་ཡམས་ངན་པ་མེད་དམ། སྡེ་པ་ཚང་སྐུ་ཁམས་བདེ་བར་ཨེ་ཡོད། རྐང་ཚའི་ཚེ་བརྟན་རྒྱལ་ཨེ་བདེ། ཞེས་དེ་གསུམ་ཡང་ཡང་བཀའ་འདྲི་གནང་བར་སྐུ་མདུན་ནས་མར་འོངས་ཏེ་གསོལ་དཔོན་གྱིས་སྡེ་པ་ཚང་གི་འཚམས་ཞུས་པ་བློ་བཟང་དཔལ་ལྡན་ལ་སྐུ་ཞབས་རིན་པོ་ཆེས་བཀའ་འདྲི་གནང་བ་དེ་དགོན་པའི་ཉེ་འཁོར་ལ་ཡམས་ངན་བྱུང་ཚུལ་ང་ཚོས་མ་ཞུས་ཀྱང་མཁྱེན་ཡོད་པར་སྣང༌། སྡེ་པ་ཚང་གི་སྐུ་དོན་དེ་ཡང་གསུང་སྐྱོན་ཅན་ཞིག་འདུག་པས་བརྟག་ཞུས་ཤིག་བྱས་ན་དགའ་ཞེས་གྲོས་བཏབ་པ་བཞིན་བློ་བཟང་དཔལ་ལྡན་གྱིས་ཞུས་པར་མགོན་པོའི་གཏོར་ཆེན་དང་གཏོར་སྒྲུབ་བཞི། ཚེ་གཟུངས་བྱེ་བ་སོགས་སྐུ་རིམ་མང་དུ་གསུངས་ཤིང༌། འཚུབ་ངོ་ཤིན་ཏུ་ཆེ་བས་ཕྱིར་སླེབས་འཕྲལ་དེ་རྣམས་སྒྲུབ་དགོས་ཚུལ་གྱི་བཀའ་ནན་ཏན་ཕེབས། དུས་འཁོར་དཔོན་སློབ་བློ་བཟང་རིན་ཆེན་པའི་ཞལ་སྔ་ནས་དམུ་དགེ་རྒྱུད་པ་བླ་མར་བསྐོས་པས། དུས་འཁོར་གྱི་དཔོན་སློབ་ལ་ཁྱ་དགེ་སྤྲུལ་བའི་སྐུ་དང༌། རྡོ་རྗེ་འཛིན་པར་དགེ་བའི་བཤེས་གཉེན་དོན་ཡོད་ཚུལ་ཁྲིམས་བསྐོ་བཞག་གི་ཡི་གེ་གནང༌། འཚམས་ཞུས་པ་རྣམས་ཕྱིར་འབྱོར་པའི་ཚེ། རྐང་ཚའི་ཚེ་བརྟན་རྒྱལ་སྔར་ནད་སངས་དྲག་ཏུ་སོང་ཡོད་ཀྱང་ཁོང་ཚོ་སོང་ཤུལ་ནས་ནད་རོ་འཕར་ཏེ་ཚེ་འཕོས་པ་ཐོས་པས་སྔར་གྱི་གསུང་ལ་ཡིད་ཆེས་ལྷག་པར་རྙེད། ཁྲིམས་མགོ་བས་གདན་དྲངས་ཏེ་ཕུ་དུད་དང་བསྙེན་བཀུར་དངོམ་ཆེ་ཞིང་གྱ་ནོམ་པ་ཞུས་པར་བཅུ་གཅིག་ཞལ་གྱི་དབང༌། འཇིགས་བྱེད་བཅུ་གསུམ་མའི་དབང་སོགས་འདོད་ཆོས་དང༌། མགོན་པོའི་སྦྱིན་སྲེག་ཅིག་ཀྱང་མཛད། སྐྱ་བ་ནག་ཚང་སོ་སོར་ཡང་དབང་དེ་གཉིས་ཚར་རེ་གནང༌། སྡེ་པ་ཚང་ནས་སྐྱབས་མགོན་མཆོག་གི་བཀའ་ལྟར་སྐུ་རིམ་དེ་རྣམས་བསྒྲུབས་ན་བཟློག་སྲིད་ཀྱང༌། གེགས་སྟབས་ཀྱིས་གཡེལ་ཆུང་ལྟ་བུར་ལུས་པ་གློ་བུར་དུ་བསྙུན་དྲག་པོས་ཟིན་ཏེ་སྨན་བཅོས་རིམ་གྲོ་གང་གིས་ཀྱང་མ་བཟློག་པར་ཞིང་གཞན་དུ་གཤེགས་པའི་གནས་ཚུལ་ཞུ་མི་འབྱོར་བར་ཐུགས་ཤིན་ཏུ་སྐྱོ་བའི་རྣམ་པ་མཛད་ཅིང༌། ཐུགས་དམ་སྤྱན་དམིགས་རྒྱུན་རིང་དུ་གནང༌། དེར་མ་ཟད་ཁོང་གིས་སྔ་སོར་འབྲས་སྤུངས་སྔགས་ཁང་གི་ལམ་རིམ་བླ་བརྒྱུད་ལྟ་བུ་ཞིག་བཞེངས་རྩིས་ཀྱི་རྒྱུ་མཚན་ཞུས་པར། དེ་ཙམ་འགྲུབ་དཀའ་བས་སྐུ་ཚད་དེ་འདྲའི་གནས་བཅུ་ཞིག་བཞེངས་ན་གསུངས་ཀྱང་སྔ་མའི་ཐོག་ཏུ་བཞག་པས། སྐུ་འདྲ་ཉེར་བཞིའི་མཚམས་སུ་རྐྱེན་དབང་གིས་ལུས་པ་ལ་དཔག་ན་གནས་བཅུ་བཞེངས་ཚེ་སྐུ་འདྲ་ཉེར་གསུམ་ཡིན་སྟབས་དུས་མཚམས་ཅུང་ཟད་ཀྱང་ནོར་བ་མེད་པར་ཡེ་ཤེས་ཀྱིས་མངོན་སུམ་དུ་གཟིགས་པ་གོར་མ་ཆག་གོ །དེ་ནས་རིམ་གྱིས་མཛོ་དགེ་བརྒྱུད་དེ་ཕེབས་པས་རྨ་རྨེ་འདྲེས་མདོར་དགུང་ལོ་ང་གཉིས་ལ་ཕེབས་པ་ས་མོ་ཕག་གི་ལོ་གསར་མཛད། དེར་རྒྱུད་པ་དཔོན་སློབ་བློ་བཟང་སྦྱིན་པ་མཛོ་དགེའི་བླ་མར་ཡོད་པས་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་གཟབ་རྒྱས་ཞུས། གདན་ས་ནས་ཀྱང་ལོ་གསར་གྱི་འཚམས་ཞུས་པ་འབྱོར་ཏེ་གསོལ་སྟོན་དྲངས། དེ་ནས་ཚེས་དགུ་ལ་དགོན་པར་ཕྱག་ཕེབས་ཏེ་ཕྱི་ཉིན་ནས་གསུང་ཆོས་ལ་འཆག་མེད་དུ་ཕེབས།

                        སྐྱེས་རབས་དང་རྣམ་ཐར་དད་པའི་འཇུག་ངོགས། རྣམ་བཤད་དགོངས་པ་རབ་གསལ་གསུམ་གྱི་སྟེང་ནས་གསུང་བཤད་སྨིན་རྒྱས་སུ་སྩལ་ཅིང༌། བསྒྲུབ་བྱ་བཅུ་སྐོར་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག །འབྲས་སྤུངས་སྒོ་མང་གི་ལྷ་རམས་པ་སྨྲ་བའི་དབང་ཕྱུག་དགེ་བཤེས་བསོད་ནམས་ཀྱིས་གསོལ་བ་བཏབ་པར་བརྟེན་ལྕང་སྐྱ་རྡོ་རྗེ་འཆང་གིས་མཛད་པའི་ལྟ་བའི་གསུང་མགུར་ལ་རྗེ་ཉིད་ཀྱིས་མཛད་པའི་འགྲེལ་བ་ཚིག་གི་སྒྲོན་མེ་ཞེས་བྱ་བ་སྔོན་མེད་པའི་ལེགས་བཤད་བླ་ན་མེད་པ་དེ་ཉིད་ཀྱི་བཤད་ལུང་ཤིན་ཏུ་རྒྱས་པར་སྩལ། གསུང་བཤད་ཀྱི་ཚེ་ལྕང་སྐྱ་རྡོ་རྗེ་འཆང་སྐུ་ན་ཕྲ་མོའི་སྐབས་ཤིག་མནལ་ལམ་དུ་ཨ་མདོ་བླ་རྒན་ཡིན་ཟེར་བའི་ཨ་ཙརྻ་ཞིག་གིས་པི་ཝང་གི་སྒྲ་ལས་དྲངས་ཏེ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་ཞེས་པ་ནས་བཟུང་རྗེ་བླ་མས་སྟོན་པ་ཐུབ་པའི་དབང་པོ་ལ་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཡོངས་རྫོགས་གསུངས་པ་ཞིག་རྨིས་པས་ཟབ་མོའི་ལྟ་བ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཚུལ་སོགས་སྐུ་ཆེ་བའི་ཡོན་ཏན་མང་དུ་གསུངས་ཏེ་སྤྱན་ཆབ་ཉིལ་གྱིས་ཕྱུང་བ་ན་དེར་འཁོད་ཐམས་ཅད་ཡབ་སྲས་གཉིས་ཀ་ལ་མི་ཕྱེད་པའི་དད་པ་བརྟན་པོ་རྙེད། གྲུབ་པའི་དབང་ཕྱུག་བསོད་ནམས་གྲགས་པ་ཚོགས་ཆེན་གྱི་ཁྲིར་བསྐོ་བཞག་མཛད་ཅིང་ཁོང་བཞེངས་རིང་ལ་སྐྱེས་མཆོག་དམ་པ་ཁྲི་ཟུར་ངག་དབང་འཕྲིན་ལས་པར་བརྩི་བཞག་གཏོང་དགོས་ཀྱི་བཀའ་ཕེབས། དཔོན་ཚང་ནས་གསོལ་བ་བཏབ་པ་བཞིན་དཔོན་རིན་པོ་ཆེ་ཉིད་དང༌། དགེ་བཤེས་བསོད་ནམས་སོགས་དོན་གཉེར་ཅན་དུ་མ་ལ་ཕྱག་ཆེན་རྩ་བའི་སྟེང་ནས་བཤད་པ་ཤིན་ཏུ་འབྱམས་ཀླས་པར་གནང་བས་མཁས་ཀུན་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག །དགེ་བཤེས་པ་ལ་ཉིན་གཅིག་འདི་རང་རེ་ལ་ཤིན་ཏུ་མཁོ་བ་ཞིག་ཡིན་གསུངས་ནས་དུག་སྦྱོང་གི་མན་ངག་ཅིག་མ་ཞུས་པར་གནང༌། དེའི་ལོ་མཇུག་ཏུ་ཁོང་གྱུར་དུག་ལྟ་བུ་ཞིག་གིས་མ་བདེ་བ་ཐབས་གཞན་གང་གིས་ཀྱང་ཕན་དཀའ་བར་བྱུང་བའི་ཚེ་སྐུ་ཞབས་ཀྱི་གསུང་དྲན་ནས་དེ་ཀའི་བསྙེན་པ་བྱས་པས་འཕྲལ་དུ་དྭངས་པ་བྱུང༌། ལོ་སྔ་མར་བཀའ་འགྱུར་བ་བློ་བཟང་ཉི་མ་ཞི་བར་གཤེགས་པའི་དགོངས་རྫོགས་ཀྱི་ཆེད་དུ་བྲག་ལུང་སྨན་པ་ངག་དབང་ནོར་བུས་སྤྱན་དྲངས་ཏེ་དངོས་འབུལ་རྒྱ་ཆེར་བཏེག །ཞག་གསུམ་གྱི་རིང་མཆོག་ཁྲུས་རྒྱས་པ་དང་བསྔོ་སྨོན་གྱིས་མཚམས་སྦྱོར་གནད་སྨིན་མཛད། རི་ཁྲོད་པ་རྣམས་ལ་བྱིན་རླབས་སྤུངས་ཞུས་ཀྱི་ཁྲིད་རྒྱས་པར་སྩལ་ཏེ་སླར་གདན་སར་ཕེབས། འདུ་ཁང་ཆེན་མོ་གསར་བསྐྲུན་ལ་ལོ་སྔ་མ་ནས་ལས་རུང་ཆེད་གཏད་ཀྱིས་གཏོང་དུ་བཅུག་པའི་ཆོག་གྲྭ་པ་བརྒྱ་སྐོར་དང་ལྷན་དུ་རབ་གནས་དགེ་ལེགས་ཆར་འབེབས་སྦྱོར་དངོས་རྗེས་གསུམ་གང་ལ་ཡང་དམ་པ་གོང་མའི་ཕྱག་བཞེས་ཆ་ཕྲ་མོ་ཙམ་ཡང་ཉམས་པ་མེད་པའི་ཤིན་ཏུ་གཟབ་རྒྱས་ཧོར་ཟླ་གཉིས་པའི་བཅུ་བཞི་ནས་བཅུ་བདུན་གྱི་བར་དུ་གནང་སྟེ། རྟེན་དང་བརྟེན་པ་ཐམས་ཅད་དག་པ་ལྷའི་ངོ་བོར་བསྒྱུར་བར་མཛད། དངོས་གཞིའི་ཉིན་རྒྱས་པའི་སྦྱིན་སྲེག་གི་སྐབས་མེ་ཏོག་གི་ཆར་བབས་ཤིང༌། དེར་བཞུགས་ཐོག་འཇམ་དབྱངས་གོང་མ་ཆེན་པོ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་གདན་དྲངས་པའི་གནས་ཚུལ་ཨམ་བན་གྱི་ཡི་གེ་འབྱོར་བས་རྟེན་འབྲེལ་ལེགས་གསུངས་ཏེ། རྒྱལ་བ་སྲས་བཅས་ཐམས་ཅད་སྤྱན་དྲངས་པ་ལྟར་བྱོན་ནས་རབ་ཏུ་གནས་བྱའི་རྟེན་རྣམས་ལ་ཞུགས་པའི་དགེ་མཚན་གྱི་ལྟས་ཁྱད་པར་ཅན་དགོངས་སམ་སྙམ། དེ་རྗེས་འདུ་ཁང་ནང་གི་རྟེན་རྣམས་ལ་སྙན་ཤལ་ཕུལ་བའི་ཚེ་འདུ་ཁང་ཕུའི་ལྡེབས་རིས་ཀྱི་རྗེའི་སྐུ་ལ་སྙན་ཤལ་མཛོད་བཏགས་གཅིག་ཕུལ་བ་ཕྱག་གཡས་ཀྱི་ཨུཏྤ་ལའི་འདབ་མ་ལ་བཏགས་པའི་ཚུལ་དུ་བཞེས་པ་ནི། ཀུན་མཁྱེན་གོང་མའི་དུས་ཀྱང་ལྷ་སར་འཇམ་དབྱངས་ཁོ་ཡོན་མས་སྙན་ཤལ་བཞེས་པ་དང་མཚུངས་ཏེ། འཇམ་དབྱངས་བླ་མ་ཉིད་ཀྱི་རིང་ལུགས་དྲི་མ་མེད་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་བདག་གིར་བཞེས་དགོས་པའི་བརྡར་མངོན།

                        དེ་ལྟར་འདུ་ཁང་སྔ་མ་ཀ་བ་བརྒྱད་ཅུ་པའི་ཕུག་གི་དྲི་གཙང་ཁང་དང་མགོན་ཁང་བཞུགས་ཁྲི་རྣམས་བསྐྱོད་མི་དགོས་པའི་ཐབས་གནང་སྟེ། གཞན་གྱི་རྩིག་པ་ཐམས་ཅད་བཤིག་ནས་མདུན་དང་གཡས་གཡོན་དུ་ཀ་བ་དྲུག་ཅུའི་སར་ཕྱིར་བསྐྱེད་དེ་ཚ་ཁོ་སོ་མང་རྒྱལ་མོས་ཆེད་མངགས་ཀྱི་རྩིག་དཔོན་བཞི་སོགས་རྡོ་རྩིག་པ་དུ་མས་རྩིག་པ་ཤིན་ཏུ་བརྟན་ཅིང་མཛེས་པར་བསྒྲུབས། གང་འོས་སུ་རྫས་དང་ཆོ་ག་སོགས་རྒྱུད་སྡེའི་དགོངས་པ་ལྟར་བྱས་པའི་གང་བུམ་དུ་མ་གཏེར་དུ་སྦས། ཆེད་གཏད་ཀྱི་འདུ་ཁང་སྔ་མའི་ཤིང་བཟོའི་བརྒྱུད་པ་ཟི་ལིང་ཕྱོགས་ན་ཡོད་པ་བོས་ཏེ་ཀ་གདུང་བྲེ་གཞུའི་དབྱིབས་བཀོད་སོགས་སྔ་མ་དང་གྲས་མཚུངས་ཀྱིས་ཤིན་ཏུ་སྤུས་ལེགས་པ་དང༌། རྒྱའི་རྡོ་བཟོ་བ་རྣམས་ཀྱིས་སྒོ་འཁྱོར་གྱི་ཀ་རྡོ་དང༌། རྡོ་བཅལ་གྱི་རྡོ་ཐམས་ཅད་གྲས་རྡོ་འབའ་ཞིག་ལ་ཇི་ལྟར་འོས་པའི་དབྱིབས་དང་རི་མོ་སོགས་ཤིན་ཏུ་མཛེས་པར་བྱས། ཁ་བད་ལ་གྱོ་མོག་གི་པུ་ཤུ་བསྟར་ཏེ་དེའི་སྲུབས་དང་རྩིག་པའི་ཕྱི་ཐམས་ཅད་ལ་རྡོ་ཞུན་དཀར་པོས་བྱུགས། དཀར་ཆ་ཆེ་ཞིང་བྱིའུ་སོགས་ཀྱི་གནོད་པ་སྲུང་བའི་ཕྱིར་རྒྱ་མཐོངས་ཀྱི་ཁོར་ཡུག་དང་ཞལ་རས་ལྷ་ཁང་སོགས་ལ་ལྕགས་ཁྲ་དང༌། ཕྱོགས་སོ་སོ་ལ་ལྕགས་ཀྱི་འོར་པ་བཙུགས། སྟེང་གི་རྒྱ་ཕིབས་རྙིང་པར་གཡའ་འདོན་དང༌། གསར་དུ་ཡང་གསེར་གྱི་རྒྱལ་མཚན་དང་གཉྫིར་བཟོ་དབྱིབས་ལེགས་ཤིང་འོད་འབར་བ་ཏོག་ལ་གདུགས་དཀར་འཁོར་ལོ་སོགས་དམ་པའི་ཕྱག་བཞེས་བཞིན་བསྒྲུབས་ཏེ་བཞུགས་པ་དུ་མ་ཚར་དུ་བསྒྲིགས། སྤེན་བད་ཀྱི་ངོས་ལ་གསེར་གྱི་རྣམ་བཅུ་དབང་ལྡན་ཆེ་བ་རེ་རེའི་གཡས་གཡོན་དུ་ཆུང་བ་གཉིས་གཉིས་མཛེས་པར་བསྟར། ལྷ་བཟོ་མཁས་བསྡུས་དུ་མས་ཕྱི་ནང་གི་ལྡེབས་རིས་ཤིང་རྩི་ཐམས་ཅད་ལ་གསེར་ཚོན་སོགས་འགྲོ་གང་ཆེའི་ངོས་བཀོད་པ་ཁྱད་དུ་འཕགས་པས་གཟི་འོད་འབར་བར་བྱས། ནང་གི་ཀ་བ་ཐམས་ཅད་ལ་ཧ་སག་གི་ཀ་ཐུམ་དང༌། ཕྱིའི་ཀ་སྤུངས་རྣམས་ལ་ཁེ་བུ་སུའི་ཀ་ཐུམ་འབྲུག་རིས་མ། ཀ་རིང་རྣམས་ལ་གོས་ཆེན་བཟང་བསྒྲིགས་ཀྱི་འཕན་སོགས་ཕྱི་ནང་ཀུན་ཆ་མཚུངས་པར་གསར་བསྒྲིགས་ཀྱི་རྒྱུ་སོང་དང་ཕོགས་གླ་ཡོན་བཅས་བསྡོམས་པར་དངུལ་སྲང་ཁྲི་ཕྲག་གཅིག་དང་ལྔ་སྟོང་སུམ་བརྒྱ་སྐོར་ཞིག་སོང་སྣང་ངོ༌། །རྫོགས་ལྡན་མཐར་བྱེད་གཏུམ་པོའི་ཡིད་འབྱུང་གིས། །རྣམ་པར་འཁྱམས་པའི་ཐུབ་བསྟན་སྨིན་ལེགས་མར། །ངལ་གསོའི་མཆོག་སྦྱིན་ལེགས་བྱས་ཀུན་གྱི་ས། །ཁྱོད་མཐུ་གསར་པའི་དགའ་ཚལ་འདི་ཁོ་ན། །ཁམས་ཀྱི་རྒྱལ་ཕྲན་བརྒྱ་ཕྲག་རི་བོའི་རྩེར། །གང་གི་འཕྲིན་ལས་གློག་འོད་ཞགས་པ་ཡིས། །ཅིག་ཅར་འཁྱུད་པའི་ངོ་མཚར་སྒྲ་བརྒྱ་པ། །དཔལ་གྱི་ཆར་ཆེན་འདུས་སྡེའི་འཛིན་མར་བབས། །སྡེ་ཁྲི་སྤྲུལ་བའི་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་སུ་གདན་དྲངས་ནས་འབུལ་ནོད་ཞུས། ཕྱི་ཉིན་ཞིག་ཆེད་གཉེར་གྱིས་ཕེབས་ནས་ཁོང་གི་ཕྱག་དཔེ་སོགས་ལ་དོ་དམ་བཀོད་ཁྱབ་གནང་ཞིང༌། སྤྲུལ་སྐུ་མྱུར་འབྱོན་ཞིག་ཀྱང་ལྗགས་རྩོམ་མཛད། མཛོ་དགེ་སྨད་དང་གཙོས་སྒར་པ་གཉིས་ནས་གདན་དྲངས་པ་ལྟར་གསུམ་པའི་ཚེས་ལ་དེར་ཆིབས་བསྐྱོད་པའི་ལམ་ཁར་དགོན་ཆེ་ཆུང་དུ་མས་ཐབས་བསུ་སོགས་གུས་འདུད་ལྷུར་བླངས། མཛོ་དགེ་དགོན་གྲོང་གཉིས་ནང་འཁྲུགས་པ་འདུམ་པར་མཛད་དེ་སེར་སྐྱ་མཐའ་དག་ལ་ཀུན་རིག་རྣམ་པར་སྣང་མཛད་དང༌། ཐུགས་རྗེ་ཆེན་པོའི་དབང་ཆེན་སྩལ། དགོན་པའི་བླ་མ་ལས་སྣེ་དང་ཤོག་པ་ལྔའི་དཔོན་པོ་རྣམས་ལ་དགོན་འདིར་མཐུན་རྐྱེན་དང་གྲྭ་འཚོགས་དགའ་མོ་འདུག་ཀྱང་ཆོས་འཆད་ཉན་ཞིག་མེད་པ་མི་ལེགས་པས་རྒྱུད་གྲྭ་ཞིག་ཚུགས་ན་གསུངས་པར་ཚང་མས་དགའ་བཞིན་དང་དུ་བླངས། རྒྱུད་པའི་འདུ་ཁང་དང་གཟིམས་ཁང་གསར་རྒྱག་གི་གནས་ལ་གཟིགས་རྟོག་མཛད། གཙོས་དགོན་པར་ཕེབས་ནས་འདོད་ཆོས་ཅི་རིགས་སྩལ་ཅིང་དགོན་པའི་སྒྲིགས་ལམ་ཉམས་གསོས་སོགས་ཀྱི་བསླབ་བྱ་ཞིབ་རྒྱས་དང༌། ལན་འདུས་སུམ་ཅུ་སྐོར་གྱི་འགྱེད་གནང༌། སྔོན་པོ་ཐང་གི་དགོན་བདག་འདན་ཨེར་ཏི་ནི་མཁན་པོས་གདན་དྲངས་ཏེ་གསོལ་སྟོན་གཟབ་རྒྱས་ཞུས།

                     དགོན་པ་མི་སྡེ་ས་ཞིང་དང་བཅས་པ་ཕུལ་ནས་དེ་ལུགས་ཀྱི་ཡི་གེ་བཞག་པར་དགོན་འདི་ལ་ཉེ་སྐོར་གྱི་དགོན་ཆུང་འགའ་ཞིག་བསྲེས་ཤིང་མ་གཞི་འཆད་ཉན་དང་སྒྲིགས་ལམ་སོགས་དངོས་གཙང་བས་ཐུགས་ཤིན་ཏུ་མཉེས་ཏེ་མང་འགྱེད་གྱ་ནོམ་པ་དང་སྤྱི་འཇོག་ལ་དངུལ་སྲང་བརྒྱ། རྟ་ནོར་ལྔ་བཅུ། ལུག་བརྒྱ་སོགས་གནང་ཆ་སྦམ་མཐོ་བ་སྩལ། ཨ་མཆོག །ཆོས་རྫོང༌། རྩམ་སྡེར། རྗེས་ཚང་སོགས་ཀྱི་དགོན་ཁག་སོ་སོ་ལ་ཡང་བབས་འོས་ཀྱི་སྤྱི་འཇོག་གནང༌། ཡང་ཀྱཱ་སྐུ་སྐྱེས་ཀྱིས་གསོལ་བ་བཏབ་པའི་ངོར་སྒྲོལ་མ་རང་བྱོན་གྱི་ལྷ་ཁང་རབ་གནས་ལ་ཕེབས། ལམ་ནས་ཀ་ཇུ་མཁར་གྱི་ཕྱི་ལོགས་ཤིག་ཏུ་གོང་འབབ་གནང་སྐབས་ཏཱ་ཞིན་གྱིས་ཐོས་ཏེ་ནང་དུ་གདན་དྲངས་ནས་བསུ་སྐྱེལ་བསྙེན་བཀུར་ཡང་དག་བསྒྲུབས། སྒྲོལ་མ་རང་བྱོན་གྱི་ལྷ་ཁང་དུ་ཕྱག་ཕབས་ཏེ་ཉིན་གཉིས་ཀྱི་རིང་བཀྲ་ཤིས་སྙེ་མའི་སྟེང་ནས་རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད། ལེགས་འབུལ་དུ་བྱམས་ཆེན་ཆོས་རྗེས་ཕྱག་ཏུ་བསྣམས་པའི་ཙན་དན་གྱི་ཕུར་བུ་ཡ་མཚན་པ་སོགས་བདོག་པའི་ཚན་གྲངས་མང་པོ་བསྟར། སྐུ་སྐྱེས་ཀྱི་གཙོས་དོན་གཉེར་ཅན་རྣམས་ལ་ཚེ་དཔག་མེད་ལྷ་དགུའི་དབང་སོགས་ཆོས་བཀའ་མང་དུ་གནང༌། བྱམས་པ་འབུམ་གླིང་གི་བདག་པོ་ཡུན་ལོ་ཡེས་ཀྱིས་གདན་དྲངས་ཏེ་བསྙེན་བཀུར་ཞིང་ལྗགས་ལུང་འགའ་ཞིག་ཞུས། བྱམས་ཆེན་གྱི་མདུན་དུ་ཕེབས་ནས་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། ལོ་ཀྱཱ་དུན་དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཕམ་མཐིང་བ་ལས་རྒྱ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡབ་ཡུམ་གཉིས་ཀའི་སྐུ་མ་ཉམས་པར་བཞུགས་པ་ལ་བདེ་མཆོག་རང་བྱོན་དུ་གྲགས་པ་དེའི་མདུན་དུ་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་བདེ་མཆོག་གསུངས་ཤིང་ཚོགས་འཁོར་མཛད། དེར་འཇའ་ཚོན་ཤིན་ཏུ་འོད་འཚེར་བ་ཞིག་བྱུང་བ་གདན་ས་ནས་ཀྱང་མང་པོས་མཐོང༌། ལམ་ནས་ཨ་འགང་གོང་འོག་སོགས་དུ་མས་ཡུལ་བསྟུན་གྱི་མཆོད་བཀུར་ཚད་མེད་ཞུས་པ་ཐམས་ཅད་ཀྱི་རེ་བ་བསྐངས་པར་མཛད། ཕྱིར་ལམ་སྟག་ལུང་རི་ཁྲོད། སྒ་ཤོ་སྒར་པ། མགོ་མོག་སྒར་པ་རྣམས་ཀྱིས་གདན་དྲངས་པར་ལུགས་གཉིས་ཀྱིས་བཀའ་དྲིན་བསྐྱངས། གདན་སར་ཕེབས་ཏེ་དབེན་གནས་ཐར་པ་རྩེར་བཅད་རྒྱ་དམ་པོར་གནང་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད། བཅད་རྒྱ་གྲོལ་ཉིན་རྒྱ་ནག་ཕྱོགས་ནས་སྦྱིན་བདག་ཅིག་གིས་སྒྲོལ་དཀར་གྱི་སྐུ་ཐང་ཚེམ་དྲུབ་ཁྱད་འཕགས་གཅིག་ཕུལ་བ་འབྱོར་པས་དགྱེས་ཚོར་ཆེ་བར་མཛད། ཧོར་ཟླ་ལྔ་པའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ལ་བཀྲ་ཤིས་སྙེ་མའི་སྒོ་ནས་གཟིམས་ཁང་ཆེན་མོ་ལྷ་རྟེན་དང་བཅས་པ་ལ་རབ་གནས་རྒྱས་པར་མཛད། ཞག་བདུན་དུ་ཆབ་ཚན་གྱིས་སྐུའི་འཕྲོད་བསྟེན་གནང་ཞིང་སེང་བར་ལ་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་དང༌། རྩིས་གཞི་སྤོས་པའི་ལྔ་བསྡུས་སོགས་ལྗགས་རྩོམ་འགའ་ཞིག་མཛད། ཝང་གི་ཨུརྒེ་ནས་སྔ་ཕྱིར་གདན་འདྲེན་གྱི་ཞུ་བ་ནན་ཏན་ཕུལ་བ་ལྟར་ཆིབས་བསྐྱོད་དེ་ཞག་བདུན་དུ་ཤཱ་ས་ན་བསྒྲུབས་ཤིང་མགོན་པོའི་སྦྱིན་སྲེག་གནང༌། གཙང་སྤྲུལ་བའི་སྐུས་གདན་དྲངས་པར་བྱོན་ཏེ་གཙང་ཁང་རྟེན་བརྟེན་པ་རྣམས་ལ་རབ་གནས་མདོར་བསྡུས་དང་ཁོང་དཔོན་གཡོག་ལ་རྟ་མགྲིན་ལྕགས་རལ་གྱི་རྗེས་གནང་སྩལ། སྤྲུལ་བའི་སྐུ་ནས་ཆོས་ཀྱི་དྲི་བ་མང་དུ་ཞུས་པ་ཐམས་ཅད་ལྷུག་པར་བཀྲོལ་བས་ཁོང་ཡང་མཁྱེན་རབ་གཞན་དང་མི་འདྲ་བའི་དབང་གིས་ཆོས་ཀྱི་རྗེས་སུ་འབྲངས་པའི་དད་གུས་དང༌། དགའ་སྤྲོ་ཚད་མེད་པ་འཁྲུངས། ཡར་ཕེབས་ཏེ་བྲག་ལུང་གོང་མར་དགོན་པ་གསར་འདེབས་ཀྱི་གནས་ལ་གཟིགས་ནས་ས་བརྟག་བསླང་བ་དང་བཀྲ་ཤིས་ཀྱི་གསོ་སྦྱོང་མཛད། སླར་གདན་སར་ཕེབས་ནས་གསོལ་དཔོན་བསྟན་པ་དར་རྒྱས་པཎ་ཆེན་ཐམས་ཅད་མཁྱེན་པར་འཚམས་ཞུས་ལ་རྫོངས་སྟ་མཛད་ཅིང༌། ཡི་གེའི་ནང་དུ་ལྷ་ཐོར་ལ་དོགས་འཛེམ་གྱི་ཞུ་བ་ནན་ཏན་ཕུལ། ཉིན་ལྔའི་རིང་པཎ་ཆེན་རིན་པོ་ཆེའི་ཞབས་བརྟན་དུ་སྒྲོལ་མ་མཎྜལ་བཞི་བའི་ཆོ་ག་མཛད།

                      དཔོན་ངག་དབང་དར་རྒྱས་ཝང་གི་རིགས་རྒྱུད་ཀྱི་ཆུང་སྲིའི་མནན་པའི་ཆེད་དུ་ཨུརྒེ་གྲྭ་ཚང་གི་བླ་མ་དབུ་མཛད་དགེ་བཤེས་བཟོད་པ་དང་གྲྭ་པ་ཁ་ཤས་འོང་བ་དགོན་པའི་བླ་གྲྭ་འགའ་ཞིག་དང་བཅས་པར་རྣམ་བཤད་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་འཁྲུལ་འཁོར་སྤྱི་དང་རེངས་པའི་འཁྲུལ་འཁོར་ཞིབ་ཁྲིད་སྩལ། མཛོ་དགེ་སྨད་དུ་ཕེབས་ཏེ། བརྒྱད་པའི་ཚེས་དྲུག་ལ་རྒྱུད་གྲྭ་གསར་དུ་བཙུགས་ནས་འགྲེལ་པ་བཞི་སྦྲགས་ཀྱི་གསུང་བཤད་གནང༌། སྤྱི་འཇོག་ལ་དུང་དཀར་ཆ་གཅིག །ཆས་འཇུག་ཆ་ཚང་བཞི། སྦུབ་གསུམ། འཁར་རྔ་ཆེ་ལེགས་སོགས་མཆོད་རྫས་དུ་མ་དང༌། དངུལ་སྲང་བརྒྱ། འདུ་ཁང་ཐེབས་ལ་སྔ་ཕྱིར་དངུལ་རྡོ་ཚད་གཅིག་དང་ལུག་ལྔ་བཅུ་སོགས་ཀྱི་གནང་ཆ་མཛད། དེ་སྐབས་མཚོ་སྔོན་དང་ཨ་མདོ་ཕྱོགས་ཀྱི་བླ་དཔོན་ཆེ་ཁག་ཐམས་ཅད་པཎ་ཆེན་རིན་པོ་ཆེའི་ཆིབས་བསུར་ཕེབས་ཟིན་པས་རྗེ་ཉིད་ཀྱང་ཚེས་བཅུ་གསུམ་ཙམ་ལ་མ་ཕེབས་ན་ཧ་ཅང་འགྱངས་སོང་བ་འདྲ་ཞེས་ཞབས་ཕྱི་རྣམས་ནས་ནན་གྱིས་ཞུས་པར། དེ་བཞིན་བྱས་ཆོག །འོན་ཀྱང་དེ་ཙམ་འགྱངས་མེད་མོད་རྗེས་མའི་བཅུ་གསུམ་ཚུན་ལ་ཕེབས་འདུག་གི་གསལ་ཁ་ཨེ་ཚོར་མི་ཤེས་གསུངས། སླར་གདན་སར་ཕེབས་ཐོག་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་དབུས་ནས་ཕྱིར་བྱོན་པར་དགྱེས་པའི་བཀའ་མཆིད་སྩལ། བརྒྱད་པའི་བཅུ་གསུམ་ལ་ཕྱག་བཏེག་སྟེ་ཉེར་བདུན་ལ་ཀུན་ཨེར་གེའི་གཞུང་དུ་འབྱོར། དགུ་པའི་བཅུ་གསུམ་བར་དུ་དེར་བཞུགས་ནས་ཕེབས་སྒུགས་མཛད་ཅིང་གསེར་ཏོག་ནོ་མིན་ཧན། སྒྲོལ་མ་སྐྱབས་ཇ་སག །སྨྲ་ཁམས་བླ་མ་སོགས་ཀྱིས་པཎ་ཆེན་རིན་པོ་ཆེར་འབུལ་རྒྱུའི་མཎྜལ་བཤད་པ་རེ་ལྗགས་རྩོམ་ཞུས་པ་བཀའ་དྲིན་བསྐྱངས། བཅུ་གསུམ་ལ་སྒར་བཏེག་སྟེ་གླང་ཆེན་དལ་འགྲོས་ཀྱིས་བྱོན་ནས་ཉི་ཤུ་གསུམ་གྱི་ཉིན་གཟའ་སྐར་ལེགས་པ་དང་བསྟུན་རྨ་རྒྱལ་སྦོམ་རའི་མདུན་ཅོག་ཏུ་གྲགས་པ་ལབ་ཙེ་ཁྲབ་གོན་གྱི་ཐང་ནས་བསུ་ཚུལ་གྱི་བཀོད་པ་བཀྲ་ཤིས་ཞགས་བསྐོར་བྱས། ཉིད་ནས་སྲོལ་གསར་དུ་བཙུགས་ཏེ་ལེགས་པར་བསླབས་པ་བཞིན་ཐམས་ཅད་ཀྱིས་ཁུར་དུ་བླངས་པས་བསུ་བ་སྔ་ཕྱི་ཀུན་གྱི་ཁྲོད་ན་གྲ་འགྲིག་ཅིང་བབ་ཆགས་པའི་དཔར་བྱེད་པ་བྱུང༌། ཞག་བབས་སྟེང་དུ་འབྱོར་ཕྱག་ཞུས་པའི་ཚེ་པཎ་ཆེན་མཆོག་ནས་དེ་རིང་བསུ་བ་ཡང་ལེགས། ཁ་བ་ཡང་ཆེ། རྟེན་འབྲེལ་འགྲིག་བྱུང་གསུངས་པར། དེ་རིང་ཁ་བ་ཆེན་པོ་བབས་པ་དེ་ངེད་དང་རྨ་ཆེན་གཉིས་ཀས་མཉམ་དུ་བསུས་པའི་རྟགས་ཡིན་ཞེས་རྩེད་མོའི་ཚུལ་དུ་ཞུས་པ་སོགས་ཇ་སྦྱོར་བཞིའི་རིང་ལ་གསུང་འཕྲོས་དམར་བར་མཛད། པཎ་ཆེན་མཆོག་ནས་གྲི་ཁ་གཉིས་མ། ཡུ་བ་ཆུ་ཤེལ་དང་ཤུབས་གསེར་རྐྱང་ལས་གྲུབ་པའི་ཁྱད་ནོར་ཡ་མཚན་པ་ཞིག་རྗེ་འདི་ལ་ཕྱག་བསྟར་ཏེ་གནང༌། རྗེས་སོར་ལྕང་སྐྱ་མཆོག་ལ་ཡང་མཚོན་ཆ་འགའ་ཞིག་གནང་བ་རིགས་ལྡན་འཁོར་ལོ་ཅན་འབྱོན་དུས་ཀྱི་རྟེན་འབྲེལ་ཞིག་ཏུ་རྗེ་ཉིད་ཀྱིས་གསུངས་པ་ལ་དཔག་ན་འདི་ཡང་དེ་དང་ཆ་མཚུངས་སམ་སྙམ། ཕྱི་ཉིན་ནས་རྒྱུན་པར་ཆིབས་རགས་ལ་ཕེབས་ཤིང་ཚེས་ཉེར་བརྒྱད་ཀྱི་སྔ་ཆར་དཀར་སྤྲོའི་སྟེང་ཐོག་མའི་རྟེན་འབྱུང་གི་དངོས་འབུལ་བསྟར། ཀུན་ཨེར་གེར་བཞུགས་སྐབས་བསྒྲུབ་བྱ་མང་པོས་པཎ་ཆེན་ཐམས་ཅད་མཁྱེན་པར་བསྙེན་རྫོགས་ཞུས་པ་ལ། ངེད་ད་སྐབས་བྲེལ་བ་ཤིན་ཏུ་ཆེ་བས་འཇམ་དབྱངས་བཞད་པ་ཚང་ལ་ཞུས་ན་ཁྱད་མེད་ཅེས་རྗེ་ཉིད་ཀྱི་དྲུང་དུ་གཏོང་བར་མཛད་པ་རྣམས་ཀྱང་བཀའ་བཞིན་བསྒྲུབས། དེ་ནས་སྐུ་འབུམ་ལ་ཕེབས་ཀྱི་བར། ཉིན་ལྟར་ཐུགས་ནང་གཤིན་པའི་གསུང་གླེང་དང༌། འཕྲལ་ཡུན་གྱི་དོན་སྐོར་མང་པོའི་དྲི་རྨེད་གནང་བ་ཐམས་ཅད་ལ་མཛེས་ལམ་དུ་མ་སོང་བའི་སྙན་སྒྲོན་ཞིབ་ཏུ་ཕུལ། ཕྱོགས་ཀྱི་བླ་དཔོན་ཆེ་གཉན་ཐམས་ཅད་འདུས་ཀྱང་རྗེ་འདི་ལ་ཟླ་བ་གྲགས་པ་གསུངས་ཏེ་ཞལ་རྩེད་མང་དུ་གནང་ཞིང༌། སྔ་སོར་ཆིབས་ཆེན་ཞིག་ཕུལ་ཡོད་པ་དེ་མཚམས་མཚམས་སུ་ཆིབས་ནས་ཟླ་བ་གྲགས་པ་ཁྱོད་རང་ང་ལ་བསམ་པ་དྲང་བའི་སྟབས་ཀྱིས་ཁྱོད་ཀྱི་རྟ་འདིས་ཤིན་ཏུ་ཕན་ཐོགས་པར་བྱུང་གསུངས།

                    ཡང་ད་ལྟ་བོད་ཡུལ་འདི་ན་བསྟན་བཅོས་ཚིག་དོན་ཕུན་སུམ་ཚོགས་པ་རྩོམ་པ་ལ་ཁྱོད་ལྟ་བུ་མི་འདུག་ཅིང༌། རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་མཆོད་བརྗོད་འདི་ཤིན་ཏུ་གོ་དཀའ་བ་འདུག་པས་འགྲེལ་པ་ཞིག་གྱིས་ཞེས་བཀའ་ཕེབས་པ་སོགས་ཐུགས་ཉེ་ཞིང༌། མཐོང་གཟོས་ཚད་མེད་པ་གནང་ཚུལ་དེ་སྐབས་གནས་པ་ཐམས་ཅད་ཀྱིས་མཐུན་སྣང་དུ་གྲུབ་པས་འདྲ་བའི་ནང་ན་མི་འདྲ་བའི་དཔེར་སོང༌། དེའི་དབང་གིས་ང་རྒྱལ་གྱི་འགྱིང་བག་དང་ལྡན་པའི་རྩེ་དྲུང་མཐོ་དམན་ཐམས་ཅད་ཀྱིས་ཀྱང་ལུང་བསྟན་དང་སྐྱབས་འཇུག་ཞུས་ཏེ་ཞབས་སྤྱི་བོར་བླངས། གཞན་གྱི་བླ་དཔོན་ཆེ་བར་རློམ་པ་ཚོ་ཡང་ཉིན་མང་པོར་སྒུགས་སྡོད་བྱེད་དགོས་ཀྱང་རྗེ་འདིའི་གྲྭ་རིགས་སུ་གཏོགས་པ་རྣམས་བཀའ་ཆོས་དང་ཕྱག་དབང་སོགས་ལ་བཀག་འགོག་གཏན་མེད་པ་བྱུང་སྟེ་འདི་ཙམ་ཡང་གྲྭ་སློབ་རྣམས་ཀྱིས་བརྗོད་པར་དཀའ་བའི་བཀའ་དྲིན་གྱི་ཁུར་ཞིག་ཏུ་སྣང༌། པཎ་ཆེན་རིན་པོ་ཆེའི་མཛོད་ནས་ཆོས་སྡེ་འདི་ཉིད་གཙོར་གྱུར་གྱི་དགོན་ལག་ཏུ་ཁས་འཆེ་བ་བཞི་སྡེ་ཚུན་ཆད་ལ་མང་འགྱེད་ཀྱི་གསོལ་རས་འཚེམ་མེད་དུ་སྩལ། ལྐོག་ཏུ་བོད་པ་བཞི་ལ་ལྷ་ཐོར་བཏབ་པས་འགྲོ་འདུག་མ་ཆག་པ་ལྟ་བུའི་ངང་ནས་ལེགས་པར་ཐར། དེའི་གནས་ཚུལ་པཎ་ཆེན་མཆོག་ལ་སྙན་འབུལ་ཞུས་པས་ཤིན་ཏུ་མཉེས་ནས་འོ་ན་གཞན་ཁ་ཤས་ལ་བཏབ་ན་གསུངས་པ་བཞིན། ཕྱི་ལོགས་ཤིག་ཏུ་རྩེ་དྲུང་ཕྱེད་ཉིས་བརྒྱ་སྐོར་ལ་བཏབ་པས་ཐམས་ཅད་ཀྱང་བདེ་བར་ཐར། རྗེ་ཉིད་དང་དཔོན་ངག་དབང་ཝང་ཐུན་མོང་ནས་པཎ་ཆེན་ཐམས་ཅད་མཁྱེན་པར་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་གྱི་སྙན་གསན་ཕུལ་བར་ཕྱིར་ལམ་ཕེབས་རྒྱུའི་ཞལ་བཞེས་མཛད། ཐུའུ་བཀྭན་རིན་པོ་ཆེའི་ཕྱག་མཛོད་དུས་ཆོས་སུ་གྱུར་པའི་དོན་དུ་གདན་དྲངས་པ་ལྟར་དགོན་ལུང་དུ་བྱོན་ནས་ཞག་གསུམ་བཞུགས་ཏེ་བསྔོ་སྨོན་གྱིས་མཚམས་སྦྱོར་གནང༌། མཚོ་སྔོན་ནས་དཀོན་མཆོག་ཝང་གཤེགས་པའི་དགོངས་རྫོགས་ཀྱི་ཆེད་དུ་གདན་དྲངས་པར་ཆིབས་བསྐྱོད་དེ་ཁྲུས་ཆོག་དང་ལྗགས་བསྔོ་སོགས་སྤྱན་དམིགས་གང་གཟབ་བཀའ་དྲིན་བསྐྱངས་པར་རྡོ་རྗེ་ཝང་ནས་ཀྱང་དངོས་འབུལ་ཤིན་ཏུ་སྤམ་མཐོ་བ་བཏེག །དེ་ནས་སླར་སྐུ་འབུམ་དུ་ཕེབས་ནས་ཧོར་ཟླ་བཅུ་གཉིས་པའི་བཅུ་གསུམ་གྱི་ཉིན་པཎ་ཆེན་ཐམས་ཅད་མཁྱེན་པ་ཚོམས་ཆེན་དུ་གདན་དྲངས་ཏེ་ཟས་སྣ་མི་འདྲ་བ་ལྔ་བརྒྱ་ཙམ་གྱི་གསོལ་སྟོན་ཤིན་ཏུ་རྒྱས་པའི་ཐོག །འབུལ་ཆེན་དངོས་གཞི་སླར་བཀྲ་ཤིས་འཁྱིལ་དུ་འབུལ་རྩིས་ཀྱིས། ད་ལན་རྟེན་འབྲེལ་མཚོན་བྱེད་ཙམ་ལ། ནང་མཛོད་ཁ་བཏགས། དངུལ་གྱི་མཎྜལ། སྐུ་གསུང་ཐུགས་རྟེན། ན་བཟའ་ཉེར་སྤྱད། དངུལ་སྲང་སྟོང༌། གོས་ཆེན་ཡུག་བཅུ། མོའུ་བང་བཅུ། གཅན་གཟན་གྱི་པགས་རིགས་དང༌། ལིང༌། ཧོར་དར་རས་ཆ་སོགས་དངོས་གཙང་བ་ཕུལ། དེར་ལིའུ་ཨམ་བན། བྷོ་ཨམ་བན། ཟི་ལིང་ཨམ་བན་གསུམ་ནས་ཁྱེད་གོང་མས་མཁྱེན་པའི་ཧུ་ཐོག་ཐུ་ཡིན་ཞིང་སྐུ་ཚེགས་ལ་མ་ལྟོས་པར་ཐག་རིང་པོར་པཎ་ཆེན་རིན་པོ་ཆེའི་ཆིབས་བསུ་དང༌། ད་ལན་སྟོན་མོ་ཡང་ཐམས་ཅད་ལས་ཁྱད་དུ་འཕགས་པ་གནང་བ་འདི་གོང་མའི་གསེར་སྙན་དུ་ཞུ་དགོས་པས་སོང་ཐོ་ཞིབ་ཏུ་དགོས་ཚུལ་ཞུས་པ་ལྟར་གནང༌། རྒྱ་དཔོན་ཆེ་ཆུང་ཐམས་ཅད་མཇལ་བར་འོངས་ཏེ་གུས་འདུད་ལྷུར་བླངས་ཤིང་ཟི་ལིང་ཤཱན་ཐེས་ཀྱིས་གོང་མའི་མཛོད་ནས་རྩྭ་ཤིང་དང༌། རྡོ་སོལ་ཤིང་རྟ་བཅུ་གཅིག་ཙམ་གྱི་ཕོགས་ཀྱང་ཕུལ། ལོ་གསར་སྐབས་འདི་ཀའི་གདན་སར་ཕེབས་འདུན་ཡོད་ཀྱང་པཎ་ཆེན་མཆོག་ནས་དེར་ལོ་གསར་ལྷན་དུ་གནང་དགོས་ཀྱི་བཀའ་ཕེབས་པ་ལྟར་དགུང་ལོ་ང་གསུམ་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་པཎ་ཆེན་ཐམས་ཅད་མཁྱེན་པ་དང་མཉམ་དུ་མཛད། དེ་ནས་ཐོན་ཕྱག་ཞུས་ཏེ་ཚེས་དྲུག་ལ་ཆིབས་ཁ་བསྒྱུར་ནས་བཅུ་གཉིས་ལ་གདན་སར་བབས། གསུང་ཆོས་སྔར་རྒྱུན་ལྟར་དང་རབ་བྱུང་བསྙེན་རྫོགས་མང་དུ་བསྒྲུབས། གཙང་སྤྲུལ་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་སྐྱེལ་མི་འབྱོར་པར་ཐུགས་ཀྱི་དགོངས་པ་རྫོགས་པའི་སྤྱན་དམིགས་མཛད། དུས་འཁོར་སློབ་ཟུར་རབ་བརྟན་རྒྱ་མཚོ་སུ་ཉིད་གཡས་རུའི་ལས་སྐྱབས་ཐེ་ཇིའི་བླ་མར་མངགས་པ་ཕྱིར་འབྱོར་བས་བཅོ་ལྔའི་ཉིན་རྗེ་ཉིད་ཚོགས་དབུས་སུ་གདན་དྲངས་ཏེ། ན་བཟའ་ཉེར་སྤྱད། དངུལ་སྲང་ལྔ་བརྒྱ། གོས་དར་སོགས་འབུལ་བ་གྱ་ནོམ་པ་དང༌། ཚོགས་པ་ཉིས་སྟོང་བརྒལ་བར་དངུལ་སྲང་འགྱེད་བཅས་ཕུལ། དེའི་སྡེབས་སུ་འདི་ཀའི་གྲྭ་རིགས་ཆབ་རིལ་བློ་བཟང་ཕུན་ཚོགས་ཀྱིས་དངུལ་སྲང་ཉིས་བརྒྱ། གོས་ཁ་ཤས་སོགས་དངོས་འབུལ་བཏེག །ཨབ་ཀྲོང་བུ་རྒྱུད་ཀྱི་སྨོན་ལམ་སྦྱིན་བདག་རྣམས་ནས་ཀྱང་ཡུལ་བསྟུན་གྱི་འབུལ་སྐྱེས་གཟེངས་བསྟོད། ཨ་མཆོག་ལམ་རིམ་གྲྭ་ཚང་གི་དཔོན་སློབ་རྔ་རྒོད་སྐུ་སྐྱེ་ནམ་མཁའ་སེང་གེ་ཞི་བར་གཤེགས་པའི་དོན་དུ་སྤྱན་དྲངས་པར་མཆོག་ཁྲུས་སོགས་ཀྱི་སྤྱན་དམིགས་གནད་སྨིན་བཀའ་དྲིན་བསྐྱངས། དཔྱིད་ཆོས་ཆེན་མོའི་སྟེང་པཎ་ཆེན་ཐམས་ཅད་མཁྱེན་པའི་ཞབས་བརྟན་ལ་བླ་མ་ཁྲི་གདན་ཟུར་ཚུན་ཆད་གཅིག་ཀྱང་མ་ལུས་པར་ཕེབས་དགོས་ཀྱི་བཀོད་ཁྱབ་གནང་བ་ལྟར་ཉིན་མང་པོའི་བར་དུ་བསྒྲུབས། ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་བའི་སྐུ་འཇིགས་མེད་ནམ་མཁའ་ཐོས་བསམ་གླིང་གི་ཆོས་གྲྭར་གསར་དུ་ཞུགས་པ་ལ་དཀར་སྤྲོ་དང་ལེགས་སྐྱེས་ཀྱི་གནང་ཆ་སྩལ། དུས་འཁོར་སློབ་ཟུར་གྱི་ཚབ་ཏུ་ལུང་ནག་སྨན་པར་བཀའ་ཤོག་དང་ཆོས་རྗེའི་ཆོ་ལོ་གནང་སྟེ་སུ་ཉིད་གཡས་རུའི་བླ་མར་རྫོངས་སྟ་མཛད།

                       གསུམ་པའི་ཚེས་ལ་སྐུ་འབུམ་དུ་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པར་མཇལ། དེའི་ཚེ་པཎ་ཆེན་མཆོག་ནས་མཛོད་བཏགས་གཅིག་ཕྱག་ཏུ་བསྣམས་ཏེ། འདི་རྒྱལ་དབང་རིན་པོ་ཆེ་ནས་ངེད་ལ་ལོ་གསར་གྱི་མཚམས་རྟགས་སུ་བསྐུར་བའི་ཁ་བཏགས་ཡིན། སྔར་ཡང་དྲུང་འཁོར་མང་པོ་ལྷ་འབྲུམ་གྱིས་ཐར་བར་མཛད་པ་བཀའ་དྲིན་ཆེ། ད་དུང་ཡང་ཐུགས་ལ་འཇོག་དགོས་ཞེས་རྗེ་འདི་ལ་གནང་བ་ནི་རྟེན་འབྲེལ་དང་དགོས་པ་ཁྱད་པར་ཅན་ཞིག་ཡོད་པར་སྣང༌། སྟག་འཚེར་ཚང་གི་གཟིམས་ཁང་དུ་གདན་དྲངས་ཏེ་ཁོང་དང་ཁམས་སྟོང་སྐོར་སྤྲུལ་བའི་སྐུ་དགེ་བཤེས་མང་པོ་དང་བཅས་པ་ལ་བདེ་མཆོག་སྔགས་བཏུའི་རྗེས་གནང་སྩལ། ལན་ཇུས་ཙོང་འདུ་ཡང་ཞིང་ས་གཅིག་གི་རྒྱལ་པོ་ལྟ་བུ་ཡིན་ཀྱང་རྗེ་ཉིད་ཀྱི་དྲུང་དུ་མཇལ་བར་འོངས་ཏེ་བཀུར་གཟོས་ཕུལ་དུ་ཕྱིན་པ་ཞུས། ཧྭ་ཤང་མང་པོ་ཞིག་གིས་པཎ་ཆེན་རིན་པོ་ཆེའི་ཕྱག་དབང་མ་ཐོབ་པར་ཡོད་པ་ཉིད་ཀྱིས་ཞུས་ནས་ཕྱག་དབང་དང་བདག་རྐྱེན་སྩལ་བས། དེ་རྣམས་ཀྱིས་ཀྱང་རྗེ་འདིའི་བཀའ་དྲིན་དུ་ཤེས་ནས་མཇལ་བར་འོང་བ་ལ་རང་ཚོ་གྱོན་པ་དང་སྐད་རིགས་མི་གཅིག་པ་མ་གཏོགས་སྟོན་པའི་རྗེས་འཇུག་ཡིན་པར་འདྲ་བས་པཎ་ཆེན་རིན་པོ་ཆེའི་ཞབས་བརྟན་ལ་འབད་དགོས་ཞེས་དགྱེས་པའི་གསུང་གིས་དབུགས་དབྱུང་བདོག་པའི་སྐྱེས་དང་བཅས་པ་གནང༌། འདི་དག་གི་སྔ་ཕྱི་ཅི་རིགས་པར་པཎ་ཆེན་མཆོག་གི་ཞབས་པད་ནས་ཟབ་རྒྱས་ཀྱི་ཆོས་བཀའ་ཡང་མང་དུ་གསན། སྐབས་ཤིག་པཎ་ཆེན་རིན་པོ་ཆེ་ནས་ཕྱག་མཛོད་ཆེན་མོ་དང༌། གསོལ་དཔོན་མཁན་པོ་གཉིས་ཀྱིས་གཙོས་ངེད་ཀྱི་ཟླ་བོ་རྣམས་འབྲུམ་པས་མ་ཐར་ཞིང་རྒྱལ་ཁབ་ཆེན་པོར་འགྲོ་བའི་དུས་གཏུགས་པས། ཇི་ལྟར་བྱེད་དགོས་ཞེས་བཀའ་འདྲི་གནང་བར། རྒྱ་ནག་ཕྱོགས་སུ་འབྲུམ་ནད་ཤིན་ཏུ་མོད་པས་ཐབས་མ་གནང་ན་ཉེན་ཆེ་ཚུལ་ཞུས་པ་ལ། འོ་ན་ཁྱེད་ཀྱིས་ཐུགས་ཁུར་མཛད་དགོས་གསུངས་པར་ཞལ་གྱིས་བཞེས། ཧོར་ཟླ་གསུམ་པའི་ཚེས་བཅུའི་ཉིན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་འབུམ་ནས་ཆིབས་བསྒྱུར་བར་རྗེ་ཉིད་ཀྱང་ལྷ་འབྲུམ་འདེབས་རྒྱུའི་ཆེད་དང་ཕེབས་སྐྱེལ་སྦྲགས་ཏེ་བྱོན། སྔར་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་མདུན་ནས་དབང་དོན་དེ་ཉིད་ཡང་གསལ་གྱི་ལུང་གསན་ཚེ་སྐོར་གཅིག་ཆད་ཡོད་པ་པཎ་ཆེན་རིན་པོ་ཆེར་ཞུས་ཏེ་ཁ་བསབས། ཨ་ལག་ཤ་ཆིང་ཝང་བློ་བཟང་རྡོ་རྗེ་དང༌། བསོད་ནམས་རྡོ་རྗེ་ཝང་སོགས་ལམ་དུ་མཇལ་བར་འོངས་ཏེ་རྗེས་གནང་འགའ་ཞིག་ཞུས། དེའི་ཚེ་ལྷ་ཐོར་འདེབས་རྒྱུའི་དོན་སྐོར་པཎ་ཆེན་རིན་པོ་ཆེ་ནས་ཨམ་བན་རྣམས་ལ་གསུངས་པར། ཁོང་ཚོས། དེ་འདྲ་ཧ་ཅང་ངེད་ཚོས་བློས་མི་འཁྱུད། གོང་མ་ཆེན་པོའི་ལུགས་སྲོལ་ལ་ཡང་ལྷ་འབྲུམ་འདེབས་སྲིད་ཀྱང་ཕྲུ་གུ་ལོ་བཅུ་པ་མན་ཆད་ལ་འདེབས་པ་མ་གཏོགས། དེ་ལས་རྒན་པར་འདེབས་སྲོལ་མེད། ནམ་དུས་ཀྱང་ཤིང་རྩི་ཁ་འབུས་པའི་མཚམས་སུ་འདེབས་དགོས་པ་ཡིན། ད་ལམ་ལྷ་འབྲུམ་འདེབས་ཆེད་གཏོང་བ་གནང་རྒྱུའི་གྲས་གཙོ་ཆེར་དྲུང་པ་ཧུ་ཐོག་ཐུ་དགུང་ལོ་ལྔ་བཅུར་ཉེ་བ་དང༌། ཞབས་ཕྱི་གཞན་ཕལ་ཆེར་ཀྱང་སུམ་ཅུ་ནས་དྲུག་ཅུའི་བར་སླེབས་པ་ཤ་སྟག་བཅས་འདི་འདྲ་ལ་གཏན་ནས་འདེབས་མི་རུང་ཞུས་ཏེ་འཐེན་ཁྱེར་བྱུང་ཡང༌། རྗེ་ཉིད་ནས་དེ་འདྲར་ཐུགས་དོགས་གཏན་གནང་མི་དགོས་ཚུལ་རྗེན་པར་ཞུས། འདེབས་པའི་གནས་ཀྱང་ཨ་ལག་ཤ་དགོན་པ་ས་དམའ་ཞིང་དྲོ་ཁོད་སྙོམས་པས་དེར་བྱས་ན་ལེགས་ཚུལ་སྙན་སྒྲོན་ཕུལ། དོན་སྐོར་འདི་འཇམ་དབྱངས་གོང་མ་རྒྱལ་པོ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ་གཉིས་ཀའི་སྐུ་དོན་དུ་སོང་བས་རྩ་བ་ཆེ་ཞིང་ལེགས་ཉེས་ཀྱི་ཁག་འགེལ་མཁན་མང་བར་མ་ཟད། མི་ཡང་རེ་རེ་ཙམ་མ་ཡིན་པར་བརྒྱ་ཕྲག་མང་པོའི་སྲོག་གི་ཁག་ཐེག་དགོས་པ་དེ་ལྟ་བུའི་གནས་ལའང་དོགས་པ་ཙམ་ཡང་མེད་པར་འཇུག་པ་ནི་དུས་གསུམ་རྗེན་པར་གཟིགས་ཤིང་བརྟན་གཡོ་མཐའ་དག་ལ་བཞེད་དགུར་དབང་མཛད་པའི་འབྲས་རྟགས་ཡིན་པས། དོན་ཆུང་ངུ་རེ་རེ་ཙམ་ལ་ཡང་ཕྱག་མོ་དགུ་སྐོར་བྱེད་མཁན་རྣམས་དང༌། གལ་ཆེ་སར་མངོན་ཤེས་ཀྱང་རྡུགས་ནས་འགྲོ་བ་དག་གིས་འགྲན་པར་བྱ་བའི་གནས་མ་ཡིན་ནོ། །

                    སྐུ་འབུམ་ནས་སོག་པོའི་ས་མཚམས་བར་དུ་རླུང་འཚུབ་ཤིན་ཏུ་ཆེ་བས་ཨ་ལག་ཤ་ཝང་གི་ས་ཚིགས་སུ་ཕེབས་སྐབས་ཝང་ནས་རྗེ་འདི་ལ་རླུང་གནོན་ཞུས་པར་ཁྱོད་ཚོས་བཀྭན་ལྷ་ལ་རྒྱ་ལུགས་ཀྱི་གསོལ་མཆོད་གྱིས་དང་རླུང་གནོན་བྱས་ཆོག་གསུངས། དེ་ནས་བཟུང་སྟེ་པཎ་ཆེན་རིན་པོ་ཆེ་ཨོར་དུ་སུའི་ས་ཆར་ཕེབས་ཀྱི་བར་རླུང་བསེར་བུའི་རྒྱུ་བ་ཡང་མི་མངོན་པ་ལྟ་བུ་བྱུང༌། ཚེས་ཉེར་བརྒྱད་ལ་ཆོས་བཀའ་འགའ་ཞིག་དང་ཐོན་ཕྱག་ཞུས་ཏེ། རྗེ་ཉིད་ལྷ་ཐོར་འདེབས་ཆེད་དུ་སྔོན་ལ་ཕེབས། ཨ་ལག་ཤ་དགོན་པར་ཕྱག་མཛོད་ཆེན་མོ་དང༌། གསོལ་དཔོན་མཁན་པོ་གཉིས་ཀྱིས་གཙོས་རྩེ་དྲུང་དུ་མ་དང་སྔགས་པ་གྲྭ་ཚང་གི་གྲྭ་པ་བཅས་ཁྱོན་ཉིས་བརྒྱ་བཞི་བཅུ་སྐོར་ལ་ལྷ་ཐོར་བཏབ་པས་གཅིག་ལ་ཡང་ཉེས་སྐྱོན་མེད་པར་ཐམས་ཅད་བདེ་བར་ཐར། འདི་སྐབས་སུ་ཡིག་འཕྲིན་ཕར་འགྲོ་ཚུར་འགྲོ་ཤིན་ཏུ་མང་བས་ཞུ་ཤོག་ཕུལ་བ་དང་གསུང་ཤོག་གནང་བ་རྣམས་ཀྱི་ཁྲོད་ན་ཐུགས་ནང་ཤིན་ཏུ་ཉེ་བའི་ཉམས་མཚར་གྱི་གསུང་ཆེས་ཡ་མཚན་པ་མང་དུ་ཡོད་ཀྱང་འགའ་ཞིག་ནི་ཁྱབ་གདལ་དུ་སྒྲོགས་པར་མ་སྤོབས་པས། ཐུན་མོང་བ་རེ་གཉིས་ཙམ་སྨོས་ན། འདི་ལྟར། ཀ་ལཱ་པ་ཡི་འཇམ་དབྱངས་གྲགས་པ་དེ། །ཁ་བ་ཅན་འདིར་དཔལ་ལྡན་ཡེ་ཤེས་ཞབས། །ག་བུར་ལྟ་བུར་གྲགས་པའི་བ་དན་ཅན། །ང་ཡི་འདྲེན་མཆོག་དམ་པར་མཆིད་འདི་ཞུ། །ཅ་རེ་དུས་ཀུན་ལས་དོན་ལ་འབད་པའི། །ཆ་ལུགས་མཛེས་པའི་དྲུང་འཁོར་འདི་རྣམས་ནི། །ཇ་ཐུག་འཐུང་བཞིན་ལྷ་འབྲུམ་ལས་ཐར་ཏེ། །ཉ་རྒྱས་ཟླ་ལྟར་ཀུན་དགའི་འཛུམ་དཀར་འགྱེད། །ཏ་ཐཱ་ག་ཏ་ཁྱོད་ཀྱི་ཐུགས་རྗེ་དང༌། །ཐ་མལ་རྨོངས་བདག་དད་པའི་རྟེན་འབྲེལ་ལས། །ད་ལྟ་ཚང་མ་ཁམས་བདེར་གྱུར་པ་ཡིས། །ན་བུན་བཞིན་དུ་སེམས་ནི་དགའ་བདེས་གཏིབས། །པ་སངས་ལྟ་བུར་མངོན་གསལ་བླ་ཆེན་ནི། །ཕ་མཐའ་མེད་ཀྱང་གཡོ་དང་སྒྱུ་མེད་པར། །བ་ལང་རྫི་བཞིན་བླུན་པོའི་ངང་ཚུལ་གྱིས། །མ་དག་འགྲོ་འདྲེན་ཁྱོད་གསུང་སྒྲུབ་པ་དཀོན། །ཙ་ཏུར་དཔུང་ཚོགས་ལྡན་པས་སྤྱན་དྲངས་ཏེ། །ཚ་གྲང་ཁྱད་བསད་ཕྱོགས་འདིར་བྱོན་པའི་སྐབས། །ཛ་ལང་རྒྱས་པའི་རི་དྭགས་དབང་པོ་བཞིན། །ཝ་སྐྱེས་རྣམས་ལ་དོགས་པ་མེད་པར་འཚལ། །ཞྭ་ཡི་རྩེ་མོར་ཏོག་གིས་རབ་མཛེས་ཤིང༌། །ཟ་མའི་ཁྱད་པར་སྣ་ཚོགས་ལ་དགའ་བའི། །འ་ལི་ཧ་སོགས་མི་དཔོན་ཆེ་ཆུང་རྣམས། །ཡ་མཚན་འཕྲུལ་གྱིས་རྗེས་སུ་བཟུང་ཡང་འཚལ། །ར་མ་སྤྱང་ཀིར་འཕྲད་བཞིན་བསྟན་པའི་དགྲ། །ལ་ལུང་གར་གནས་ཚར་གཅོད་དཔའ་རྩལ་ཅན། །ཤ་ཟན་སོག་པོའི་དཔོན་པོ་མ་ལུས་པ། །ས་ནི་དང་པོ་ཐོབ་བཞིན་དགའ་བར་མཛོད། །ཧ་ས་བཛྲ་དད་པའི་མཁའ་དབྱིངས་སུ། །ཨ་མི་ཏ་བྷའི་ཐུགས་རྗེའི་ཉི་མ་ཤར། །ཕན་དང་བདེ་བའི་པད་དཀར་འཛུམ་ཕྲེང་རྒོད། །དགའ་སྤྲོའི་རྐང་དྲུག་གླུ་དབྱངས་སྲིད་རྩེར་སྒྲོགས། །ཞེས་དང༌། ཡང་ལན་གཅིག་ཕུལ་བའི་ཞུ་ཤོག་གི་བར་སྐབས་ཀྱི་ཚིགས་བཅད་ལས། གང་གི་བཀའ་ལུང་བསྒྲུབ་པར་ཆེས་དཀའ་བ། །གླང་ཆེན་ངལ་བའི་ཁུར་དེ་ཉམ་ཆུང་གི །སྙིང་སྟོབས་བྱི་བས་འདེགས་པར་རྩོམ་པ་ན། །ཕལ་ཆེར་ཐེ་ཚོམ་ལ་ལས་ཁྲེལ་བགད་གྱེད། །འོན་ཀྱང་མགོན་ཁྱོད་སྤྱི་བོའི་གཙུག་བསྒོམས་ཤིང༌། །ལྷ་དང་སྲུང་མར་སྙིང་ནས་གསོལ་བཏབ་ན། །དོན་འདི་འགྲུབ་པར་འགྱུར་སྙམ་འབད་པ་ལས། །ཇི་བཞིན་འགྲུབ་པས་ཡིད་ཆེས་ལྷག་པར་འཕེལ། །དྲེགས་ལྡན་ཉི་མས་འབྱེད་པར་མི་ནུས་པའི། །རྗེ་བཙུན་ཐུགས་དགོངས་བ་ཀུ་ལ་ཡི་ཚལ། །བསམ་སྦྱོར་སྒེག་མོའི་འགྲམ་ཆང་གིས་ཕྱེ་བ། །འདི་ཀོ་ཇི་ལྟར་ཡིན་སྙམ་དཔྱང་ཐག་འཛིན། །ཞེས་སོགས་ཤིན་ཏུ་མང་ཞིང༌། དེ་དག་གི་དོན་བསྡུས་ན་འདི་སྐད་ཅེས་བྱ་སྟེ། ས་སྟེང་བུ་སློབ་འགྲོ་བའི་རིགས་བརྒྱ་ལས། །གདེངས་ཅན་བདག་པོའི་མཆོད་ཡོན་སྙེ་མ་ནི། །སྣང་བ་མཐའ་ཡས་འོད་ཀྱི་ཀུན་གསལ་མར། །ཐུགས་རྗེ་ཆུ་འཛིན་རོལ་པའི་སྙིང་པོར་འབེབས། །སྔོ་བསངས་མཁའ་ཡི་བུ་མོ་སྨིན་ལེགས་མ། །རྒྱུ་སྐར་བྱེ་བའི་དོ་ཤལ་ཁུར་གྱིས་ཅི། །ཉིན་བྱེད་གསེར་གྱི་རྣ་ལུང་འབར་བའི་འོད། །གཅིག་པུ་འགྲོ་བའི་འདྲེན་བྱེད་ཡུལ་མིན་ནམ། །ཞེས་མགྲིན་པ་གསང་སྟེ་སྨྲའོ། །
                         པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ནས་ཀྱང་དགྱེས་ཚོར་ཚད་མེད་པའི་བཀའ་ལན་གནང་བ་ནི། ལུང་རིགས་ཁྱོན་ལ་མཁས་པའི་རིན་ཆེན་གྱི། །རྒྱན་མང་རབ་བཀྲ་བསླབ་གསུམ་མཚན་དཔེ་རྫོགས། །ཇི་ལྟ་ཇི་སྙེད་གནས་ལུགས་ཡོངས་གྲུབ་པའི། །རབ་ཏུ་བཞད་པའི་འཇམ་དཔལ་རྡོ་རྗེའི་དྲུང༌། །མདོ་སྔགས་གཞུང་ལ་ངལ་བ་མང་བརྟེན་ཅིང༌། །ཚིག་དོན་ཁུར་གྱི་རྣམ་པ་ལྕི་ན་ཡང༌། །ཀུན་གཞི་ཉལ་འགྲོའི་རྡོ་བ་དང་མཚུངས་པའི། །དགེ་སྦྱོང་ཞིག་གིས་རིང་ནས་མཆིད་འདི་གསོལ། །ཁྱོད་སྔོན་དཔག་མེད་བསྐལ་པའི་སྔ་རོལ་ནས། །འགྲོ་འདིའི་སྡུག་བསྔལ་བདག་གིས་བསལ་བྱ་ཞེས། །སྲ་བརྟན་ལྷུན་པོ་ལྟ་བུའི་དམ་བཅའ་གང༌། །མཛད་ཅེས་ཐོས་པ་དེང་འདིར་བདེན་པར་འཁུམས། །ཟླ་བའི་མ་མ་ལས་འོང་མཁའ་ཡི་གླང༌། །དབང་སྔོན་དང་མཚུངས་ཆུ་ཡི་ཁུར་ལྕི་བས། །གླལ་དང་ལྷན་ཅིག་བདུད་རྩིའི་ཆུ་རྒྱུན་གྱིས། །འོད་ཟེར་བརྒྱ་པས་གདུངས་པའི་རྩྭ་གཞོན་བཞིན། །བདག་གི་ཡིད་ལ་ཐེ་ཚོམ་སྣ་ཚོགས་ཀྱིས། །གདུང་བྱེད་རབ་ཏུ་འབར་བར་གྱུར་པ་ལས། །རབ་བསིལ་གཟེགས་མ་དཀར་པོའི་བསིལ་སྦྱིན་འདིའི། །དཔེར་འོས་རབ་ཏུ་དགའ་བའི་ས་ལས་ཅི། །ཞེས་སྙན་པར་སྨྲ་བའི་ཚིག་བརྗོད་ནས། རྗེ་དམ་པ་ཉིད་ནས་ངེད་ཀྱི་ཕུ་བོ་དང་ཉེ་གནས་གཉིས་ཀྱིས་མཚོན་ལུས་མ་ཚོས་པའི་མི་མང་པོ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་བསྐྱབས་ཏེ་མཧཱ་ཙི་ནའི་རྒྱལ་ཁམས་ཀྱི་གྲོང་དང་གྲོང་ཁྱེར་དང་ལྗོངས་གང་དུ་འགྲོ་ཡང་བག་ཡངས་སུ་སྤྱད་ཆོག་པའི་ཐབས་བླ་ན་མ་མཆིས་པའི་བྱ་བ་མཐར་ཕྱིན་པ་མཛད་པ་འདི་ནི། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བསྔགས་པའི་མེ་ཏོག་གིས་ཡང་དག་པར་མཆོད་ཅིང་བཀུར་བ་ཡིན་ན་བདག་ལྟ་བུས་ལན་བྱེ་བ་ཕྲག་བརྒྱར་བསྟོད་ཅིང་བསྔགས་པར་བྱེད་པ་ནི་ལྟ་སྨོས་ཀྱང་ཅི་དགོས། དམ་པ་ཉིད་ནས་ཕན་ཐོགས་ཇི་ལྟར་མཛད་པ་འདི་ཐམས་ཅད་བཀས་མངགས་པའི་ཨམ་བན་རྣམས་དང་གྲོས་བྱས་ཏེ། གོང་གི་སྙན་དུ་བ་ཡར་འབུལ་བར་ཐག་བཅད་ཡོད། ཉིད་དང་རང་རེ་སྔོན་ནས་ཆོས་དང་འཇིག་རྟེན་གཉིས་ཀའི་སྒོ་ནས་འབྲེལ་བ་ཟབ་པར་མ་ཟད། ད་ལམ་གྱི་ཕན་ཐོགས་ཇི་ལྟར་མཛད་ཚུལ་རྣམས་ཚེ་རབས་ཐམས་ཅད་དུ་རྨི་ལམ་ན་ཡང་མི་བརྗེད་ཅིང་དྲིན་ལན་གཞལ་བར་བརྩོན་པར་བགྱིད་པ་ལགས། གཏང་རག་གི་ཐོ་ཡིག་འབུལ་རྒྱུ་རྣམས་སྔོན་ནས་དེ་ཀར་ཡོད་པ་དེའི་རྒྱུ་མཚན་གྱིས་ལག་བྲིས་མིག་སྟོན་མཛད་ནས་དེ་ཐོག་ནས་བཞེས་པར་ཞུ་ལགས། བསམ་དོན་ཐམས་ཅད་འགྲུབ་པ་ཡི། །བཀྲ་ཤིས་དགེ་མཚན་དེའི་འབྲས་བུར། །ཞྭ་སེར་རིང་ལུགས་དྲི་མ་མེད། །ཀུན་གསལ་ངོགས་དང་མཉམ་གྱུར་ཅིག །ཅེས་རྡོ་རྗེའི་གསུང་གིས་ཞལ་བཞེས་བླ་ན་མེད་པ་མཛད་ཅིང༌། བདག་རྐྱེན་དུ། ཡེ་ཁེ་ཨ་ཆི་ཐུ་མཧཱ་ཤྲཱི་པཎྚི་ཏ་ཞེས་པའི་ཆོ་ལོ་དང་བཀའ་ཤོག །ནང་མཛོད་ཁ་བཏགས། གསེར་སྲང་གང༌། དངུལ་རྟ་རྨིག་མ་བཅུ་སོགས་ལེགས་སྐྱེས་ཀྱང་སྤམ་མཐོ་བ་གནང༌། ཨ་ལག་ཤ་དགོན་པར་བཞུགས་རིང་ལ་དྭགས་པོ་ཀུན་གྲོལ་ནོ་མིན་ཧན་གྱིས་ཞུས་ནས་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང༌། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང༌། ངག་དབང་ཆོས་རྗེས་ཞུས་ངོར་གཙུག་ཏོར་རྣམ་རྒྱལ་གྱི་དབང་དང༌། རྗེ་ཉིད་ཀྱི་བཀའ་རྩོམ་ཡི་དམ་སྒྲུབ་སྐོར་གྱི་ལུང༌། བཀའ་འགྱུར་བ་བླ་མས་ཞུས་ངོར་ཀླུ་དབང་རྒྱལ་པོ། ཛམ་ལྷ། སྒྲོལ་ལྗང་སོགས་ཀྱི་རྗེས་གནང་བཅོ་ལྔ་སྐོར་དང༌། གཙང་པ་བླ་མས་ཞུས་ཏེ་ལྕམ་སྲིང་སོགས་ཀྱི་རྗེས་གནང་འགའ་ཞིག་བཅས་རང་རང་གི་འདོད་མོས་བཞིན་དུ་དམ་པའི་ཆོས་ཀྱི་ཆར་ཕབ་ཅིང༌། ཕྱོགས་འདུས་ཀྱི་མཇལ་བ་སྟོང་ཕྲག་དུ་མར་ཕྱག་དབང་སོགས་ཀྱི་རེ་བ་བསྐང༌། འཇིགས་མེད་པེའི་ལི་གློ་བུར་དུ་ནད་ཚབས་དྲག་པོ་ཞིག་གིས་ཟིན་ནས་སྒྲོལ་དཀར་གྱི་རྗེས་གནང་ཞིག་ཞུས་པར་རྩ་གཟིགས་ཏེ་ཁྱེད་ཀྱི་ནད་འདི་ཟས་དུག་ཡིན་པ་འདྲ་གསུངས། གང་ཡིན་ཀྱང་འདི་ལས་གྲོལ་ཐབས་རྗེ་ཉིད་མ་གཏོགས་རེ་ས་གཞན་མེད་པས་ཐུགས་རྗེས་གཟིགས་དགོས་ཞེས་སྙིང་ཐག་པ་ནས་བློ་བཀལ་བ་ལ་རིལ་བུ་དང་བུམ་ཆུ་གནང་བས་ཇེ་བདེར་སོང༌། ཨ་ལག་ཤ་དགོན་དུ་འོངས་ནས་ཞག་བདུན་སོང་མཚམས་རིན་ཆེན་རིལ་བུ་རྒྱུད་ཀྱིས་བཤད་པ་ལྟར་བཏང་བས་ནད་ལས་གྲོལ་ཏེ་སྲོག་གསར་དུ་རྙེད་པ་ལྟ་བུའི་དགའ་སྤྲོ་དཔག་མེད་ཐོབ། དངུལ་སྲང་སུམ་བརྒྱ་དང་གོས་ཡུག་སྣ་ལྔ་སོགས་གཏང་རག་གི་ཡོན་འབུལ་གྱ་ནོམ་པ་བསྟར།

                         དེར་བཞུགས་སྐབས་ལན་གཅིག་མནལ་ལམ་དུ་ཁམས་བསངས་གནང་བར་འབུ་ནག་པོ་མང་པོ་ཐོན་པ་ཞིག་རྨིས་བྱུང་གསུངས་པ་ལ། གསོལ་དཔོན་བསྟན་པ་དར་རྒྱས་ཀྱིས་སྐུའི་བསྙུང་གཞི་ཞིག་ཐོན་པ་ཡིན་ནམ་ཞུས་པས། མི་མང་པོ་ལྷ་ནད་ལས་གྲོལ་བས་སྒྲིབ་པ་དག་པ་ཡིན་འདྲ་གསུངས་ཏེ། འདིས་ཀྱང་ཁེ་འདོད་གྲགས་འདོད་སོགས་ཀྱི་རང་དོན་ཡིད་བྱེད་དང་ཅུང་ཟད་ཙམ་ཡང་མ་འདྲེས་པར་གཞན་ཕན་ཁོ་ནར་གཞོལ་བའི་ལྷག་བསམ་ཁྱད་པར་ཅན་གྱི་ལག་རྗེས་སུ་མཚོན་པར་གདོན་མི་ཟའོ། །དེར་མ་ཟད་པཎ་ཆེན་རིན་པོ་ཆེའི་ཞལ་ནས་ཀྱང༌། ངེད་སྟོང་སྐོར་མཁར་ན་ཡོད་སྐབས་རྨི་ལམ་ལ། ལྕགས་ཀྱི་རྭ་བ་ཟླུམ་པོ་སྒོ་མེད་པ་ཞིག་གི་ནང་དུ་འགྲོ་ས་མ་རྙེད་པར་ཡོད་པའི་ཚེ་མི་ཞིག་གིས་འདིར་འཇམ་དབྱངས་བཞད་པ་ཚང་གིས་སྐས་བཙུགས་འདུག་ཟེར་བར་ཕྱིན་པ་ན་གསེར་གྱི་སྐས་ཤིག་འདུག་པས་དེར་འཛེགས་ནས་ཐོན་པ་རྨིས་གསུངས་པ་ཡང༌། སངས་རྒྱས་སྣང་བ་མཐའ་ཡས་ལ་བར་ཆད་བསལ་རྒྱུ་ག་ལ་མཆིས་ཀྱང༌། སྐུ་འཁོར་རྣམས་འཇིགས་པའི་གཡུལ་ངོ་ལས་བསྲུང་བ་འདིའི་ལྟས་ཡིན་ནམ་སྙམ། དེ་ནས་ལྔ་པའི་ཚེས་བཞི་ལ་ཨ་ལག་ཤ་དགོན་ནས་ཆིབས་ཁ་ཕྱིར་བསྐྱོད། ཀུན་གྲོལ་ནོ་མིན་ཧན་ནས་ཆིབས་སྐྱེལ་ཞུས། བོ་རོལ་གྱི་ས་ཆར་དགོན་རྙིང་གི་ཤུལ་གཟིགས་ནས་འདི་ས་དཔྱད་བཟང་བས་སླར་དགོན་པ་ཐོབས་གསུངས་པ་ལ་ཁོང་གིས་ཀྱང་ཕྱིས་སུ་བཀའ་བཞིན་བསྒྲུབས། ཨ་ལག་ཤ་ཝང་གིས་རྟ་དགུ་དང༌། གོས་གསུམ་སོགས་དངོས་འབུལ་དང༌། ཟི་ལིང་བར་གྱི་འུ་ལག་ཕུལ། ཡེ་ཁེ་ཐོང་གེའི་སར་བསྒྲུབ་བྱ་ཁ་ཤས་བསྙེན་པར་རྫོགས། སྟག་ལུང་དགོན་པའི་ཉེ་ཆར་དེ་ཀའི་བླ་མ་དགེ་བཤེས་མང་པོ་དང༌། རྩེས་ཐང་མཁན་པོ་དགེ་བཤེས་བློ་བཟང་བསོད་ནམས་ཀྱིས་ད་ལམ་སྐུ་ཞབས་པཎ་ཆེན་རིན་པོ་ཆེའི་སྐུ་དོན་བསྒྲུབས་པ་འདི་བསྟན་པ་སྤྱི་སྒེར་གྱི་ལ་རྒྱར་ཕན་པ་རྒྱ་ཆེན་པོ་བྱུང་བས་བཀའ་དྲིན་ཆེ་ཞེས་མཛོད་བཏགས་ཞིག་ཕུལ་ཏེ་སྐྱབས་འཇུག་ཀྱང་ཞུས། སྐུ་འབུམ་དུ་ཕེབས་པ་ལ་དགེ་འདུན་རྣམས་ནས་སེར་སྦྲེང་གིས་བསུས་ཏེ་གཟིམས་ཁང་དུ་ཕྱག་ཕེབས་པ་དང༌། སྐུ་འབུམ་མཁན་པོའི་ཞལ་སྔ་ནས་དང་ལས་སྣེ་སོགས་ཀྱིས་དགའ་དར་ཕུལ། མཁན་པོས་ཞུས་ངོར་སླར་པཎ་ཆེན་རིན་པོ་ཆེར་འབུལ་རྒྱུའི་མཎྜལ་གྱི་བཤད་པ་ཞིག་ལྗགས་རྩོམ་མཛད། དེ་ནས་རོང་པོ་མར་ནང་དགོན་པར་ཕེབས། ཚོ་ལྔའི་སྡེ་གཉིས་མ་འཆམ་པར་སོ་སོས་རྒྱབ་རྩ་བཙལ་ནས་འཁྲུགས་ཟིང་ཆེ་བར་ཡོད་པ་བསྡུམས་པར་མཛད། གྲོང་པའི་སྐྱེ་བོ་ཕོ་མོ་བརྒྱ་ཕྲག་མང་པོར་བསྙེན་གནས་ཀྱི་སྡོམ་པ་སྩལ་ཅིང༌། དྲུག་པའི་ཚེས་ལ་གདན་སར་བབས། ཚོགས་ཆེན་ཁྲི་རིན་པོ་ཆེར་གང་ཅིའི་གནས་ཚུལ་ནང་སྦྱར་གྱིས་གསུངས་པས། འོ་ན་བབས་རྒྱུན་འདི་ཐམས་ཅད་གྲྭ་མང་ལ་ཡང་ཁྲོམ་བསྒྲགས་སུ་བཀས་གནང་བ་ཞིག་ཅིས་ཀྱང་ཐུགས་རྗེས་གཟིགས་དགོས་ཞེས་ནན་གྱིས་ཞུས་པར་བརྟེན། སྤྱི་སོས་སྟོན་ཆེན་ཕུལ་བའི་ཐོག །སྐྱབས་མགོན་ཉིད་པཎ་ཆེན་རིན་པོ་ཆེའི་ཆིབས་བསུར་ཕེབས་ཚུལ་གྱིས་མཚོན་པའི་དོན་སྐོར་རགས་རིམ་དང༌། ཁྱད་པར་ཞབས་སྡོད་རྣམས་ལ་ལྷ་འབྲུམ་འདེབས་རྒྱུ་སོགས་ཀྱི་ཞབས་ཕྱི་ཧུར་ཐག་ཞུས་པ་དཀོན་མཆོག་གི་ཐུགས་རྗེ་དང༌། དད་པ་དམ་ཚིག་གཙང་བའི་སྟབས་ཀྱིས་བསམ་པ་ལྟར་འགྲུབ་པ་བྱུང༌། ཡིན་ཀྱང་ཁེ་འདོད་གྲགས་འདོད་གཏན་ནས་མེད་པས་བཀའ་ཤོག་སོགས་ཀྱི་གཟེངས་བསྟོད་འདི་སྔོན་ཆད་སུ་ལ་ཡང་མ་བསྒྲགས། ད་ལན་ཁྲི་པ་ཚང་ནས་ནན་ཆེས་པའི་ངོ་མ་ཆོག་པར་ཁྱེད་རྣམས་ལ་བཤད་པ་ཡིན་གསུངས་ཏེ། བཀའ་ཤོག་དང་གོང་གི་ཆབ་ཤོག་དེ་ཡང་ཀློག་ཏུ་བཅུག །ཁྲི་རིན་པོ་ཆེ་ནས་ཀྱང་ཕྱག་གསུམ་ཕུལ་ཏེ། སྐྱབས་མགོན་མཆོག་གིས་ཕྲན་ལ་ཐུགས་བརྩེ་བ་ཆེན་པོས་མནལ་ལམ་ཡ་མཚན་པ་སོགས་སྐུ་ན་ཕྲ་མོའི་དུས་ནས་མང་དུ་གསུངས་པ་ཡོད་ཀྱང་བཀའ་རྒྱ་མ་ཁྲོལ་བས་སྔོན་ཆད་སུ་ལ་ཡང་མ་བཤད།

                   དེ་རིང་ནང་ནས་གཅིག་ཙམ་གླེང་ཆོག་པ་ཐུགས་རྗེས་གཟིགས་དགོས། དེ་ཡང་སྔོན་ལན་གཅིག་རྗེ་ཉིད་ནས་མནལ་ལམ་དུ། ལུས་གསེར་ལས་གྲུབ་པའི་འབྲུག་ཅིག་ནམ་མཁའ་ནས་བབས་པའི་སྟེང་དུ་གདན་ཁྲི་ཕུན་སུམ་ཚོགས་པ་ཞིག་བཤམས་ཏེ། དེའི་སྟེང་དུ་རྗེ་ཉིད་བཞུགས་ནས་འབྲུག་གྲག་བཞིན་དུ་ནམ་མཁར་བྱོན་པ་ཞིག་རྨིས་གསུངས་པ་དེ་གའི་ཐོག་ཏུ་བབས་པར་སྣང་བས་སྔོན་གྱི་མཛད་པ་དེ་དག་ལ་རྗེས་སུ་ཡི་རངས་ཤིང༌། སླན་ཆད་ཀྱང་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས་ནས་མཛད་པ་ངོ་མཚར་བསམ་གྱིས་མི་ཁྱབ་པ་དུ་མ་སྟོན་དགོས་ཞེས་གསོལ་བ་འདེབས་པ་དང་སྦྲགས་ཏེ། མཛོད་བཏགས་དྲི་མ་མེད་པ་ཞིག་ཕུལ་ཞིང༌། དེའི་མཇུག་ཏུ་དཔོན་སློབ་ཚང་མས་མཇལ་དར་རིམ་བཞིན་ཕུལ། ཁམས་སྟོང་སྐོར་སྤྲུལ་བའི་སྐུ་ཕེབས་པར་བཞེད་པ་བཞིན་འཁྲུལ་འཁོར་གྱི་ལུང་སོགས་ཆོས་བཀའ་མང་དུ་སྩལ། དོན་གཉེར་ཅན་ཁ་ཤས་ལ་བླ་མ་མཆོད་པའི་ཁྲིད་ཅིག་ཀྱང་བཀའ་དྲིན་བསྐྱངས། ལ་ཁ་ཧུ་ཐོག་ཐུ་སྐུ་ཁམས་ཤིན་ཏུ་བསྙེལ་བའི་དོན་དུ་གདན་དྲངས་པར་ཕེབས་ཏེ་ལྷོ་སྒོ་གནང་ཞིང་སྤྲུལ་སྐུ་གསལ་དྭངས་མྱུར་དུ་ཕེབས་པའི་བསྐུལ་མ་མཛད། དེའི་ལམ་ཁར་ཤོ་བེ་ཧ་ཐོན་དུས་ཆོས་སུ་གྱུར་པའི་སར་གདན་དྲངས་ནས་མི་ཁྱིམ་བཅུ་སོགས་དངོས་འབུལ་བསྟར་བར་གཤིན་པོ་རྗེས་འཛིན་གྱི་དམིགས་པས་མཚམས་སྦྱོར་གནང་སྟེ་བར་དོའི་འཕྲང་ལས་བསྒྲལ། སླར་བྱོན་ཏེ་གྲུབ་པའི་གནས་མཆོག་དབེན་གནས་ཐར་པ་རྩེར་བཅད་རྒྱ་རྒྱུན་རིང་གནང༌། རོང་པོ་མར་ནང་ནས་ནང་སོ་དང་དགོན་པའི་ཆེ་བགྲེས་ཐམས་ཅད་འདོད་མཐུན་གྱིས་དགོན་པ་ཕུལ་ཏེ་བླ་མ་ཞིག་དགོས་ཚུལ་སྔར་ལན་གཉིས་ཞུས་ཀྱང་ཞལ་གྱིས་མ་བཞེས་པར་ཡང་བསྐྱར་ཨུ་ཚུགས་ནན་གྱིས་ཞུས་པས་དུས་འཁོར་སློབ་ཟུར་རབ་བརྟན་རྒྱ་མཚོ་བསྐོ་བཞག་དང་རྫོངས་སྟ་མཛད། དེ་ནས་གསེར་ཏོག་ནོ་མིན་ཧན་དང༌། ཕྱག་རྡོར་པེའི་སི་གཉིས་ཀྱིས་སྔར་གདན་འདྲེན་གྱི་ཞུ་བ་རིམ་པར་ཕུལ་བ་བཞིན་ཆིབས་བསྐྱོད་དེ་བཅུ་པའི་ཚེས་བཞི་ལ་གསེར་ཏོག་དགོན་དུ་བབས།

                དེའི་ཚེས་དྲུག་ནས་བཟུང་བཅུ་གཅིག་པའི་ཚེས་བཅུ་གཉིས་ཀྱི་བར་ནོ་མིན་ཧན་གྱི་གཙོས་གསེར་ཏོག་དགོན་གྱི་དཀའ་རབ་འབྱམས་ཐམས་ཅད་དང་དཔོན་ཡུམ་སྲས་སེའི་དོད་དམངས་དང་བཅས་པ་ལ་བདེ་གསང་འཇིགས་གསུམ། ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག །ཀུན་རིག །རྣམ་འཇོམས། གདུགས་དཀར་ལྷ་མང༌། ཚེ་དཔག་ལྷ་དགུ །ཐུགས་རྗེ་ཆེན་པོ་རྣམས་ཀྱི་དབང༌། སྣར་ཐང་བརྒྱ་རྩ། མགོན་པོ་བཀའ་བཅུ་གསུམ། འཇམ་དབྱངས་ཆོས་སྐོར་དང༌། ལྷོ་བྲག་སྙན་བརྒྱུད་ཀྱི་ནང་གི་དབང་དང་རྗེས་གནང་མཐའ་དག །གཞན་ཡང་སྒྲོལ་དཀར། ཚེ་དཔག་མེད་དཀར་པོ། རྟ་མགྲིན་གསང་སྒྲུབ། སྨན་བླ་མཆེད་བདུན། རྡོར་སེམས་གཙོ་རྐྱང༌། བླ་མེད་རྡོ་རྗེ་སེམས་དཔའ་ཡབ་ཡུམ། འཇིགས་བྱེད་སྔགས་བཏུ། བཀའ་གདམས་ལྷ་བཞི། འཇམ་ལུགས་ཚེ་དཔག་མེད་ལྷ་ལྔ། བ་རི་ལུགས་ཀྱི་རྣམ་འཇོམས། འཇམ་དབྱངས་ནག་པོ། སྣ་ཚོགས་ཡུམ། དྲག་པོ་སུམ་སྒྲིལ། ཡེ་ཤེས་ཁྱུང་ཁྲ། ཁྱུང་ནག་མེའི་སྤུ་གྲི། གཏུམ་པོ་ཁྱུང་ལྔ། སེང་གདོང་མ་རིགས་གསུམ། སེང་གདོང་མ་སྔོན་མོ། ཛམ་ལྷ་སེར་པོ། ཛམ་ལྷ་ནག་པོ་རྣམས་ཀྱི་རྗེས་གནང༌། རིགས་ཚོགས། བྱམས་ཆོས། བྱང་ས། བློ་སྦྱོང་མཚོན་ཆ་འཁོར་ལོ། བློ་སྦྱོང་སྙན་བརྒྱུད་ཆེན་མོ། མཁས་གྲུབ་རྗེའི་གསུང་ཐོར་བུ། བདེ་ལམ། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་ལེ་ཚན་ཁ་ཡར། ཀུན་མཁྱེན་གོང་མའི་གསུང་གི་ལམ་རིམ་དམར་ཁྲིད་དང༌། ཡི་དམ་སྒྲུབ་སྐོར་སོགས་ཀྱི་ལུང༌། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཚེས་བཅུ་གསུམ་ལ་གསེར་ཏོག་དགོན་ནས་བཏེག་སྟེ་ཕྱིར་ཕེབས་པའི་ལམ་ཁར་བླ་མ་སྨྱུང་གནས་པས་རི་སྙིང་པོར་གདན་དྲངས་ཏེ་བསྙེན་བཀུར་ཡང་དག་ཞུས། སྣང་རར་བཞུགས་སྐབས་བསྟན་པའི་གེགས་ཆག་དང་སྙིགས་དུས་ཀྱི་སེམས་ཅན་རྣམས་བསོད་ནམས་དམན་པའི་དབང་གིས་པཎ་ཆེན་ཐམས་ཅད་མཁྱེན་པ་གློ་བུར་དུ་ཞིང་གཞན་ལ་དགོངས་པ་གཏད་པའི་གནས་ཚུལ་ཟི་ལིང་ཨམ་བན་གྱི་ཡི་གེ་འབྱོར་འཕྲལ་ཐུགས་ངལ་ཚད་མེད་པ་གནང་ཞིང༌། རྟ་བཤད་ཀྱིས་ཕྱིར་གདན་སར་ཕེབས་ཏེ་བཅད་རྒྱ་དམ་དུ་མཛད། དེའི་ཚེ་ཐུགས་ཤིན་ཏུ་སྐྱོ་བས་བླ་མ་རྗེས་སུ་དྲན་ཅིང་ཐུགས་རྗེ་བསྐུལ་བའི་ཕྱིར་གདུང་བའི་མགུར་དབྱངས་མཛད་པ་ནི། འདི་ལྟར། དཔལ་རིགས་ལྔ་རིགས་བརྒྱ་རིགས་གསུམ་གཙོ། །རིགས་ཀུན་འདུས་དྲུག་པ་རྡོ་རྗེ་འཆང༌། །རྗེ་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས། །མཚན་བརྗོད་པར་དཀའ་བའི་ཞབས་ལ་འདུད། །སྙིང་ཆོས་ཀྱི་འཁོར་ལོའི་ཟེའུ་འབྲུའི་དབུས། །གདན་དྲི་བྲལ་པདྨ་ཉི་ཟླའི་སྟེང༌། །དུས་འབྲལ་བ་མེད་པར་རྟག་བཞུགས་ནས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྐྱོན་མཚོ་ལྟར་རྡོལ་བ་དེང་གི་དུས། །ལྷ་དཀར་པོའི་ཕྱོགས་རྣམས་མཐུ་ཆུང་ཞིང༌། །བདུད་དགའ་རབ་དབང་ཕྱུག་དཔུང་ཚོགས་རྒྱས། །བྱང་དད་ལྡན་འགྲོ་རྣམས་སྐལ་དམན་པས། །སྐྱབས་ཟླ་མེད་ཁམས་གསུམ་སྐྱེ་དགུའི་གཉེན། །དཔལ་ཐུབ་བསྟན་ཡོངས་ཀྱི་མངའ་བདག་མཆོག །མགོན་མཚུངས་མེད་རྗེ་བཙུན་རྡོ་རྗེ་འཆང༌། །དུས་གློ་བུར་ཆོས་ཀྱི་དབྱིངས་སུ་ཐིམ། །ཞྭ་སེར་ཐོགས་ཡོངས་ཀྱི་གཙུག་གི་རྒྱན། །མ་འགྲོ་བ་ཀུན་གྱི་དེད་དཔོན་ཁྱོད། །དུས་ད་ལྟ་དག་པའི་ཞིང་གཤེགས་ན། །དམན་བདག་ཅག་མགོན་སྐྱབས་སུ་ལ་ཞུ། །སྐུ་མཚན་དཔེ་མཐོང་བའི་ཡུལ་ལས་འདས། །གསུང་ཚངས་དབྱངས་ཐོས་པའི་གོ་སྐབས་བྲལ། །ཐུགས་མཁྱེན་བརྩེ་དྲན་ཀྱང་གཟུགས་བརྙན་ཙམ། །ཡིད་ཅི་བྱ་གཏོལ་མེད་ཀྱེ་མ་ཧུད། །སྤྲིན་བྲལ་ཡང་མིག་ནས་ཆར་རྒྱུན་བབས། །མེས་མ་བསྲེགས་ཡིད་ཀྱི་བུད་ཤིང་ཚིག །རླུང་མ་གཡོས་ལུས་ཀྱི་འཁྲི་ཤིང་འདར། །དུས་དེ་རིང་འགལ་བའི་ཆོས་ཀྱིས་མནར། །མལ་བདེ་བར་བསྡད་ཀྱང་ཚེར་ལས་རྩུབ། །ཟས་ཞིམ་པོ་ཟོས་ཀྱང་དུག་ལས་ཁ། །གནས་ཡིད་མཐུན་བསྟེན་ཀྱང་སྡོད་མི་སྤྲོ། །ལས་བྱས་ཚད་སྐྱོ་བའི་གྲོགས་སུ་ཤར། །
                         ཞེས་སོགས་མཇུག་ཡང་སྲིད་མྱུར་འབྱོན་དང་འབྲེལ་བ་ཞིག་བཀའ་རྩོམ་གནང་བ་ཕྱིས་སུ་བཀྲ་ཤིས་ལྷུན་པོ་དང་གཙང་ངོས་ཀྱི་དགོན་ཁག་སོ་སོ་ནས་ཀྱང་ཚོགས་འདོན་ལ་གཙོ་བོར་བྱེད་པ་ཞིག་བྱུང་ཞིང༌། ཡབ་སྲས་ཐུགས་བསྐྱེད་ལྷན་ཅིག་པ་རྟེན་འབྲེལ་གྱིས་མཆོག་སྤྲུལ་རིན་པོ་ཆེ་ཡང་མ་འགྱངས་པར་ཕེབས་ཏེ་མཁའ་མཉམ་ལུས་ཅན་ཡོངས་ཀྱི་མགོན་དུ་གྱུར་པ་འདི་ལགས་སོ། །དེའི་ཚེ་ལྕགས་གླང་གི་ལོ་གསར་སོགས་དགོན་པའི་ནང་ལྟ་ཞོག །དགོན་དུ་གཏོགས་ཚད་སུས་ཀྱང་བྱས་མི་ཆོག་པར་བཀས་བཅད་ཅིང་གླིང་མེ་འབུལ་དུ་བཅུག་སྟེ། ཟླ་བ་གཅིག་གི་རིང་ལ་དགོངས་རྫོགས་བསྒྲུབས། རྗེ་ཉིད་ནས་ཧ་ཅང་ཐུགས་ངལ་བའི་རྣམ་པ་གནང་བར་དཔོན་ཝང་དང་བླ་བྲང་སྐུ་འཁོར་དགོན་པའི་ཆེ་བགྲེས་རྣམས་རྟབ་རྟབ་པོར་གྱུར་ཏེ་སྐུ་རིམ་ཞབས་བརྟན་ཕོན་ཆེར་བསྒྲུབས་ཀྱང་སྐུ་ཁམས་རིམ་ལོད་དུ་སོང་བས། ཐམས་ཅད་ཤིན་ཏུ་བྲེད་ནས་གཉིས་པའི་ཚེས་ལ་གཟིམས་ཆུང་དུ་དགོན་སྤྱིས་ཞབས་བརྟན་ཕུལ་བར་ལན་དུ། སྤྱིར་སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས། དེ་འཛིན་གྱི་སྐྱེས་བུ་མང་ཡང་རྒྱལ་བ་ཡབ་སྲས་གཉིས་དང་ལྕང་སྐྱ་རིན་པོ་ཆེ་གསུམ་བསྟན་པའི་སྲོག་ཤིང་ཡིན། རྒྱལ་དབང་རིན་པོ་ཆེ་སྐུ་ན་ཕྲ། ལྕང་སྐྱ་རྡོ་རྗེ་འཆང་དགུང་ལོ་ཆེས་སྨིན། པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ན་དར་ལ་བབ་ཅིང་སྐུ་ཆེ་བའི་ཡོན་ཏན་མཐའ་མེད་པ་ཞིག་ཡིན་ཀྱང་མཛད་པ་འདི་འདྲ་བསྟན་པ་ནི། ཉིན་གུང་ཉི་མ་ནུབ་སོང་བ་ལྟ་བུ་ཡིན་པས་སེམས་མི་འགྱོད་པའི་ཐབས་ག་ལ་ཡོད། རང་རེ་དགེ་ལུགས་པ་རྣམས་ལ་འདི་ལས་ཐུ་བ་ཡོང་རྒྱུ་མེད་པས་སྡུག་པའི་དུས་སུ་སྡུག་པ་ངོ་ཤེས་དགོས་ཞེས་སོགས་གསུང་རུས་པ་ཅན་དུ་མ་དང༌། ཁྱེད་རྣམས་ནས་ཆོས་འཆད་ཉན་སྒྲིགས་ལམ་ཀུན་སྤྱོད་སོགས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ངེས་ཤིག་གནང་ན་ངེད་ཀྱང་ཡུན་རིང་སྡོད་རྒྱུའི་འདུན་པ་བྱེད་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །
                           ཅེས་པའི་སྤྱོད་འཇུག་གི་ལུང་ཡང་འདྲེན་པར་མཛད་པས་དགོངས་པ་ཤིན་ཏུ་ཟབ་པར་སྣང༌། པཎ་ཆེན་རིན་པོ་ཆེའི་མཆོག་སྤྲུལ་མྱུར་འབྱོན་གྱི་ཆེད་དུ་ཐར་པ་རྩེར་བཅད་རྒྱ་གནང་བའི་མཐར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་གི་ཚེ་ཐབ་དཀྱིལ་དུ་འཇའ་ཚོན་གསལ་པོ་ཞིག་ཤར་བ་དེར་འཁོད་ཀུན་གྱིས་མངོན་སུམ་དུ་མཐོང༌། གཙང་སྒར་པའི་ལས་སྣེ་ཐམས་ཅད་དང༌། དཔོན་ཝང་ནས་ཀྱང་ཞུ་བ་ཕུལ་ཏེ། གཙང་སྒར་དུ་ཆིབས་བསྒྱུར་དང་བདག་མཛད་དགོས་ཚུལ་བྱུང་བ་འདོད་མོས་བཞིན་གནང་སྟེ། རྒྱུད་པ་སློབ་ཟུར་དཀོན་མཆོག་བདེ་ཆེན་དེ་ཀའི་ཁྲིར་བསྐོ་བཞག་མཛད། ཝང་དབུས་སུ་ཕེབས་རྒྱུར་དངུལ་སྲང་བརྒྱ། གོས་ཆེན་བཅུ། རྟ་བཅུ་སོགས་དཔོན་གཡོག་ཐམས་ཅད་ལ་རྫོངས་ཆ་སྤམ་མཐོ་བ་སྩལ། ལྔ་པའི་ཚེས་ལ་ཟི་ལིང་དུ་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུ་གདུང་ལ་མཇལ་ནས་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་ཕུར་ཚུགས་གསོལ་འདེབས་རྒྱུན་རིང་དང་ཐུགས་ཀྱི་དགོངས་པ་རྫོགས་པའི་སྨོན་ལམ་ཆོས་སྤྱོད་ཀྱི་རིམ་པ་རྒྱས་པར་མཛད། གདུང་འབུལ་ལ་དངུལ་གྱི་མཎྜལ་ནང་མཛོད་སྣ་ལྔའི་སྣེ་འདོགས་ཅན། དངུལ་སྲང་ལྔ་བརྒྱ། གོས་དར་རས་ཆ་སོགས་ཕོན་ཆེ་བ་དང༌། མཛོ་ཁ་གཞོན་བརྒྱ་སོགས་འབུལ་བ་ངོས་གཙང་བ་ཕུལ། ཕྱག་མཛོད་ཆེན་མོ་དང༌། གསོལ་དཔོན་མཁན་པོ་སོགས་རྩེ་དྲུང་མཐོ་དམན་ཐམས་ཅད་ལ་ཡང་འབབ་འོས་ཀྱི་གནང་ཆ་མཛད། རྗེ་ཉིད་ལ་པཎ་ཆེན་མཆོག་ནས་རྒྱུན་བཞེས་ཀྱི་སྐུ་ཆོས་དང་སྐུ་གཟན་འཁྲུལ་མེད། ཕྱག་རྗེས་ཅན་གྱི་ཙོང་ཁ་བརྒྱད་ཅུའི་སྐུ་ཐང་ཁྱད་འཕགས། སྐུ་འདྲ་དུ་མ་སོགས་རྟེན་སྐལ་སྤམ་མཐོ་བ་དང༌། ཟང་ཟིང་གི་དངོས་སྐྱེས་ཀྱང་གྱ་ནོམ་པ་ཕུལ། བ་ཡན་ནོར་བར་དུ་སྐུ་གདུང་རིན་པོ་ཆེར་ཕེབས་སྐྱེལ་ཞུས་ཤིང༌། གསོལ་དཔོན་མཁན་པོ་སོགས་ལ་ཚེ་དཔག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་སྩལ། ཕྱིར་ཕེབས་ལམ་ནས་སྐུ་འབུམ་དུ་སྟག་མཚེར་དཔོན་སློབ་ཡེ་ཤེས་སྐལ་བཟང་གིས་ཞུས་ངོར་མགོན་པོ་བར་ཆད་ཀུན་སེལ་དང་མགོན་དཀར་གྱི་རྗེས་གནང༌། དེ་སྐབས་ཀྱི་མཁན་པོ་ཆེ་ཤོས་བློ་བཟང་བསྟན་པར་སྐྱེས་རབས་སོ་བཞི་བའི་བཤད་ལུང༌། གཞན་དོན་གཉེར་ཅན་སོ་སོ་ལ་ཡང་འདོད་ཆོས་དུ་མ་དང༌། རབ་བྱུང་བསྙེན་རྫོགས་ཉི་ཤུ་སྐོར་གནང༌། གདན་སར་འབབ་ཉིན་པཎ་ཆེན་རིན་པོ་ཆེའི་ན་བཟའ་ལ། མཆོད་རྫས་སྣ་ཚོགས་ཐོགས་པའི་རྟ་པ་མང་པོས་མདུན་བདར་ཏེ་བསུ་བའི་བཀོད་པ་ཕུན་ཚོགས་པ་དང་བཅས་མཆོད་ཁང་ཆེན་མོའི་ནང་དུ་གདན་དྲངས་ཏེ། རྗེ་ཉིད་ཀྱིས་དབུ་མཛད། དགེ་འདུན་མང་མས་སྤྱན་འདྲེན་ཁྲུས་གསོལ་དང་སྨོན་ལམ་ལྷན་ཅིག་ཏུ་མཛད། ཐར་པ་རྩེར་ཞག་བདུན་དུ་ཆབ་ཚན་མཛད་པའི་སེང་བར་དུ་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་ལ་འཇམ་དབྱངས་ཆོས་སྐོར་དང་སྣར་ཐང་བརྒྱ་རྩའི་རྗེས་གནང་སྩལ། བར་སྐབས་སུ་ཨུརྒེ་ནས་གདན་དྲངས་པར་བྱོན་ཏེ་སྐུ་རིམ་སོགས་ཀྱིས་བཞེད་པ་བསྐང་ཞིང་དེ་ཕྱོགས་ཀྱི་སྦྱིན་བདག་སོ་སོའི་འདོད་པ་ཚིམ་པར་མཛད། དངུལ་རྭའི་ལྷ་སྡེར་ཕེབས་ཏེ། སེར་མང་ལ་དུས་མཆོད་འཛུགས་རྒྱུ་སོགས་དང༌། མི་སྐྱ་རྣམས་ལ་རྐུས་ཁྲིམས་སྡོམ་དགོས་པ་སོགས་འཕྲལ་ཡུན་དུ་ཕན་པའི་ལུགས་གཉིས་ཀྱི་བསླབ་སྟོན་མང་དུ་སྩལ།

                          ཉིན་གཅིག་ལུང་སྟོང་འགའ་ཞིག་ཏུ་སྐྱོ་སངས་ལྟ་བུར་ཕེབས་པས་རྐྱང་ཞིག་མེ་མདས་རྐང་པ་བཅག་སྟེ་འགྲོ་མ་ཐུབ་པར་ཡོད་པ་གཟིགས་ནས་རྨ་བཅོས་བྱེད་དུ་བཅུག །འོན་ཀྱང་མཚན་མོ་སྤྱང་ཀིས་བསད་པའི་སར་ཕྱི་ཉིན་ཡང་དོ་གལ་ཆེར་གནང་གིས་ཕེབས་ཏེ་བསྔོ་སྨོན་གྱིས་མཚམས་སྦྱོར་གནང་བ་ལ་དཔག་ན་རྗེ་བཙུན་མི་ལས་ལྕི་བ་སེར་སྐམ་མའི་འོག་ནས་སྲིན་བུ་ཕྲ་ལ་རིང་བ་ཞིག་དྲངས་པའི་ལོ་རྒྱུས་ལྟར་སྔོན་གྱི་ལས་འབྲེལ་ཅན་ཞིག་ཏུ་གོར་མ་ཆག་གོ །སླར་ཕེབས་ནས་གདན་སར་དགེ་འདུན་ཉིས་སྟོང་ཙམ་ལ་ཇ་བག་གཉིས་རེའི་རྩིས་ཀྱི་སྐུ་འགྱེད་དང༌། དགོན་ལག་སོ་སོར་ཡང་མང་འགྱེད་གྱ་ནོམ་པ་གནང༌། ཨ་མཆོག་སྒར་པ། སྔོན་པོ་ཐང་སྒར་པ། གྱི་ལིང་སྒར་པ། ལུང་ནག་དགོན། མཆོད་རྟེན་ཤར་གྱི་དགོན། གཙོས་སྒར་པ། རྩམ་སྡེར་སྒར་པ་སོགས་ནས་གདན་དྲངས་པ་རྣམས་ལ་འདོད་སྦྱར་གྱི་ཆོས་བཀའ་ཅི་རིགས་གནང་ཞིང༌། སྒྲིགས་ལམ་ཉམས་གསོས་སོགས་བསླབ་བྱ་ཞིབ་པར་སྩལ་ཏེ་རེ་བ་ཚིམ་པར་མཛད། དགེ་འཕེལ་གྱི་རི་ཁྲོད་པ་རྣམས་ལ་སྙིང་པོ་དོན་གསུམ་གྱི་ཁྲིད་རྒྱས་པ་དང༌། དཔོན་མོ་ཨ་ཀས་ཞུས་ངོར་སྒྲོལ་དཀར་གྱི་རྗེས་གནང་སྩལ། ཐར་པ་རྩེར་བཅད་རྒྱ་གནང་སྟེ་དཔལ་འཁོར་ལོ་སྡོམ་པའི་བསྙེན་སྒྲུབ་ཟབ་མོའི་ཉམས་བཞེས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད་ཅིང་མཇུག་ཏུ་ཁ་སྐོང་གི་སྦྱིན་སྲེག་གནང། ཀ་མདོའི་སྡེ་པ་ཐུན་མོང་ནས་གདན་དྲངས་པར་ཆིབས་བསྐྱོད་ནས་སྐྱ་སེར་ཉིས་སྟོང་དུ་ཉེ་བར་ཐུགས་རྗེ་ཆེན་པོ་ལྷ་ལྔའི་དབང་གནང་སྐབས་གཟིམས་ཆུང་སྟེང་དུ་འཇའ་ཚོན་སྣ་ལྔ་དབྱིབས་ཟླུམ་པོ་སོག་གུར་ཆེ་བའི་ཚོད་ཙམ་ཞིག་ཤར་བ་ཀུན་གྱིས་མཐོང་བས་ངོ་མཚར་དང་དད་གུས་ལྷག་པར་འཕེལ། མཇུག་ཏུ་ཐམས་ཅད་ཀྱིས་ཚོགས་བསག་སྒྲིབ་སྦྱོང༌། ཉེས་སྤྱོད་སྣ་གཅིག་སྤོང་བ་ཚུན་ཆད་ཀྱི་དམ་བཅའ་རེ་བྱེད་དགོས་གསུངས་ཏེ། ཐབས་མཁས་ཀྱི་སྒོ་ནས་དགེ་བའི་ལམ་ལ་སྦྱར། དགོན་པའི་འདུ་ཁང་ཐེབས་ཀྱི་དངུལ་སོགས་སྔར་གནང་བའི་སྟེང་དུ་ད་ལན་ཡང་རྟ་ནོར་ལྔ་བཅུ་སྐོར་ཞིག་སྩལ། དགེ་བཤེས་འཇམ་དབྱངས་གྲགས་པས་གཙོས་སྟག་ལུང་སྒར་ནས་གདན་དྲངས་པར་ཐུགས་རྗེ་ཆེན་པོའི་དབང་དང༌། བེག་ཙེའི་རྗེས་གནང་སོགས་ཆོས་བཀའ་མང་དུ་གནང༌། ལམ་ནས་དགོན་པ་ཆེ་ཆུང་དང་གྲོང་པ་ཐམས་ཅད་ཀྱིས་རང་འབྱོར་དང་བསྟུན་པའི་བསྙེན་བཀུར་ཡང་དག་པ་ཞུས་ཤིང༌། དེ་དག་ཀུན་ལ་བྱང་ཆུབ་མཆོག་གི་འབྲས་བུ་ཅན་གྱི་དགེ་བའི་ས་བོན་བླ་ན་མེད་པ་བསྐྲུན་པར་མཛད་དེ་སླར་གདན་སར་ཕེབས། དགུང་ལོ་ང་ལྔ་པ་ཆུ་ཕོ་སྟག་གི་ལོ་གསར་ལ་བཞུགས་གྲལ་གྱི་མགོན་དུ་ཕེབས། སྨོན་ལམ་གསུང་ཆོས་སོགས་སྔར་འཁྱུད་བཞིན་གནང་ཞིང༌། དགེ་ཚུལ་ལྔ་བཅུ་སྐོར་དང་བསྙེན་རྫོགས་བརྒྱ་དང་བཅོ་བརྒྱད་བསྒྲུབས། བཅོ་ལྔའི་གསོ་སྦྱོང་ལ་ཕེབས་ཏེ་སོ་ཐར་གྱི་མདོ་གསུངས། ཉིན་རེ་བཞིན་ཕྱོགས་འདུས་ཀྱི་མཇལ་བ་སྟོང་ཕྲག་དུ་མ་ལ་ཕྱག་དབང་སོགས་ཀྱིས་རེ་བ་བསྐང༌། སྨད་སོག་གི་གྲྭ་རྒྱུན་སྤྱི་ནས་གསོལ་བ་བཏབ་པ་བཞིན། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ། ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་བའི་སྐུ། དགོན་པའི་ཁྲི་གདན་ཟུར། སྨད་སོག་གྲྭ་རྒྱུན་ཐམས་ཅད་ལ་རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་སྩལ། གཉིས་པའི་ཚེས་ལ་ཧར་ཆེན་ཧོ་པེའི་སིའི་ཤོག་ནང་སོ་ཡི་དམ་སྐྱབས་ཀྱིས་ཚོགས་པར་མང་འགྱེད་དང༌། ཞལ་ཐང་གྲས་མཚུངས་བརྒྱ་དང་བཞི་བཅུ་མཆོད་རྫས་དུ་མ་སོགས་གསར་འཇོག་བྱས་པའི་ཐོག་ཚོགས་དབུས་སུ་གདན་དྲངས་ཏེ་དངུལ་སྲང་ཉིས་བརྒྱ་གོས་དར་ཉེར་སྤྱད་སོགས་ཀྱི་འབུལ་བ་བཏེག །བཀྲ་ཤིས་དགེ་འཕེལ་གྱི་རི་ཁྲོད་པ་རྣམས་ནས་ཞུས་པ་བཞིན་མཆོད་ཁང་ཆེན་མོར། བླ་མ་གདན་ཟུར་འདུས་ཚོགས་མང་དང་བཅས་པར་ཉིན་གཉིས་ཀྱི་རིང་མི་འཁྲུགས་པ་ལྷ་དགུའི་དབང་ཆེན་དང། གཟིམས་ཆུང་ཐུབ་བསྟན་ཕོ་བྲང་དུ་བླ་སྤྲུལ་ཧྲག་བསྡུས་རི་པ་རྣམས་དང་བཅས་པར་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་བཞི་རྫོགས་པར་གནང༌། ཡི་དམ་སྐྱབས་ནང་སོ་ངོ་གཡོག་ལ་མཁའ་སྤྱོད་མ་དང་ཛམ་ལྷའི་རྗེས་གནང་སྩལ་ཅིང་ཐོན་ཕྱག་གི་གནང་ཆ་སྤམ་མཐོ་བ་མཛད། དེ་ནས་ཐར་པ་རྩེར་ཕེབས་ཏེ་རེ་ཞིག་བཅད་རྒྱ་གནང༌། ཁྲི་རིན་པོ་ཆེ་བསོད་ནམས་གྲགས་པས་གཙོས་ཚོགས་མང་ནས་གསོལ་བ་བཏབ་པ་བཞིན་ཉིན་དགུའི་བར་དུ་འཇམ་མགོན་བླ་མའི་གསུང་གི་ཉིང་ཁུ་ལེགས་བཤད་སྙིང་པོའི་བཤད་ལུང་ཤིན་ཏུ་རྒྱས་པ། འོལ་སྤྱི་དང་གཡམ་ལ་རྒྱུག་གིས་གང་སླ་ས་ནས་འབྱམས་བཤད་བྱེད་པ་ལྟ་བུ་མ་ཡིན་པར་དཀའ་བའི་གནད་ལ་དམིགས་ཕུག་པའི་དགག་བཞག་གིས་བཤད་པ་ཆེས་ངོ་མཚར་བ་མང་དུ་གནང་བས། སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་གྲགས་པ་སླར་མངོན་སུམ་དུ་བྱོན་པ་གོར་མ་ཆག་སྙམ་དུ་བླ་མ་ལ་གུས་པ་དང༌། ཟབ་མོའི་ཆོས་ལ་ཡིད་ཆེས་ཀྱི་འདུན་པ་རྣམས་ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་གྱུར་ཏེ། གཞུང་ཉིད་ཀྱི་མཇུག་ཏུ། རེ་འགའ་རྒྱལ་ལ་དམིགས་པའི་དད་པ་སྐྱེས། །སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང༌། །ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང༌། །བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་གྱུར། །ཅེས་གསུངས་པ་ལྟར་གྱི་གནས་ཚུལ་མངོན་དུ་གྱུར་ཅིང༌། འདི་ནི་ཤེས་རབ་མཆོག་གི་བསམ་གཏན་པ། །ཚུལ་ཁྲིམས་དག་པའི་མགོ་ལ་འདུག་པ་པོ། །རྒྱལ་བའི་གདུང་འཚོབ་ངེས་དོན་རྙེད་པ་ཞེས། །བསྟོད་པའི་ཕྲེང་བས་ཡང་དང་ཡང་དུ་བསྔགས། །

                     ཞེས་གསུངས་པ་ལྟར་ཆོས་ཀྱི་རྗེས་སུ་འབྲང་བའི་བསྟོད་བསྔགས་ཀྱི་རོལ་མོ་ཕྱོགས་ཀུན་ཏུ་སྒྲོགས་པས་བྲེལ་བར་གྱུར། དེ་ལྟར་བཀའ་ཆོས་གནང་བའི་མཇུག་ཏུ་ཡང༌། ད་ལན་ངེད་དཔོན་སློབ་རྣམས་ཀྱིས་ཆོས་ཟབ་མོ་འདི་ལྟ་བུ་ལ་ཉན་བཤད་དཔྱིས་ཕྱིན་པ་བྱེད་རྒྱུ་བྱུང་བ་སྐལ་བ་བཟང༌། མདོ་སྨད་ཀྱི་ཡུལ་འདིར་ཐེག་པ་ཆེན་པོའི་རིགས་ཅན་མེད་པ་མིན་མོད་ཀྱང༌། རྐྱེན་སེལ་གྱི་དབང་རྗེས་གནང་རེ་ཙམ་མ་གཏོགས་འདི་འདྲའི་བཤད་པ་དོན་དུ་གཉེར་མཁན་དཀོན་པར་འདུག་པས་ད་རེས་བྲེལ་བ་ཆེ་བཞག་ཆུང་བཞག་བྱས་ནས་ཕུལ་བ་ཡིན། ད་ཁྱེད་དཔོན་སློབ་ཁྲི་གདན་ཟུར། སྤྲུལ་བའི་སྐུ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཐུགས་ཁུར་བཞེས་ནས་སྤེལ་དགོས། སྔ་མོ་བོད་ན་མདོ་རྒྱུད་དང༌། རྒྱ་གཞུང་ཆེན་མོ་ཕལ་ཆེ་བའི་བཤད་པའི་རྒྱུན་ཡོད་འདུག་ཀྱང༌། ད་ལྟ་མིང་ཙམ་ཡང་གྲགས་རྒྱུ་མི་སྣང༌། ཕྱིས་སུ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་བརྒྱད་སྟོང་པའི་བཤད་ལུང་གནང་སོང་ཟེར་བའི་གཏམ་ཚོར་བ་ཙམ་ཡང་སེམས་ལ་ཕན་པ་ཞིག་བྱུང་ཞེས་བསྟན་པ་ཁོ་ན་ཐུགས་ལ་བརྣགས་པའི་གསུང་ནན་ཅན་ཕེབས་པས་ཉན་པ་པོ་རྣམ་དཔྱོད་ཅན་དག་གི་སེམས་ལ་གཟེར་བཏབ་པ་ལྟ་བུ་ཞིག་བྱུང༌། ཉན་བཤད་ཀྱི་དགེ་རྩ་འདི་དག་ཀྱང་བསྟན་པ་རྒྱས་པའི་རྒྱུ་འབའ་ཞིག་ཏུ་བསྔོ་དགོས་ཞེས་ཚོགས་མང་དང་ལྷན་དུ་བསྟན་འབར་མ་གསུངས་ཤིང༌། འདི་འདྲ་བཀའ་ཆོས་ཆེན་མོ་ཐམས་ཅད་ཀྱི་མཇུག་ཏུ་མཛད་པའི་རྒྱུན་གྱི་ཕྱག་བཞེས་ལྟ་བུ་ཡིན། གསུམ་པའི་ཚེས་ལ་བླ་མ་སྨྱུང་གནས་པས་ཞུས་ངོར་གསེར་ཁྲི་སྤྲུལ་བའི་སྐུ་རྣམ་གཉིས་དང༌། བླ་མ་ཁྲི་གདན་ཟུར། ལྷ་ཁང་ལུང་པ་སོགས་ཕྱོགས་འདུས་ཀྱི་བླ་མ་སྤྲུལ་སྐུ་མང་པོ་དང་བཅས་པར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་གནང༌། ཚེས་ལྔ་ནས་བཅུ་དགུའི་བར་དུ་རྒྱུད་པའི་བླ་གྲྭ་སྤྱི་ནས་གསོལ་བ་བཏབ་པ་བཞིན། གསན་མཁན་སྔ་མ་རྣམས་ཀྱི་སྟེང་དུ་རྒྱུད་གྲྭ་ཡོངས་རྫོགས་དང་བཅས་པར་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ལུང་གནང་སྟེ་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་གསུམ་གྱི་རྒྱལ་པོ་དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ཀྱི་དགོངས་དོན་བཤད་རྒྱུད་ཆེན་པོ་དྲུག་དང་ཤན་སྦྱར་ཏེ་འགྲེལ་པའི་ཚུལ་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་གསལ་བར་མཛད་པའི་ལེགས་བཤད་འདབ་བརྒྱའི་དགའ་ཚལ་ཅི་ཡང་བཞད་པས་ངེས་གསང་རྒྱུད་སྡེའི་དགོངས་དོན་སྦྲང་རྩིའི་ཟིལ་དངར་གྱིས་སྐལ་བཟང་རིག་པ་འཛིན་པའི་རྐང་དྲུག་ཚོགས་ཀྱི་རེ་བའི་འབྲས་བཟང་སྨིན་པར་མཛད། མཇུག་ཏུ་བླ་མ་རྒྱུད་མཆོད་འགྲེལ་དབང་དང་བཅས་པ་ཕྱག་ལེན་བཞིན་གནང༌། གཞན་ཡང་ཚོགས་ཆེན་ཁྲི་པ་བསོད་ནམས་གྲགས་པ་སོགས་དོན་གཉེར་ཅན་སོ་སོ་ནས་ཞུས་ངོར་ནམ་མཁའ་སྒོ་འབྱེད་ཀྱི་དབང༌། རྒྱལ་ཐང་པའི་གཅོད་གཞུང་ཆ་ལག་དང་བཅས་པའི་ལུང༌། ཁྲི་ཟུར་བསོད་ནམས་དབང་རྒྱལ་གྱིས་ཞུས་ནས་མགོན་པོ་སྙིང་ཞུགས་ཀྱི་ཁྲིད། སྙན་གྲགས་སྒྲུབ་པའི་རྣམ་སྲས་དང་རྣམ་སྲས་དྲེག་བྱེད་གཉིས་ཀྱི་རྗེས་གནང་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྨན་པའི་གྲྭ་ཁང་གསར་འབུབ་ཀྱི་གནས་ལ་གཟིགས་ནས་ཐིག་བཏབ་སྟེ་ལས་འགོ་བརྩམས། ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་བའི་སྐུ་ནས་ཞུས་ངོར་མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང་སྩལ། དེ་ནས་ཐར་པ་རྩེར་བཅད་རྒྱ་གནང་སྟེ་ཐུགས་དམ་གཙོར་འདོན་དང༌། ཐུན་མཚམས་སུ་གཞུང་བརྒྱ་སྨྲ་བའི་ཁྱུ་མཆོག་དགེ་བའི་བཤེས་གཉེན་རྒྱ་སེང་གེ་དང་ལྷན་དུ་གཞུང་ཆེན་མོའི་དཀའ་གནས་དུ་མར་དོགས་གཅོད་མཛད། གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དང༌། ཟི་ན་ལྷ་ཁང་གི་དཀར་ཆག་ཀྱང་ལྗགས་རྩོམ་མཛད། དྲུག་པའི་ཚེས་ཉི་ཤུ་སྐོར་ལ་མོ་ནི་ཀོའུ་རི་ཁྲོད་དུ་ཆིབས་བསྒྱུར། བར་སྐབས་ཉམས་ཆག་ཏུ་སོང་བས་སྡོད་མཁན་རེ་རེ་ཙམ་ལས་མེད་འདུག་པར་ཕན་ཚུན་དུ་གསུང་ཕེབས་ཏེ་གྲྭ་པ་བཅུ་དྲུག་ཙམ་འདུས་ཤིང༌། སྤྱི་འཇོག་ལ་དོང་ཚེ་ཁྲོན་སུམ་བརྒྱ་དང་རྟ་ནོར་མང་དུ་བཞག་སྟེ་གཟིམས་ཁང་ཞིག་ཀྱང་གསར་བསྐྲུན་གྱི་བཀོད་ཁྱབ་མཛད།

                    སླར་ཡང་ཐར་པ་རྩེར་ཕེབས་ནས་བཅད་རྒྱ་གནང་ཞིང་ཐུན་མཚམས་སུ་མཛོད་ཀྱི་གནས་དང་པོ། ཀུན་རིག་གི་བསྙེན་ཡིག །མགོན་པོའི་བཟློག་པ་སྟོབས་ཆེན་ཤུགས་བཟློག །བར་དོའི་ཆོས་བཤད་འཕོ་བ་དང་འབྲེལ་བ། རྣམ་རྒྱལ་མའི་སྒྲུབ་ཐབས་རྣམས་གསར་རྩོམ་མཛད། དོན་གཉེར་ཅན་འགའ་ཞིག་ལ་དེ་དག་གི་ལུང་ཡང་སྩལ། འཇིགས་མེད་པེའི་ལིས་སྔར་ནས་གདན་འདྲེན་གྱི་ཞུ་བ་ཕུལ་ཞིང༌། ཉེ་ལམ་ཝང་གི་ཨུརྒེ་ནས་ཀྱང་གདན་འདྲེན་པ་འོང་བས་དཀྱུས་གཅིག་ལ་ཆིབས་ཁ་བསྒྱུར། ཝང་དབུས་ནས་བདེ་བར་ཕེབས་པའི་དགའ་སྟོན་ཕན་ཚུན་དུ་བསྟར་ཞིང་རིམ་གྲོ་འགའ་ཞིག་ཞུས་པའི་འདུན་པ་བསྐང༌། དེ་ནས་ཕེབས་པའི་ལམ་ཁར། ལ་མོ་ཞབས་དྲུང་དཀར་པོའི་ཨུརྒེར་གདན་དྲངས་པར་བྱོན། ཕན་ཚུན་ཐུགས་ནང་ཉེ་བའི་གསུང་གླེང་འཕེལ་ཞིང་ཞབས་བརྟན་གྱི་དངོས་འབུལ་བཏེག །དེར་འཇིགས་མེད་པེའི་ལིའི་རྟ་འུལ་སོགས་འབྱོར་པའི་སྟེང་ནས་ཕེབས་པར་ཆུ་བཟང་དགོན་པས་གདན་དྲངས་ཏེ་དཔའ་གཅིག་གི་དབང་སོགས་ཆོས་བཀའ་ཅི་རིགས་ཞུས། ཤ་ར་ཙུལ་ཀེར་ཕེབས་ཉིན། ཨམ་བན་དང་མཇལ་འཕྲད་གནང་བའི་ཚེ། ཨམ་བན་ནས་བཀའ་བསྒོ་དང་མ་ཎིའི་ལུང་སོགས་ཆོས་འབྲེལ་ཞུས་པའི་འདུན་པ་བསྐང༌། བརྒྱད་པའི་ཚེས་བདུན་ལ་པེའི་ལི་འཁོར་བཅས་ཀྱིས་ཆིབས་བསུ་གཟབ་མ་སེར་སྦྲེང་དང་བཅས་ཨུརྒེར་ཕྱག་ཕེབས། སྒྲོལ་དཀར། སོ་སོར་འབྲང་མ། སྨེ་བརྩེགས། གཏུམ་པོ་ཁྱུང་ལྔ། རྣམ་འཇོམས། གཙུག་ཏོར་རྣམ་རྒྱལ། ཛམ་དཀར། འཇམ་དབྱངས་ནཱ་ག་རཀ་ཤ །ཀླུ་དབང་རྒྱལ་པོ། སེང་གདོང་མ་སོགས་ཀྱི་རྗེས་གནང༌། གདུགས་དཀར་ལྷ་མང་གི་དབང་སོགས་ཆེས་མང་དུ་གནང༌། གདུགས་དཀར་བཟློག་ཆེན། སྒྲོལ་དཀར་གྱི་ཚེ་སྒྲུབ་སོགས་སྐུ་རིམ་ཡང་འགའ་ཞིག་མཛད། རབ་བྱུང་བསྙེན་རྫོགས་བསྡོམས་པ་དགུ་བཅུའི་སྐོར་ཞིག་གསར་དུ་བསྒྲུབས། པེའི་ལིའི་དཔོན་མོ་སྐྲན་ནད་ཀྱིས་ཐེབས་ཏེ་ལོ་གསུམ་ཙམ་སོང་བ་སྨན་བཅོས་རིམ་གྲོ་ཇི་ལྟར་བྱས་ཀྱང་མ་ཕན་པ་ལ་བུམ་ཆུ་དང་རིལ་བུ་གནང་བ་ཙམ་གྱིས་ཇེ་བདེར་སོང་བས་མོས་གུས་ཚད་མེད་པ་སྐྱེས། དཔོན་འབངས་རྣམས་ནས་དངོས་འབྱོར་གྱིས་འབུལ་བ་ཤིན་ཏུ་རྒྱ་ཆེ་ཞིང་གྱ་ནོམ་པ་ཕུལ། དར་རྒྱས་ཚེ་རིང་ཇ་སག་མཇལ་བར་འོང་བ་ལ་སྒྲོལ་དཀར་གྱི་རྗེས་གནང་སྩལ། དེ་ནས་བསོད་ནམས་རྡོ་རྗེ་ཝང་གིས་གདན་དྲངས་པའི་ལམ་ནས་ཤི་རེ་ཐུ་སྒར་པའི་རྟེན་རྣམས་ལ་རབ་གནས་ཞུས། ཚེས་བདུན་ལ་ཝང་གི་ཨུརྒེར་བབས་ཏེ་ཚེས་བརྒྱད་ནས་བཅུ་གཉིས་ཀྱི་བར་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སློབ་མ་རྗེས་འཛིན་ནས་བཟུང་སྟ་གོན་དང་བྱིས་པ་འཇུག་པའི་དབང་བདུན། གོང་མ་གོང་ཆེན་བདག་པོ་ཆེན་པོའི་དབང་དང་བཅས་པ་རྫོགས་པར་གནང༌། གཞན་ཡང་གདུགས་དཀར་དང་སོར་འབྲང་གི་དབང༌། མཁའ་སྤྱོད་མ་དམར་མོའི་དབང༌། མགོན་པོ་བར་ཆད་ཀུན་སེལ་དང་མགོན་དཀར། ཆོས་རྒྱལ་ཕྱི་ནང་གསང་གསུམ། རྣམ་སྲས་གསེར་ཆེན་རྣམས་ཀྱི་རྗེས་གནང་སོགས་ཆོས་བཀའ་མང་དུ་སྩལ། ཝང་དང་མི་སྡེ་ཐུན་མོང་ནས་རྟ་བརྒྱ་ལྷག་དང༌། ནོར་ལྔ་བརྒྱ་སྐོར། ལུག་སྟོང་ཕྲག་ཕྱེད་གཉིས་སུ་ཉེ་བ་སོགས་ཀྱི་དངོས་འབུལ་བཏེག །མི་ཉག་ཞབས་དྲུང་གིས་ཞུས་ངོར། གཅོད་དབང་དང་སྒྲོལ་མ་དཀར་ལྗང་གཉིས་ཀྱི་རྗེས་གནང་སྩལ། དེ་ནས་བཏེག་སྟེ་ཉེར་གསུམ་གྱི་ཉིན་མི་འགྱུར་པེའི་སིའི་ཨུརྒེར་བབས། དཔོན་གོང་མ་དེ་ཉིད་དགོན་པར་ཤིན་ཏུ་དྲིན་ཆེ་བའི་སྦྱིན་བདག་གི་རྩ་བ་ལྟ་བུ་ཡིན་པས། བདུན་གཉིས་ཀྱི་རིང་སྒྲོལ་དཀར་གྱི་ཚེ་སྒྲུབ་དང༌། མགོན་པོའི་གཏོར་སྒྲུབ་བཙུགས་ཏེ་སྐུ་རིམ་གནད་སྨིན་བཀའ་དྲིན་བསྐྱངས། ཚེ་རྟ་ཟུང་འབྲེལ། ཁྱུང་ཁྲ། མགོན་ཆོས་སོགས་ཀྱི་རྗེས་གནང་འགའ་ཞིག་དང༌། སྡེ་པའི་སྤྱི་རིམ་ལ་གཙུག་ཏོར་བཟློག་ཆེན། གྲྭ་ཚང་གི་རིམ་གྲོར་རྟ་མགྲིན་གྱི་སྦྱིན་སྲེག་བཅས་གནང༌། ཤི་རེ་ཐུ་ཚང་གི་ཨུརྒེར་སྤྱན་དྲངས་ཏེ་ཚེ་རྟ་མགོན་གསུམ་གྱི་རྗེས་གནང་ཞུས། ཕྱག་རྡོར་པེའི་སིའི་དཔོན་མོས་གདན་འདྲེན་ཞུས་ཀྱང༌། ས་ཐག་རིང་ཞིང་ནམ་དུས་ཀྱིས་གཏུགས་པའི་འབྱོར་མ་ཐུབ་པ་ལ་ཨེལ་ཆི་ཆེད་མངགས་ཀྱིས་དངོས་འབུལ་སྤམ་མཐོ་བ་དང་བཅས་ཞབས་བརྟན་ཕུལ། སླར་ཡང་པེའི་སིའི་ཨུརྒེར་ཕེབས་ཏེ། དཔའ་བོ་གཅིག་པ་དང༌། ཐུགས་རྗེ་ཆེན་པོའི་དབང༌། བེག་ཙེའི་རྗེས་གནང་ལྗགས་ལུང་འགའ་ཞིག་བཅས་སྩལ་བར་འབུལ་ནོད་ཤིན་ཏུ་རྒྱས་པ་ཕུལ། རབ་བྱུང་བསྙེན་རྫོགས་ཀྱང་བཞི་བཅུ་སྐོར་ཞིག་གསར་བསྒྲུབས་མཛད།

                དེ་ནས་དཔལ་འབྱོར་ཇ་སག་གིས་གདན་དྲངས་ཏེ་རྗེས་གནང་འགའ་ཞིག་ཞུས་ནས་དངོས་འབུལ་བཏེག །ཚུར་ཕེབས་པའི་ལམ་ཁར་ཀུན་བཟང་ཇ་སག་གིས་གདན་དྲངས་ཏེ་གཞིས་ལེན་དང་ཟང་ཟིང་གི་དངོས་འབུལ་བསྟར། ལ་མོ་ཨུརྒེ་ནས་གདན་དྲངས་ཏེ་ཞུ་བ་ཕུལ་བ་ལྟར། ཁོང་གི་ཞབས་བརྟན་དུ་མགོན་པོའི་གཏོར་ཆེན་དང་གདུགས་དཀར་གྱི་བཟློག་ཆེན་གནང༌། སྟོན་མོ་དང་དངོས་འབུལ་ཤིན་ཏུ་གཟབ་རྒྱས་ཞུས། བཅུ་གཅིག་པའི་ཚེས་ཉེར་དྲུག་ལ་གདན་སར་བབས། གཉན་ཐོག་སྒར་པས་བྱམས་ཆེན་གསར་བཞེངས་ཀྱི་རབ་གནས་ལ་འབྱོན་དགོས་ཀྱི་གསོལ་བ་ནན་ཏན་དུ་བཏབ་སྟེ་དེར་ཆིབས་བསྐྱོད། སྤང་དཀར་ཐང་དུ་རོང་པོ་ནོ་མིན་ཧན་གྱི་སྐུ་ཚབ་སོགས་བསུ་བ་ཕོན་ཆེ་བ་འབྱོར། དེར་ཉིན་གསུམ་གྱི་རིང་རབ་གནས་རྒྱས་པར་མཛད། དགོན་དེ་ཀར་ཞལ་བདག་མཛད་དེ་ལས་སྣེ་སོགས་ཀྱང་བསྐོ་དགོས་ཞེས་ཡང་ཡང་ཞུས་པར། སླར་སེམས་ལ་བཟུང་ཆོག་ཅེས་གསུངས་པ་དགོངས་གཞི་ཅན་དུ་སྣང༌། ཕྱོགས་འདུས་ཀྱི་མཇལ་བ་ཁྲི་ཕྲག་ཏུ་ཉེ་བར་ཕྱག་དབང་དང་རིགས་གསུམ་མགོན་པོའི་ལུང་སོགས་ཆོས་འབྲེལ་སྩལ། གཡེར་གཤོང་སྤྲུལ་བའི་སྐུ་དགེ་འདུན་ཟླ་བ་གྲགས་པས་གདན་དྲངས་ཏེ། ལྟ་མགུར་འགྲེལ་པ་སོགས་ཀྱི་ལྗགས་ལུང་འགའ་ཞིག་ཞུས། དེར་ཆོས་ཀྱི་གསུང་གླེང་འཕེལ་ཞིང་དོགས་སེལ་མང་དུ་ཞུས་པར་ཞིབ་བཀྲོལ་གྱི་བཀའ་ལན་མཛད། སེང་གེ་གཤོང་སྒར་པ། སྒོ་དམར་སྒར་པ། ཐོ་མོག་སྒར་པ་རྣམས་ནས་ཀྱང་གང་འབྱོར་གྱི་གསོལ་སྟོན་དྲངས་ཏེ་གུས་འདུད་ལྷུར་བླངས། མཚན་སྒྲོགས་མཁན་ཆེན་བློ་བཟང་དར་རྒྱས་ཀྱི་སྤྲུལ་སྐུའི་དོགས་གནས་བྱིས་པ་ཆུང་ངུ་ཞིག་ཡོད་པ་ལ། གཟིགས་རྟོག་དང་གཙང་སྦྲ་བྱེད་དགོས་སོགས་ཀྱི་བཀའ་ཕེབས། གདན་སར་ཕེབས་ནས་དུས་འཁོར་སློབ་ཟུར་ལྷོ་པ་སྔགས་རམས་པ་སྐུ་ཁམས་མ་བདེ་བའི་སར་གདན་དྲངས་པར་བྱོན་ཏེ་ཐུགས་བཞེད་བསྐང༌། ཐར་པ་རྩེར་བཅད་རྒྱའི་ཁོངས་སུ་སྨད་ནས་ཨུ་ལན་བླ་མ། ནང་སོ་དགེ་འདུན་དཔོན་གཡོག་རྣམས་འབྱོར་ཏེ་གསོལ་བ་བཏབ་པར་རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་སྩལ། དགུང་ལོ་ང་དྲུག་པ། ཆུ་ཡོས་ལ་དྲུང་འཁོར་རྣམས་དང༌། ཨ་བ་ཀ་ཇོ་རུག་ཐུ་ཝང་གི་ཤོག་ནས་པ་ཐོ་ཐུ་ས་ལག་ཆིའི་ནུ་བོ་ཐོ་ཡོན་སོགས་སྨོན་ལམ་སྦྱིན་བདག་གསར་སླེབས་བཅས་ལ་ལོ་གསར་གྱི་དགའ་སྟོན་གནང་ཞིང་བཞུགས་གྲལ་ལ་ཕེབས། གསུང་ཆོས་ལ་སྐྱེས་རབས་དང་རྣམ་བཤད་དགོངས་པ་རབ་གསལ་གཉིས་སྔར་གྱི་འཕྲོ་དང༌། ཉིད་ཀྱི་གསུང་འབུམ་ཁྲོད་ནས་ལྗགས་ལུང་འཚམ་པ་རེ་གནང༌། སྨོན་ལམ་སྦྱིན་བདག་དང༌། རྟག་བརྟན་ཕུན་ཚོགས་པེའི་སིའི་ཨིལ་ཆི་དར་ཧན་ནང་སོ། ཉང་ཚང་ཧོ་ཐོག་ཐུའི་དབོན་པོ་སོ་སོ་ནས་ཚོགས་དབུར་སྤྱན་དྲངས་ཏེ་ཞབས་བརྟན་གྱི་འབུལ་བ་སྤམ་མཐོ་བ་བསྟར། བསྙེན་རྫོགས་བརྒྱ་དང་ཞེ་བརྒྱད། དགེ་ཚུལ་ཉེར་དྲུག་བཅས་གསར་དུ་བསྒྲུབས། ཟི་ལིང་དུ་ཕེབས་ཏེ། དབུས་སུ་འབྱོན་རྒྱུའི་སྦྱོར་བ་རྩོམ་ཆེད་གོང་མའི་གསེར་ཞལ་མཇལ་རྒྱུ་སོགས་ཀྱི་ཡི་གེ་ཨམ་བན་ལ་ཕུལ་ནས་གོང་དུ་ཡི་གེ་འཛིན་རྒྱུར་ཐག་བཅད་དེ་སྐུ་འབུམ་དུ་ཕེབས། སྐུ་འབུམ་མཁན་པོ་ཆེ་ཤོས་ངག་དབང་བསྟན་པས་ཞུས་ངོར་དགེ་འདུན་ཉིས་བརྒྱ་ཙམ་ལ་ལྗགས་ལུང་འགའ་ཞིག་ཐང་སག་པ་དངོས་གྲུབ་རྒྱ་མཚོའི་འཇིགས་བྱེད་བསྐྱེད་རིམ་གྱི་ཁྲིད་སོགས་སྩལ། དེར་ཐུའུ་བཀྭན་རིན་པོ་ཆེ་ཡང་ཕེབས་ཏེ་གདུགས་དཀར་གྱི་སྦྱིན་སྲེག་དང༌། རྩ་བ་ཐུགས་རྒྱུད་ཀྱི་ལུང་གསན་ཅིང་ལུགས་གཉིས་ཀྱི་བཀའ་མཆིད་ཞིབ་པར་གནང༌། བསོད་ནམས་རྡོ་རྗེ་ཝང་གིས་ཞུས་ངོར་དུག་དབང་རྨ་བྱ་རྒྱས་པ་དང༌། ཚེ་དཔག་གྲུབ་རྒྱལ་ལུགས། དབྱངས་ཅན་མ་དམར་མོ། རིག་བྱེད་མ་དམར་མོ་བཅས་ཀྱི་རྗེས་གནང༌། མགོན་པོའི་ཟློག་པ་སྟོབས་ཆེན་ཤུགས་ཟློག་གི་ལུང་རྣམས་སྩལ། བསྙེན་རྫོགས་གོ་གཅིག །དགེ་ཚུལ་བརྒྱ་དང་ཉེར་གསུམ་བསྒྲུབས། སྐུ་འབུམ་གྱི་ཚོགས་ལ་མང་འགྱེད་ཕུལ་ཞིང༌། ལྷ་ཁང་ཆེན་མོར་མཆོད་མཇལ་ཞིབ་ཏུ་མཛད། མི་ཉག་ཞབས་དྲུང་སོགས་ཀྱིས་ཞུས་ངོར་དཔའ་གཅིག་གི་རྗེས་གནང༌། ཁྲིད་ཆེན་བརྒྱད་སོགས་ཟབ་ཆོས་དུ་མ་བཀའ་དྲིན་བསྐྱངས། ཚུར་ཕེབས་པའི་ལམ་ནས་ཀ་ཐོག་ཚང་གིས་བྲག་ལུང་དགོན་པར་གདན་དྲངས་ཏེ་ཐུགས་རྗེ་ཆེན་པོའི་དབང་དང༌། ལྗགས་ལུང་འགའ་ཞིག་ཞུས། གཅུ་འཁོར་སྒར་དུ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང༌། སྐྱེ་བོ་བརྒྱ་ཕྲག་དུ་མར་བསྙེན་གནས་ཀྱི་སྡོམ་པ་གནང༌། གདན་སར་ཕེབས་ནས་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུས་གསོལ་བ་བཏབ་པ་བཞིན། དཔལ་མགོན་ཞལ་བཞི་པའི་བེའུ་བུམ་ཡོངས་རྫོགས་ཀྱི་ལྗགས་ལུང་སྩལ། ཁྲི་ཆེན་བསོད་ནམས་གྲགས་པས་དགོངས་པ་ཞུས་ཏེ། དུས་འཁོར་སློབ་ཟུར་རབ་བརྟན་རྒྱ་མཚོ་ཚོགས་ཆེན་ཁྲིར་བསྐོ་བཞག་མཛད། མཛོད་དགེ་དགོན་ནས་སྤྱན་དྲངས་པར་འདུ་ཁང་ལ་རབ་གནས་དང་དགེ་ཚུལ་དང་བསྙེན་རྫོགས་བརྒྱ་སྐོར་བསྒྲུབས། སླར་ཕེབས་ནས་ཐར་པ་རྩེར་སྐུ་མཚམས་མཛད། གསུམ་པའི་ཉེར་བརྒྱད་ལ་གོང་མའི་བཀའ་ལན་ཟི་ལིང་ཨམ་བན་གྱི་བཱི་ཆེ་ཆི་ཐཱ་ལོ་ཡེ་དང༌། ཐོང་ཤི་ཁ་ཤས་ཀྱིས་བསྐྱལ་ནས་འབྱོར། བཀའ་ལུང་དངོས་གཞི་ནི། ཆེན་ལུང་གནམ་ལོ་ཞེ་བརྒྱད་པའི་དཔྱིད་ཟླ་ཐ་མའི་ཚེས་དྲུག་གི་ཉིན། ངེད་ཀྱི་བཀའ་ཕེབས་པ་ནི། ཟི་ལིང་དུ་བསྡད་པའི་ལོའུ་པོའུ་ཇུའི་ས་ཆ་ནས་འཇམ་དབྱངས་ཧུ་ཐོག་ཐུའི་ཕུང་པོ་ལྷ་ཐོར་གྱིས་མ་ཐར་ཡང༌། བསམ་པ་རྩེ་གཅིག་པས་ངེད་ལ་མཇལ་བར་འདོད་དེ་དབྱར་ཟླ་ཐ་མར་ཡེ་ཧོར་དུ་ཡོང་རྒྱུའི་གནས་ཚུལ་ངེད་ལ་གསན་ཅིང་མཁྱེན་བཅུག་པ་ཡིན། འཇམ་དབྱངས་ཧུ་ཐོག་ཐུ་ལོ་མཐོ་ཞིང༌། དེར་མ་ཟད་ཕུང་པོ་ཡང་རློན་པ། དབྱར་ཐ་མར་ཡེ་ཧོར་དུ་འོང་ཡང་ཚ་བ་ཆེ། ཡེ་ཧོར་ན་ཡང་ལྷ་ཐོར་ཡོད། འདིར་འོངས་ནས་ལྷ་ཐོར་འབུད་ན་ཕན་ཐོགས་ཀྱང་དཀའ།

                  དེའི་སྟབས་དེ་བསམ་པ་རྩེ་གཅིག་པས་མཇལ་འདོད་ཀྱི་འདུན་པ་དེ་ངེད་ཀྱིས་མཁྱེན་ནས་ཤིན་ཏུ་མཉེས་ཏེ། ནང་མཛོད་ཁ་བཏགས་བདག་རྐྱེན་གྱི་ཤིང་འདི། ལོའུ་པོའུ་ཇུའི་ལ་བསྐུར་ནས་བདག་རྐྱེན་དུ་བྱིན་པ་ཡིན། བདག་མཉེས་པའི་ཚུལ་ཡང༌། འཇམ་དབྱངས་ཧུ་ཐོག་ཐུ་ལ་གོར་བཅུག་ནས་དགའ་བར་བྱེད་དུ་ཆུག །ང་གསེར་ཞལ་མཇལ་དུ་འོང་མི་དགོས། སླར་ལྕང་སྐྱ་ཧུ་ཐོག་ཐུས་དེ་ལ་སྟེར་རྒྱུའི་ཡི་གེ་གཅིག་ཀྱང་ཡོད། འདི་རྣམས་ལོའུ་པོའུ་ཇུ་ཁྱོད་ཀྱིས་དེ་ལ་ཚུལ་བཞིན་དུ་འཕྲོད་པ་གྱིས་ཞེས་གསུངས་འདུག་པ་སྤྱིར་རྣལ་འབྱོར་གྱི་དབང་ཕྱུག་བརྟན་གཡོ་མཐའ་དག་ལ་འདོད་དགུར་མངའ་བསྒྱུར་བའི་ངང་ཚུལ་བསམ་ན་གང་དུ་མ་གཏོགས་ཀྱང་འཇིག་རྟེན་གྱི་ལུགས་ལ་གནམ་བསྐོས་གོང་མ་ཆེན་པོས་གསུང་འདི་ལྟར་ཕེབས་པ་ཡང་ལུགས་སྲོལ་གྱི་རྣམ་དབྱེ་ཅུང་ཟད་ཤེས་པ་ཞིག་གིས་བལྟས་ན་མཐོང་གཟོས་དང་བདག་རྐྱེན་ཚད་མེད་ཡིན་པར་སྣང༌། སླར་གོང་མ་ཆེན་པོ་ལ་འབུལ་རྒྱུའི་ཞུ་ཤོག་དང་ལྕང་སྐྱ་རིན་པོ་ཆེའི་ཞུ་ཤོག་རྣམས་ཨམ་བན་བརྒྱུད་དེ་མ་འགྱངས་པར་ཕུལ། མཁན་ཆེན་སངས་རྒྱས་རྡོ་རྗེའི་སྤྲུལ་བའི་སྐུར་སློབ་གཉེར་བྱེད་ལུགས་ཀྱི་བསླབ་བྱ་ཞིབ་རྒྱས་སོགས་ལུགས་གཉིས་ཀའི་དྲིན་བླ་ལྷག་དང་བཅས་དབུས་སུ་སློབ་གཉེར་ལ་བརྫངས། དབེན་གནས་ཡིད་དགའ་ཆོས་འཛིན་གྱི་རི་ཁྲོད་པ་རྣམས་ནས་གསོལ་བ་བཏབ་པ་བཞིན་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དབང་སྟ་གོན་དང་བཅས་པ། སྙིང་པོ་དོན་གསུམ་གྱི་ཁྲིད། རྗེ་ཉིད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཟབ་ལམ་ཉི་མའི་དཀྱིལ་འཁོར་གྱི་ཁྲིད་དང༌། རྒན་ཀྱའི་ཧོར་སྤྲུལ་སྐུས་ཞུས་ངོར་ཀུན་རིག་གི་དབང་ཆེན་རྣམས་སྩལ། མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་སྒོ་མང་དཔོན་སློབ་སྐལ་བཟང་དངོས་གྲུབ་པས་སྔར་ཞུ་ཤོག་ཡང་ཡང་ཕུལ་ཏེ་གསོལ་བ་བཏབ་པ་བཞིན་དཀོན་མཆོག་རྗེས་དྲན་གྱི་མདོའི་འགྲེལ་པ་ཚིག་ཚོགས་ཧ་ཅང་མི་ཆེ་ཡང་དོན་ཟབ་ཅིང་རྒྱས་པའི་ལེགས་བཤད་རྨད་དུ་བྱུང་བ་འདི་ཉིད་ལྗགས་རྩོམ་མཛད། སེར་སྐྱ་གྲོས་མཐུན་གྱི་སྒོ་ནས་བྲག་དཀར་དུ་གདན་དྲངས་ཏེ་དགོན་པ་ཕུལ་བར་སྒྲིགས་ལམ་ཀུན་སྤྱོད་སོགས་ཀྱི་ཞལ་ཏ་དང༌། འདོད་ཆོས་འགའ་ཞིག་སྩལ། ཚོགས་པར་ཇ་སྲང་བཅུ་རེའི་འགྱེད། སྤྱི་འཇོག་ལ་དངུལ་སྲང་ཉིས་བརྒྱ། རྟ་ནོར་ལྔ་བཅུ། ལུག་སུམ་བརྒྱ་སོགས་ཀྱིས་གནང་ཆ་བཅས་ལུགས་གཉིས་ཀྱིས་རེ་བ་བསྐང༌། ལོ་སྔ་མ་དང་འདི་གཉིས་ལ་ལྷ་བཟོ་མཁས་བསྡུས་ཀྱིས་རྡོར་ཕྲེང་དང་མི་ཏྲའི་དཀྱིལ་ཐང་ཡོངས་རྫོགས་ཆག་ཚད་དང་ལྡན་པ་གསེར་ཚོན་ཕུན་སུམ་ཚོགས་པར་བཞེངས་ཤིང༌། བཟོ་བོ་རྣམས་ཡོན་གྱིས་མགུ་བར་བྱས་ཏེ་དཀྱིལ་ཐང་ཐམས་ཅད་ལ་མཛོད་གོས་སྔོན་པོའི་གོང་གཤམས་དང་མཉྫིའི་ཞལ་ཁེབས་ཙན་དན་གྱི་ཏོག་སོགས་སྤུས་གཙང་བར་ཞེ་མཚུངས་སུ་བསྒྲུབས། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་ནས་ཞུས་པ་ལྟར་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་བརྒྱ་སྐོར་ཞིག་གནང༌། དྲུག་པའི་ཚེས་ལ་ཝང་གི་ཨུརྒེ་ནས་གདན་དྲངས་པར་ཆིབས་བསྐྱོད། ཉིན་མང་པོར་སྐུ་རིམ་དང༌། སེང་བར་དུ་དཔོན་དཔོན་མོ་རྣམས་ལ་རྐྱེན་སེལ་གྱི་རྗེས་གནང་དུ་མ། དཔའ་བོ་གཅིག་པའི་དབང་བཞི་ཡོངས་རྫོགས་བཅས་གནང་ཞིང་ཤངས་ལེན་གྱི་སྟོན་མོ་གཟབ་རྒྱས་ཞུས། དགེ་ཚུལ་དོན་ལྔ། བསྙེན་རྫོགས་ཞེ་བརྒྱད་བཅས་བསྒྲུབས། ཕན་ཚུན་ནས་བསྙེན་བཀུར་ཞུ་མི་མང་དུ་བྱུང་བ་རྣམས་ཀྱི་རེ་བ་བསྐང༌། ཨུརྒེ་གྲྭ་ཚང་གི་སྒྲིགས་ལམ་ཉམས་ཆག་ཏུ་སོང་བ་རྣམས་ལ་དག་ཐེར་མཛད། དེར་འགོ་ལོག་དཔོན་པོ་མགོན་པོ་དར་རྒྱས་མཇལ་བར་འོངས་ཏེ་རྟ་མགྲིན་གྱི་རྗེས་གནང་ཞུས། ཐོར་གོད་རྒྱལ་པོ་ཚེ་རིང་རྣམ་རྒྱལ་ཧན་གྱི་ཨེལ་ཆི་གྲགས་པ་བླ་མ་སོགས་འབྱོར་ཏེ་ཁྱད་ནོར་དུ་མའི་དངོས་འབུལ་བཏེག་པར་དཔའ་པོ་གཅིག་པའི་དབང་དང་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སྩལ། དེར་ཨམ་བན་ས་སྐོར་ལ་ཕེབས་པ་དང་མཇལ་འཛོམ་ཐོག །ཨམ་བན་ནས་དཀོན་མཆོག་ཇ་སག་དང་སྡེ་པ་གཉིས་མ་མཐུན་པར་འདུག་ཀྱང་ཐམས་ཅད་ཁྱེད་ཀྱི་སྦྱིན་བདག་ཡིན་ཞིང་གསུང་བརྩི་བས་བར་ཆིངས་གནང་དགོས་ཚུལ་ཞུས་པ་བཞིན་བཀའ་ཕེབས་ཏེ་འདུམ་པར་མཛད། ཀླུ་འབུམ་ཛ་སག་གིས་གདན་དྲངས་ཏེ་བསྙེན་བཀུར་གྱ་ནོམ་པ་ཞུས། ཤིས་ཚང༌། གླ་རི་མགོ །མིང་ངེ༌། ཧོར་སྐྱེས་སོགས་སུ་རིམ་པར་ཕེབས་ཤིང་ཀུན་རིག་གི་དབང་སོགས་སོ་སོར་འདོད་ཆོས་ཀྱིས་རེ་བ་བསྐང༌། སླར་ཡང་གདན་སར་ཕེབས་ནས། འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་དང༌། ལྕང་སྐྱ་རྡོ་རྗེ་འཆང་རྣམ་གཉིས་ཀྱི་འཚམས་ཞུས་ལ། དར་ཧན་རབ་འབྱམས་པ་ཀུན་དགའ་དང༌། གསོལ་དཔོན་དཔལ་ལྡན་ངོ་གཡོག་རྫོངས་སྟ་མཛད། དཔོན་རིན་པོ་ཆེ་ནས་འདུ་ཁང་ཆེན་མོའི་ནང་རྟེན་དུ་གསེར་ཟངས་ལས་སྒྲུབ་པའི་བྱམས་སྐུ་ཐོག་ཚད་གཅིག་བཞེངས་པར་ཉིན་གསུམ་གྱི་བར་དུ་བཀྲ་ཤིས་སྙེ་མའི་སྒོ་ནས་སྤྱན་དབྱེ་བའི་ཆོ་ག་རྒྱས་པར་བསྒྲུབས། ཝ་ཤུལ་རྒྱ་མཚོ་དུས་ཆོས་སུ་གྱུར་པའི་དོན་དུ། ཁེ་ཐ་ནས་གདན་འདྲེན་པ་འོང་བར་ཆིབས་བསྐྱོད་དེ་བསྔོ་སྨོན་གྱིས་མཚམས་སྦྱོར་གནང༌། ལམ་ནས་བྲག་ལུང་རི་ཁྲོད་དུ་ཕེབས་ཏེ་མང་འགྱེད་གྱ་ནོམ་པ་སྩལ། ལོ་རྗེས་མ་དབུས་སུ་ཕེབས་རྒྱུར། མཛོ་དགེ་ཁྲི་པ་བློ་བཟང་སྦྱིན་པ་ཚང་ནས་རྟ་ལྔ་བཅུ་སྐོར་དང༌། དཀའ་བཅུ་ཆོས་རྗེས་མཛོ་རྟ་དྲུག་ཅུ་སོགས་ཀྱིས་ཕེབས་རྫོངས་བསྟར། འབྲོག་དགེའི་སྐུ་སྐྱེ་སོགས་བསླབ་ཚིགས་དོན་དུ་གཉེར་བ་དུ་མ་ལ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་སྩལ། ཆོས་འཁོར་གྱི་ཧོར་སྤྲུལ་སྐུས་གདན་དྲངས་ཏེ་ཀུན་རིག་གི་དབང་ཆེན་སོགས་ཆོས་བཀའ་མང་དུ་ཞུས་ནས་ཆིབས་ཆེན་ཁ་ཤས་སོགས་དངོས་འབུལ་ཀྱང་གཟབ་རྒྱས་བསྟར། དཀར་རྩི་དགོན་ནས་གདན་དྲངས་པར་འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན་སྩལ་ཅིང་དེར་དགུང་ལོ་ང་བདུན་པ་ཤིང་འབྲུག་གི་ལོ་གསར་གནང༌། ལམ་ནས་རྗེས་ཚང་གི་སྡེ་པ་རྣམས་ལ་ཇག་རྐུས་བྱེད་མི་རུང་ཚུལ་གྱི་བཀའ་ཕེབས་ཏེ་ཐམས་ཅད་ཀྱིས་དམ་བཅའ་ཕུལ། ཚེས་ལྔ་ལ་གདན་སར་བབས་ཏེ་གསུང་ཆོས་སྔར་རྒྱུན་བཞིན་གནང༌།

                    བཅུ་གསུམ་ལ་དགེ་བའི་བཤེས་གཉེན་ཐོར་གོད་བླ་མ་ངག་དབང་དོན་གྲུབ་ཀྱིས་ཁུར་དུ་བླངས་ཏེ་གསོ་རིག་གཞན་ཕན་གླིང་གི་འདུ་ཁང་གསར་དུ་བསྐྲུན་པའི་ཞལ་བསྲོར་སྐྱབས་མགོན་ཉིད་ཚོགས་དབུས་སུ་གདན་དྲངས་ཏེ་ཞབས་བརྟན་ཕུལ་བར་ཆོས་སྤྱོད་འགའ་ཞིག་དང་སྨན་བླའི་མདོ་ཆོག །རྩ་བ་ཐུགས་རྒྱུད་རྣམས་ཀྱི་ལྗགས་ལུང་སྩལ། མཇལ་བ་སྟོང་ཕྲག་དུ་མར་ཕྱག་དབང་སོགས་ཀྱིས་རེ་བ་བསྐང༌། དགེ་ཚུལ་སུམ་ཅུ་རྩ་གསུམ་དང་བསྙེན་རྫོགས་བརྒྱ་དང་ཞེ་གསུམ་བསྒྲུབས། གོང་མ་ཆེན་པོར་དབུས་སུ་ཕེབས་རྒྱུའི་དགོངས་པ་ཞུ་ཆེད་ཟི་ལིང་དུ་ཨེལ་ཆི་མངགས་པ་བཞིན་ཨམ་བན་ནས་ཁུར་དུ་བླངས་ཏེ་གཉིས་པའི་བཅུ་གཉིས་ལ་གོང་དུ་གྲེས་ཙེ་ཕུལ། ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་ནས་གདན་དྲངས་ཏེ་སྤྱི་སོ་དང༌། ནང་ཆེན་མཐའ་དག་གིས་རང་རང་གི་འབྱོར་བསྟུན་གྱི་དབུས་རྫོངས་གྱ་ནོམ་པ་ཕུལ། ཐམས་ཅད་ལ་ལུགས་གཉིས་ཀྱི་བསླབ་བྱ་ཞིབ་རྒྱས་གནང་ཞིང༌། འཛིན་གྲྭ་སོ་སོར་བགྲོ་གླེང་གཏོང་ཚུལ་སོགས་ལ་གཟིགས་རྟོག་མཛད། དེ་ནས་ཁྱོམ་ཐོག་སྒར་པ། རྒྱ་མཁར་དགོན། རྩམ་སྡེར་སྒར་པ། མཛོ་དགེ་སྒར་པ། ཆོས་རྫོང་སྒར་པ། མཆོད་རྟེན་ཤར་པ་སོ་སོ་ནས་གདན་དྲངས་ཏེ། སྤྱི་སྒེར་གྱི་ཕེབས་རྫོངས་གཟབ་རྒྱས་ཕུལ་བ་མཐའ་དག་ལ་དགེ་འདུན་རྣམས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་སྒྲིགས་ལམ་ཁུར་དུ་བླངས་ཏེ་འཆད་ཉན་ལ་འབད་དགོས་ཚུལ་དང༌། གྲོང་པ་རྣམས་ཀྱང་ཇག་རྐུས་སྲོག་གཅོད་སོགས་སྤངས་ཏེ་རྣམ་དཀར་དགེ་སྒྲུབ་ལ་འབད་དགོས་པའི་བསླབ་སྟོན་གནང༌། མཛོ་དགེར་བཞུགས་སྐབས། ཆས་པ་ཆོས་རྗེ་བློ་བཟང་ཆོས་ལྡན་གྱིས་ཡུམ་ཆེན་མོའི་གསེར་སྐུ་ཁྲུ་གང་བ་སོགས་དངོས་འབུལ་སྤུས་གཙང་བ་ཕུལ། རི་ཁྲོད་པ་མཁས་གྲུབ་བསྟན་འཛིན་སོགས་དོན་གཉེར་ཅན་སུམ་བརྒྱ་སྐོར་ལ་འཇིགས་བྱེད་སྔགས་བཏུའི་རྗེས་གནང་སྩལ། སླར་གདན་སར་ཕེབས་ཏེ་ཞག་བཅུ་སྐོར་ཞིག་ཏུ་བཅད་རྒྱ་མཛད་ནས་གསུམ་པའི་ཚེས་གཉིས་ཀྱི་ཉིན་སེང་གདོང་མའི་ལས་བཞིའི་སྦྱིན་སྲེག་གནང༌། གོང་དུ་ཡི་གེ་བཟུང་བའི་ལན་ཡང་ཉིན་དེར་ཟི་ལིང་དུ་འབྱོར་འདུག་པས་དགོངས་གཞི་ཁྱད་ཅན་ཞིག་ཡོད་པར་སྣང༌། ཟི་ལིང་གི་ཡི་གེ་འབྱོར་པ་ནས་བཟུང་ཁྲི་གདན་ཟུར་ཁྲི་ཆེན་སྤྲུལ་བའི་སྐུ་རྣམ་གཉིས་སོགས་ནང་ཆེན་ཁག་དང་གྲྭ་པ་འབྱོར་ལྡན་ལྷ་སྡེ་གོང་འོག་སོ་སོ་ནས་གང་འབྱོར་གྱི་ཕེབས་རྫོངས་གཟབ་རྒྱས་རིམ་པར་ཕུལ། རྒྱུད་པ་སློབ་ཟུར་དཔའ་རི་བ་ཚང་གིས་ཞུས་ངོར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དང༌། ཉིན་བཅུ་གསུམ་གྱི་རིང་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་སོགས་ལ་སྒྲུབ་ཐབས་རིན་འབྱུང་གི་མཇུག་རྫོགས་པར་གནང༌། ཟླ་བ་གསུམ་པ་ཉིས་བརྩེགས་ཀྱི་ཕྱི་མའི་ཚེས་དྲུག་གི་ཉིན་ཚོགས་སུ་སྤྱན་དྲངས་ནས་སྤྱི་བསྡུས་ཀྱིས་ཞབས་བརྟན་ཕུལ་ཏེ་གསོལ་བ་བཏབ་པའི་ལན་དུ། ཀུན་མཁྱེན་གོང་མ་དེ་ཉིད་མཛད་པ་འཕྲིན་ལས་མཐའ་ཡས་པ་ཞིག་ཡིན་ཀྱང་ཕྱག་རྗེས་ཀྱི་གཙོ་བོ་པོ་ཏི་ལྔ་དང་དགོན་པ་འདི་ཡིན། དེའི་རྒྱུ་མཚན་གྱིས་བདག་གིས་ཀྱང་ཐམས་ཅད་ཀྱི་ནང་ནས་འདི་ལ་གཙོ་བོར་སྒོ་དུ་མ་ནས་ཕན་གྲོགས་སུ་ཅི་འགྱུར་བྱས་པ་ཡིན་པས་ཐམས་ཅད་ཀྱིས་དེ་ཐུགས་ལ་བཞག་ནས་དགོས་པའི་གཙོ་བོ་སྒྲིགས་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་ལ་འབད་དགོས་ཚུལ་སོགས་ཤིན་ཏུ་ཡིད་འཁུལ་བའི་བསླབ་སྟོན་ཞིབ་རྒྱས་གནང༌། ཨ་རུ་ཧོར་ཆེན་བླ་མ་ཞབས་དྲུང་ཡེ་ཤེས་འཕྲིན་ལས་རབ་རྒྱས་ཀྱིས་དངུལ་སྲང་སྟོང་ཕྲག་གཅིག་གིས་གཙོས་འབུལ་བ་སྤམ་མཐོ་བ་བཏེག་སྟེ་ཞབས་བརྟན་རྒྱས་པ་ཕུལ། དེ་ནས་ཐར་པ་རྩེར་ཕེབས་ཏེ་ལམ་གྱི་གེགས་སེལ་གཙོར་གྱུར་གྱི་ཐུགས་དམ་བཅད་རྒྱ་གནང༌།

                     བཅད་རྒྱ་གྲོལ་ནས་བསྒྲུབ་བྱ་བརྒྱ་རྩ་གཅིག་དགེ་ཚུལ་དང༌། བརྒྱ་དང་ཉེར་བཞི་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། མོར་གོལ་ཅིན་དཀའ་བཅུ་ངག་དབང་ལེགས་ལྡན་སོགས་དོན་གཉེར་ཅན་འགའ་ཞིག་ལ་བྱང་ཆུབ་བདེ་ལམ་གྱི་ཁྲིད་དང༌། བདེ་མཆོག་སྔགས་བཏུའི་རྗེས་གནང་སོགས་ཟབ་ཆོས་དུ་མ་གནང༌། དེ་ལན་ཡང་དབུས་ཕེབས་ཀྱི་མཚམས་འདིར་སྡེ་ཁྲི་སྤྲུལ་བའི་སྐུའི་ཡང་སྲིད་གདན་སར་འགོད་པ་གནང་སྟེ་རྟེན་འབྲེལ་གྱི་དབང་ཞིག་ཏུ་མངོན། དར་ཧན་རབ་འབྱམས་པ་ཀུན་དགའ་དང༌། གསོལ་དཔོན་དཔལ་ལྡན་གཉིས་གོང་དུ་འཚམས་ཞུས་ལ་སོང་བ་སླར་གེགས་མེད་དུ་འབྱོར་གདོང་གོང་ནས་མཛོད་ཀྱི་གོས་ཆེན་ཡུག་བཅུ་སོགས་གནང་སྐྱེས་ཀྱི་བདོག་པའང་ཤིན་ཏུ་གྱ་ནོམ་པ་བཅས་གསེར་གྱི་བཀའ་ལུང་བཟང་པོ་ཕེབས། གོང་ནས་དབུས་ཕེབས་ཀྱི་དགོངས་པ་གྲོལ་བའི་ལེགས་འབུལ་སོགས་ལ་ཟི་ལིང་དུ་ཕེབས་ཏེ་ཨམ་བན་དང་དངོས་འཕྲད་མཛད། དེ་ནས་སྐུ་འབུམ་དུ་ཕེབས་པར་རབ་བྱུང་བསྙེན་རྫོགས་སོགས་ཞུ་མི་ཆེས་མང་བར་བྱུང་ཞིང༌། སྤྱི་སྒེར་ཐམས་ཅད་ནས་ཕེབས་རྫོངས་ཀྱི་བདོག་པ་དཔངས་མཐོ་བ་བསྟར། ཕྱིར་ཕེབས་སྐབས། ཐུའུ་བཀྭན་རིན་པོ་ཆེ་ཇོའུ་ཀྱའི་གཞིས་ཀར་ཕེབས་ནས་མཇལ་འཕྲད་ཞུས། ཞག་གཉིས་ལྷན་དུ་གསུང་གླེང་ཞིབ་མོ་མཛད། ཡབ་སྲས་སྐུ་འཕྲེང་དུ་མར་འབྲེལ་ཟབ་ཅིང༌། འདི་ཀའི་དགེ་འདུན་མང་ཡང་འདུན་པ་ཆིག་དྲིལ་སྟར་ཆགས་སུ་ཡོད་ཚུལ་བཅས་ཁོང་ལ་སླར་བཀྲ་ཤིས་འཁྱིལ་གྱི་ཁྲི་པ་གནང་དགོས་པའི་བཀའ་ནན་ཕེབས་པར། དགོངས་པ་ནན་ཆེར་ཞུས་པས་ཁྲོལ་ཆ་མཛད་དགོས་བྱུང༌། དེ་སྐབས་ཐུའུ་བཀྭན་རིན་པོ་ཆེ་ནས། ལྕང་སྐྱ་ཐམས་ཅད་མཁྱེན་པ་པེའི་ཅིང་དུ་བཞུགས། རྗེ་ཉིད་བོད་དུ་ཕེབས་པས། ཁོ་བོ་ནི་གུང་རུ་རྒྱན་བཟང་གིས། བློ་བཟང་གྲགས་པ་དགའ་ལྡན་གནས་སུ་གཤེགས། །བྱམས་ཆེན་ཆོས་རྗེ་མི་དབང་གཙུག་ན་མཛེས། །རྒྱལ་མཚན་བཟང་པོ་གངས་རིའི་ཁྲོད་འདིར་ལུས། །ཞེས་སྐྱོ་ཚིག་གསུངས་པ་ལྟ་བུ་ཞིག་ཡོང་འདུག་ཅེས་ཞུས་པ་ལ། ཞལ་འཛུམ་པ་ཞིག་མཛད་ནས་ཁྱེད་རང་ཡང་གཞན་ཞིག་ཏུ་ཕེབས་དགོས་ཡོང་སྲིད་གསུངས། ཕེབས་རྫོངས་སུ་དངུལ་རྟ་རྨིག་མ་གསུམ། གོས་ཆེན་ཡུག་ལྔ། གོང་མའི་ན་བཟའི་ཁྲོད་ཀྱི་འབྲུག་རྩགས་གསར་པ་སྐུ་ལ་མནབ་རུང་ཞིག་བཅས་ཕུལ་བས་ཐུགས་དགྱེས། བ་ཡན་གྱི་བྲག་ལུང་དགོན་པ་བར་དུ་ཆིབས་སྐྱེལ་ཞུས། མི་རིང་བར་སྐྱབས་མགོན་ཉིད་ཀྱི་ལུང་བསྟན་བཞིན་གོང་ནས་ཐུའུ་བཀྭན་རིན་པོ་ཆེ་སྟོན་ཀ་ཡེ་ཧོར་དུ་ཕེབས་དགོས་ཀྱི་ལུང་བྱུང་བའི་གནས་ཚུལ་གསན་འཕྲལ་བསླབ་སྟོན་ཞིབ་རྒྱས་ཀྱི་གསུང་ཤོག་དང༌། རྟ་བཟང་བ། སྣམ་སྤོས་སོགས་ཀྱིས་ཕེབས་རྫོངས་འབུལ་མི་ཆེད་གཏོང་མཛད། རིམ་གྱིས་གདན་སར་འབྱོར་ཞིང༌། ཡུལ་དབུས་སུ་འབྱོན་རྒྱུའི་ཉེར་བསྡོགས་ཀྱི་རིམ་པ་མཐའ་དག་ལེགས་པར་ཚགས་སུ་ཚུད་དོ། །
                     སྨྲས་པ། སྤོང་བ་བསམ་གཏན་གྲུ་ཆར་གྱིས་སྔོ་བརྩེགས་མ་སྟུག་པོའི་སྤྲིན་གྱི་གདེངས་ཀ་ལས། །ཀློག་པ་ཐོས་བསམ་དབྱངས་ཀྱི་འབྲུག་སྒྲ་རོལ་བས་ས་གསུམ་མ་ལུས་འདར་བ་བཞིན། །བྱ་བ་ལས་ཀྱི་འཁོར་ལོའི་གློག་ཕྲེང་ཕྱོགས་ཀྱི་ས་འཛིན་བྱེ་བའི་མགུལ་བར་འཁྱུད། །ཨེ་མ་ཐུབ་བསྟན་དཔྱིད་ཀྱི་མཐའ་ལ་སླར་ཡང་རྫོགས་ལྡན་དབྱར་གྱི་དགའ་སྟོན་རྒྱས། །འགྲོ་ལ་རྗེས་སུ་ཆགས་པའི་ཚོན་རིས་ཀྱིས། །གཞན་ཕན་ཐབས་ཀྱི་རྣམ་པ་མཐའ་ཡས་པ། །ངོ་མཚར་བཀོད་པའི་ཞིང་བརྒྱ་སྤྲོ་བ་ཅན། །སྒྱུ་འཕྲུལ་བི་ཤྭ་ཀརྨ་གཞན་ན་གང༌། །བྱ་བའི་ཁུར་མང་བཟོད་པའི་སྙིང་སྟོབས་ཀྱིས། །གྲུ་གཟིངས་ཐབས་མཁས་རྒྱ་མཚོར་ཞུགས་པ་ཡིས། །ཐང་གཅིག་བགྲོད་པའི་མཐུ་ལ་རྟ་གླང་གི །ངལ་ཁུར་བརྒྱ་ཡིས་འགྲན་ནུས་ག་ལ་ཞིག །ལས་ཉོན་སྐྱེ་བའི་དུག་ཚེར་གཞོམ་པ་པོ། །བཤད་སྒྲུབ་རལ་གྲིའི་རྣོ་རྒྱུན་ཡིན་མོད་ཀྱང༌། །འཛིན་བྱེད་གསེར་གྱི་ཡུ་བ་མ་ཉམས་པ། །བསྟན་ལ་སྲི་ཞུའི་ལས་འདི་ཡིན་ནམ་སྙམ། །ལ་ལ་བྲག་སྟོང་ཕུ་ན་ཆགས་སྡང་སྒོམ། །ཁ་ཅིག་ཤགས་འགྱེད་སྦྱོར་བས་མི་ཚེ་བསྐྱལ། །ཕལ་ཆེར་རང་དོན་ཟ་ཟིའི་གཡེང་བས་བྲེལ། །དེ་དག་འཁོར་ལོ་གསུམ་གྱི་ཕྱོགས་ཀྱང་མིན། །ཐུགས་ནི་ཟབ་གསང་ཆོས་ཀྱི་བདུད་རྩིས་མྱོས། །གསུང་ནི་ལེགས་བཤད་དབྱངས་བདུན་རྒྱུད་དུ་འཁྲོལ། །སྐུ་ཡི་འདུ་བྱེད་གཞན་ཕན་གར་གྱིས་ཟློས། །དེ་ནི་ཐུབ་བསྟན་དོ་རའི་མཛེས་རྒྱན་ཡིན། །
                   ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་མདོ་སྨད་ལྷོ་རྒྱུད་ཀྱི་ཆར་འཁོར་ལོ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་ཚུལ་གཙོ་བོར་གྱུར་པའི་སྐབས་ཀྱི་སརྒ་སྟེ་དགུ་པའོ།། །།

                                                                                                         རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
    གསལ་འདེབས།
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།