རྗེ་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་འཇུག་ངོགས། བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 19:03:54     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།     ཀློག་ཐེངས།  

419426153994413559.jpg

              ཟབ་གསང་ཆོས་ཀྱི་གླུར་འབབ་ནཱ་དའི་དབྱངས། །དབྱངས་ཀྱི་དཔལ་མོར་བཞད་པའི་མཛའ་ན་མོར། །བརྟན་གཡོའི་དངོས་ཀུན་མུ་ཏིག་དོ་ཤལ་གྱི། །རྩེ་དགར་རོལ་པས་འཁྱུད་པ་དེ་ཡིས་སྐྱོངས། །དེ་ནས་རིམ་གྱིས་བྱོན་པར་བདུན་པའི་བཅོ་ལྔའི་ཉིན་སྔ་འགྲོས་པ་རྣམས་སོང་ནས་འབྲི་ཆུའི་ཚུར་ཁར་བབས་ཟིན་པའི་རྗེས་སུ་མི་མངགས་ཏེ། དེ་རིང་ཅིས་ཀྱང་ཆུའི་ཕ་རིར་འབུད་དགོས་གསུངས་པས་དེ་རྣམས་ཀྱིས་རབ་ཉུལ་བྱས་པར་རྟ་རྨིག་ཚུགས་མི་ཚུགས་ཅི་རིགས་བྱེད་པ་ཞིག་ལས་མ་རྙེད། དེར་རྗེ་ཉིད་ཀྱིས་ཆོས་སྐྱོང་ལ་འཕྲིན་བཅོལ་མཛད་ནས་ཕེབས་པ་ན་ཆུ་སྔ་མ་ལས་ཆུང་དུ་སོང་སྟེ་ཅུང་ཟད་ཀྱང་མི་གཡེང་བར་རྨིག་ཚུགས་པས་དེར་འཁོད་ཀུན་ངོ་མཚར་དུ་གྱུར། དེ་ནུབ་ནས་ཆར་ཞོད་བྱས་པས་རབ་མེད་པར་སོང་བ་ན་ཐམས་ཅད་ལ་ལྷག་པར་ཡིད་ཆེས་ཀྱི་དད་པ་སྐྱེས། ཆུ་དམར་རབ་བདུན་དུ་བླ་བྲང་ནས་སྟོང་སྐོར་མགྲོན་གཉེར་དང༌། དཔོན་ཚང་ནས་ཚེ་མགོན་ཐའི་ཇི་བཅས་བསུ་བ་དང་པོ་འབྱོར། ཉིན་གཅིག་ས་བུད་གྱིས་ལ་མང་ཤོས་ལྷོ་ངོས་སུ་སོང་གསུངས་པ་བཞིན་མེར་གེན་བཱ་ཐུར་གྱིས་གཙོ་བྱས་དེ་ཕྱོགས་སུ་སོང་བ་ཇག་པ་དང་གདོང་ཐུག་བྱས་ཏེ་ཇག་མི་རྣམས་བཟུང་ནས་འོང་བར་གཞན་གྱིས་བརྡུང་བརྡེག་བྱེད་རྩིས་བྱས་ཀྱང་དེ་འདྲ་མ་བྱེད་གསུངས་ལམ་གྲོ་བྱིན་ནས་གཏོང་དུ་བཅུག་པས་ཚེ་འདིར་སྲོག་གི་འཇིགས་པ་ལས་བསྐྱབས་ཤིང༌། ཕྱི་མ་མ་བྱིན་ལེན་གྱི་རྣམ་པར་སྨིན་པའི་ངན་སོང་གི་སྡུག་བསྔལ་མྱོང་བ་ལས་སྐྱོབ་པར་མཛད། དེ་ཡང་ཕན་དང་བདེ་དང་སྐྱོབ་པ་དང༌། །ཞེས་པ་ལྟར་ཐེག་པ་ཆེན་པོའི་ལམ་བཟང་སྙིང་རྗེའི་སྙིང་པོ་ཅན་གྱི་བྱེད་པ་ཡིན་གྱི་རང་གི་རྒྱུ་ནོར་གོད་དུ་དོགས་པས་གསོག་སྲུང་མཛད་པ་ག་ལ་ཡིན། ཉིན་གཅིག་འབྲོང་གཡག་འཇིགས་སུ་རུང་བ་ཞིག་ཧར་སྒྲ་དང་བཅས་གཟིམས་གུར་བསྙེགས་ནས་བརྒྱུགས་ཡོང་བར་ཉིད་དེ་ཕྱོགས་སུ་ཕར་བྱོན་པས་དེ་མ་ཐག་ཕྱིར་ལོག་པ་ནི་ནག་ཕྱོགས་པ་ཞིག་གིས་མཐོ་འཚམ་པ་ཡིན་འདུག་ཀྱང༌། བདེན་པའི་སྟོབས་ཀྱིས་ཞི་བར་མཛད་པ་མ་སྐྱེས་དགྲས་གླང་ཆེན་སྨྱོན་པ་རྦད་པའི་ཚེ་སྟོན་པས་རྫུ་འཕྲུལ་གྱིས་འདུལ་བར་མཛད་པའི་རྣམ་ཐར་དང་ཆོས་མཚུངས་སོ། །

              ཤ་ར་ཙུལ་ཀེར་བསུ་བ་བར་མ་འབྱོར་ཅིང་རྨ་ཆུ་ཚུར་ཐོན་ནས་དབོན་པོ་ཆོས་རྗེ་ངོ་གཡོག་དང༌། མཁན་ཆེན་དགེ་འདུན་རྒྱ་མཚོའི་དབོན་པོ་ཆོས་རྗེ་མཁས་གྲུབ་རྣམས་ཀྱིས་བསུས། མཚམས་ཤིག་ཏུ་སྲིད་སྐྱོང་པེའི་སི་བཱ་ཐུར་དེའི་ཆིང་རྟ་པ་བརྒྱ་ཕྲག་དང་བཅས་པ། ཡར་ནང་བདེ་ཆེན་སྤྲུལ་སྐུ་དཔོན་གཡོག་སོགས་རིམ་པ་དུ་མ་འབྱོར། མཁན་ཆེན་རིན་པོ་ཆེ་ནས་ལམ་ཁར་བྱོན་ཏེ་བསུ་རྩིས་མཛད་ཀྱང༌། འོ་བརྒྱལ་ཆེ་ཞིང་དེ་འདྲ་མི་རུང་ཚུལ་ཞུས་པར་བརྟེན་རས་གུར་ཞིག་ཏུ་མཇལ་འཕྲད་གནང་རྩིས་ལ་རྒྱང་རིང་པོ་ནས་ཆིབས་བཤོལ། མདུན་དུ་བྱོན་ནས་བརྐྱངས་ཕྱག་གསུམ་མཛད་དེ་ཕྱག་དབང་ཞུ་བ་སོགས་བཀའ་གདམས་གོང་མའི་རྣམ་ཐར་བསྐྱངས། དབུས་སུ་ཐུགས་གཉེར་མཛད་ལུགས་སོགས་གསུང་གླེང་ཞིབ་རྒྱས་མཛད། མཁན་ཆེན་རིན་པོ་ཆེ་ནས་ལེགས་འབུལ་བསྟབ་པའི་ཐོག་བདེ་ཆེན་སྤྲུལ་སྐུས་མཎྜལ་གྱི་བཤད་པ་ལེགས་པ་ཞིག་ཕུལ་བས་ཁོང་ལ་ཡང་དགྱེས་གཟིགས་ཀྱི་བཀའ་ཁྱབ་སྩལ། མཁན་ཆེན་རིན་པོ་ཆེར་ཚེ་དབང་གཅིག་ཞུས་ཏེ་སླར་དགོན་པར་ཕེབས་ནས་བཀའ་ཆོས་གནང་དགོས་ཀྱི་སྙན་གསན་ཕུལ། ཨུརྒེར་གདན་དྲངས་ནས་གསོལ་སྟོན་རྒྱས་པའི་ཐོག་དགེ་བཤེས་གཉིས་ཀྱིས་ཚོགས་གླེང་བྱས། དཔོན་རིན་པོ་ཆེར་ཕྲུག་ལྔ་བཅུ་སོགས་དངོས་པོ་གྱ་ནོམ་པ་སྐུ་སྐྱེས་ཀྱི་ཚུལ་དུ་གནང༌། དེ་ནས་དགོན་པའི་བླ་མ་ལས་ཐོག་པ་གླིང་དོན་གྲུབ་རྒྱ་མཚོས་གཙོ་མཛད་ལས་སྣེ་རྣམས་དང༌། ཕྱོགས་གཞན་གྱི་བླ་དཔོན་དུ་མས་སྔ་ཕྱིར་རིམ་པར་བསུས་ཏེ་དགུ་པའི་ཚེས་བཅོ་ལྔ་ལ་དགེ་འདུན་སྟོང་ལྷག་ཙམ་གྱི་སེར་སྦྲེང་དང་བཅས་གདན་ས་ཆེན་པོར་གཟིམས་ཆུང་ཐུབ་བསྟན་ཕོ་བྲང་དུ་ཕྱག་ཕེབས། ཕན་ཚུན་ཀུན་ནས་དཀར་སྤྲོ་དམར་སྤྲོའི་གསོལ་སྟོན་ཉིན་མང་པོའི་བར་དུ་བསྟབས། གྲྭ་ས་ཆེན་པོའི་སྤྱན་ལྟོས་སློབ་པ་དང༌། བྱིན་རླབས་ཀྱི་རྒྱུན་ལ་དགོངས་ཏེ་དབུས་ནས་ཞབས་ཕྱིར་འོང་བའི་དགེ་བའི་བཤེས་གཉེན་ཆེན་པོ་ཟུང་ཆུ་ངག་དབང༌། སེ་ར་དགེ་བཤེས་བློ་བཟང་ཆོས་འཕེལ། གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས། ཨ་མ་དགེ་བཤེས་བསྟན་སྐྱོང་རྣམས་ལ་དམ་བཅའ་འཇོག་ཏུ་བཅུག་ཅིང་སོ་སོ་ནས་གདན་སའི་དགེ་བཤེས་རེ་དང་ལྷན་དུ་ལེགས་པར་བཤད་པའི་འབེལ་གཏམ་གྱི་དགའ་སྟོན་སྤེལ་བའི་སྒོ་ནས་བློ་གསལ་མཐའ་དག་གི་ཡིད་ལ་སྤྲོ་བ་སྐྱེད་དུ་བཅུག །གྲྭ་མང་ལ་ཟང་ཟིང་གི་སྐྱེས་ཀྱི་ཚུལ་དུ་མང་ཇ་བཏང་སྟེ་གོང་སྣམ་རེའི་འགྱེད་དང༌། འདུ་ཁང་སྟེང་དུ་སྲང་ཕྱེད་དང་ལྔ་བརྒྱ་སྐོར་ལས་གྲུབ་པའི་གཉྫིར་ཆེ་ལེགས། ཆོས་ཁྲིའི་སྟེང་དུ་གསེར་ཏོག་ཆུང་བ་གཅིག་བཅས་གསར་འཇོག་གནང༌། ཕྱོགས་ཀྱི་སྦྱིན་བདག་སོགས་བབས་འོས་རྣམས་ཀྱང་ཇི་ལྟར་འཚམ་པའི་སྐྱེས་དང་བཀའ་མཆིད་ཀྱི་སྒོ་ནས་ཚིམ་པར་མཛད། བཅུ་གཅིག་པའི་ཚེས་ལ་དགོན་པ་གསར་འདེབས་ཀྱི་ཕྱིར་ཨ་མཆོག་ནས་སྤྱན་དྲངས་པར་བྱོན། མི་དོ་དཔོན་སློབ། རྔ་རྒོད་སྐུ་སྐྱེ། འབྲིང་བ་ཕྱག་རྡོར་འབུམ་སོགས་ཚོ་བ་བརྒྱད་ཀྱི་རྒན་གསུམ་ཚང་མས་བསུ་བ་དང་བསྙེན་བཀུར་གང་གཟབ་ཞུས། དགོན་པའི་གནས་བདེ་མོ་ཐང་ལེགས་པར་དགོངས་ཏེ་དེར་བཀྲ་ཤིས་ཀྱི་གསོ་སྦྱོང་མཛད། མཇལ་བ་སྟོང་ཕྲག་གཉིས་བརྒལ་བར་ཐུགས་རྗེ་ཆེན་པོའི་དབང་སོགས་འདོད་ཆོས་མང་དུ་སྩལ། འབུལ་བའི་ཁྲོད་ནས་རྟ་ནོར་བརྒྱ་སྐོར་དང༌། ནས་བྲེ་སྟོང་དགོན་པའི་ཐེབས་སུ་སྦྱོར་འཇགས་མཛད། དགོན་པར་ཕེབས་ཏེ་བསྟན་པ་སྤྱི་སྒོས་ཀྱི་རིམ་གྲོར་ཞག་བདུན་གྱི་རིང་མགོན་པོའི་གཏོར་ཆེན་བསྒྲུབས་པའི་རྡོ་རྗེ་སློབ་དཔོན་གནང་ཞིང་མཇུག་ཏུ་དགེ་བཤེས་ངག་དབང་ལ་གཏོར་མ་རྡེབས་བཅུག་པར་མངོན་སྤྱོད་ཀྱི་ལས་ཚམ་རྔམས་ཆེ་བར་བྱུང་སྟེ་གཏང་རག་གི་བསྐང་གསོ་སོགས་ཀྱང་རྒྱས་པར་མཛད། དགུང་ལོ་སོ་གསུམ་པ་ལྕགས་འབྲུག་གི་ལོ། སྨོན་ལམ་སྟེང་དུ་གསུང་ཆོས་ལ་སྐྱེས་རབས་དང་སྤྱོད་འཇུག་སྔོན་གྱི་མུ་ནས་གནང༌། བསྙེན་རྫོགས་མང་དུ་མཛད་ཅིང་རྒྱུགས་འབུལ་མི་ཁ་ཤས་བྱུང་བར་བདག་རྐྱེན་དང་དགྱེས་པའི་གསུང་གིས་སྤྲོ་བ་བསྐྱེད། དཔོན་སློབ་དོན་གྲུབ་རྒྱ་མཚོས་ཁྲིའི་དགོངས་པ་ཞུས་པར་བརྟེན། དཔོན་པེའི་སི་དགོན་པའི་བླ་གྲྭ་བཅས་ནས་རྗེ་ཉིད་ལ་དགོན་པར་འཆད་ཉན་གནང་དགོས་ཀྱི་གསོལ་བ་བཏབ་སྟེ། གཉིས་པའི་ཡར་ཚེས་དགེ་བར་འཆད་ཉན་གྱི་ཁྲིར་ཞབས་སེན་བཀོད། བཀའ་རམས་དང་མཛོད་པར་འདུལ་བ། དབུ་མ་གསར་རྙིང་བསྡོམས་པར་དབུ་མ། ཕར་ཕྱིན་པ་མན་ལ་སྐབས་དང་པོའི་མགོ་ནས་བརྩི་བཞག་གནང་བར་སོ་སོ་ནས་ཁྲི་འབུལ་བཏེག་ཅིང༌། བླ་བྲང་ཕྱག་མཛོད་ནས་ཀྱང་དགའ་སྟོན་རྒྱས་པར་བསྟར། ཉིན་དེར་ཀུན་མཁྱེན་གོང་མའི་བུ་ཆེན་མཐུ་སྟོབས་ནུས་པའི་མངའ་བདག་སྡེ་ཁྲི་རིན་པོ་ཆེའི་སྤྲུལ་བའི་སྐུ་འཇིགས་མེད་ལུང་རིགས་རྒྱ་མཚོ་དང༌། བྱང་ཆུབ་ཀྱི་སེམས་ལ་དབང་འབྱོར་བ་ཁྲི་ཆེན་དཔལ་ལྡན་གྲགས་པའི་མཆོག་སྤྲུལ་འཇིགས་མེད་རིགས་པའི་སེང་གེ་རྣམ་གཉིས་ཀྱང་ཆོས་གྲྭར་གསར་ཞུགས་མཛད། ཆས་པ་ཀོ་ཡུ་ནང་དབོན་པོ་དང༌། སུ་ཉིད་ཐོ་ཡོན་ཆོས་རྗེ་འཇམ་དབྱངས་དགེ་འདུན་རྣམ་རྒྱལ་གཉིས་ཀྱིས་དངུལ་བྲེ་ཆེན་རེ། ལྷ་དར་གོས་ཡུག་སོགས་ཀྱི་ལེགས་འབུལ་གྱ་ནོམ་པ་ཕུལ། སྔར་ཕར་ཕྱིན་སྐབས་བཞི་པའི་འཛིན་གྲྭ་མེད་སྟབས་ཞབས་དྲུང་དཀོན་མཆོག་བདེ་ཆེན་སོགས་ཁ་ཤས་གཤམ་དུ་ཕབས་ནས་སྐབས་བཞི་པའི་བརྩི་བཞག་གནང་སྟེ་གསར་དུ་བཙུགས། དེ་སྔོན་སློབ་གཉེར་བཟང་ངན་གང་ཡིན་ཀྱང་སྨོན་ལམ་རབ་འབྱམས་པའི་མིང་བཏགས་ཙམ་ལས་དམིགས་བསལ་གྱི་གོ་ས་ལྷག་པ་མེད་པས་དགེ་བཤེས་ཆེ་བ་རྣམས་ལ་ཡང་དེ་ལུགས་ཀྱི་བརྩི་འཇོག་མེད་པར་གྲྭ་ཚང་ཆེན་པོ་ཞིག་ཏུ་མཁས་བླུན་ཁྱད་མེད་པ་དགེ་མཚན་ཆུང་བར་དགོངས་ཏེ་པོ་ཏི་ལྔའི་སློབ་གཉེར་མཐར་ཕྱིན་ངེས་ཀྱི་གྲ་ནས་རྡོ་རམས་པ་རེ་རེ་བཞག །རིགས་གྲྭའི་ཆོས་མཚམས་སུ་ཉིན་ལྔར་པོ་ཏི་སོ་སོའི་དམ་བཅའ་འཇོག་རྒྱུ་དང༌། དེ་ཕྱིན་གྲལ་སོགས་གང་ཅིའི་བཀུར་གཟོས་དགོས་པར་བཅད་དེ། དང་པོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་སྙན་གྲགས་ལ་རྡོ་བཅལ་རབ་འབྱམས་པའི་མིང་བཏགས་གནང༌། གསོ་སྦྱོང་ནམ་ཡིན་གྱི་ཞོགས་ཁ་ཚོགས་ནས་འདུལ་བ་རྒྱ་མཚོའི་སྙིང་པོ་གསུང་དགོས་པ་དང༌། གསོ་སྦྱོང་དངོས་གཞིའི་སྔོན་དུ་དགེ་ཚུལ་སློང་གི་ཕྱིར་བཅོས་ངེས་ཅན་དུ་བྱེད་དགོས་པར་བཀས་བཅད་དེ་བསླབ་པ་ཡོངས་སུ་དག་པའི་ཐབས་མཁས་ཀྱི་སྒོ་ནས་བསྟན་པའི་ག་དར་གནང༌།

              དེས་མཚོན་པའི་བརྩི་བཞག་ཆག་མེད་ཀྱི་ཞར་ལ་སྒྲིགས་ལམ་ཉམས་པ་གསོ་ཞིང་སྔར་མེད་མང་པོ་གསར་འཛུགས་མཛད། ཚོགས་ཆེན་ཁྲི་པས་འཆད་ཉན་གནང་རྒྱུ་ལ་རིགས་གྲྭའི་གཏོང་སྒོའི་ཆ་ནས་གྲ་མི་འགྲིག་པའི་ཐུགས་གཡེང་ཆེ་བར་བརྟེན། མཆོད་ཡོན་བཀའ་བགྲོས་ཀྱིས་དེའི་ཐེབས་སུ་ཅོ་ནེ་ཕྱོགས་ལ་འབུལ་སྡུད་མངགས་ཤིང་། དཔོན་ཚང་ནས་ཀྱང་རྟ་ནོར་ལྔ་བརྒྱ། ལུག་སུམ་སྟོང་། དངུལ་སྲང་སུམ་བརྒྱ། སྤྱི་ཁང་སོགས་སྦྱོར་འཇགས་ཞུས། སྐྱ་སེར་སྟོང་ཕྲག་ལྷག་ཙམ་ལ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་གནང་སྟེ་གསུང་བཤད་སྐབས་སྨྱུང་གནས་ཀྱི་ཕན་ཡོན་རྒྱས་པར་གསུངས། ལོ་སྔ་མར་སྙན་གསན་ཕུལ་བ་ལྟར་མཁན་ཆེན་རིན་པོ་ཆེར་གདན་འདྲེན་པ་བཏང་ནས་ཆིབས་བསྒྱུར་སྐབས་སྤྱི་སྒེར་གྱིས་ལས་འཛིན་སོགས་བསུ་བར་མངགས། ཞག་ཤས་ཀྱི་མཚམས་ནས་ལེགས་བཤད་སྙིང་པོའི་བཤད་ལུང༌། འཇམ་དཔལ་ཞལ་ལུང་གི་བཀླག་ལུང། སྐུ་གོང་མའི་དམར་ཁྲིད་ཀྱི་སྟེང་ནས་འཇམ་དཔལ་ཞལ་ལུང་གི་ཁྲིད། ཀུན་རིག་གི་དབང་སོགས་ཆོས་བཀའ་མང་དུ་གསན། བར་མཚམས་ནས་མཁན་ཆེན་རྡོ་རྗེ་འཆང་ལ་རོང་པོ་སྤྲུལ་སྐུ་རིན་པོ་ཆེས་བསྙེན་རྫོགས་ཀྱི་སྙན་སྒྲོན་ཕུལ་ཡོད་པའི་དོན་དུ་ཐོག་གཅིག་ཕེབས་ནས་མ་འགྱངས་པར་ཕྱིར་བྱོན། ཐང་སག་པའི་ཁྲིད་ཡིག་སྟེང་ནས་གསང་འདུས་བསྐྱེད་རྫོགས། བླ་མ་འཇམ་དབྱངས་པའི་ཁྲིད་ཡིག་སྟེང་ནས་བདེ་མཆོག་བསྐྱེད་རྫོགས། ལྕང་སྐྱ་རིན་པོ་ཆེའི་ལམ་ཁྲིད་ཚིགས་བཅད་མའི་སྟེང་ནས་བདེ་ལམ་གྱི་ཁྲིད། རིམ་ལྔ་གསལ་སྒྲོན་གྱི་ལུང་སོགས་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་གསན་ཅིང༌། སེང་བར་རྣམས་སུ་མདོ་སྔགས་ཀྱི་དཀའ་གནས་དུ་མ་ལས་བརྩམས་པའི་དྲི་གཏུགས་མང་དུ་མཛད། གཏང་རག་ཏུ་གསེར་གྱི་མཎྜལ་སོགས་དངོས་འབུལ་རྒྱ་ཆེར་ཕུལ། མཁན་ཆེན་ཉིད་ནས་ནན་གྱིས་ཞུས་ཏེ་ཁོང་དང༌། སྟག་གེ་སྐུ་སྐྱེ་བཅས་དཔོན་གཡོག་རྣམས་ལ་དབྱངས་ཅན་མ་དམར་མོའི་རྗེས་གནང༌། དེའི་ཡིག་རྙིང་གི་ཆོ་ག །སྨན་ཐང་བའི་དམིགས་བརྩེ་མའི་ལས་ཚོགས་ཀྱི་ལུང་སོགས་སྩལ་ཏེ་ཐུགས་བཞེད་བསྐང༌། མཁན་ཆེན་རྡོ་རྗེ་འཆང་ནས་བསྐུལ་ཏེ་དབྱངས་ཅན་མ་དམར་མོའི་རྗེས་གནང་གི་ཆོ་ག་ཞིག་ཀྱང་ལྗགས་རྩོམ་མཛད། དཔྱིད་ཆོས་གཉིས་པ་ནས་ལམ་རིམ་གྱི་བཤད་པ་མཐའ་ཆོད་པ་གནང་ཞིང༌། རིགས་ལུང་གི་རྒྱུགས་བཞེས་ཏེ་བགྲོ་གླེང་གཏོང་ལུགས། ལུས་ཀྱི་རྣམ་འགྱུར། ཐ་ན་འཁོར་གསུམ་སྐོར་ལུགས་ཚུན་ཆད་ཀྱང་དང་བ་འདྲེན་ངེས་ཤིག་དགོས་གསུང་ནན་ཏན་དུ་སློབ་པར་མཛད། གོས་ཕྲུག་མི་ཁུར་མང་པོ་ཆོས་གྲྭར་ཁྱེར་འོངས་ནས་ལངས་མཁན་རྣམས་ལ་བདག་རྐྱེན་བསྟར་བས། སྔར་རྩོད་གྲྭ་གཏན་ནས་མི་བྱེད་མཁན་འགའ་ཞིག་ཀྱང་དེ་ནས་བཟུང་སློབ་གཉེར་བྱེད་པ་བྱུང་འདུག་པ་སྐྱབས་མགོན་ཉིད་ཐུགས་རྗེ་ཧ་ཅང་ཆེ་བའི་རྣམ་ཐར་ཡིན་ཀྱང༌། རང་རང་ངོས་ནས་དེ་ཙམ་ཕོ་མ་སྐྱེས་པའི་རྟགས་སུ་འདུག །དཔྱིད་ཆོས་གསུམ་པར་བརྩི་བཞག་ཆག་མེད་དུ་གནང་ཞིང་སྒོ་མང་ལྟར་ཕར་ཕྱིན་གྱི་འཛིན་གྲྭ་གཏུག་རྒྱུའི་སྒྲིགས་ལམ་གསར་དུ་བཙུགས་པས་ལོ་རེ་བཞིན་གོང་འཕེལ་དུ་སོང་སྟེ་རྩོད་པ་འཕེལ་བའི་ཕན་གྲོགས་ཆེན་པོར་གྱུར། དབྱར་ཆོས་ཀྱི་མཚམས་ཤིག་བདེ་མོ་ཐང་གི་དགོན་པ་གསར་འདེབས་ཀྱི་ཆེད་ཨ་མཆོག་ཏུ་ཆིབས་བསྒྱུར། ས་བརྟག་བསླངས་ལྟོ་འཕྱེའི་ཐིག །བཀྲ་ཤིས་ཀྱི་གསོ་སྦྱོང་སོགས་མཛད། དེ་ཀའི་དགོན་ཕྲན་ཐར་ཐོར་རྣམས་ལྷན་དུ་བསྡུས་པས་གྲྭ་པ་དྲུག་བརྒྱ་ཙམ་ཚོགས་པར་རབ་འབྱམས་པ་ངག་དབང་ཆོས་འབྱོར་དགེ་བསྐོས་བྱས། ཉི་མ་ཐང་དབུ་མཛད་དང་སྤོ་འབོར་དབུ་མཛད་རེས་མོས་དང༌།

                  གཞན་ཡང་ཞབས་གྲས་སྐད་བཟང་བཞིན་མཆོད་དབྱངས་པ་བྱས་ཏེ་དྲུག་པའི་ཚེས་གཅིག་ནས་སྨོན་ལམ་བཙུགས། རྗེ་ཉིད་ཀྱང་ཚོགས་དབུར་ཕེབས་ནས་བསྟན་འགྲོའི་གསོས་སུ་འགྱུར་བའི་ཐུགས་སྨོན་གནང༌། མཚན་ཉིད་རྒྱུད་པ་ལམ་རིམ་གྲྭ་ཚང་གསུམ་དུ་མཛད་དེ་སོ་སོར་བརྩི་བཞག་གནང༌། དེ་ལུགས་ཀྱི་འདུ་ཁང་དང་སོ་སོར་གྲྭ་ཁང་འཕུབ་རྒྱུའི་བཀོད་ཁྱབ་སྩལ། རྒན་པོ་འགའ་ཞིག་དང་པོར་འཐད་མི་འཐད་ཡོད་ཀྱང༌། སྐུ་དངོས་བྱོན་པ་ན་ཀུན་གྱིས་ཅི་གསུངས་བཀའ་བཞིན་བསྒྲུབས་ཏེ། རྗེས་སོར་གཅིག་གིས་གཅིག་ལ་དེ་དུས་ཇི་འདྲ་ཞིག་བྱུང་སོང་ཨང་ཞེས་ངོ་མཚར་བྱེད་པ་ལྔ་སྡེས་ནང་ཁྲིམས་བཅས་ཀྱང༌། སྟོན་པ་བྱོན་སྐབས་ཐམས་ཅད་ཀྱིས་མ་བཟོད་པར་བསྙེན་བཀུར་བ་དང་ཆ་མཚུངས་པ་ཞིག་བྱུང་སྣང༌། ཕྱིར་གདན་སར་ཕེབས་ཏེ་གླིང་བསྲེའི་སྐབས་སྔ་སོར་མིང་བཏགས་པ་ཉུང་སྟབས་གཞུང་གསར་ཡན་ཆད་འཚོགས་པ་ལ། དེ་ཕྱིན་འབྲས་སྤུངས་ལྟར་མིང་བཏགས་པ་ཤ་སྟག་ཚོགས་དགོས་པར་བཅད། གླིང་བསྲེའི་ཚོགས་དབུར་བྱོན་ནས་པོ་ཏི་ལྔ་ལ་གཟབ་བཤད་མཛད་པས་མཁས་ཀུན་ཡིད་ཀྱི་བརྟན་པ་ཅིག་ཅར་ཕྲོགས། དེ་སྐབས་རྒྱུད་པ་དཔོན་སློབ་ཟུར་པ་རབ་བརྟན་རྒྱ་མཚོས་ཀུན་འབྱུང་བདེན་པ་འཁོར་བ་ཡིན་ཚུལ་ནན་ཏན་གྱིས་སྒྲུབ་བྱེད་ཕུལ་བར་ཡིག་ཆའི་ཚིག་ཟིན་ཙམ་ལ་ཡང་རྩིས་ཆེར་བྱེད་ལ་མིག་ལྟོས་ལ་བཟང་གསུངས་ནས་དགྱེས་ཚོར་མཛད། ཕྱི་ཉིན་སྔ་མའི་ཁས་ལེན་མནན་ཏེ། དེ་འཁོར་བར་འཁོར་བྱེད་ཡིན་ཞིང༌། བྱ་བྱེད་གཅིག་ཏུ་ཐལ་བ་མི་རུང་ཚུལ་གྱི་སྒྲུབ་བྱེད་ཤིང་རྟ་ཆེན་པོའི་གཞུང་དང་མཐུན་པའི་རིགས་ལམ་གྱི་ཕྲེང་བ་སྤེལ། དེའི་ཉེར་དགུ་ནས་བདུན་པའི་བཅུ་དྲུག་བར་དུ་མང་འགྱེད་སོགས་རིགས་གྲྭའི་གཏོང་སྒོ་གཟབ་རྒྱས་གནང༌། ཉི་ཤུའི་སྐོར་ལ་དགེ་བཤེས་བློ་བཟང་སྙན་གྲགས་ཀྱིས་རྡོ་བཅལ་རབ་འབྱམས་པའི་དམ་བཅའ་བཞག་པར་ཉིན་བཞིན་གཟིགས་རྟོག་མཛད། སྟོན་ཆོས་ལ་བརྩི་བཞག་ཆག་མེད་དུ་གནང་ཞིང་མཛོད་པ་མན་ཆད་ལ་བརྩི་བཞག་གི་རྒྱུགས་བླངས་ནས་མ་འཕྲོད་པ་རྣམས་སྙིང་རྗེ་གོ་ལོག་ཏུ་མ་བཞག་པར་ཚོགས་ཆུ་ལེན་དུ་འཇུག་པ་སོགས་ཀྱིས་ཚར་བཅད། འདི་འདྲ་བ་ཡང་བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་རྣམས་ནས་ལྷག་པར་མཛད་འོས་པ་ཞིག་ཡིན་ཏེ། སྡོང་པོ་བཀོད་པའི་མདོ་ལས། དགེ་བའི་བཤེས་གཉེན་ནི་བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་བྱེད་ཅིང་བག་མེད་པའི་གནས་ལས་ཡང་དག་པར་བཟློག་པའོ། །ཞེས་གསུངས་པ་ལྟར་སླར་བག་མེད་པའི་གནས་ལས་ལྡོག་པའི་དགོས་པ་ཆེ་ཞིང༌། དེ་དག་རང་རང་དེ་ལས་བཟློག་མ་ཐུབ་ན་ཡང༌། དེའི་རྐྱེན་གྱིས་གཞན་དང་གཞན་ཉེས་པ་ལས་ལྡོག་པ་ནི། བྱང་ཆུབ་སེམས་དཔའི་ས་ལས། སླར་མི་དགུག་པར་བསྐྲད་པ་གང་ཡིན་པ་དེ་གཞན་དག་ཁོ་ན་ལ་ཕན་པ་དང་བདེ་བར་འགྱུར་བ་ཡིན་ཏེ། དེ་ལྟར་གཞན་དག་གིས་ཉེས་པར་བྱས་པའི་གཞིས་བསྐྲད་པ་དེ། གཞན་དག་གིས་མཐོང་ནས་ཉེས་པ་མི་བྱ་བར་སེམས་པའི་ཕྱིར་ཞེས་གསུངས་པ་བཞིན་ནོ། །
                      དེ་ཡང་དཔེ་ཆ་སྐྱོར་སྦྱངས་བྱེད་མཁན་དང་སློབ་གཉེར་བ་གསར་བུ་ཞིག་ཡིན་ཀྱང་དགྱེས་པའི་གསུང་གླེང་གནང་ཞིང་ཐུགས་རྩིས་ཆེ་བར་མཛད་པའི་བཀའ་དྲིན་གྱིས་ཆོས་ལ་དོན་གཉེར་བྱེད་པ་མང་དུ་བྱུང་ཞིང༌། དེ་ལྟར་བྱེད་མཁན་རྣམས་ལ་ཐམས་ཅད་ཀྱིས་མཐོང་གཟོས་བྱེད་པའི་མགོ་མཇུག་བརྩི་འཇོག་སོགས་ཡ་རབས་ཀྱི་ལུགས་སྲོལ་ཡར་ལྡན་དུ་སོང༌། བར་སྐབས་ཤིག་ཏུ་བསེའི་སྤྲུལ་བའི་སྐུ་ངག་དབང་འཇམ་དབྱངས་བཀྲ་ཤིས་ནས་གསོལ་བ་བཏབ་སྟེ་མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང་སོགས་འདོད་ཆོས་འགའ་ཞིག་སྩལ། ཞབས་དྲུང་དཀོན་མཆོག་བདེ་ཆེན་སོགས་བསྒྲུབ་བྱ་དུ་མར་བསྙེན་རྫོགས་དང་ཆོས་བཀའ་མང་དུ་གནང༌། དགུ་པའི་ཚེས་ལ་གཙོས་རྒྱ་མཁར་དགོན་པས་གདན་དྲངས་པ་ལྟར། དཔོན་པེའི་སི་དང་བཅས་མཆོད་ཡོན་ལྷན་དུ་ཆིབས་ཁ་བསྐྱུར། བེ་རི་དཔོན་སློབ་མཐུ་སྟོབས་རྒྱ་མཚོ། གསེར་ཁ་དཔོན་སློབ་བསོད་ནམས་རྒྱ་མཚོ། རབ་འབྱམས་པ་དགེ་ལེགས་རྒྱ་མཚོ། དབོན་པོ་ཆོས་སེང་གེ་སོགས་རི་དགོན་སོ་སོའི་བླ་གྲྭ་ཁག་དང༌། དཔོན་འབངས་ཐམས་ཅད་ནས་བསུ་སྐྱེལ་འབུལ་ནོད་སོགས་ཡུལ་བསྟུན་གྱི་བསྙེན་བཀུར་གང་གཟབ་ཞུས་པར་རྒྱན་རྣམ་གཉིས་ཀྱི་ལུང་སྩལ། ཕྱོགས་འདུས་ཀྱི་མཇལ་བ་ཉི་ཁྲི་བརྒལ་བར་ཕྱག་དབང་དང་མེ་ཏོག་འཐོར། མཛོ་དགེ་དགོན་པས་ཀྱང་གདན་དྲངས་ཏེ་གསོལ་བ་བཏབ་པར་འཇིགས་བྱེད་བཅུ་གསུམ་མའི་དབང་སོགས་ཆོས་བཀའ་འགའ་ཞིག་སྩལ། དངོས་འབུལ་རྟ་ནོར་བཞི་བརྒྱ་སྐོར་བྱུང་བའི་ནང་ནས་ཐེབས་ཤིག་དང་བཅས་ཚོགས་སུ་མི་འཁྲུགས་པ་ལྷ་དགུའི་ཆོ་ག་གསར་འཛུགས་ཀྱི་བཀོད་ཁྱབ་སོགས་གང་ལ་གང་འཚམ་གྱིས་ཕན་བདེའི་ལམ་ལ་བཀོད་ནས་སླར་གདན་སར་ཕེབས། སྨད་ཕྱོགས་ནས་ཞུ་ཡིག་དུ་མ་དངུལ་སྲང་སུམ་བརྒྱ་སྐོར་གྱི་སྐྱེས་དང་བཅས་འབྱོར་པ་རྣམས་ལ་བཀའ་ལན་འཚེམ་མེད་གནང༌། དགོན་པའི་སྤྱི་དོན་དུ་ཁྲི་ཐོག་པ་གང་ཡིན་དེས་མགོན་པོའི་རྒྱས་པའི་གཏོར་སྒྲུབ་མཛད་སྲོལ་ལྟར། རྗེ་ཉིད་དབུར་བཞུགས་ཏེ་གཏོར་སྒྲུབ་མཛད། དེ་སྐབས་རྟ་དཀར་པོ་ཞོན་པའི་མི་ཞིག་གིས། ལུང་པ་གཅིག་ན་དྲེད་མང་པོ་འདུག་པའི་ཕལ་ཆེར་བསད་ཀྱང་ད་དུང་འགའ་ཞིག་ལུས་ཡོད་ཟེར་བའི་མནལ་ལམ་བྱུང་བ་ནི་ཆོས་སྐྱོང་གིས་འཕྲིན་ལས་བསྒྲུབས་པའི་ལྟས་སུ་མངོན། དགུན་ཆོས་ལ་ཡང་བརྩི་བཞག་གནང་ཞིང་ཕར་ཕྱིན་སྟོན་མོའི་དམ་བཅའི་སྐོར་སོགས་ཀྱི་སྒྲིགས་ལམ་འགའ་ཞིག་གསར་འཛུགས་མཛད། མཛོ་དགེ་སྟོད་ནས་ཚུལ་ཁྲིམས་ཟེར་བ་དུས་ཆོས་སུ་གྱུར་པའི་དོན་དུ་གདན་དྲངས་ཏེ་དངུལ་སྲང་སུམ་བརྒྱ། རྟ་བརྒྱ་སོགས་ཕུལ་ནས་གསོལ་བ་བཏབ་པར་གཤིན་པོ་ངན་འགྲོའི་དུཿཁ་ལས་སྒྲོལ་བའི་བསྔོ་སྨོན་གྱིས་མཚམས་སྦྱོར་གནང༌། མཛོ་དགེའི་དཔོན་ཁག་ཐམས་ཅད་མཇལ་དུ་འོང་བར་དགྱེས་པའི་གསུང་དང་བབས་འོས་ཀྱི་གནང་ཆ་སྩལ་ཅིང༌། ཕེབས་ལམ་གྱི་དུད་མང་པོས་དངོས་འབུལ་ཞུས། སྡེ་བ་བྱིངས་ནས་འབྱོན་པར་གསོལ་བ་བཏབ་ཀྱང་གདན་སར་སྨོན་ལམ་སྟེང་དུ་ཕེབས་དགོས་གཤིས་ལོ་རྗེས་མར་འབྱོན་རྒྱུའི་ཞལ་བཞེས་གནང༌། དགུང་ལོ་སོ་བཞི་པ་ལྕགས་སྦྲུལ་གྱི་ལོ་གསར་རྨེ་ཆུ་ཁའི་བཞུགས་སྒར་གྱི་སྟེང་ནས་མཛད། རིམ་གྱིས་དད་ལྡན་དུ་མའི་རེ་བ་སྐོང་བཞིན་པར་བྱོན་པའི་ལམ་ནས་སྨོན་ལམ་སྦྱིན་བདག་ཛ་སག་དབང་ཕྱུག་རབ་བརྟན་ཡུམ་སྲས་བཅས་དགོན་པར་འབྱོན་པ་དང་དུས་འཛོམ་སྟེ་ཟླ་བ་དང་པོའི་བཅུ་གཅིག་ལ་གདན་སར་བབས། གསུང་ཆོས་རྒྱུན་ལྡན་དུ་གནང་ཞིང་རབ་བྱུང་དགེ་ཚུལ་བདུན་ཅུ་སྐོར་དང་ཁྱ་དགེ་སྐུ་སྐྱེ་སོགས་བསྙེན་རྫོགས་ཀྱང་མང་དུ་བསྒྲུབས། ཛ་སག་ངོ་གཡོག་ལ་མགོན་པོའི་རྗེས་གནང་སྩལ། སྨོན་ལམ་གྲོལ་ནས་མཆོད་ཡོན་བཀའ་བགྲོས་ཀྱིས། བསེའི་སྤྲུལ་སྐུ་རིན་པོ་ཆེ་ཁྲིར་བསྐོ་བཞག་མཛད། དོན་གཉེར་ཅན་ཁ་ཤས་ལ་ཉིན་གསུམ་གྱི་རིང་བྱང་ཆུབ་ལམ་སྒྲོན་གྱི་བཤད་པ་དང་གཞན་འགའ་ཞིག་ལ་དམར་ཁྲིད་ཀྱི་ལུང་སྩལ། དཔྱིད་ཆོས་ཆེན་མོར་ཉིན་ཁ་ཤས་བརྩི་བཞག་གནང་སྟེ་བསྟན་འགྲོའི་ཕན་བདེའི་གཞི་མ་དགེ་འདུན་གྱི་སྡེ་དང༌། དེ་ཡང་ཆོས་འཆད་ཉན་ཡོད་མེད་ལ་རག་ལས་ཚུལ་ནས་བཟུང་ཚང་མས་ཐུགས་ཁུར་བཞེས་དགོས་ལུགས་ཀྱི་བསླབ་སྟོན་ཞིབ་རྒྱས་ཚོགས་གཏམ་གྱི་ཚུལ་དུ་གནང༌། གཉིས་པའི་བཅུ་གཅིག་ལ་བསེའི་སྤྲུལ་བའི་སྐུར་ཁྲི་འབུལ་བསྟར་ཞིང་ཁོང་ནས་ཀྱང་གསོལ་སྟོན་གང་རྒྱས་ཞུས། སྔར་དགོན་འདིར་པར་རྐོས་རྒྱུན་ཆགས་ཀྱི་སྲོལ་མ་བྱུང་བས་དཔེ་རྒྱུན་ཐམས་ཅད་དཀོན་པར་ཡོད་པའི་སྟབས་མངའ་རིས་དར་ཧན་ཆོས་རྗེར་སྦྱིན་བདག་དང༌། རབ་འབྱམས་པ་ཀུན་དགའ་བསྟན་འཛིན་ལ་གཉེར་གྱི་བཀའ་ཕེབས་ཏེ། གྲྭ་པ་ཁ་ཤས་ལ་པར་བརྐོ་ཚུལ་སློབ་ཏུ་བཅུག་ནས། བློ་རྟགས་གཉིས་ཀྱི་པར་ཐོག་མར་བརྐོས་ཤིང༌། དེ་ནས་བཟུང་རྒྱུན་མི་འཆད་དུ་བརྐོས་པས་ད་ལྟ་ཆོས་ཀྱི་འབྱུང་གནས་ལྟ་བུར་གྱུར་ཏེ་ཟད་མི་ཤེས་པའི་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ་བ་འདི་ཡང་གཞན་ཕན་འཕྲིན་ལས་ཀྱི་ཡང་རྩེ་ཞིག་ཡིན་ནོ། །

                 དབེན་གནས་ཡིད་དགའ་ཆོས་འཛིན་གྱི་རི་ཁྲོད་པ་རྣམས་ནས་གསོལ་བ་བཏབ་པ་བཞིན་བྱང་ཆུབ་བདེ་ལམ་གྱི་ཁྲིད་སྨིན་རྒྱས་བླ་མ་དམ་པ་བར་མ་ཆད་པ་ལས་འོང་བའི་ཞལ་ཤེས་མན་ངག་གི་གནད་དུ་མས་བརྒྱན་ཅིང༌། མཇུག་ཏུ་སེམས་བསྐྱེད་མཆོད་པ་དང་བཅས་ཉིན་ཉི་ཤུ་སྐོར་ལ་གནང་བས་ཉན་པ་པོ་ཐམས་ཅད་ཀྱི་བློ་སྣ་འགྱུར་ཏེ་དགེ་སྦྱོར་ལ་གཅིག་ཏུ་གཞོལ་བར་གྱུར། ཞལ་ནས་ཀྱང་ལོ་རེ་ལྟར་ལམ་རིམ་རེ་འཆད་རྒྱུ་བྱུང་ན་ཨང་ཞེས་ཚད་མེད་པའི་དགྱེས་ཚོར་མཛད། འདི་སྐབས་སུ་དགེ་བཤེས་དུ་མ་སྐུ་མདུན་དུ་བོས་ཏེ་གཟིམས་ཆུང་རྭ་བར་མཛོད་འདུལ་ལ་བརྒལ་བརྟག་ཡང་ཡང་གནང་བ་ཡང་ཆོས་ཀྱིས་ངོམས་པ་མེད་པའི་རྣམ་ཐར་དུ་མངོན། དཔོན་མོ་ནོར་འཛིན་དབང་མོས་གསོལ་བ་བཏབ་པར་བརྟེན། གྲྭ་པ་སུམ་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོའི་དབང་རྒྱས་པར་སྩལ། ལོ་སྔ་ཕྱི་འདི་དག་ཏུ་དབང་བཤད་ཀྱི་ཞར་ལ་སྨྱུང་གནས་ཀྱི་ཕན་ཡོན་དམ་པ་གོང་མ་མང་པོའི་རྣམ་ཐར་ཁུངས་བཙུན་གྱི་ལོ་རྒྱུས་ཟ་མ་ཏོག་བཀོད་པ་སོགས་མདོ་རྒྱུད་དང༌། བཀའ་གདམས་གླེགས་བམ་རིན་པོ་ཆེ་སོགས་དུ་མའི་ལུང་འདྲེན་གྱི་ཤེས་བྱེད་དང་བཅས་པ་ཡང་ཡང་གསུངས་པའི་རྐྱེན་གྱིས་དེ་ལ་བློ་ཁ་གཞོལ་བ་མང་དུ་བྱུང་སྟེ་ད་ལྟ་དཀར་པོ་ཕྱོགས་བརྒྱད་ཟླ་རེ་ལོ་རེ་ཙམ་དང༌། ལོ་མང་པོའི་བར་དུ་སྨྱུང་གནས་བརྒྱུད་མར་བསྲུང་བ་སོགས་འཕེལ་རྒྱས་ཤིན་ཏུ་ཆེ་བ་ནི། ཟླ་བ་སྒྲོན་མེའི་མདོ་ལས། ཁྱེད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་ཤེས་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་འདིའི་སྔ་ཕྱི་ཅི་རིགས་པར། འཇིགས་བྱེད་ཀྱི་དབང༌། སྒྲོལ་མ་དཀར་ལྗང་གཉིས། ཤྲ་མ་ཎ། ཀླུ་དབང་རྒྱལ་པོ་རྣམས་ཀྱི་རྗེས་གནང་སོགས་སོ་སོའི་འདོད་སྦྱར་གྱི་ཆོས་བཀའ་མང་དུ་གནང༌། ཐུགས་དམ་མཛད་ཡུལ་ལ་རི་ཁྲོད་ཅིག་འདེབས་བཞེད་ནས་དགོན་པའི་གཡས་ཕྱོགས་ཀྱི་ལུང་པའི་ཕུར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་སྒྲུབ་ཕུག་ཅིག་ཡོད་པ་དེར་ས་བརྟག་བསླངས་སོགས་མཛད་ཅིང་གཟིམས་ཆུང་གསར་རྒྱག་གི་བཀོད་ཁྱབ་སྩལ། དེ་རྗེས་ཨ་མཆོག་ཏུ་ཆིབས་བསྐྱོད་དེ་ལུང་དང་རིགས་པ་སྨྲ་བ་སེ་ར་དགེ་བཤེས་བློ་བཟང་ཆོས་འཕེལ་ཚོགས་ཆེན་ཁྲི་དང༌། མི་དོ་དཔོན་སློབ་དཔལ་བཟང་རྒྱ་མཚོ་རྒྱུད་པ་དཔོན་སློབ། རྔ་རྒོད་སྐུ་སྐྱེ་ནམ་མཁའ་སེང་གེ་ལམ་རིམ་དཔོན་སློབ་ཏུ་བསྐོ་བཞག་མཛད་ཅིང༌། སྒྲིགས་ལམ་རགས་རིམ་གསར་དུ་བཙུགས། པེའི་སི་སེའི་དོད་དང་བཅས་པ་ཐམས་ཅད་ཀྱིས་ཨུརྒེ་གྲྭ་ཚང་འདི་རྗེ་གོང་མའི་གདན་ས་ཡིན་ཞིང་ངེད་དཔོན་འབངས་ཀུན་གྱི་ལྷ་སྐལ་གཅིག་པུར་གྱུར་པ་རྗེ་ཉིད་ཡིན་པས། ཅིས་ཀྱང་དེ་ཀའི་ཁྲིར་ཞལ་བདག་མཛད་དགོས་ཀྱི་གསོལ་བ་བཏབ་པར་བརྟེན་དེ་ཕྱོགས་སུ་ཆིབས་ཁ་བསྒྱུར། ལམ་གྱི་ཚ་ཞག་སོགས་དང༌། བསུ་བ་སེར་སྦྲེང་བཅས་ཕྱག་ཕེབས་པར་བཞེས་སྟོན་གཟབ་རྒྱས་ཞུས། ཟླ་ཚེས་དགེ་བར་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་ཞབས་སེན་བཀོད་དེ། དཔོན་ཚང༌། སེའི་དོད། མདའ་ཚན་སོ་སོ་དང་བཅས་པས་ཁྲི་འབུལ་རྔམས་ཆེ་བ་བསྟར། གྲྭ་ཚང་གིས་གཙོས་པའི་སྐྱ་སེར་དུ་མར་ཆོས་ཀྱི་ཆར་ཕབ་སྟེ་ཕན་ཚུན་ཀུན་ནས་ལེགས་པའི་རྟེན་འབྲེལ་གྱི་སྒོ་འཕར་བརྒྱ་ཕྲག་ཕྱེ། དེའི་ཚེ་འཁྲི་ཤིང་ལས། སྐྱེ་བོ་ལེགས་སྤྱོད་བློ་ལྡན་བློན་པོ་དང༌། །མི་བདག་མཁས་ཤིང་བདེན་པར་སྨྲ་བྱེད་པ། །འདི་དག་རྣམས་ནི་དགེ་བ་དར་བའི་དུས། །མངོན་སུམ་དུ་མཚོན་མཚན་ཉིད་བཟང་པོ་ཡིན། །ཞེས་གསུངས་པ་ལྟར། སྒོ་ཐམས་ཅད་ནས་རང་སྐྱིད་གཞན་སྨོན་གྱི་གནས་ཁོ་ན་ཞིག་བྱུང་བར་སྣང༌། ཉེ་སྐོར་གྱི་མི་ཁྱིམ་དུ་མས་བསྙེན་བཀུར་ཞུས་པར་སོ་སོའི་འདོད་ཆོས་ཀྱིས་རེ་བ་བསྐང༌། མགོ་ལོག་གི་དཔོན་དམག་ཟོར་མགོན་པོ་དུག་གིས་ན་ནས་ཐུ་མོར་གྱུར་པ་བླ་སྨན་མཐའ་དག་གིས་བཏང་སྙོམས་སུ་བོར་ཏེ། ཐག་རིང་པོ་ནས་རྗེ་ཉིད་ལ་སྐྱབས་ཚོལ་དུ་འོང་བར་བཀའ་བསྒོ་བསྲུང་མདུད་བུམ་ཆུ་བཅས་གནང་སྟེ་དུག་སྦྱོང་མཛད་པས་མ་འགྱངས་པར་ནད་གཞི་མེད་དུ་སོང་ནས་དད་གུས་ཚད་མེད་པ་སྐྱེས། དེའི་རྒྱུ་མཚན་གྱིས་སྤྱིར་མགོ་ལོག་ཟེར་བ་འདི། བང་རའི་གླིང་དུ་བགྲོད་པའི་ཡལ་འདབ་ལས། བཅོམ་ལྡན་བདག་ཅག་འཚོ་བ་ནི། །སྨད་པར་འོས་པ་ལས་ཀྱིས་སྤྲུལ། །གླ་རྔན་མ་ཡིན་ཞིང་ལས་མིན། །གཞན་བསྲུང་མ་ཡིན་བྱིན་ལེན་མིན། །བདག་ཅག་གདུག་པ་ལྷན་ཅིག་སྐྱེས། །ཞེས་གསུངས་པ་ལྟར་ཡུལ་ཆོས་ཀྱི་བླ་དཔོན་སུ་ལ་ཡང་མི་འཛེམ་པར་འཕྲོག་བཅོམ་བྱེད་པ་ཞིག་ཡིན་ཀྱང༌།

                   རྗེ་འདིའི་གྲྭ་རིགས་སུ་གཏོགས་པ་ཙམ་ལ་ཡང་གནོད་པ་མི་བྱེད་པ་འདི་བྱུང་བ་ཡིན་ནོ། །དེ་ནས་ལོ་སྔ་མར་མཛོ་དགེ་དཔོན་ཁག་སོ་སོ་ནས་ཞུས་ཡོད་པ་ལྟར་དེ་ཕྱོགས་སུ་བྱོན། འབོས་སྤོ་ཚང་རྣམས་དང༌། དཔོན་པོ་ཕྱག་རྡོར་སྐྱབས་སོགས་གླིང་པའི་སྐོར། བྱམས་མེའི་སྡེ་པ་ཐམས་ཅད་དང་བཅས་པས་གདན་དྲངས་ཏེ་དངོས་འབུལ་ཕོན་ཆེར་བཏེག །རིམ་གྱིས་ཨ་བཀྲའི་སྐོར་དང༌། སྟོད་མའི་སྐོར། ཕོ་བ། མདོ་ཚ། བན་ཡུ་སོགས་ཀུན་ལ་ཕེབས་ཤིང་གསང་བ་འདུས་པའི་དབང་ཆེན་སོགས་གང་ཞུས་ཀྱི་འདོད་ཆོས་ལྷུགས་པར་སྩལ་ཏེ་མཐོང་ཐོས་དྲན་རེག་གི་སྒོ་ནས་ཐར་པའི་ས་བོན་བསྐྲུན་པར་མཛད། འབུལ་ནོད་ཀྱང་རྟ་ནོར་སྟོང་ཕྲག་དུ་མ་བྱུང་འདུག་ནའང༌། གསེར་དང་བོང་བ་མཉམ་པའི་བདག་ཉིད་ཆེན་པོ་རྣམས་ནི་དེ་ལ་ཆེད་དུ་མི་འཛིན་པས་འདིར་ཡང་ཞིབ་ཏུ་མ་བྲིས། ས་སྐྱའི་བླ་མ་གདུ་བུ་ཆོས་རྗེ་དང༌། གྲོ་ཚང་སྐུ་སྐྱེ་སོགས་ཀྱིས་ཀྱང་གདན་དྲངས་ཏེ་ཆོས་འབྲེལ་ཞུས། བཞག་སྡོམ་གྱི་སྡེ་པས་བསྙེན་བཀུར་བར་ཐུགས་རྗེ་ཆེན་པོའི་དབང་སོགས་ཆོས་བཀའ་འགའ་ཞིག་སྩལ། མཚོ་མགོ་ཟེར་བར་དཔོན་པོ་བཀྲ་ཤིས་བཟང་གིས་གདན་དྲངས་ཏེ་སྒྲོལ་དཀར་གྱི་རྗེས་གནང་ཞིག་ཞུས་པར་རྟེན་འབྲེལ་སུམ་འཛོམ་ཡིན་གསུངས་ནས་དགྱེས་ཚོར་མཛད། སྟག་ཚང་ལྷ་མོ་ནས་གདན་དྲངས་པ་ལྟར་བྱོན་པས་ཁ་ཤི་དཔོན་སློབ་སོགས་ཀྱིས་བསུ་བ་སེར་སྦྲེང་ཤངས་ལེན་གྱི་སྟོན་མོ་གཟབ་རྒྱས་ཞུས་པར་མངོན་རྟོགས་རྒྱན་གྱི་བཀླག་ལུང་སྩལ། གྲྭ་པ་རྣམས་ལ་མང་འགྱེད་ཀྱང་གྱ་ནོམ་པ་གནང༌། དེ་ནས་གདན་ས་ཆེན་པོར་ཕྱག་ཕེབས་ཏེ་རྟ་ནོར་སུམ་བརྒྱ་སྐོར་ཞིག་གིས་དངུལ་སྲང་རེ་ཐེམ་ངེས་ཀྱི་སྐུ་འགྱེད་བསྟར། སྤྱི་སོར་རྟ་ནོར་དྲུག་ཅུ། གདུང་མཆོད་དང་རིགས་གྲྭའི་ཐེབས་ལ་སུམ་ཅུ་རེ། ཨ་མཆོག་དགོན་པར་རྟ་ཕོ་རྒོད་བརྒྱ། ནོར་ཉིས་བརྒྱ། ལུག་སྟོང་སོགས་ཀྱི་འཇོག་པ་བྱས། བསེའི་སྤྲུལ་བའི་སྐུ་ནས་ཁྲིའི་དགོངས་པ་ཞུས་པས། འབྲས་སྤུངས་དགེ་བཤེས་ཟུང་ཆུ་ངག་དབང་ཁྲིར་བསྐོ་བཞག་མཛད་ཀྱང༌། ཁོང་རླུང་ཤས་ལྟ་བུས་མ་བདེ་བར་བརྟེན། དགེ་བའི་བཤེས་གཉེན་རྡོ་རམས་པ་བློ་བཟང་སྙན་གྲགས་ཁྲི་བར་བསྐོས། དགུན་གྱི་རིང་སྐུ་མཚམས་གནང་ཞིང༌། སེང་བར་ནས་དཔོན་པེའི་སི་ལ་གདུགས་དཀར་གྱི་དབང་དང༌། ཚེ་རྟ་ཟུང་འབྲེལ་གྱི་རྗེས་གནང་སོགས་ཁ་ཡར་སྩལ། དགུང་ལོ་སོ་ལྔ་པའི་སྨོན་ལམ་གསུང་ཆོས་རྒྱུན་པར་གནང་ཞིང༌། ཕྱོགས་འདུས་ཀྱི་མཇལ་བ་སྟོང་ཕྲག་དུ་མའི་རེ་བ་བསྐང༌། བསྒྲུབ་བྱ་མང་པོར་སོ་ཐར་གྱི་སྡོམ་པའི་བདུད་རྩི་རྫོགས་པར་སྩལ། ཉིན་གཅིག་སྐུ་འཁོར་འགའ་ཞིག་ལ། ངའི་རྨི་ལམ་དུ་རྭ་བའི་ནང་ན་རྔ་མོང་འགའ་ཡོད་པའི་སྟེང་དུ་ཕྱི་ནས་ཁ་ཤས་འོང་བ་རྨིས་ཏེ་ད་ལོ་ཟིང་ཆ་ཞིག་ཡོད་པ་འདྲ་གསུངས། དཔྱིད་ཆོས་ཆེན་མོའི་སྟེང་རིགས་ལུང་གི་རྒྱུགས་བཞེས་ཏེ་སོ་སོར་བསླབ་སྟོན་གནང་ཞིང་དམ་བཅའ་བ་རྣམས་ལ་གནང་ཆའང་སྩལ། གསོལ་དཔོན་རབ་འབྱམས་པས་གསོལ་བ་བཏབ་སྟེ་གུང་ཐང་མཆོག་སྤྲུལ་ངག་དབང་བསྟན་པའི་རྒྱལ་མཚན་པའི་གདུང་གི་མཆོད་རྟེན་ལ་རབ་གནས་རྒྱས་པ་ཉིན་གཉིས་ཀྱི་བར་དུ་མཛད། དོན་གཉེར་ཅན་འགའ་ཞིག་ལ་ཐུགས་རྗེ་ཆེན་པོའི་དབང་ཞིག་ཀྱང་གནང༌། དགོན་པ་སྤྱི་ནས་གསོལ་བ་བཏབ་སྟེ། འདི་ཀའི་བླ་གྲྭ་ཐམས་ཅད་དང༌། ཕྱོགས་ཀྱི་བླ་མ་ཆེ་ཆུང་རི་ཁྲོད་པ་མང་པོ་སོགས་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་འདུན་ཉིས་སྟོང་མ་ལོངས་ཙམ་ལ་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ། བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང༌། ཚིག་གི་སྒྲོ་འདོགས་ཆོད་ཅིང༌། དོན་གྱི་ཁོག་ལྷོང་བ། དེ་ཡང་གཙོ་བོར་ཉམས་ལེན་དང་སྦྱར་ཏེ་རང་གི་སེམས་སྟེང་དུ་ཁ་ཚུར་བསྐོར་ནས་གཏན་ལ་འབེབས་ཚུལ་བླ་མའི་མན་ངག་བཞིན་ཤ་ཆོད་རུས་ཆོད་དུ་བྱས་ནས་གསུངས་པས་དབང་པོ་མཆོག་དམན་ཐམས་ཅད་ཀྱི་རྒྱུད་ལ་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་བག་ཆགས་ཁྱད་པར་ཅན་བསྐྲུན་ཞིང༌། བློ་སྣ་གཏིང་ནས་འགྱུར་ཏེ་ཚེ་འདིའི་འཁྲི་བ་ཆོད་པའང་ཁ་ཤས་བྱུང༌། མཇུག་ཏུ་བླ་མ་གོང་མའི་ཕྱག་ལེན་བཞིན་སེམས་བསྐྱེད་མཆོད་པའང་ཤིན་ཏུ་རྒྱས་པར་མཛད།

                 ཡང་དོན་གཉེར་ཅན་འགའ་ཞིག་ལ་ལམ་རིམ་བསྡུས་དོན་གྱི་གཟབ་བཤད། གཅོད་དབང་ནམ་མཁའ་སྒོ་འབྱེད་སོགས་ཆོས་ཀྱི་བཀའ་དྲིན་མང་དུ་སྩལ། འཇམ་དབྱངས་གོང་མ་ཆེན་པོ་ནས་རྗེ་འདི་ལ་བསྟན་པ་འཛིན་ཅིང་སྤེལ་བར་བྱེད་པའི་ཨེརྟི་ནི་ནོ་མིན་ཧན་ཞེས་པའི་ཆོ་ལོ་དང་ཐམ་ཀ །འཇའ་ས་བཅས་གནང་བ་འབྱོར་ཏེ། འདུ་ཁང་ཆེན་མོར་བླ་གྲྭ་སྦྱིན་བདག་ཐམས་ཅད་འདུས་པའི་དབུས་སུ་བསྒྲགས་ཤིང༌། ཐམས་ཅད་ཀྱིས་ལེགས་སོའི་ཁ་དར་ཕུལ། ཕྱག་མཛོད་ཆེན་མོ་ནས་ཀྱང་སྤྱི་སྒེར་ཀུན་ལ་དགའ་སྟོན་རྒྱས་པར་བསྟར། དེ་ཡང་ངེས་པ་དོན་དུ་བཤད་སྒྲུབ་ཀྱི་ཆོས་ཚུལ་ཐམས་ཅད་ལ་དབང་བསྒྱུར་བའི་འདྲེན་མཆོག་འདི་ལྟ་བུ་ལ་ནོ་མིན་ཧན་ནམ་དེ་བོད་སྐད་དུ་བསྒྱུར་ན་ཆོས་ཀྱི་རྒྱལ་པོ་ཞེས་བཏགས་པ་ནི་ཚུལ་དང་མཐུན་ཞིང་མཛེས་པ་ཡིན་ཏེ། སྐྱེས་རབས་ལས། རྒྱལ་པོ་ཆེན་པོ་ཆེན་པོའི་སྒྲ། །འདི་ནི་རྒྱལ་པོ་ཁྱོད་ལ་མཛེས། །ཡོན་ཏན་མེད་ལ་ཡོན་ཏན་བརྗོད། །སྨད་ཅིང་རྩུབ་པའི་ཚིག་ཏུ་འགྱུར། །ཞེས་དང༌། འབྲུག་པ་སངས་རྡོར་གྱིས་ཀྱང༌། མཚན་དོན་མཚུངས་པའི་པཎྚི་ཏ། །ཁྱོད་ཀྱི་གཞན་མིང་འདོད་རྒྱལ་སྒྲ། །ཞེས་བཤད་དེ། བླ་མ་ཆེ་ཞེས་པའི་ཆེ་ལུགས་ནི་ཡོན་ཏན་གྱི་ངོས་ནས་ཆེ་བ་དཔེར་ན་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་ཁྲི་ཆུང་ངུ་ཞིག་ཡིན་ཀྱང་ཁྲི་སྟན་ཆེ་མཐོ་ཞེས་པའི་སྐབས་ཀྱི་ཁྲི་ཆེན་པོར་བཤད་པ་ལྟ་བུ་དགོས་ཀྱི། བྲག་རི་དེ་རྡོའི་ནང་གི་ཆེན་པོར་བཞག་པ་ལྟ་བུའི་འགྲོ་མི་རུང་བ་ནི་འཁྲི་ཤིང་ལས། ཀྱེ་མ་ལེགས་ལྡན་རིན་ཐང་ཆེ་བའི་ཆེན་པོ་ཉིད། །ནོར་བུ་བཞིན་དུ་ཡོན་ཏན་བླ་མ་ཉིད་ཀྱིས་འཐོབ། །ཡོན་ཏན་མེད་པར་གང་ཞིག་ལུས་ཀྱི་བླ་མ་ཉིད། །རྡོ་ལས་རགས་པ་བཞིན་དུ་དེ་ནི་འབྲས་བུ་མེད། །ཅེས་སོ། །དཔག་བསམ་འཁྲི་ཤིང་འདིར། བདག་གི་ཕྲག་པར་ཁྱོད་བླང་བྱ། །ཟེར་རྒྱུ་ལ། ཁྱོད་ཀྱི་ཕྲག་པར་བདག་བླང་བྱ། །ཞེས་པ་དང༌། ཕྲག་མཐོ་ལག་པས་པུས་མོར་སླེབ་དེ་ལ། །ཟེར་རྒྱུ་ལ། ཕྲག་མཐོ་པུས་མོས་ལག་པར་སླེབ་དེ་ལ། །ཞེས་བསྒྱུར་བ་སོགས་འགྱུར་སྐྱོན་ཆེ་བར་སྣང་བས་རྐང་པ་གཉིས་པ་འདི་ཡང༌། ནོར་བུ་བཞིན་དུ་ཡོན་ཏན་ཉིད་ཀྱིས་བླ་མ་འཐོབ། །ཅེས་བསྒྱུར་དགོས་སམ་སྙམ། དེ་ནས་ལྔ་པའི་ཚེས་ལ་སྔར་གཟིགས་པའི་རི་ཁྲོད་ཀྱི་གནས་དེར་བྱོན། མང་ཐོས་འདུལ་བ་འཛིན་པ་ཆེན་པོ་རིན་ཆེན་ཆོས་བཟང་གནས་བརྟན་དུ་བསྐོས། རི་ཁྲོད་པའི་ཞལ་གྲངས་འཕགས་པའི་གནས་བརྟན་བཅུ་དྲུག་གི་གྲངས་ལྟར་མཛད་ཅིང་རྟེན་འབྲེལ་ལ་དགོངས་ནས་སོ་སོར་གནས་བརྟན་རེ་རེའི་མིང་འདོགས་ཀྱང་མཛད། རི་ཁྲོད་ཀྱི་མིང་ལ་བཀྲ་ཤིས་དགེ་འཕེལ་དུ་བཏགས། དེ་ནས་བར་སྐབས་ཤིག་ཏུ་མི་བསྲུན་པའི་སྐྱེ་བོ་བདུད་ཀྱི་གཉེན་དུ་གྱུར་པ་འགའ་ཞིག་གིས། སྔར་ནས་བཟུང་སྟེ་གྲྭ་རིགས་ཕྱོགས་གཉིས་སུ་ཆད་པའི་ཁོན་རྙིང་གི་སྦྲུལ་གདུག་གཉིད་ལ་ཡུར་བ་དེ་ཉིད་གཞི་ནས་བསླང་སྟེ། འུར་ཟིང་ཤིན་ཏུ་ཆེ་བས་གཞན་ཞིག་ཡིན་ན། དགོན་པ་ཆག་འཇིག་ཏུ་གྱ་བའི་ཚོད་ཙམ་བྱུང་ཡང་བླ་མ་རྡོ་རྗེ་འཆང་ཆེན་པོ་འདིས་ནི། བསྟན་འགྲོ་སྤྱི་ལ་དགོངས་པའི་ཐུགས་རྗེ། གང་འདུལ་ཐབས་ལ་མཁས་པའི་མཁྱེན་པ། ཆོས་སྐྱོང་བྲན་དུ་འཁོལ་བའི་ནུས་མཐུ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་ནག་ཕྱོགས་བདུད་ཀྱི་གཡུལ་ངོ་ཞི་བར་མཛད་དེ། དེ་ལྟ་བུའི་སྡུག་བསྔལ་གྱི་ཟུག་རྔུ་མཐའ་དག་གཞི་མེད་རྩ་བྲལ་དུ་སོང་བའི་དྲིན་གྱིས་དེང་སང་ལས་སྣེ་རྣམས་ཀྱང་སྒྲིགས་ལམ་སྐྱོང་བདེ་ཞིང༌། གྲྭ་པ་བགྲེས་གཞོན་ཐམས་ཅད་ཀྱང་འདུ་ཤེས་གཞན་མེད་པར་འདུན་པ་ཆིག་དྲིལ་གྱིས་སོ་སོའི་རང་འཁོས་དང་བསྟུན་པའི་ཆོས་ལྡན་གྱི་ལས་ལ་གཞོལ་བ་འདི་ནི། རྗེ་བླ་མ་མཆོག་འདིའི་གྲུབ་པས་འབྲས་རྟགས་ཁོ་ན་ཡིན་ནོ། །
               ཨེ་མ་ཧོ། ཉིན་བྱེད་སྣང་བའི་དགའ་ཆར་འབེབས་པ་ཡིས། །དགེ་ལེགས་པདྨོའི་སྐྱེད་ཚལ་བཞད་པ་དེ། །འབྱུང་པོའི་བྱ་རྣམས་ལོང་བའི་ཕྱིར་མིན་ཡང༌། །མུན་པའི་མལ་ན་སྡང་བའི་ཧཱུཾ་སྒྲ་སྒྲོགས། །ཞི་དུལ་མཚན་དཔེའི་དཔལ་འབར་ཐུབ་དབང་ལ། །ཅོ་འདྲིར་བགྱིད་པའི་མུ་སྟེགས་སྟོན་པ་དྲུག །ཁྲོ་གཏུམ་སྲིན་པོའི་གར་མཁན་གསང་བདག་གི །མདུན་སར་ཆུ་དང་གཡང་ལ་སྐྱབས་སུ་མཆི། །ཆོས་ཀྱི་སྡེ་ཆེན་ཛམ་བུའི་སྙེ་མ་ཡང༌། །ཁོང་ནས་རུལ་བའི་སྦྱོར་བ་རྩོམ་པ་ན། །ཁྱོད་ཀྱི་མཛད་བཟང་མ་དྲོས་མཚོར་ཆུད་པས། །བསྐལ་པའི་མཐས་གཏུགས་ནོར་གྱི་སྙིང་པོར་གྲུབ། །བཤད་སྒྲུབ་འབྲས་བུའི་ཁུར་བརྟེན་པ་ལ་ཤའི། །འཁྲི་ཤིང་མ་ལ་ཡར་སྐྱེས་རླུང་བཞོན་གྱིས། །བསྐྱོད་བཞིན་གཅིག་ཏུ་མངོན་ཕྱོགས་དུལ་བའི་དཔལ། །དགའ་བའི་རྣམ་འཕྲུལ་འདི་ཀོ་སུ་ཡི་མཐུ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
               བདུན་པའི་ཚེས་ལ་ཨུརྒེར་ཆིབས་བསྐྱོད། མཆོད་ཡོན་ལུགས་གཉིས་ཀྱི་བཀའ་མཆིད་རྒྱས་པར་མཛད། ཁྲི་ཆེན་རྒྱ་ནག་པའི་མཆོག་སྤྲུལ་བློ་བཟང་བསྟན་པའི་ཉི་མ་རྒྱ་ནག་ནས་འཁྲུངས་ཡུལ་དུ་བྱོན་ཡོད་པར་འཚམས་ཞུས་དང༌། ཁོང་གིས་མི་ཏྲའི་དབང་རྒྱུན་ཀུན་མཁྱེན་གོང་མ་ནས་གསན་གཤིས། དེ་ཀའི་སྙན་གསན་འབུལ་བར་དཀའ་བཅུ་དོན་ཡོད་ཚུལ་ཁྲིམས་མངགས། རིམ་གྱིས་ཕེབས་ནས་གབ་རོན་ཆུ་ཚན་དུ་ཞག་བདུན་སྐུའི་འཕྲོད་བསྟེན་གནང་ཞིང་བན་ཤུལ་སོགས་ཀྱིས་བསྙེན་བཀུར་ཞུས་པ་བདག་གིར་བཞེས་མུ་ནས་བསུ་བ་སེར་སྦྲེང་དང་བཅས་ལ་མོ་བདེ་ཆེན་དུ་ཕེབས། ཁྲི་ཆེན་སྤྲུལ་བའི་སྐུ་རིན་པོ་ཆེར་མཇལ་ཏེ་གསུང་གླེང་རྒྱས་པར་གནང༌། ཁོང་གི་ཞལ་ནས། ངས་སྔར་ཁྱེད་ཀྱི་སྐུ་གོང་མའི་མདུན་ནས་མི་ཏྲ་བརྒྱ་རྩའི་དབང་ཉན་དུས་ཉིན་གཅིག་ངའི་ཐད་དུ་ཕྱག་ཕྲེང་འཐོར་སོང་བ་བཏུས་ནས་ཕུལ་བར་གཟིགས་ཏེ་ཕྲེང་རྡོག་ལྔ་འདུག་པས་ཁྱེད་ཀྱིས་དབང་འདི་ལན་ལྔ་བསྐུར་བར་འདུག་ཅེས་ལུང་བསྟན་ཡོད་ཀྱང་དེ་སྔ་བཞི་ལས་མ་སོང༌། ད་ན་ཚོད་མཐོ་བས་ཚང་མ་ཞིག་གཟུགས་གཞིས་ཨེ་ལྕོགས་མི་ཤེས་ཀྱང༌། ཆོས་བདག་པོ་ལ་སྤྲོད་རྒྱུ་བྱུང་བ་ཤིན་ཏུ་སྐལ་བ་བཟང་བས། ནུས་ཚོད་ཅིག་ཅིས་ཀྱང་འབུལ་དགོས་གསུངས། དབང་གི་མགོ་བརྩམས་ནས་གནང་བར་སྐབས་ཤིག་ནས་སྐུ་ཁམས་རིམ་ལོད་དུ་སོང་སྟེ་བླ་མེད་རྫོགས་མཚམས་སུ་རེ་ཞིག་འཕྲོ་འཇོག་པར་མཛད། རྗེ་ཉིད་ནས་དངོས་འབུལ་རྒྱ་ཆེར་ཕུལ་ཏེ་ཞབས་པད་ཡུན་བརྟན་གྱི་གསོལ་བ་བཏབ། སླར་སྣང་རར་བྱོན་ཏེ་བཀྲ་ཤིས་རབ་བརྟན་དུ་བཞུགས་པར་ཕན་ཚུན་ནས་མི་ཚང་དུ་མས་བསྙེན་བཀུར་ཞུས། མཚམས་ཤིག་ཏུ་ཁྲི་ཆེན་སྤྲུལ་བའི་སྐུ་ཞིང་གཤེགས་པའི་དོན་དུ་གདན་འདྲེན་པ་འབྱོར་ཏེ་བདེ་ཆེན་དུ་ཕེབས། ཐུགས་ཀྱི་དགོངས་པ་རྫོགས་པའི་སྨོན་འདུན་རླབས་པོ་ཆེ་མཛད་ཅིང་གདུང་འབུལ་རྔམས་ཆེ་བ་བསྟར། དེ་ཀའི་ཞབས་སྡོད་རྣམས་ནས་འབུལ་ནོད་རྒྱ་ཆེར་བཏེག་སྟེ་ཡང་སྲིད་མྱུར་འབྱོན་གྱི་སྨོན་ཚིག་ཅིག་ཀྱང་ཞུས་པར་ལྗགས་རྩོམ་བཀའ་དྲིན་བསྐྱངས། ཚུར་ཆིབས་ཁ་བསྒྱུར་ཏེ་ཨུརྒེར་མཆོད་ཡོན་ལྷན་རྒྱས་ཐོག་ནས་སྔར་གྱི་ཟིང་ཆ་བྱུང་བའི་སྐོར་ལ་སྦྱང་བཤད་ཀྱིས་གཏེ་པོ་རྣམས་ལ་གནས་དབྱུང་དང༌། དངོས་པོའི་ཆད་པ་སོགས་བབས་བསྟུན་ངོས། ཕྱིན་ཆད་སུའི་ཐད་ནས་ཀྱང་འཁྲུག་པ་བསླང་མི་ཆོག་ཚུལ་གྱི་བཀའ་རྒྱ་རྗེས་གཙང་མཛད། དེ་ཡང་གནད་མ་རྟོགས་པ་རྣམས་རབ་ཏུ་བྱུང་བ་དང་བྱང་ཆུབ་སེམས་དཔའ་བྱ་བ་དེ་རྣམ་པ་ཐམས་ཅད་དུ་འཇམ་འཇམ་ཁོ་ན་བྱེད་པ་ཞིག་དགོས་སྙམ་ན། དེ་འདྲ་མ་ཡིན་ཏེ། འདུལ་བ་མདོ་རྩ་བར། གནས་པ་ཆད་པས་གཅད་པར་འོས་པ་ཆད་པས་མི་གཅད་པར་མི་བྱའོ། །ཆད་པ་ནི་རྣམ་པ་ལྔའོ། །གཏམ་མི་འདྲེ་བ་དང༌། གདམས་ངག་མི་སྦྱིན་པ་དང༌། བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་གིས་ལོངས་སྤྱོད་དུ་མི་གཞུག་པ་དང༌། དགེ་བའི་ཕྱོགས་བརྩམས་པ་རྒྱུན་གཅད་པ་དང༌། གནས་དགག་པར་བྱ་བའོ། །མ་དད་པ་དང༌། ལེ་ལོ་ཅན་དང༌། བཀའ་བློ་མི་བདེ་བ་དང༌། མ་གུས་པ་དང༌། སྡིག་པའི་གྲོགས་བྱེད་པ་ལ་དེ་དག་འོས་པ་ཉིད་དོ། །ཞེས་དགེ་སློང་གིས་དེ་ལྟར་བྱེད་དགོས་པར་གསུངས་པའི་ནང་ནས་ཆད་པ་དང༌། གང་ཟག་གསུམ་པ་དང་ལྔ་པ་སོ་སོ་ནས་ངོས་ཟིན་པར་གྱིས། བྱང་ཆུབ་སེམས་དཔའི་དབང་དུ་བྱས་ན་ཡང་བྱང་ཆུབ་སེམས་དཔའི་ས་ལས། ཡང་བྱང་ཆུབ་སེམས་དཔའ་ནི་ཚར་གཅོད་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཚར་གཅོད་པར་བྱེད་དེ། ཉེས་པ་ཆུང་ངུ་དང༌། འགལ་བ་ཆུང་ངུ་ལ་ནི་བསམ་པ་འཇམ་པོ་དང་སྡང་བ་མེད་པས་སྨ་དབབ་པ་ཆུང་ངུས་སྨ་འབེབ་པར་བྱེད་དོ། །ཉེས་པ་འབྲིང་དང་འགལ་བ་འབྲིང་ལ་ནི་སྨ་དབབ་པ་འབྲིང་གིས་སྨ་འབེབ་པར་བྱེད། ཉེས་པ་ཆེན་པོ་དང་འགལ་བ་ཆེན་པོ་ལ་སྨ་དབབ་པ་ཆེན་པོས་སྨ་འབེབ་པར་བྱེད་དོ། །སྨ་དབབ་པ་ཇི་ལྟ་བ་བཞིན་དུ་ཆད་པས་གཅོད་པ་ཡང་དེ་དང་འདྲའོ། །ཞེས་དང༌། ཉེས་པ་ཆུང་ངུ་བྱེད་པ་ལ་ནི་འཁྲུལ་བ་གླེང་བར་བྱེད། ཉེས་པ་འབྲིང་བྱེད་པ་ལ་ནི་བསྒོ་བར་བྱེད། ཉེས་པ་ཆེན་པོ་བྱེད་པ་ལ་ནི་སྐྲོད་པར་བྱེད་དེ། ཞེས་གསུངས་པ་གོ་བར་གྱིས་ཤིག །དགུ་པའི་ཚེས་ལ་གདན་སར་འབྱོར་ཅིང༌། འདི་ལོ་ཚོགས་སུ་ཞབས་བརྟན་ཕོན་ཆེར་བསྒྲུབས་པས། སྐུ་འགྱེད་ཀྱང་རིམ་པ་གཉིས་ཙམ་གནང༌། སྔ་སོར་ཧོར་སྡེ་དགེ་ཕྱོགས་སུ་ཀརྨ་ཡབ་སྲས་དྲུག་གི་ཡ་གྱལ་སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ་ལ། སྙན་ཚིག་འཕང་འགྲོའི་རྒྱུད་དུ་འཁྲོལ་བའི་ཆབ་ཤོག་སྐྱེས་དང་བཅས་པ་སྤྲིངས་ཏེ། ཐ་སྙད་རིག་པའི་གླེགས་བམ་འགའ་ཞིག །ཁོང་རང་གི་སློབ་མ་དེ་སྐོར་ལ་མཁས་པ་ཞིག་བཅས་མངགས་དགོས་ཚུལ་གསུངས་པ་ལྟར། སྒྲ་རིག་སྨྲ་བའི་དབང་པོ་ཀུན་དགའ་སངས་རྒྱས་དཔོན་གཡོག་རྫོང་སྟ་མཛད་པ་ཉེ་ཞོ་མེད་པར་འབྱོར་པ་ལ་གཞིས་ལེན་གཟབ་རྒྱས་གནང༌། ཞག་ཤས་སོང་མཚམས་སྒྲ་ཀ་ལཱ་པར་བློ་བརྟན་བཞི་པའི་འགྲེལ་པའི་སྟེང་ནས་གསན་སྦྱོང་མཛད་པས། མཚམས་སྦྱོར་དང༌། མིང་དང༌། ཀུན་བཤད་དང༌། ཀྲི་ཏ་སྟེ་མདོའི་དོན་གྱི་རྩ་བ་བཞི་དང༌། བྱིངས་དང་ཉེར་བསྒྱུར་ཨུཎྜ་ལ་སོགས་པ་ཡན་ལག་གི་དོན་ཐམས་ཅད་ལྷག་མ་མེད་པར་ཐུགས་སུ་ཆུད། ཞར་ལ་བོད་མཁས་པའི་སྙན་འགྲེལ་གྱི་སྟེང་ནས་སྙན་དངགས་དང༌། སྨིན་གྲོལ་ལོ་ཙཱ་བ་དྷརྨ་ཤྲཱིའི་འགྲེལ་པའི་སྟེང་ནས་སྡེབ་སྦྱོར་ལ་ཡང་བསྐྱར་སྦྱངས་མཛད་དེ་ཐ་སྙད་རིག་པའི་གཞུང་དོན་མ་ལུས་པ་མངོན་པར་བྱང་ཆུབ་པའི་ཚུལ་ཡང༌། ཀརྨ་སི་ཏུ་བ་ལ་རྗེས་སོར་སྤྲིངས་པའི་ཆབ་ཤོག་ལས། འདི་ན་འདུ་འཛིའི་ཕྲེང་བ་བོས་པ་བཞིན། །ཚར་དུ་དངར་བའི་ཁུར་གྱིས་དུབ་གྱུར་ཀྱང༌། །ལེགས་བཤད་སྐྱེས་དང་ཕྲད་པ་རྙེད་དཀའ་ཞེས། །མི་ལྡོག་བརྩོན་པའི་གོ་ཆ་ཉེར་བླངས་ཏེ། །སློབ་དཔོན་མཁས་པའི་སྤྱན་སྔར་ཀ་ཙན་ཟུང༌། །སྙན་དངགས་སྡེབ་སྦྱོར་བཅས་པ་ལེགས་སྦྱངས་པས། །ལེགས་བཤད་བདུད་རྩི་གསར་པའི་དོག་པ་ཡིས། །སྙིང་གི་བུམ་པ་གང་བར་གྱུར་པ་ལགས། །དྲེགས་ལྡན་ལྷ་མིན་ཕལ་གྱིས་མ་ཐོབ་པའི། །བརྡ་སྤྲོད་གཞུང་བརྒྱའི་ཆུ་བོ་འདུས་པའི་བཅུད། །རྣམ་དཔྱོད་ཟེ་འབྲུར་སོན་པའི་ལེགས་བྱས་གང༌། །ངོ་མཚར་བསྐལ་བ་སྟོང་གིས་བསྐྲུན་ནམ་སྙམ། །ཞེས་གསུངས་པ་ལྟར་རོ། །
                     དེ་ནས་གསོལ་དཔོན་བསྟན་པ་དར་རྒྱས་དང༌། སྔགས་རམས་པ་ཆོས་འཛིན་དར་རྒྱས་གཉིས་ལ་ཡང་ཁོང་གི་དྲུང་ནས་སྐར་རྩིས་ལེགས་པར་སློབ་ཏུ་བཅུག །དགུང་ལོ་སོ་དྲུག་པའི་ལོ་གསར་སྨོན་ལམ་གྱི་སྐབས་ཀྱི་གསུང་ཆོས་སོགས་སྔར་རྒྱུན་ལྟར་གནང༌། རྗེ་ཉིད་དབུས་སུ་བཞུགས་སྐབས་པཎ་ཆེན་ཐམས་ཅད་མཁྱེན་པ་ནས་དུས་འཁོར་གྲྭ་ཚང་ཞིག་འདེབས་དགོས་ཀྱི་བཀའ་ལུང་ཡོད་པས། དེར་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱས་ཏེ། མ་འོངས་པ་ན་རིགས་ལྡན་གྱི་གདུལ་བྱར་འགྱུར་བའི་རྟེན་འབྲེལ་བསྒྲིག་ཆེད་དང༌། སྤྱིར་ཡང་ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་སྲོལ་རྒྱུད་སྡེ་གཞན་དང་ཐུན་མོང་མ་ཡིན་པ་འདི་ཉིད་དུས་དབང་གིས་ཆེས་ཉག་ཕྲ་བར་འདུག་པ་སླར་གསོ་བའི་ཕྱིར་དུ། ནག་ཟླའི་ཉ་ལ་དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་བཏབ་སྟེ། ཐོག་མར་ཆོས་ཀྱི་ཁྲི་ལ་རྗེ་ཉིད་ཀྱི་ཞབས་སེན་བཀོད་དེ་ཆོས་ཐུན་ཁ་ཤས་གནང་ཞིང༌། དེ་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གནད་ལ་ནང་བྱན་ཆུད་པའི་མཁས་པའི་དབང་པོ་ལྷོ་པ་སྔགས་རམས་པ་གྲྭ་ཚང་གི་དཔོན་སློབ་དང༌། དགེ་བའི་བཤེས་གཉེན་རབ་བརྟན་རྒྱ་མཚོ་རྡོ་རྗེ་འཛིན་པར་བསྐོ་བཞག་མཛད། རྒྱུན་གྱི་སྒྲིགས་ལམ་སོགས་ཀྱི་རིམ་པ་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་ཆོ་ག །པཎ་ཆེན་གོང་མས་མཛད་པའི་དུས་འཁོར་ལྷ་བཅུ་གསུམ་མ། རྣམ་སྣང་མངོན་བྱང༌། འཇམ་དཔལ་མཚན་བརྗོད་རྣམས་རྒྱུན་འདོན་དང༌། མཚམས་མཚམས་སུ་ཆོས་སྐྱོང་སོ་སོའི་དུས་གཏོར་དང༌། དུས་ཚིགས་ངེས་ཅན་ལ་ཕྱག་རྒྱ་དང་དབྱངས་རྟ་སོགས་སློབ་རྒྱུ། ནག་ཟླའི་དུས་ཆེན་དང་བསྒྲིགས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཞིབ་རྒྱས་གར་ཐིག་དབྱངས་དང་བཅས་པ་པཎ་ཆེན་ན་རིམ་གྱི་ཕྱག་བཞེས་ཉམས་མེད། སྟོན་ཀུན་རིག་གི་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཕྱག་ལེན་སྐྱོར་རྟ་སོགས་སྐྱོར་མོ་ལུང་པའི་ཕྱག་སྲོལ་མ་ནོར་བ། ཆོས་གྲྭ་ནས་ཊཱིཀ་ཆེན་དེ་ཉིད་སྣང་བ། རྒྱལ་ཚབ་རྗེ་དང་བ་སོ་བའི་དུས་འཁོར་བསྐྱེད་རྫོགས། རྒྱུད་སྡེ་སྤྱི་རྣམ་བཅས་ཀྱི་འཆད་ཉན་གནད་སྨིན་བྱེད་དགོས་པར་བཀས་བཅད་ཅིང༌། རྒྱུད་འདིའི་ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་ཞིབ་པར་ཤེས་པ་ལ། བྱེད་གྲུབ་ཀྱི་རི་མོ་ལ་གོ་བ་རྩལ་ཐོན་པ་ཞིག་མེད་མི་རུང་དུ་དགོས་པའི་གནད་ཀྱིས་སྐར་རྩིས་ལ་སྦྱང་དགོས་པ་དང༌། གཞན་ཡང་ཀ་ཙན་གཉིས། དབྱངས་ཅན་སྒྲ་མདོ། ལཉྩ་སོགས་ཡིག་རིགས་སྣ་ཚོགས། གཏོར་མའི་བཅའ་བཟོ། རོལ་མོ་འབུད་དཀྲོལ་གྱི་རིགས་སོགས་དབང་པོའི་རིམ་པ་དང་མཐུན་པར་སློབ་རྒྱུའི་བཀོད་ཁྱབ་སོགས་སྒྲིགས་ལམ་འདི་ཐམས་ཅད་དུས་གཅིག་ཏུ་བཙུགས་པ་མིན་ཡང༌། དེ་ནས་བཟུང་སྟེ་སྐབས་སུ་གང་བབས་ཐབས་མཁས་ཀྱི་སྒོ་ནས་རིམ་པ་བཞིན་གནང་སྟེ་གཉིས་མེད་དུས་ཀྱི་འཁོར་ལོའི་ལམ་སྲོལ་ཆ་ཐམས་ཅད་ནས་ཡར་རྒྱས་སུ་སྤེལ་བའི་རྒྱུ་ཚོགས་ཚང་བར་བསྒྲུབས། རྣམ་སྣང་མངོན་བྱང་བཙུགས་པའི་དགོས་པ་ཡང༌། ད་ལྟ་སྤྱོད་རྒྱུད་ལ་དབང་དང་ཆོ་ག་བཤད་ཉན་གང་གི་ངོས་ནས་ཀྱང་ཕྱོགས་མཐའ་དག་ཏུ་ཕལ་ཆེར་ནུབ་པ་ལྟར་སོང་འདུག་པ་འདི་ཅུང་ཟད་གསོ་ཨེ་ཐུབ་ཀྱི་ཐུགས་དགོངས་ཡིན་པས། ཕྱིས་འདི་ཉིད་ཀྱི་དབང་ཡང་ཆེད་དུ་གཏད་ནས་གནང་སྟེ། སྔོན་རྗེ་ཐམས་ཅད་མཁྱེན་པས་ཀྱང་དོན་འདི་ལ་དགོངས་ནས། རྣམ་སྣང་གི་དངུལ་སྐུ་ཆེན་མོ་བཞེངས་པ་ཡིན་པས། ཚུལ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ཐུགས་ལ་བཅངས་ཏེ། སྒོ་ཐམས་ཅད་ནས་དེའི་དོན་འབའ་ཞིག་མཛད་པའི་རྣམ་པར་ཐར་པ་བསམ་གྱིན་དད་པའི་སྙིང་རྩ་འདར་བའི་འོས་ཤིག་ཡིན་ནོ།།

                བདེ་ཐང་བློ་བཟང་ཡོན་ཏན་ནས་གྲྭ་ཁང་གི་ཐེབས། ཆས་འཇུག་དང་མཆོད་རྫས་དུ་མ་སོགས་གསར་ཚུགས་ཀྱི་མཐུན་རྐྱེན་ཕུལ་དུ་ཕྱིན་པ་བསྒྲུབས། དེ་སྐབས་དགོན་ལུང་གི་མཁན་སར་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ་བཞུགས་ཡོད་པ་གོང་མའི་ལུང་གིས་རྒྱལ་ཁབ་ཆེན་པོར་ཕེབས་དགོས་བྱུང་བར་བརྟེན། ཆེ་བགྲེས་ཀུན་ནས་གྲོས་མཐུན་གྱིས་དེ་ཀའི་མཁན་པོ་མཛད་རྒྱུའི་གསོལ་བ་འདེབས་པར་རྒྱུད་པ་བླ་མ་བློ་བཟང་དགེ་ལེགས། ལོ་ཀར་ནང་སོ། ཐུའུ་བཀྭན་རིན་པོ་ཆེའི་ཕྱག་མཛོད་ངོ་གཡོག་བཅས་འབྱོར་ཏེ་སྙན་གསན་ཕུལ་བར། དགོན་ལུང་གི་ཁྲིར་སྡོད་ཐུབ་མི་ཐུབ་གང་ལྟར་ཡང༌། སྤྲུལ་བའི་སྐུ་ས་ཐག་རིང་པོར་ཕེབས་རྒྱུ་ཡིན་འདུག་པས་མཇལ་འཕྲད་བྱེད་པར་ཅིས་ཀྱང་འགྲོ་དགོས་གསུངས་ཏེ་འཕྲལ་དུ་ཕེབས། ཐུའུ་བཀྭན་རིན་པོ་ཆེས་གཙོས་བླ་མ་ལས་སྣེ་རྣམས་ཀྱིས་དམར་གཙང་མདོ་ནས་ཆིབས་བསུ་ཞུས་ཤིང༌། ངུར་སྨྲིག་འཆང་བའི་དགེ་འདུན་ཉིས་སྟོང་ཙམ་གྱི་སེར་སྦྲེང་དང་བཅས་དགོན་ལུང་དུ་ཕྱག་ཕེབས་ནས་ཐུའུ་བཀྭན་བླ་བྲང་དུ་བཞུགས། ཐམས་ཅད་ཀྱིས་ཡང་ཡང་གསོལ་བ་ནན་ཆེར་བཏབ་པས་ཁྲིའི་ཞལ་བཞེས་མཛད་དེ། ཟླ་ཚེས་བཟང་པོ་ལ་ཡུལ་མདོ་སྨད་ཀྱི་དགོན་སྡེ་ཇི་སྙེད་ཅིག་ཡོད་པའི་ནང་ནས། མཚན་ཉིད་ཀྱི་འཆད་ཉན་ཐོག་མར་དར་བའི་གནས། རྒྱལ་བ་ཡོན་ཏན་རྒྱ་མཚོ་དང༌། པཎ་ཆེན་བློ་བཟང་ཆོས་རྒྱན་རྣམ་གཉིས་ཀྱིས་དགེ་ལྡན་རིང་ལུགས་དྲི་མ་མེད་པ་ཕྱོགས་མཐར་སྤེལ་བའི་ཆེད་དུ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་ཆེད་གཏད་ཀྱིས་རྫོང་སྟ་མཛད་ནས་ཕྱག་འདེབས་གནང་བའི་གདན་ས་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་ཆོས་ཀྱི་ཁྲི་ལ་ཞབས་སེན་ཉེ་བར་བཀོད། ཐུའུ་བཀྭན་བླ་བྲང་གིས་གཙོས་སྤྱི་སྒེར་སོ་སོ་ནས་རྟེན་འབྲེལ་གྱི་བདོག་པ་རྒྱ་ཆེ་ཞིང་དངོས་གཙང་བ་ཞུས། ཞབས་འབྲིང་དུ་འོང་བ་གཞུང་བརྒྱ་སྨྲ་བའི་ཁྱུ་མཆོག་དགེ་བཤེས་བཟོད་པ་སོགས་ཀྱིས་དམ་བཅའ་བཞག་སྟེ་བློ་གསལ་རྣམས་ལ་ཆོས་ཀྱི་དགའ་སྟོན་སྤེལ། ཐུའུ་བཀྭན་རིན་པོ་ཆེར་སྨན་བླ་མཆེད་བདུན། རྟ་མགྲིན་ཤྭ་ན་བཞི་སྐོར། ཁྲོ་རྒྱལ་གཙུག་ཏོར་འབར་བ་སོགས་ལྷ་དུ་མའི་རྗེས་གནང་དང༌། མགོན་པོའི་བེའུ་བུམ་སོགས་ཀྱི་ལུང་མང་དུ་སྩལ། ཀུན་མཁྱེན་གོང་མའི་ཐུགས་དམ་རྟེན་བྲིས་སྐུའི་མན་ངག་ལྟར་བཞེངས་པའི་མགོན་པོའི་ཐང་སྐུ་བྱིན་ཅན་དེ་ཡང་གནང་སྟེ་འཕྲིན་བཅོལ་དང་བཀའ་བསྒོ་ནན་ཏན་མཛད་ཅིང༌། སྨད་ཕྱོགས་སུ་ཕེབས་ནས་འཇམ་དབྱངས་གོང་མ་ཆེན་པོ་དང༌། ལྕང་སྐྱ་རྡོ་རྗེ་འཆང་གི་དགོངས་པར་གང་མཐུན་གྱི་ངོས་ནས་དགེ་ལྡན་བསྟན་པ་ཡོངས་ལ་ཕན་པའི་མཛད་ཁྱབ་རླབས་གང་ཆེ་དགོས་ཚུལ་གྱི་བསླབ་བྱ་ཞིབ་རྒྱས་དང༌། སྐུ་ཚེ་སྔ་མ་མང་པོར་འབྲེལ་ཚུལ། ཁྱེད་ཀྱིས་ཀྱང་ད་ལྟའི་བར་དུ་ངའི་སེམས་དང་མི་མཐུན་པ་ཅུང་ཟད་ཀྱང་བྱེད་མ་མྱོང་བས་དམ་ཚིག་གཙང་བའི་མཐུས་ཐུགས་བཞེད་རྣམས་ལྷུན་གྱིས་འགྲུབ་ཡོང་ཞིང༌། རང་རེ་ད་དུང་ཚེ་འདིར་མཇལ་ཡོང་ཞེས་ནང་སྦྱར་གྱི་གསུང་འཕྲོས་ལྷུགས་པར་གནང༌། རྒྱ་ནག་ཏུ་འགྲོ་མཁན་གྱི་ཞབས་ཕྱི་མང་དང་བཅས་པར་ཇ་གྲལ་ཐོག་དགྱེས་པའི་བཀའ་མཆིད་དང་ཕེབས་རྫོངས་གྱ་ནོམ་པ་བསྟར།

                དེ་སྐབས་གྲལ་གྱི་གཤམ་ཙམ་ན་ཡོད་པའི་ཞབས་ཕྱི་དཀྱུས་མ་ཞིག་ལ་གཟིགས་ཏེ་འདིས་ཁྱེད་ལ་ཕན་ཐོགས་པ་ཡོང་ཤས་ཆེ་གསུངས་ཤིང༌། ཅུང་ཞིག་བཞུགས་ནས། ཨ་ཙ་མ་ཚེ་རིང་པོ་བྱུང་ན་གསུངས། ཕྱིས་ཁོང་སྨད་དུ་ཕེབས་ནས་མ་འགྱངས་པར་ཕྱག་མཛོད་སྔ་མ་གྲོངས་ཏེ་གསར་པ་བསྐོ་བཞག་གི་དོན་དུ། ཞབས་ཕྱི་ཁ་ཤས་ཀྱི་མིང་བྲིས་ནས་ལྕང་སྐྱ་རྡོ་རྗེ་འཆང་ལ་བརྟག་པ་ཞུས་པར་སྔར་སྐྱབས་མགོན་མཆོག་ནས་ལུང་བསྟན་པ་དེ་ཉིད་ལ་བབས། རྒྱ་ནག་ཏུ་བཞུགས་རིང་ཐུགས་ཕན་ཤིན་ཏུ་ཐོགས་པ་བྱུང་ཡང་ཡར་ལམ་གློ་བུར་དུ་འདས་འདུག་པས་སྔར་གྱི་གསུང་དེ་ཇི་ལྟ་བ་བཞིན་བྱུང༌། སྒོ་ཀྱ་ཞབས་དྲུང༌། རྒྱ་ཡག་ཞབས་དྲུང༌། ཝང་ཀྱ་ཆོས་རྗེའི་ཞབས་དྲུང་སོགས་བསྒྲུབ་བྱ་ཕྱེད་ཉིས་བརྒྱ་སྐོར་ཞིག་མཁན་སློབ་སྦྲགས་མ་མཛད་དེ་བསྙེན་པར་རྫོགས། དོན་གཉེར་ཅན་འགའ་ཞིག་ལ་འདོད་ཆོས་ཀྱང་ཁ་ཤས་སྩལ། ལྔ་པའི་ནང་དུ་འདི་ཀའི་གདན་སར་ཕེབས་ཏེ་དགོན་པར་འགྱེད་ཆེན་ཞིག་གནང༌། སྟོན་དགོན་ལུང་དུ་འཆད་ཉན་མཛད། དགུན་རྒྱ་ཡག་མཁན་པོས་གདན་དྲངས་ཏེ་སྐུ་འབུམ་དུ་ཕེབས། ཚོགས་མང་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། རྒྱུད་པ་བླ་ཟུར་ཚུལ་ཁྲིམས་རྒྱ་མཚོ་ལ་ཡོན་ཏན་གཞིར་གྱུར་མའི་ཁྲིད། རྒྱ་ཡག་མཁན་པོ་སོགས་གྲྭ་པ་བརྒྱ་སྐོར་ལ་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་ཕྱེད་དང་ཉིས་བརྒྱ་སྐོར། ཚེ་རྟ་མགོན་གསུམ་དང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སོགས་འཛད་པ་མེད་པའི་ཆོས་ཀྱི་བདུད་རྩིའི་དགའ་ཆར་ཕབ། སོས་ཀ་ཐུའུ་བཀྭན་རིན་པོ་ཆེ་ཕེབས་སྐབས། ལྕང་སྐྱ་རྡོ་རྗེ་འཆང་ཆེན་པོར་ཞུ་ཡིག་ཕུལ་བའི་ནང་དུ། ཕྱོགས་འདིའི་ལུས་ཅན་རེ་བ་སྐོང་བ་དང༌། །སྐལ་ལྡན་གདུལ་བྱ་རྗེས་སུ་འཛིན་པའི་ཕྱིར། །རྨད་བྱུང་ཀུན་བཟང་སྤྱོད་པའི་ཐབས་མཁས་ཀྱིས། །རིང་པོར་མི་ཐོགས་ཕྱོགས་འདིར་ཞབས་བསྐྱོད་ཞུ། །ཞེས་སོགས་གསོལ་བ་འདེབས་པའི་མཚམས་སྦྱོར་གྱིས་ཐུགས་རྗེ་བསྐུལ་བས། ཉིད་ཀྱི་ཡབ་སྐུ་མ་འཚོ་བར་བསྙད་ནས་གོང་མ་ཆེན་པོར་དགོངས་ཁྲོལ་ཞུས་ཏེ། བཅུ་གཅིག་པའི་ནང་དུ་སྐྱབས་མགོན་རྡོ་རྗེ་འཆང་ལྕང་སྐྱ་རོལ་པའི་རྡོ་རྗེ་དགོན་ལུང་དུ་ཕེབས་པར་ཆིབས་བསུ་དང་ཤངས་ལེན་ཡང་དག་མཛད། བཀྲ་ཤིས་འཁྱིལ་དུ་གདན་འདྲེན་གྱི་ཞུ་བ་ཕུལ་ཡང་བྲེལ་དབང་གིས་ཕེབས་པ་མ་ཤར་བས། རྗེ་ཉིད་ནས་བཀོད་ཁྱབ་མཛད་པ་ལྟར་གདན་ས་ནས་འོང་བའི་མི་སྣ་ཧྲག་བསྡུས་ཀྱིས་དངོས་འབུལ་གཏོས་ཆེ་བ་དང་བཅས་ཞབས་བརྟན་ཕུལ་ཞིང༌། ལྕང་སྐྱ་རྡོ་རྗེ་འཆང་ནས་ཀྱང་མགྲོན་གཉེར་ཆེད་གཏོང་གིས་དགོན་པར་མང་འགྱེད་སོགས་གཟིགས་པ་ཤིན་ཏུ་ཆེ་བར་མཛད། ཕྱག་རྡོར་འཁོར་ཆེན་དང་འཇམ་རྡོར་གྱི་དབང་སོགས་ཆོས་བཀའ་ཅི་རིགས་གསན་ཅིང་ཡབ་སྲས་གཉིས་ནས་ཉིན་རེ་བཞིན་མདོ་སྔགས་ཀྱི་དཀའ་གནད་དུ་མར་དོགས་གཅོད་དང༌། བསྟན་སྲིད་ཀྱི་བཀའ་མཆིད་ཀྱང་མང་དུ་གནང་སྟེ་རྒྱུན་པར་བཅར་བཞུགས་ལྟ་བུ་མཛད་པ་ལ་འགའ་ཞིག་གིས་དེ་ཙམ་རང་གནང་ན་མི་དགའ་ཞུས་པར་བརྟེན་ཉིན་གཅིག་མ་ཕེབས་པས། འཇམ་དབྱངས་བཞད་པ་ཚང་མ་ཕེབས་པ་ཨེ་རེད་གསུངས་ནས་མ་མཉེས་པ་ལྟ་བུས་བཞེས་པ་ཡང་ཆེར་མ་གནང༌། ཕྱི་ཉིན་ཡང་དེ་ལྟར་མཛད་པས་ལྕང་སྐྱ་རྡོ་རྗེ་འཆང་གི་ཞབས་ཕྱི་རྣམས་ནས་རྗེ་འདི་ལ་ཁྱེད་མ་ཕེབས་ན་སྐུ་ཞབས་ནས་བཞེས་པ་ཡང་དྲང་པོར་མི་མཛད། ཁྱེད་ཕེབས་དུས་ཐུགས་དགྱེས་ནས་གར་བཞེས་མི་ཚོར་བ་ལྟ་བུས་སྐུ་ཉམས་ཡང་བཟང་བར་འདུག་སྟབས་ཕེབས་ན་ལེགས་ཞེས་བསྐུལ་མ་བཏབ། དགུང་ལོ་སོ་བདུན་པ་ཤིང་སྤྲེལ་གྱི་ལོ་གསར་ཡང་ཡབ་སྲས་ལྷན་དུ་མཛད། ལོ་དེར་འདི་ཀའི་སྨོན་ལམ་སྦྱིན་བདག་ཐོར་གོད་ཇ་སག་ཡིན་པས་ཁོང་ནས་ནན་གྱིས་ཞུས་པར་བརྟེན་སྨོན་ལམ་སྟེང་གདན་སར་ཕེབས་ཏེ་གསུང་ཆོས་སོགས་ཀྱིས་རེ་བ་བསྐངས་ནས་སླར་ཡང་དགོན་ལུང་དུ་ཕེབས། དཔྱིད་ཐོག་ལྕང་སྐྱ་རྡོ་རྗེ་འཆང་ལ་རྗེ་ཉིད་ནས་གསོལ་བ་བཏབ་སྟེ་དགོན་ལུང་ཚོགས་ཆེན་ལ་ཟླ་བ་གཅིག་གི་རིང་འཇམ་དཔལ་ཞལ་ལུང་གི་ཁྲིད་སྨིན་རྒྱས་སུ་སྩལ། གཡེར་གཤོང་སྤྲུལ་བའི་སྐུ་ནས་ལྕང་སྐྱ་ཐམས་ཅད་མཁྱེན་པ་མཇལ་བར་ཕེབས་པའི་ཞར་ལ་རྗེ་འདིར་ཡང་དངུལ་སྲང་ལྔ་བཅུ་སོགས་ཀྱི་དངོས་འབུལ་བཏེག་སྟེ་ཆོས་བཀའ་འགའ་ཞིག་ཞུས། དེས་མཚོན་ཕྱོགས་ཀྱི་བླ་དཔོན་ཆེ་གཉན་མང་དུ་འདུས་པ་སོ་སོ་ནས་འདོད་ཆོས་ཞུས་པ་དང༌། རྡོ་རྗེ་འཆང་ཆེན་པོར་སྙན་སྒྲོན་གྱི་ཞུ་འབུལ་བྱེད་པ་མཐའ་དག་འོས་འཚམ་དང་མཐུན་པའི་ཐབས་ཀྱི་སྒོ་ནས་འདུན་པ་བསྐང༌། ལྕང་སྐྱ་རྡོ་རྗེ་འཆང་གི་མདུན་དུ་བསྙེན་རྫོགས་ཞུ་མི་ཆེས་མང་དུ་བྱུང་བར་རྡོ་རྗེ་འཆང་ཉིད་ནས་མཁན་པོ་མཛད་ཅིང་རྗེ་འདི་ལ་ལས་སློབ་བྱེད་དུ་བཅུག་པས་ཕྱིས་སུ་ཡང་དེ་སྐབས་བླ་མ་འོ་བརྒྱལ་མེད་པར་བྱས་པས་ལེགས་པོ་བྱུང་ཞེས་ཞལ་ནས་གསུངས།

                    གདན་ས་ནས་སྡེ་ཁྲི་སྤྲུལ་བའི་སྐུ་དང༌། ཨ་བར་དཀའ་བཅུ་སོགས་མཇལ་དུ་འོང་བར་རྗེ་ཉིད་ནས་དཀའ་བཅུ་ལ་དགོན་ལུང་དུ་དམ་བཅའ་འཇོག་བཅུག་པས། ལྕང་སྐྱ་རྡོ་རྗེ་འཆང་ནས་ཀྱང་གཟིགས་ཏེ་རྣམ་དཔྱོད་ཕུལ་དུ་ཕྱིན་པར་དགྱེས་པའི་སྤྱན་བསྐྱང་ཚད་མེད་པ་མཛད། རྗེ་འདི་ལ་ཁྱེད་ཀྱི་གྲྭ་པའི་ཁྲོད་ན་གཤིན་རྗེའི་ངར་དབྱངས་ཤེས་མཁན་ཨེ་ཡོད་གསུངས་པས། རབ་འབྱམས་པ་ཕུན་ཚོགས་སོགས་སྐད་བཟང་ཁ་ཤས་ཡོད་པ་རྣམས་ལ་འཐེན་དུ་བཅུག་པས། ཤིན་ཏུ་དགྱེས་ནས། འདི་འདྲ་ཞིག་ཡིན་དགོས། ད་ཕྱིན་ཆད་ཉམས་སུ་མ་འཇུག་གསུངས་པ་སོགས་ཆ་ཤས་ཕྲ་མོ་ནས་ཀྱང་བསྟན་པ་ཐུགས་ལ་བཅགས་པའི་བཀའ་ནན་ཕེབས། དེ་ནས་དགོན་ལུང་གི་གྲྭ་བགྲེས་རྣམས་ལ་མཚམས་འདིར་ལྕང་སྐྱ་ཐམས་ཅད་མཁྱེན་པ་ཁྲིར་བཞུགས་རྒྱུ་ཞིག་བྱུང་ན་རྟེན་འབྲེལ་དང་བྱིན་རླབས་ཀྱི་ཁྱད་ཆེ་ཚུལ་འཆར་སྟོན་གནང་ནས་ཁྲིའི་དགོངས་པ་ཞུས་ཏེ་སླར་རང་གི་གདན་སར་ཆིབས་ཁ་བསྒྱུར། དེ་སྐབས་ཆིང་ཝང་རྡོ་རྗེ་ཕ་ལམ་བྱ་ཁྱུང་དུ་བཞུགས་ཡོད་པས་དེར་གདན་དྲངས། གྲྭ་མང་གིས་ཆོས་འབྲེལ་ཞིག་ཞུས་པར་ལམ་རིམ་གྱི་དབུ་ནས་ཆོས་ཐུན་གཅིག་གནང༌། བླ་གྲྭ་རྣམས་ཀྱིས་དང་པོར་ཞབས་ཏོག་སོགས་སྤྱི་འགྲོ་སྤམ་མེ་བ་ཞིག་ཏུ་ཡོད་པ་ལ། དེ་ནས་བཟུང་དད་གུས་ཚད་མེད་པ་རྙེད་དེ། ཕྱིར་ལམ་ཆིབས་སྐྱེལ། སེར་སྦྲེང་སོགས་ཀྱི་བཀུར་གཟོས་དཔེ་ཟླ་དང་བྲལ་བ་ཞུས། མཁན་ཆེན་རིན་པོ་ཆེ་དང་ད་ནའི་ནང་དུ་མཇལ་འཛོམ་གྱི་དུས་བཏབ་ཡོད་པར། ཁོང་སྐུ་ན་སྨིན་ཆེས་པས་སྐུ་བསྙེལ་གྱི་དོགས་ནས་འགྱོག་བྱམས་ལ་གདན་དྲངས་ཏེ། སྒར་ཐོག་ཏུ་མཇལ་འཛོམ་མཛད། ལྕང་སྐྱ་རྡོ་རྗེ་འཆང་ལ་ཁོང་གི་ཞབས་བརྟན་ཞིག་ལྗགས་རྩོམ་ཞུས་ཡོད་པ་དེ་ལན་གསུམ་གསུངས་ནས་བརྟན་བཞུགས་ཕུལ་ཏེ་དངོས་འབུལ་ཡང་རྒྱ་ཆེར་བཏེག །དྲུང་ཡིག་བློ་བཟང་རྒྱ་མཚོས་ཞུས་ངོར་མཁན་ཆེན་པའི་ཞལ་སྔ་ནས་དང་བཅས་པར་རྒྱལ་ཐང་བའི་གཅོད་གཞུང་དང༌། གོང་སྨོས་ཞབས་བརྟན་གྱི་ལྗགས་ལུང་སྩལ། ལོ་འདིའི་དགུང་ཀེགས་ལ་དམིགས། མཁན་ཆེན་རིན་པོ་ཆེ་ནས་བརྟན་བཞུགས་ཕུལ་ཞིང་ཞབས་བརྟན་གསར་རྩོམ་མཛད་པའང་ཚོགས་སུ་བཙུགས། དེར་འཁོད་ཀྱི་གྲོང་པ་སོ་སོས་ཡབ་སྲས་གཉིས་ལ་བསྙེན་བཀུར་བསྟབས་པར་འདོད་ཆོས་ཅི་རིགས་གནང༌། རིམ་གྱིས་གདན་སར་ཕེབས་ཏེ་བཀའ་ཆོས་མང་དུ་སྩལ་ཅིང་རབ་བྱུང་བསྙེན་རྫོགས་ཀྱང་ཁ་ཡར་མཛད། དགུང་ལོ་སོ་བརྒྱད་པ་ཤིང་བྱའི་ལོ་གསར་དང༌། ཆོ་འཕྲུལ་སྨོན་ལམ་གྱི་གསུང་ཆོས་སོགས་སྔར་འཁྱུད་ལྟར་གནང༌། དཔྱིད་ཆོས་སྐབས་གཞན་མའི་ཐུགས་བྲེལ་མང་ཡང༌། དོ་གལ་ཆེར་གནང་གིས་རིགས་ལུང་གི་རྒྱུགས་བཞེས་ཏེ། ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་ཚུལ་མཐུན་རྣམས་གཟེངས་བསྟོད། སྐྱབས་མགོན་ཉིད་ནས་ཡང་ཡང་དེ་ལྟར་མཛད་པའི་ཐུགས་རྗེ་དང་སྤྱན་ལྟོས་ཀྱིས། སྐབས་དེའི་གྲྭ་ཐོག་ཕལ་ཆེར་ཡང་འཇིག་རྟེན་གྱི་གཡེང་བ་མཐའ་དག་རྒྱབ་ཏུ་བསྐྱུར་ནས་དཔེ་ཆ་སློབ་གཉེར་མ་གཏོགས་བསམ་རྒྱུ་མེད་པ། ཀུན་གཟིགས་ལྔ་པ་ཆེན་པོའི་རྣམ་ཐར་ལས། ལར་མཚན་ཉིད་པའི་དུས་འདིར་བླ་ཆེན་གྱི་བཟང་རྫུ། མི་ཆེན་གྱི་སྒྲིགས་མ། སྒོམ་ཆེན་གྱི་སྦུབས་སྡིར། སྔགས་པའི་བརྟུལ་ཞུགས། བླ་ཆུང་གི་མི་ཆོས་སོགས་རེ་དོགས་གང་ཡང་མི་དགོས། དགེ་འདུན་སྤྱི་ཁྲིམས་དང་མ་འགལ་ཞིང་དཔེ་ཆ་རིགས་ལུང་ནུས་ཕྱིན་རྣམ་གྲངས་མང་པོའི་གཡེང་བའི་རྡོ་ཞ་དང་སོ་ཕག་གི་ཁྲེས་པོ་ནི་མེད། སྣང་བ་གདོང་གཏད་ཀྱི་ཉམས་འཆར། འཕྲལ་བློ་བདེ། ཕུགས་ཞེ་གཙང༌། ཆོས་སྤྱོད་ཀྱི་གདངས་དང་ཐལ་སྐད་ཀྱི་སྒྲ་ཐོས་ཚེ་སྙིང་ཁུང་བདེ་སིང་སིང་ཡོང་བའི་ཆོས་པའི་ཡང་རྩེར་ཡོད་དོ། །ཞེས་གསུངས་པ་ཇི་ལྟ་བ་ཞིག་བྱུང༌། དཔྱིད་ཆོས་གཉིས་པའི་སྟེང་རྒྱུད་པའི་ཁྲི་ཁར་ཕེབས་ཏེ། བདག་འཇུག་ཉིན་ལྟར་བཞེས་ཤིང༌། སྨད་རྒྱུད་ལྟར་གྱི་སྒྲིགས་ལམ་ཐུན་མོང་མ་ཡིན་པ་དུ་མ་གསར་འཛུགས་དང༌། ཕྱག་ལེན་རྣམས་ལ་དག་ཐེར་ཞིབ་ཏིག་གནང༌། དཔལ་ལྡན་འདུས་པའི་དགེ་འདུན་དམ་པ་རྒྱུད་གྲྭ་སྤྱི་ནས་གསོལ་བ་བཏབ་པ་བཞིན། ཆོས་གྲྭར་རྒྱུད་པ་ཚོགས་ཡོངས་དང་གཞན་དོན་གཉེར་ཅན་དུ་མ་བཅས་ལ་ཡབ་རྗེ་རྒྱལ་བ་གཉིས་པའི་གསུང་གི་སྙིང་པོ་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ལུང་སྨིན་རྒྱས་སུ་སྩལ་ཏེ། རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་གསང་བ་འདུས་པའི་དགོངས་དོན་རྡོ་རྗེའི་ཚིག་གི་མདུད་རྒྱ་བཀྲོལ་ནས་ཟབ་གནད་ཐང་མར་བརྡལ་བའི་ལེགས་བཤད་ཀྱི་དགའ་སྟོན་ལྷུགས་པར་གནང༌། དེའི་ཞར་ལ་འདོན་ཆ་ཡོངས་རྫོགས་དང༌། དྭགས་པོ་ནམ་མཁའ་གྲགས་ཀྱི་བསྐྱེད་རྫོགས་གཉིས་ཀའི་ལྗགས་ལུང༌། མཚམས་མཚམས་སུ་དཀའ་གནད་མདོར་འདྲིལ་བའི་གསུང་བཤད་དོགས་གཅོད་དང་བཅས་པ། གྲྭ་ཁང་སྟེང་ནས་དོན་གཉེར་ཅན་ཧྲག་བསྡུས་ལ་རྒྱུད་ཆེན་གོང་མ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཐུགས་ཀྱི་གཅེས་ནོར། ཁྲིད་ཆེན་བརྒྱད་དུ་གྲགས་པའི་ཁྲིད་དམིགས་གནད་འདྲིལ་ཞིང་གོ་བདེ་བ། སོ་སོའི་ལག་རྗེས་འཇོག་ཚུལ། གེགས་སེལ་བོགས་འདོན་གྱི་མན་ངག་དང་བཅས་ཆ་ཚང་བ་གནང་སྟེ། དེ་ནས་གཟུང་གསང་སྔགས་རྡོ་རྗེ་ཐེག་པའི་འཆད་ཉན་གྱི་རྐང་ཚུགས་པས་ཆོ་ག་འདོན་ཙམ་གྱིས་རྒྱུད་གྲྭར་མིང་བཏགས་པ་ལྟ་བུ་མ་ཡིན་པར། ངེས་དོན་གྱི་རིག་པ་འཛིན་པའི་སྔགས་གྲྭ་མཚན་དོན་མཐུན་པ་བྱུང་བ་འདི་ཡང་དམ་ཆོས་འཛིན་པའི་སྨོན་ལམ་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་གོ །

                      དབྱར་ཐོག་གདན་ས་ཆེན་པོ་སྐུ་འབུམ་ནས་གྲྭ་སློབ་འདུན་པ་གཅིག་གི་སྒོས། སྐྱབས་མགོན་ཉིད་ཁྲིར་བཞུགས་དགོས་ཀྱི་ཞུ་བ་འབུལ་བར་མི་སྣ་ཧྲག་བསྡུས་མངགས་པ་རྣམས་འབྱོར། གསོལ་བ་ནན་ཆེར་བཏབ་པས་ཞལ་གྱིས་བཞེས་ཏེ། ལྔ་པའི་ཟླ་མཇུག་ཙམ་ལ་སོག་པོའི་ནང་བརྒྱུད་ནས་དེ་ཕྱོགས་སུ་ཆིབས་བསྐྱོད། བླ་མ་སྤྲུལ་སྐུ། གཉེར་ལས་འཛིན་སོགས་རྟ་བསུ་ཕོན་ཆེ་བ་དང༌། བསླབ་གསུམ་ངུར་སྨྲིག་འཆང་བའི་དགེ་འདུན་སྟོང་ཕྲག་དུ་མའི་སེར་སྦྲེང་གི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་དེར་ཕྱག་ཕེབས། སྤྱི་སྒེར་ཐམས་ཅད་ནས་ནུས་པ་རྩལ་སྤྲུགས་ཀྱིས་ཤངས་ལེན་དང་ཕུ་དུད་ཁྱད་དུ་ཐོན་པ་ཞུས། ཧོར་ཟླ་དྲུག་པའི་ཚེས་བརྒྱད་ལ་བློ་བཟང་འཇམ་དཔལ་སྙིང་པོའི་ཐུགས་རྗེའི་གཟི་བྱིན་གྱི་མཐུ་ལས་འགྲོ་བ་མ་ལུས་པའི་བསོད་ནམས་ཀྱི་ཞིང་ས་གཅིག་པུར་གྱུར་པ་རྒྱལ་བའི་དབང་པོ་རིམ་བྱོན་གྱི་གདན་ས་ལུམྦིའི་ཚལ་དང་རྗེས་སུ་མཐུན་པའི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་མི་འཇིགས་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་སེན་ནོར་བུའི་རེ་ཁ་ཉེ་བར་བཀོད། ཉིན་དེར་ལམ་རིམ་ཆེན་མོའི་དབུ་ནས་ཆོས་ཐུན་གཅིག་གནང་བར་དཀར་ཕྱོགས་ཀྱི་ལྷ་རྣམས་དགྱེས་པའི་མཚན་མ་མང་དུ་བྱུང༌། དང་པོ་གདན་འདྲེན་གྱི་མི་སྣ་རྣམས་སང་འབྱོར་རྒྱུའི་དགུང་མོ་མནལ་ལམ་དུ། བཀའ་ཤོག་ཅིག་བྱུང་བ་ལྗགས་ཀློག་མཛད་ནས་ཐམ་ཀར་གཟིགས་པས་སྤྱན་རས་གཟིགས་ཀྱི་ཐམ་ཀ་རྒྱལ་ཟེར་བ་ཞིག་འདུག་གསུངས་ཏེ་ཆོས་སྡེ་འདི་ནི་ཕྱག་ན་པདྨ་བསོད་ནམས་རྒྱ་མཚོའི་གདན་ས་ཡིན་ཞིང༌། རྗེ་ཉིད་ཀྱིའང་གཞན་ཕན་འཕྲིན་ལས་ཀྱི་འཇུག་པ་ཁྱབ་གདལ་དུ་འགྲོ་བའི་དགེ་མཚན་གྱི་དུས་ལ་བབས་པའི་ལྟས་སུ་མངོན། དེ་ཡང་གདན་ས་ཆེན་པོ་འདི་ཞྭ་སེར་གྱི་བསྟན་པའི་རྩ་ལག་གཞན་དང་མི་འདྲ་བ་ཡིན་པས་ཆོས་སྲིད་གཉིས་ཀའི་ངོས་ནས་ཐུགས་ཁུར་ཆེ་བཞེས་མཛད་དེ། སློབ་གཉེར་བ་རྣམས་ལ་རང་རང་གི་བློ་ཁ་མཐོ་དམན་དང་བསྟུན་ཏེ་གཞུང་ཆེ་ཆུང་སོ་སོའི་སྟེང་ནས་མཛུབ་ཁྲིད་གནང་བ་དང༌། ཁས་ལེན་སྐྱོར་བ། བགྲོ་གླེང་གཏོང་ལུགས་སློབ་པ། ཚིག་རྒྱུགས་དང་དོན་རྒྱུགས་ལེན་པ། ཚུལ་མཐུན་ཡོན་ཏན་ཅན་རྒན་གཞོན་སུ་ཡིན་ཀྱང་གཞན་ལས་ཁྱད་དུ་ཐོན་པའི་བདག་རྐྱེན་མཛད་པ་སོགས་སྒོ་དུ་མ་ནས་ཐབས་མཁས་མཛད་པས་འཆད་ཉན་མེ་ལྟར་འབར་བ་བྱུང༌། སྔ་སོར་རྒན་པ་རྣམས་ཆོས་གྲྭར་སོང་མི་ཆོག་པ་ལྟ་བུའི་དཔེ་ངན་ཞིག་འདུག་པ་དགག་པའི་ཕྱིར་ལམ་རིམ་གྱི་འཛིན་གྲྭ་བཙུགས་ཏེ་བགྲེས་པ་རྣམས་དེར་ཕེབས་རྒྱུ་བྱས་ནས་འཕྲལ་ཕུགས་གཉིས་ཀར་ཕན་པའི་ལམ་ལ་སྦྱར། གཞན་ཡང་སྒྲིགས་ལམ་ཉམས་པ་རྣམས་ཕྱིར་གསོས་ཤིང༌། ཡུལ་དུས་དང་བསྟུན་པའི་གསར་འཛུགས་འགའ་ཞིག་མཛད། ཚང་མས་འདུན་པ་ཆིག་དྲིལ་གྱིས་ཞུས་པ་བཞིན་བཤད་སྒྲུབ་གླིང་གི་བཅའ་ཡིག་ཀྱང་གསར་དུ་བཞག །

                      སྐབས་ཤིག་ཏུ་གསོལ་དཔོན་བསྟན་པ་དར་རྒྱས་ལ་ཁྱོད་རྒྱ་ནག་ཏུ་འཚམས་ཞུས་ལ་འགྲོ་དགོས་གསུངས་པར་འབྲུམ་ཐར་མིན་ཚུལ་ཞུས་པས་སྐྱོན་མེད་གསུངས། བརྟག་པ་གསལ་པོ་ཅན་ཞིག་ལ་བརྟག་པ་ཞུས་པར་མ་སོང་བ་དགའ་ཟེར་བ་སྙན་སྒྲོན་ཕུལ་ཡང་དགོངས་པ་མ་ཁྲོལ། དེ་ནས་འགྲོ་ཁར་སྐྱབས་འཇུག་ཕུར་ཚུགས་ཀྱིས་ཞུས་པར་ཤིང་ཐོག་གང་ཡིན་མ་ཟ་དང་སྐྱོན་མེད་གསུངས། ཁོང་བླ་མ་ལ་མི་ཕྱེད་པའི་དད་པ་ཐོབ་པའི་གང་ཟག་ཡིན་པས་ཞབས་ཕྱི་བ་ལ་ངེད་རང་གཉིས་ཤིང་ཐོག་གི་རིགས་མ་ཟ། གཞན་གང་ལ་ཡང་འཛེམ་མི་དགོས་ཞེས་སྦྲན་ནས་ཕོ་བྲང་དུ་ཕྱིན་པས་གནས་ཚང་དེར་ཡང་མི་འགའ་ཞིག་ཐོར་པས་ཤི་ནས་རོ་བཏོན་མ་ཐག་དང༌། གཤག་མཚེར་ན་ཧལ་ཧ་འགའ་ཞིག་ན་བཞིན་པར་ཡོད་པ་སོགས་ཐོར་ནག་མཆེད་ནས་འདུག་ཀྱང་འཛེམ་དོགས་མ་བྱས། ལྕང་སྐྱ་རྡོ་རྗེ་འཆང་ལ་མཇལ་སྐབས་གསུང་འཕྲོས་ཀྱི་ལྷོང་ཞིག་ལ་ཁྱོད་ཐར་མ་ཡིན་མོད་གསུངས་པར་མིན་ཞུས་པས། ཨ་ཙིས། འཇམ་དབྱངས་བཞད་པས་ཁྱོད་མ་ཐར་ཀྱང་སྐྱོན་མེད་ཟེར་བ་ཨེ་རེད། ལྷ་ཐོར་ལ་གོང་མ་རྒྱལ་པོ་ཡང་སྐྲག་དགོས་ན་ཁྱོད་རང་གི་བླ་མ་དང་ཁྱོད་གཉིས་སྙིང་ཆེན་པོ་རེད་གསུངས་པས་ཁོང་ཡང་སྐྲག་ཡེ་རེ་བ་ཞིག་བྱུང༌། དེའི་གནས་ཚུལ་ཐུའུ་བཀྭན་རིན་པོ་ཆེ་ནས་གསན་ཏེ། ང་ཚོའི་སྐུ་ཞབས་འདིས་འདི་འདྲ་རང་གནང་གི་ཡོད་གསུངས་ཤིན་ཏུ་ཐུགས་འཇིགས་ནས་དེ་འཕྲལ་ལྕང་སྐྱ་རྡོ་རྗེ་འཆང་ལ་ཐུགས་བརྟག་ཞུས་པས་དོ་ནུབ་བརྟག་པ་བྱེད་གསུངས། ཕྱི་ཉིན་སྔ་བར་སྤྲུལ་བའི་སྐུ་ཉིད་རྡོ་རྗེ་འཆང་གི་མདུན་དུ་བྱོན་པས་ཞལ་ནས། ངེད་རང་ཚོའི་འཇམ་དབྱངས་བཞད་པ་དེ་ཞེད་པོ་རེད། གསོལ་དཔོན་ལ་སྐྱོན་མེད་ཐག་ཆོད་དུ་འདུག་གསུངས་ཏེ་དགྱེས་ཚོར་དང་ངོ་མཚར་ཆེ་བར་མཛད། དེས་མཚོན་ཏེ་ས་ཐག་ཉེ་རིང་གང་དུ་ཡང་རྗེ་རང་གི་དགོངས་པས་བཅད་ནས་ཆེད་མངགས་མཛད་པ་ཐམས་ཅད་ལ་ཉེས་སྐྱོན་མེད་པ་མཛོད་འགྲེལ་ལས། དེ་བཞིན་གཤེགས་པ་དང་འཁོར་ལོས་བསྒྱུར་བའི་ཕོ་ཉ་ཕྱིར་འཁོར་གྱི་བར་དུ་འཆི་བ་མི་སྲིད་པར་གསུངས་པ་དང་ཆ་མཐུན་པ་ཞིག་ཡོད་པ་ནི་མཐའ་དག་གིས་མངོན་སུམ་དུ་གྲུབ་པ་ལྟར་ཡིན་ལ། དེར་མ་ཟད་ཞབས་གྲས་དངོས་གཞིར་ཡོད་པ་སུ་ལ་ཡང་གློ་བུར་གྱི་འཆི་རྐྱེན་སོགས་མི་འབྱུང་བའི་མགོ་མཁྲེགས་མདོག་ཁ་མོ་ཡོད་པ་ནི། རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྐྱེས་རབས་ལས། རྒྱལ་པོ་དེའི་མཐུ་ཁྱད་པར་ཆེ་བས་ན། །བདག་གི་ཡིན་པའི་བློ་ནི་གར་བཞག་པ། །དེ་ཉིད་དེ་ཡི་བསྲུང་བའི་མཆོག་ཡིན་པས། །དེ་དག་གིས་ནི་མདངས་འཕྲོག་ནུས་མ་གྱུར། །ཅེས་གསུངས་པ་ལྟར་ཐུགས་ཀྱིས་བདག་གིར་བཟུང་བ་ཙམ་གྱིས་ཆོག་པ་འདི་ལྟ་བུ་ནི་གྲུབ་པའི་ཡང་རྩེར་གཤེགས་པའི་རྗེ་བླ་མ་འདི་ཁོ་ན་ཙམ་ལས་སུས་ཀྱང་མི་འོང་བས། བླ་མ་གཞན་རྣམས་ནས་སྐྱབས་འཇུག་ཞུ་མཁན་དག་ལ་རྫོགས་རིམ་གྱི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་པ་དང་བསྐྱེད་རིམ་གྱི་བསྲུང་བའི་འཁོར་ལོ་ལ་བརྟེན་པ་ལྟ་བུ་ཡོད་ན་ལེགས་ཤིང༌། མ་མཐའ་འང་ཆོས་སྐྱོང་ལ་འཕྲིན་བཅོལ་རེ་ཙམ་མཛད་དགོས་ཏེ། བདག་ལྟ་བུ་ལ་ནི་སླར་སྐྱབས་འཇུག་གི་བུ་ལོན་བསྙེགས་མཁན་མི་འོང་བ་ཙམ་ལས་ལྷག་པ། ཁས་ལེན་ནུས་པའི་རྒྱུ་མཚན་ཅི་ཡང་མེད་དོ། །
                  དེ་ནས་དཀྱུས་ལ་འཇུག་པར་བྱ་སྟེ། ལོ་འདི་ནས་བཟུང་ལོ་ངོ་བཞི་ཙམ་དུ་སྐུ་འབུམ་གྱི་གདན་ས་ཞལ་བདག་མཛད་པར་སྐུ་དོན་རྒྱ་ཆེ་བས་རྒྱུན་ཆགས་སུ་བཞུགས་པ་མ་ཤར་ཡང༌། ནམ་བཞུགས་རིང་ལ་སྒྲིགས་ལམ་རྟིང་བསྐུལ། དཀྱུས་ཀྱི་འཆད་ཉན་སོགས་ཡར་རྒྱས་ཀྱི་མུ་ནས་དོན་གཉེར་བ་སོ་སོར་འདོད་ཆོས་ཀྱང་ལྷུགས་པར་སྩལ་ཏེ། གསང་བདེ་འཇིགས་གསུམ་ཕྱག་རྡོར་འཁོར་ཆེན་སོགས་ཀྱི་དབང༌། སྒྲུབ་ཐབས་རིན་འབྱུང༌། སྣར་ཐང་བརྒྱ་རྩ། ཟུར་བཀའི་འདོད་ལྷ་དུ་མ་སོགས་ཀྱི་རྗེས་གནང༌། བཀའ་གདམས་གཞུང་དྲུག །རིགས་ཚོགས། ཆོས་ཆུང་བརྒྱ་རྩ། ལྷོ་བྲག་བཀའ་འབུམ། འཇམ་དབྱངས་ཆོས་སྐོར། མཁས་གྲུབ་རྗེའི་གསུང་ཐོར་བུ། དབེན་ས་བཀའ་འབུམ། ཆོས་སྤྱོད་རབ་གསལ་སོགས་ལུང་གི་རིགས་དུ་མ་དང་བཅས་ཆོས་འཁོར་རྒྱ་ཆེར་བསྐོར་བས། བགྲེས་གཞོན་མཐའ་དག་ནས་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཚད་མེད་ཅིང༌། རྗེ་ཉིད་ནས་ཀྱང་རྣམ་པ་ཀུན་ཏུ་བདག་གིར་བཞེས་ཏེ་སྐྱོང་བར་མཛད། དགུན་ཐོག་གདན་ས་འདི་ཀར་ཕེབས་ཏེ་བཅད་རྒྱ་རྒྱུན་རིང་གནང༌། མཁན་ཆེན་རྡོ་རྗེ་འཆང་ཞི་བར་གཤེགས་པའི་དོན་ལ་རོང་པོ་དགོན་དུ་གདན་དྲངས་པར་བྱོན་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་བྱས་ཏེ་མཆོད་པའི་སྤྲིན་གྱི་ཕུང་པོ་དང་བཅས་མཆོག་ཁྲུས་སོགས་ཀྱི་སྒོ་ནས་ཐུགས་ཀྱིས་དགོངས་པ་རྫོགས་པའི་སྤྱན་དམིགས་ནན་ཏན་མཛད། མཚན་མོ་ཡང་ཉིད་གཅིག་པུར་གདུང་མདུན་དུ་ཕེབས་ནས་ཕྱག་མང་དུ་ཕུལ་ཏེ་སྤྱན་ཆབ་བསིལ་བཞིན་དུ་གསོལ་འདེབས་དང་སྨོན་ལམ་ཕུར་ཚུགས་སུ་གནང༌། ཕྱི་ཉིན་ཡོན་འབུལ་སྤམ་མཐོ་བ་དང་བཅས་བདེ་ཆེན་སྤྲུལ་སྐུས་བཤད་པ་ཞུས་པའི་ཕེབས་ལན་དུ། རང་རེའི་ས་ཆས་མ་ཁྱོག་པ་མ་གཏོགས་ཕ་བླ་མ་དེ་ཉིད་དབུས་གཙང་ལྟ་བུར་བཞུགས་ན་འཕྲིན་ལས་ཀྱིས་ས་སྟེང་ཁྱབ་པ་ཡོད་ཚུལ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལས་བརྩམས་ཏེ་གསུངས་པའི་མཚམས་ཤིག་ནས་བླ་མའི་བཀའ་དྲིན་དྲན་པའི་སྐྱོ་ཤས་ཀྱིས་སྤྱན་ཆབ་དབང་མེད་དུ་ཤོར། གསུང་གི་འཕྲོ་ཡང་ཐོན་དཀའ་ཙམ་བྱུང་བས། དེར་འཁོད་མཐའ་དག་ཀྱང་བླ་མ་ཡབ་སྲས་ཀྱི་རྣམ་ཐར་ལ་ཡིད་ཆེས་ཀྱི་མོས་གུས་བཟོད་གླགས་མེད་པས་ལུས་ཀྱི་བ་སྤུ་ལྡང་བ་བྱུང༌། སླར་གདན་སར་ཕེབས་ཏེ། དགུང་ལོ་སོ་དགུ་པ་མེ་ཁྱིའི་གནམ་ལོ་རྒྱལ་མོའི་རང་ཞལ་གསར་ཚེས་ཀྱི་དུས་སྟོན་བསྟར། གསུང་ཆོས་ལ་སྐྱེས་རབས་དང་སེ་ར་རྗེ་བཙུན་པས་མཛད་པའི་མཁས་གྲུབ་རྗེའི་རྣམ་ཐར་གཉིས་གནང༌། སྨོན་ལམ་སྦྱིན་བདག་དར་ཧན་དཔོན་པོ་དང༌། ཏུ་རལ་དཔོན་པོ་གཉིས་ནས་ཚོགས་སུ་གདན་དྲངས་ཏེ་བརྟན་བཞུགས་ཕུལ། རབ་བྱུང་བསྙེན་རྫོགས་ཀྱང་མང་དུ་གནང༌། ལྷ་སྲས་ཆིང་ཝང་རྡོ་རྗེ་ཕ་ལམ་བྱ་ཁྱུང་ནས་གདན་ས་འདིར་གསར་དུ་ཕེབས་པ་ལ། ཆིབས་བསུར་རྒྱུད་པ་བླ་མ་དབུ་མཛད་སོགས་ངོ་གཡོག་མང་ཙམ་རྫོང་སྟ་མཛད། ལྷ་སྲས་ཆིང་ཝང་ཡབ་ཡུམ། དཔོན་རིན་པོ་ཆེ་པེའི་སི་བཱ་ཐུར་དའི་ཆིང༌། རྒྱ་དཔོན་ཇར་གོ་ཆི་དང་བཅས་འབྱོར་བར་གཟིམས་ཆུང་དུ་གསོལ་སྟོན་བསྡུས་ཙམ་དང༌། འདུ་ཁང་ཆེན་མོར་བཞུགས་གྲལ་གྱི་སྟོན་ཆེན་བཏེག་པའི་ཐོག །དངུལ་སྲང་སུམ་བརྒྱ། གོས་ཡུག་བཅོ་ལྔ། རྟ་བརྒྱ། ལུག་ཉིས་བརྒྱ། ཟམ་རས་སོགས་ཀྱི་འཛིན་པ་རྒྱ་ཆེར་བསྟབས། པེའི་སི་དང༌། ཇར་གོ་ཆི་སོགས་ལ་ཡང་བབ་འོས་ཀྱི་གནང་ཆ་རྔམས་ཆེ་བ་སྩལ། སྤྱིར་རྒྱལ་པོ་སོགས་ལ་འདྲིས་འགྲོགས་སྤོང་བར་གསུངས་པ་ཡོད་མོད་ཀྱང༌། བསྟན་པའི་སྦྱིན་བདག་གི་རྩ་བར་གྱུར་པ་འདི་ལྟ་བུ་ལ། བསུ་བ་དང་བསྙེན་བཀུར་དངོས་པོའི་སྐྱེས་ལ་སོགས་པ་གཟབ་རྒྱས་བྱེད་པ་ནི། རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་ཀྱིས་ཐབས་ལ་མཁས་པའི་སྤྱོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ནི་ཕན་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་གཟོ་བ་སྟོན་པའི་ཚེ་མཐོང་ན་གུས་པར་བྱས་ཏེ། ཚུར་བྱོན། ལེགས་པར་བྱོན་ཏོ་ཞེས་བརྗོད་པས་སྨྲ་ཞིང་ཀུན་ཏུ་སྨྲ་ལ། ཡང་དག་པར་དགའ་བར་བྱེད། སྟན་དང་གནས་སྦྱིན་པས་ཀྱང་བསུ་བར་བྱེད་དོ། །དེའི་རྙེད་པ་དང་བཀུར་སྟིའི་ལན་དེ་དང་མཉམ་པའམ་ལྷག་པ་ཉེ་བར་གནས་པར་བྱེད་ཀྱི། ཆུང་ངུས་ནི་མ་ཡིན་ནོ། །

                  ཞེས་གསུངས་ཀྱང་དེང་དུས་རང་སེར་སྣས་བཅིངས་ནས་སྟེར་མི་ནུས་པའི་ཁག་སངས་རྒྱས་དང་ཆོས་ལ་འཇོག་པ་མང་བར་སྣང༌། དཔོན་ཚང་ནས་ཀྱང་ཞབས་བརྟན་གྱི་འབུལ་བ་སྤམ་མཐོ་བ་ཕུལ། དཔོན་རྣམ་གཉིས། དགོན་པའི་བླ་གྲྭ་ཁག་དང་བཅས་པར་གདུགས་དཀར་ལྷ་བཅུ་བདུན་མའི་དབང་སྟ་གོན་དང་བཅས་པ་སྩལ། གཟིམས་ཁང་སྔ་མ་གོ་ཡུལ་དོག་ཅིང་ཧ་ཅང་མི་ལེགས་པས་གསར་སྒྲུབ་ཀྱི་མགོ་བརྩམས་ཏེ། ནང་རྟེན་རྣམས་མཆོད་རོལ་དང་བཅས་ཟུར་དུ་སྤྱན་དྲངས་པར་རྒན་པ་འགའ་ཞིག་ནས་སྔར་གཟིམས་ཆུང་ཕུར་སོང་ན་ཡང་འཚུབ་ཆེ་བ་ལ། ད་འདི་ལྟར་གདན་དྲངས་ཆོག་པ་ཞེས་ཡ་མཚན་བྱེད་པ་བྱུང་འདུག་ཀྱང་དེ་ལ་ངོ་མཚར་རྒྱུ་མེད་དེ། ཆོས་སྲུང་རྣམས་ཀྱིས་ཀྱང་སྔར་བླ་མ་གོང་མས་གཏད་གཉེར་བྱས་བཞག་པ་དེ་སྐུ་རྗེས་མའི་ཕྱག་ལ་མ་འཕྲོད་ཀྱི་དོགས་ནས་ཚབ་ཚུབ་མཛད་པ་ཡིན་ཞིང༌། ད་ནི་བདག་པོ་ལ་འཕྲོད་ཟིན་པས་ཅི་མཛད་ཁོང་རང་གིས་མཁྱེན་དགོས་པ་སྤྱི་ལུགས་ཡིན་ནོ། །གཉིས་པའི་ཚེས་ལ་ཅོ་ནེ་ནས་གདན་འདྲེན་པ་འོངས་ཏེ་དེ་ཕྱོགས་སུ་ཆིབས་ཁ་བསྒྱུར། ལམ་ནས་བྲག་ལུང་ནང་པ། ལྷ་ཁང་ལུང༌། རྒྱལ་མོ་དགོན་སོ་སོ་ནས་རྟ་བསུ་སེར་སྦྲེང་སོགས་བཀུར་གཟོས་དང༌། གང་འབྱོར་གྱི་འབུལ་ནོད་རྒྱ་ཆེར་ཞུས། ཆས་པས་གདན་དྲངས་ཏེ་ཆིབས་བསུ་སེར་སྦྲེང་དང་བཅས་ཀོ་ཡུ་ནང་གི་དགོན་པར་ཕེབས། ཀོ་ཡུ་ནང་པའི་གདུང་གི་མཆོད་རྟེན་ལ་བཀྲ་ཤིས་སྙེ་མའི་སྒོ་ནས་རབ་གནས་རྒྱས་པ་སྦྱིན་སྲེག་དང་བཅས་པ་གནང༌། དགོན་པར་འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན་སྩལ་བས། ལོ་དེར་ཆར་ཤིན་ཏུ་དཀོན་ཡང་དེ་ཉིན་ཆར་ཆེན་པོ་བབས་པས་གྲོང་པ་རྣམས་ཀྱང་དགའ་དད་ལྷག་པར་འཕེལ། དེ་ནས་ཅོ་ནེ་དཔོན་པོ་ཡུམ་སྲས་བཅས་དང༌། དགོན་པའི་བླ་མ་ལས་སྣེ་སོགས་ཀྱིས་བསུ་བ། གྲྭ་མང་ནས་སེར་སྦྲེང་དང་བཅས་ཅོ་ནེ་མདོར་བྱོན། ཁོང་རྣམས་ལ་བདེ་མཆོག་ལཱུ་ཨི་པ། གསང་འདུས། བཅུ་གཅིག་ཞལ། གདུགས་དཀར་ལྷ་བཅུ་བདུན་མ་རྣམས་ཀྱི་དབང་དང༌། ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་སོགས་འདོད་ཆོས་ཀྱི་ཆར་ཕབ། ཕྱོགས་འདུས་ཀྱི་མཇལ་བ་སྟོང་ཕྲག་དུ་མར། ཉིན་བཞིན་ཕྱག་དབང༌། བསྙེན་གནས་ཀྱི་སྡོམ་པ། རིགས་གསུམ་མགོན་པོའི་ལུང་སོགས་སྩལ་ཏེ་ཐར་པའི་ས་བོན་གྲུང་པོ་འདེབས་པར་མཛད། ཅོ་ནེ་དཔོན་ནས་ཞུས་ངོར། རྗེ་ཉིད་ཀྱི་འཁྲུངས་རབས་གྲས་སུ་སྟོང་སྡེ་ངག་གི་དབང་ཕྱུག་ཀྱང་བཞུགས་པ་དེ་ཉིད་བཀའ་རྩོམ་མཛད། ཚུར་ཕེབས་སྐབས་དཔོན་མོ་སྒྲོལ་མ་མཚོས་མེ་ལོང་ཞིག་ལ་རྗེ་འདིའི་སྐུ་བརྙན་འཆར་དུ་བཅུག་སྟེ་དད་རྟེན་དུ་འཛིན་པ་སོགས་གུས་པའི་རྣམ་འགྱུར་དང་ནོར་སྣ་མི་འདྲ་བ་བརྒྱ་ཕྲག་གི་དངོས་འབུལ་གཏོས་ཆེ་བ་བཏེག །ཆས་པ་རྒྱ་མཁར་སྒར་པས་ཀྱང་གདན་དྲངས་པར་འདོད་ཆོས་ཅི་རིགས་སྩལ། རྟ་སྒའི་དགོན་པར་གདན་དྲངས་ཏེ། དེར་ལྷ་ཁང་ཞིག་ལ་རྒྱལ་འགོང་གནས་པས་སྔར་བླ་སྔགས་ཆེ་གཉན་སུ་ཡང་འགྲོ་མི་ནུས་པ་ཞིག་ཡོད་པ་དེར་ཕེབས་ནས་སྦྱིན་སྲེག་མཛད་དེ་རྒྱལ་འགོང་དེ་ཉིད་མེ་ལྷའི་ཞལ་དུ་བསྟབ་ཅིང་དེར་འཁོད་རྣམས་ལའང་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྩལ། དེ་ནས་ས་དམར་བརྒྱུད་དེ་བྱོན་པར་མཛོ་དགེའི་བླ་གྲྭ་རྣམས་ནས་བསུ་བ་སེར་སྦྲེང་དང་བཅས་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཕེབས། སྔར་མི་འཁྲུགས་པའི་ཆོ་ག་འཛུགས་རྒྱུའི་བཀོད་ཁྱབ་ཐེབས་དང་བཅས་པ་གནང་ཡོད་པར་ཡང་བསྐྱར་ཐེབས་བསྣན་ཏེ་ཚོགས་སུ་བཙུགས། ཐམས་ཅད་ལ་བླ་མ་མཆོད་པའི་ཁྲིད་སོགས་འདོད་ཆོས་ཀྱང་འགའ་ཞིག་སྩལ། བདག་ཀྱང་དེ་སྐབས་ལོ་ངོ་ལྔ་འགྲོ་བས་རྗེ་འདིའི་ཞབས་སེན་སྤྱི་བོར་རེག་པའི་སྐལ་བཟང་ཐོབ། བྱིས་པ་བསམ་མེད་དུ་སོང་བས་ཁྲི་དང་ན་བཟའ་སོགས་ལ་འཇུས་པར་བོང་བ་གསེར་གཟིགས་ཀྱིས་དགྱེས་ཉམས་མཛད་ཅིང་ལྗགས་སྨིན་གནང༌། ཨེ་མ་ཧོ། ཞབས་སྐྱེས་གེ་ས་ར་ཡི་ཕྲེང༌། །ཟུར་ཕུད་བུང་བས་བརྟེན་པ་ཡིས། །བྱིན་རླབས་སྦྲང་རྩིའི་དོག་པ་ནི། །སྙིང་གི་ཟེ་འབྲུ་ལ་ཆགས་གྱུར། །
                        དེ་ནས་རིམ་གྱིས་གདན་སར་ཕྱག་ཕེབས་ཏེ་དགོན་པར་འགྱེད་ཆེན་ཞིག་བཏང༌། ཡིད་དགའ་ཆོས་འཛིན་གྱི་རི་པ་རྣམས་ནས་ཞུས་ཏེ་མི་འཁྲུགས་པ་ལྷ་དགུའི་དབང་སྩལ། དེ་སྐབས་གསུང་བཤད་ལ་རང་རེ་དགེ་ལྡན་པ་རྣམས་དབང་ཆོག་བློ་ནས་ཐོན་དགོས་པས་དབང་རྒྱུན་འགའ་ཞིག་དཀོན་པར་བྱུང་བ་རེད། ཡིན་ཀྱང་ཕྱག་སྲོལ་མ་ཉམས་པར་བྱེད་དགོས། ང་ལ་ད་ལན་བྲེལ་དབང་གིས་ཆོ་ག་བྱང་པོ་ཞིག་མི་འདུག་པས་མཚམས་འགའ་ཞིག་ལ་དཔེ་བལྟ་དགོས་འདུག་པས་ཁྱེད་རྣམས་ལ་དགོངས་པ་ཞུས་པ་ཡིན་ཞེས་བསྟན་པ་ཁོ་ན་གཅེས་སྤྲས་སུ་བྱེད་དགོས་པའི་གསུང་བྱོན། ཁྲི་ཆེན་རྒྱལ་མཚན་སེངྒེ་དང༌། ཁྲི་ཆེན་ནམ་མཁའ་བཟང་གཉིས་ཀྱི་སྤྲུལ་སྐུ་ལ་རྩོད་འཐེན་བྱུང་བ། སླར་མང་པོའི་སྡིག་རྐྱེན་དུ་མི་འགྲོ་བའི་ཕྱིར། ཁྲི་རྒྱལ་མཚན་སེང་གེའི་སྤྲུལ་སྐུའི་གདན་ས་སོར་འཇགས་བྱས་ཏེ། རྗེས་སུ་སྤྲུལ་སྐུ་ཞིག་འཁྲུངས་ན་ཁྲི་ནམ་མཁའ་བཟང་གི་དཔོན་པོར་དེའི་བླུ་ཡོན་ལྷ་མོ་ནས་སྤྲོད་རྒྱུར་བཅད། དབྱར་ཐོག་སྐུ་འབུམ་དུ་བྱོན་པའི་ལམ་ནས་ཤི་དར་ཐེའི་ཇི་དུས་ཆོས་སུ་གྱུར་པའི་དོན་དུ་གདན་དྲངས་པར་བསྔོ་སྨོན་མཛད། རིམ་གྱིས་ཕེབས་པས་ཁྲི་ཀའི་མཁར་གྱི་ཉེ་འཁོར་དུ་རྒྱ་དཔོན་ཞིག་གིས་གདན་དྲངས་ནས་གསོལ་སྟོན་དང་འབུལ་བ་བཏེག །ལོ་དེར་ཐན་པ་ཆེ་བས་ཆར་འབེབས་དགོས་ཞུས་པ་ལ། ཕྱི་རོལ་ཏུ་བྱོན་ཏེ་ཕྱག་གིས་གཡབ་མོ་མཛད་ཅིང༌། ཆར་ཕོབས། ཆར་ཕོབས་གསུངས་པ་ཙམ་གྱིས་ཆར་རྒྱུན་བཟང་པོ་དེ་མ་ཐག་བབས་པས་རྒྱ་མི་རྣམས་ཀྱང་དད་པ་ཚད་མེད་པ་སྐྱེས་ཏེ་ཕྱི་ཉིན་རྨ་ཆུར་གྲུ་གླ་ཡང་མ་བླངས་པར་གྲུ་བསྒྲལ་རྒྱུའི་ཁུར་ལེན་གྱི་ཞབས་འདེགས་ཞུས། དེ་ནས་སྐུ་འབུམ་དུ་འབྱོར་ཏེ་འཆད་ཉན་གནང༌། མཚམས་ཤིག་ཏུ་དཀོན་མཆོག་ཝང་ནས་གདན་དྲངས་པ་ལྟར་ཆིབས་བསྐྱོད། ལམ་བར་ནས་ཐུ་ས་ལག་ཆི་ཆོས་བཟང་རྒྱ་མཚོ། དཔལ་རྒྱས་གུང༌། ཆོས་འཕེལ་པེའི་ལི། རྣམ་སྲས་ཇ་སག །དར་རྒྱས་ཇ་སག །སྨྲ་ཁམས་ཞབས་དྲུང་སོགས་དུ་མས་ཟང་ཟིང་གི་འབུལ་བ་རྒྱ་ཆེར་བསྟབ་ཅིང་སོ་སོའི་མོས་པ་བཞིན་འདོད་ཆོས་ཀྱིས་ཚིམ་པར་མཛད། རིམ་གྱིས་བསུ་བ་གཏོས་ཆེ་བ་དང་བཅས་ཇུན་ཝང་དཀོན་མཆོག་བཀྲ་ཤིས་ཀྱི་ཨུ་རྒེར་བབས། བདུན་པའི་བཅུ་གཉིས་ནས་ཉི་ཤུ་བརྒྱད་ཀྱི་བར་དུ་ཝང་ཡུམ་སྲས་བཅས་དང༌། ཏཱ་ལེའི་ཧོ་ཐོག་ཐུ། བོད་པ་མེརྒེན་ཆོས་རྗེ་སོགས་སྐྱ་སེར་ཉིས་སྟོང་ལྷག་ཙམ་ལ་དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པའི་དབང་བདུན། གོང་མ་གོང་ཆེན་དང་བཅས་པ། གསང་འདུས་མི་བསྐྱོད་རྡོ་རྗེ། ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག །ཚེ་དཔག་ལྷ་དགུ་རྣམས་ཀྱི་དབང༌། གདུགས་དཀར་གྱི་དབང་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་དང་བཅས་པ། གཞན་ཡང་བདེ་མཆོག་སྔགས་བཏུ། སྨན་བླ། འཆི་མེད་རྡོ་རྗེ་ལྷ་མོ། ཤྲ་མ་ཎ། གོས་སྔོན་ཅན། མགོན་པོ་ཞལ། རྣམ་སྲས། ལྕམ་སྲིང་སོགས་ཀྱི་རྗེས་གནང༌། བདེ་མཆོག་ལུས་དཀྱིལ། ཡི་གེ་བཞི་པའི་བསྲུང་བཟློག །གདུགས་དཀར་སོགས་ཀྱི་ལུང་དང༌། ལྟ་ཁྲིད་སོགས་བཀའ་ཆོས་མང་དུ་སྩལ། དཔོན་འབངས་སོ་སོ་ནས་གསེར་དངུལ་གོས་དར་རྟ་ནོར་སུམ་བརྒྱ་སྐོར། ལུག་སྟོང་སོགས་དངོས་འབུལ་སྤམ་མཐོ་བ་ཕུལ། དཔོན་པེའི་སི་པཱ་ཐུར་དའི་ཆིང་གིས་གདན་དྲངས་ཏེ། རྟ་བརྒྱས་མཚོན་པའི་འབུལ་ནོད་བསྟབ་ནས་གསོལ་བ་བཏབ་པར། འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན་སྩལ། སུ་རུག་གི་ས་རིས་སྦྱོར་འཇགས་བྱས་པའི་སྟེང་དུ་སུ་རུག་འཛིན་མཁན་གྱི་མི་སྡེ་དར་གོ་བཅས་བཞག །དེ་ནས་རིམ་གྱིས་ཕྱག་རྡོར་པེའི་སི། ཀུན་བཟང་ཇ་སག་སོགས་དཔོན་ཁག་ཕལ་ཆེ་བས་སྤྱན་དྲངས་པར་རང་རང་གི་ཁམས་དང་བསམ་པ་བག་ཉལ་དང་མོས་པའི་རྗེས་སུ་འཇུག་པའི་གསུང་གི་བདུད་རྩི་དྲི་མ་མེད་པའི་དགའ་སྟོན་གྱིས་རེ་འབྲས་སྨིན་པར་མཛད། བོ་རོ་ཚུང་ཁུག་བརྒྱུད་དེ་གྲྭ་ཚང་དགོན་པར་ཕེབས་ནས་ལུགས་གཉིས་ཀྱི་བཀའ་དྲིན་སྩལ། སྟོང་སྐོར་དུ་གཞུང་ས་ནས་རྒྱ་ཏིག་གྲགས་པ་སོགས་མཁན་པོ་བཞི་རྒྱ་ནག་ཏུ་མངགས་པ་རྣམས་ཀྱིས་མཇལ་བར་འཕྲལ་ཡུན་གྱི་བསླབ་བྱ་སོགས་དགྱེས་པའི་སྤྱན་བསྐྱངས་མཛད། དགུན་གྱི་རིང་སྐུ་འབུམ་དུ་འཆད་ཉན་གཙོར་འདོན་གནང་ཞིང་ལོ་མཇུག་ཏུ་གདན་སར་ཕེབས།

                  དགུང་ལོ་བཞི་བཅུ་པ་མེ་ཕག་གི་གནམ་ལོ་གསར་པའི་དུས་སྟོན་བསྟར་ཞིང༌། གསུང་ཆོས་ལ་སྐྱེས་རབས་དང༌། གཟིགས་པ་ལྔ་ལྡན་གྱི་མཇུག་རྫོགས་པར་གནང༌། ཆབ་མདོ་ནས་འབོད་པ་གནང་བའི་བྲིས་པ་གསུམ་ལ་མཁས་གྲུབ་རྗེའི་གསུང་གི་དུས་འཁོར་གྱི་སྐོར་དུ་མ་དང༌། རྣམ་ཐར་སྐལ་བཟང་འཇུག་ངོགས་སོགས་ཉིད་ཀྱི་བཀའ་རྩོམ་མང་པོའི་པར་ཡིག་བྲིར་བཅུག་སྟེ་པར་གསར་དུ་བརྐོ་རྒྱུའི་བཀོད་ཁྱབ་སྩལ། ཁྲི་རིན་པོ་ཆེ་བློ་བཟང་སྙན་གྲགས་ཀྱིས་དགོངས་པ་ཞུས་ཏེ་མཁས་པའི་དབང་པོ་ངག་དབང་འཕྲིན་ལས་ཚོགས་ཆེན་གྱི་ཁྲིར་བསྐོ་བཞག་མཛད། མེརྒེན་ཨེམ་ཆེ་དང༌། སྨན་པའི་འཛིན་གྲྭས་ཞུས་ངོར། ཞང་བློན་གྱི་རྗེས་གནང་དང༌། རྩ་བ་ཐུགས་རྒྱུད་ཀྱི་ལྗགས་ལུང་གནང༌། འཇམ་དབྱངས་དཀར་པོའི་སྒྲུབ་ཐབས། དེའི་སྦྱིན་སྲེག །བླ་མའི་རྣལ་འབྱོར་ཟབ་ལམ་ཉི་མའི་དཀྱིལ་འཁོར་སོགས་ལྗགས་རྩོམ་འགའ་ཞིག་མཛད། ཝང་རྡོ་རྗེ་ཕ་ལམ་གྱིས་གསོལ་བ་བཏབ་པ་ལྟར་ཉིན་ཁ་ཤས་ལ་མགོན་པོའི་གཏོར་ཆེན་དང༌། ཤཱ་ས་ན་བསྒྲུབས་ཏེ་རྒྱས་པའི་སྦྱིན་སྲེག་སོགས་རིམ་གྲོ་གནད་སྨིན་བཀའ་དྲིན་བསྐྱངས། བཞི་པའི་ནང་ལ་སྐུ་འབུམ་དུ་ཕེབས་ཏེ་འཆད་ཉན་དང་ཚིག་རྒྱུགས་ལེན་པ་སོགས་ནན་ཏན་ཆེ་བར་གནང་བས་རྩོད་པ་ཤིན་ཏུ་འཕེལ་བར་བྱུང༌། བསྒྲུབ་བྱ་བརྒྱ་ཕྲག་གསུམ་ཙམ་ཞིག་བསྟན་པའི་གཞི་མ་སོ་སོར་ཐར་པའི་སྡོམ་པ་མཆོག་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་བྱ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། དགེ་བཤེས་ཆོས་འབྱོར་དང༌། ཐུབ་བསྟན་གཉིས་མདུན་དུ་འོང་བར་གཟིམས་ཆུང་ནས་མཛོད་ཀྱི་དམ་བཅའ་ཡང་ཡང་ཚུགས་ཤིང་ཆོས་ཀྱི་འབེལ་གཏམ་མཛད། ཤ་རྫོང་རི་ཁྲོད་དུ་ཕེབས་ཏེ་འདོད་ཆོས་ཅི་རིགས་སྩལ་ཅིང་ལྷ་ཁང་ཆེན་མོའི་དཀར་ཆག་ཚངས་སྲས་དགྱེས་གླུ་དང༌། ཤ་རྫོང་གི་དཀར་ཆག་གཉིས་བཀའ་རྩོམ་མཛད། སྐུ་འབུམ་དུ་དྲུག་པའི་སྨོན་ལམ་ལ་གསུང་ཆོས་སོགས་རྒྱས་པར་གནང༌། དེ་སྐབས་ཝང་རྡོ་རྗེ་ཕ་ལམ་དང་། པེའི་སི་རྣམ་རྒྱལ་ཚེ་རིང་གཉིས་རྒྱ་ནག་ཏུ་ཕེབས་པའི་ལམ་ནས་མཇལ་དུ་འོང་བར་གསོལ་སྟོན་གཟབ་རྒྱས་དང་། ཞལ་ཏ་ཞིབ་ཏུ་གནང་། དེ་ཡང་སྔར་ལྷ་ཁང་ཆེན་མོའི་མདུན་དུ་ཙན་དན་གྱི་སྡོང་པོ་གསུམ་ཡོད་པའི་གཅིག་བར་སྐབས་ཤིག་ནས་སྐམ་སོང་བ་ཆོས་སྐྱོང་ལ་ཞུས་པར། རྗེ་ཙོང་ཁ་པའི་བསྟན་པའི་སྦྱིན་བདག་གཙོ་བོ་གསུམ་ཡོད་པའི་ནང་ནས་ཅུན་གར་ཉམས་སོང་བ་དེའི་རྟགས་ཡིན་གསུངས། གཅོད་དུ་རུང་མི་རུང་ཞུས་པ་ལ། རྟ་ལོ་རྟ་ཟླ་རྟ་ཉི་ཞིག་ལ་རྟ་ལོ་པ་ཞིག་གིས་གཅོད་རུང་གསུངས་པ་ལྟར་བཅད་དེ་ཆོས་སྐྱོང་གིས་དམ་སྦྱར་བྱས་ནས་ལྷ་ཁང་སྟེང་དུ་བཞག་ཡོད་པ་ལྕང་སྐྱ་རྡོ་རྗེ་འཆང་ཕེབས་སྐབས་ཐུགས་བཞེད་བཏང་ཡང༌། ཆོས་སྐྱོང་ནས་སླར་དགོས་པའི་དུས་ཡོད་གསུངས་ཏེ་མ་ཕུལ། རྗེས་སོར་གྲྭ་མང་ལ་འགྱེད་དུ་བཏང་ན་ཞུས་པར་ཡང་མ་གནང་བ་དེ་སྐྱབས་མགོན་ཉིད་ཀྱིས་ཆོས་སྐྱོང་ལ་ཞུས་པར། སྐུ་འབུམ་སྤྱིའི་རྟེན་དུ་བྱམས་སྐུ་ཁྲུ་གསུམ་པ་ཞིག་བཞེངས་ནས། ལྷག་མ་དགེ་བའི་བཤེས་གཉེན་རང་གིས་བཞེས་ཆོག་གསུངས་པ་ལྟར། བྱམས་སྐུ་བཞེངས་པའི་ལྷག་ལ་རྗེའི་སྐུ་དུ་མ་དང༌། ཐུབ་དབང་གནས་བརྟན་བཅུ་དྲུག་རྒྱལ་ཆེན་བཞི་དང་བཅས་པ་བཞེངས་ཏེ་ཕྱིས་གདན་སར་སྤྱན་དྲངས་ནས་ད་ལྟ་ཡང་བླ་བྲང་གི་རྟེན་གྲལ་དུ་བཞུགས་སོ། །
                   འདི་ཡང་སྐྱབས་མགོན་དམ་པ་ཉིད་ངེས་པ་དོན་དུ་རྗེ་བླ་མའི་གདུང་འཚོབ་ཡིན་ཞིང༌། གདན་ས་ཆེན་པོ་འདི་ཡང་ཞྭ་སེར་གྱི་བསྟན་པའི་འབྱུང་ཁུངས་རྗེ་རྒྱལ་བ་གཉིས་པའི་གདན་ས་ལྟ་བུར་འགྱུར་བའི་རྟེན་འབྲེལ་གྱི་སྒོ་དང་ལུང་བསྟན་ལྟ་བུར་མངོན། ལོ་སྔ་མ་ནས་གསོལ་བ་བཏབ་པ་བཞིན། བདུན་པའི་ནང་ལ་སྟག་ལུང་དུ་ཕེབས་ཏེ་གཟིམས་ཁང་གི་ཐིག་བརྒྱབ། འདུ་ཁང་ཐེབས་སུ་རྟ་ནོར་ལྔ་བཅུར་ཉེ་བ་སོགས་གནང་ཆ་སྤམ་མཐོ་བ་སྩལ། དགོན་པར་ཞལ་བདག་མཛད་དེ་བྱང་ཀྱཱ་ཚང་བླ་མར་བསྐོས་ནས་གྲྭ་སློབ་ཀུན་ལ་ཆོས་འཆད་ཉན་བྱེད་ཚུལ་སོགས་ཀྱི་བསླབ་བྱ་ཞིབ་ཏུ་གནང་བས་དགོན་པ་ཡང་རིམ་གྱིས་ཡར་རྒྱས་སུ་སོང༌། བརྒྱད་པའི་ནང་དུ་ཐུར་ཆེན་སྟོབ་ཚང་བླ་མས་ཞུས་ངོར། ཀྲྀ་ཡ་ས་མུཙྪ། ནག་པོ་གཞུང་དྲུག །བཀའ་གདམས་གཞུང་དྲུག་སོགས་ཀྱི་ལྗགས་ལུང་མང་དུ་སྩལ། སྟོན་མཇུག་སྐུ་འབུམ་དུ་བཞུགས་ནས་གདན་སར་མ་ཕེབས་ཀྱང་གསུང་ཤོག་གནང་སྟེ་སྔ་སོར་ཚོགས་ཆེན་ལས་ལོགས་སུ་མཚན་ཉིད་གྲྭ་ཚང་དང༌། དེའི་དབུ་ཆོས་སོགས་ཟུར་དུ་མེད་པར། ཚོགས་ཆེན་དགེ་བསྐོས་གཉིས་རེ་ཡོད་ཀྱང་དེ་ཕྱིན་ཆད་ཚོགས་ཆེན་ལ་དགེ་བསྐོས་གཅིག་དང༌། ཆབ་ལྟག་མ་རེ་དགོས་པར་བཅད། ཐོས་བསམ་གླིང་དབུ་ཆོས་དང་བཅས་ལོགས་སུ་ཕྱེ་ནས་གྲྭ་ཇ་ཟུར་དུ་གཏོང་རྒྱུའི་སྲོལ་ཚུགས། སྔ་སོར་གྲྭ་པ་རྣམས་ཀྱི་ན་བཟའ་པགས་ཐུལ་གཡོགས་མེད་པ་དང༌། གོང་འདབས་ཀྱི་སྤུ་ཕྱི་རོལ་ཏུ་མངོན་པ་དང༌། ཚོགས་ཕོར་ཡང་ཅན་སེར་སོགས་གང་འགྲིག་གིས་བྱེད་ཅིང༌། ལྷམ་ལྕགས་འཛེར་ཅན་དང༌། རོང་པའི་ལྷམ་སོགས་ལ་འཛེམ་བྱ་མེད་པས་མི་མཛེས་པ་མང་ཙམ་ཡོད་འདུག་པ་ཐམས་ཅད་བཅད་དེ་སྒྲིགས་ལམ་ལ་དག་ཐེར་ཞིབ་ཏུ་བྱེད་དགོས་ཀྱི་བཀའ་རྒྱ་བཙན་བརྗིད་དང་བཅས་ཚོགས་ཆེན་དགེ་བསྐོས་གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས། གྲྭ་ཚང་དགེ་བསྐོས་དཀའ་བཅུ་དོན་ཡོད་ཚུལ་ཁྲིམས། ཆབ་ལྟག་མ་བིས་མདོ་བློ་བཟང་དར་རྒྱས་རྣམས་བསྐོ་བཞག་གནང༌། སྔར་བཞེས་པའི་ཙན་དན་གྱི་ལྷག་ལ་སྟོང་སྐོར་རིན་པོ་ཆེ་བསོད་ནམས་རྒྱ་མཚོའི་སྐུ་ཞིག་བཞེངས་ཏེ། དམ་པ་དེ་ཉིད་རྗེ་རང་ལ་ལུགས་གཉིས་ཀ་ནས་སྐུ་དྲིན་ཤིན་ཏུ་ཆེ་བའི་རྒྱུ་མཚན་གྱིས་སྟོང་སྐོར་དགོན་དུ་དངུལ་སྲང་ལྔ་བརྒྱ་ལས་གྲུབ་པའི་མཆོད་རྟེན་ཁྱད་དུ་འཕགས་པ་ཞིག་བཞེངས་ཏེ། དེའི་སྒོ་ཁྱིམ་གྱི་ནང་དུ་བཞུགས་སུ་གསོལ། སྤྱན་དབྱེའི་ཆོ་ག་སོགས་ཀྱང་ཉིད་ཀྱིས་མཛད་དེ་བཀའ་དྲིན་གྱི་ཕུང་པོ་ཡོངས་སུ་བསབས། བཅུ་གཅིག་པའི་ནང་དུ་ཝང་པེའི་སི་གཉིས་རྒྱ་ནག་ནས་ཕྱིར་འཁོར་ཏེ་མཇལ་བར་དགྱེས་པའི་བཀའ་མཆིད་གནང༌། རྗེ་ཉིད་སྐུ་འབུམ་གྱི་ཁྲིར་བཞུགས་ཕྱིན་གྱི་ལོ་འདི་རྣམས་སུ་འཆད་ཉན་ཤིན་ཏུ་འཕེལ་བའི་གྲགས་པ་ལ་བརྟེན་ནས་གྲྭ་རྒྱུན་གསར་ཞུགས་ཆེས་མང་བ་བྱུང་སྟེ། སྔ་སོར་དགོན་པའི་སྟོད་སྨད་དུ་ཁང་ཞིག་མང་པོ་ཡོད་འདུག་པ་ཐམས་ཅད་སོར་ཆུད་ནས་འཕེལ་རྒྱས་ཤིན་ཏུ་ཆེ་བ་བྱུང༌། དཔོན་པེའི་སིས་ལོ་རྗེས་མའི་སྨོན་ལམ་སྟེང་དུ་རྗེ་ཉིད་ཅིས་ཀྱང་ཕེབས་དགོས་ཀྱི་གསོལ་བ་བཏབ་པ་ལྟར། ལོ་མཇུག་གདན་སར་བྱོན་ནས། བགྲང་བྱ་ཞེ་གཅིག་པ་ས་བྱིའི་ལོ་གསར་སོགས་དཀྱུས་བཞིན་གནང༌། འདི་ལོ་བསྟན་པའི་སྦྱིན་བདག་ཆེན་པོ་དཔོན་པེའི་སི་བཱ་ཐུར་དཱའི་ཆིང་ནས་སྨོན་ལམ་གྱི་སྦྱིན་བདག་བྱས་པར་གསུང་ཆོས་ལ་འཆག་མེད་དུ་ཕེབས་ཏེ་སྐྱེས་རབས་དང་ཀུན་མཁྱེན་གོང་མའི་རྣམ་ཐར་སོགས་ཀྱི་གསུང་བཤད་འབྱམས་ཀླས་པས་མཆོག་དམན་ཀུན་གྱི་རྒྱུད་ལ་དད་པའི་མྱུ་གུ་བསྐྲུན་པར་མཛད། སྨོན་ལམ་སྟེང་འདིར་བདག་ཀྱང་འདི་ཀའི་གདན་སར་འོངས་ཏེ། རྗེ་བླ་མ་མཆོག་གི་ཞབས་རྡུལ་རྙོགས་པ་མེད་པ་སྤྱི་བོར་བསྟེན་ནས་གསོལ་བ་བཏབ་པར་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་ཞིང་མིང་དཀོན་མཆོག་བསྟན་པའི་སྒྲོན་མེར་བཏགས་ཏེ་རྒྱལ་བའི་བསྟན་པའི་སྒོར་བཅུག་གོ །

                   སྔོན་མཐའ་མི་མངོན་སྲིད་པའི་སྨག་རུམ་འདིར། །མུན་པར་འཐོམས་པས་བློ་མིག་པདྨོ་ཟུམ། །ད་ནི་ཁྱོད་མཐུ་གསེར་གྱི་ཐུར་མ་ཡིས། །ཕྱེ་བས་སྐལ་བཟང་སྣང་བའི་དགའ་སྟོན་རྙེད། །ཐུབ་པ་མཆོག་གི་ཐུགས་རྗེ་ཨ་མྲྀ་ཏས། །ཡོངས་སུ་བཟུང་བའི་ཡིད་ཀྱི་ཀ་ལ་ཤ །ཚངས་པར་སྤྱོད་པའི་ཚུལ་ཁྲིམས་ཀུང་ཀུ་མས། །བསྒོས་ཏེ་བསྟན་པའི་སྒོར་ཞུགས་ཨེ་མ་ཧོ། །དེ་ཡང་སྔ་སོར་སྡེ་འདིར་ཆོ་འཕྲུལ་མཆོད་པའི་ལྷ་བཤོས་སོགས་ཀྱི་སྲོལ་རྒྱས་པ་མ་ཚུགས་པར་འདི་ལོ་མཆོད་ཡོན་བཀའ་བགྲོས་སྟེང་ནས་ལྷ་སའི་སྨོན་ལམ་ལྟར་བཅོ་ལྔའི་དགུང་མོ་བླ་བྲང༌། དཔོན་ཚང༌། ནང་ཆེན་ཁག །འཛིན་གྲྭ་རྣམས་དང༌། སེའི་དོད་ཆེ་རིམ། མདའ་ཚན་སོ་སོ་དང་བཅས་པས་མཆོད་པ་རྒྱ་ཆེ་ཞིང་དངོས་གཙང་བ་འདུ་ཁང་ཆེན་མོའི་ཁོ་ར་ཁོར་ཡུག་ཏུ་བཤམས་ནས་འབུལ་བ་སོགས་བསོད་ནམས་ཀྱི་ལས་རླབས་པོ་ཆེའི་སྲོལ་བཟང་པོ་ལེགས་པར་བཙུགས། དཔོན་པེའི་སི་ནས། སྐྱབས་མགོན་མཆོག་ཚོགས་དབུས་སུ་སྤྱན་དྲངས་ཏེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་དང་ལེགས་འབུལ་རྒྱ་ཆེར་བཏེག །སྨོན་ལམ་ལ་ཐེངས་འགའ་བྱོན་ཏེ་དགེ་རྩ་མཐའ་དག་ནམ་ཡང་མི་ཟད་པ་བྱང་ཆུབ་མཆོག་གི་ཡན་ལག་ཏུ་བསྒྱུར། བྱམས་པ་གླིང་སྐོར་ལ་ཡང་ཕེབས་ཏེ་རྒྱུན་གྱི་ཕྱག་བཞེས་བཞིན་ཕྱོགས་བཞི་ནས་ཁྲུས་གསོལ་གནང༌། སྨོན་ལམ་གྱི་གཉེར་ཁ་ཟུར་དུ་ཡོད་ན་ལེགས་ཚུལ་གྱི་འཆར་སྟོན་གནང་བར་དཔོན་པེའི་སིས་སྤྱི་འཇོག་དཔངས་མཐོ་བ་སྦྱོར་འཇགས་ཀྱི་ཞབས་འདེགས་ཞུས། དཔའ་རི་བ་ཚང་ནས་རྒྱུད་ཁྲིའི་དགོངས་པ་ཞུས་པར། རྡོ་རམས་པ་ཤེས་རབ་དར་རྒྱས་དཔོན་སློབ་དང༌། དགེ་བཤེས་བཟོད་པ་བླ་མ་དབུ་མཛད་དུ་བསྐོས། རིགས་པའི་ཁྱུ་མཆོག་ལྷ་རམས་པ་བསོད་ནམས་དབང་རྒྱལ་གྱིས་ཐོས་བསམ་གླིང་དུ་དམ་བཅའ་བཞག་པར་གཟིགས་རྟོག་ལ་ཕེབས་ནས་བློ་གསར་རྣམས་ལ་སྤྲོ་བ་བསྐྱེད། ལ་མོ་ཆོས་གྲགས་ཇ་སག་དུས་ཆོས་སུ་གྱུར་པའི་དོན་དུ་གདན་དྲངས་པར་གཤིན་པོ་རྗེས་འཛིན་གྱི་སྤྱན་དམིགས་ཡང་དག་པ་བཀའ་དྲིན་བསྐྱངས། སྡེ་ཁྲི་སྤྲུལ་བའི་སྐུ་དབུས་སུ་གསན་སྦྱོང་ལ་ཕེབས་པར་དངོས་པོའི་རྫོངས་ཆ་དང་སློབ་གཉེར་མཛད་ལུགས་ཀྱི་བསླབ་སྟོན་རྒྱས་པ་གནང༌། དབྱར་སྐུ་འབུམ་དུ་བྱོན་ཏེ་ཆོས་ཐོག་ལ་བརྩི་བཞག་འཆག་མེད་དང༌། བར་མཚམས་སུ་དོན་གཉེར་ཅན་འགའ་ཞིག་ལ་སྨན་གྱི་རྒྱུད་བཞི། དར་མོ་བཀའ་བརྒྱ་མའི་ལུང་སོགས་འདོད་ཆོས་ཅི་རིགས་སྩལ། མཚོ་སྔོན་ནས་རྣམ་སྲས་ཇ་སག་ལྔ་པའི་ལམ་དུ་སོང་བའི་དོན་ལ་གདན་འདྲེན་པ་འོངས་ནས་དེར་ཕྱག་ཕེབས། བགེགས་སྡིག་དྲི་མ་གསུམ་སྦྱངས་ཏེ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་དང༌། བཙན་ཐབས་འཚང་རྒྱ་འཕོ་བའི་གདམས་པ་སོགས་ཀྱི་སྒོ་ནས་གཤིན་པོའི་རྣམ་ཤེས་ངན་འགྲོའི་དུཿཁ་ལས་སྐྱོབ་པར་མཛད། དཔོན་མོ་དང་མི་བཟང་ཤུལ་ན་གནས་པ་རྣམས་ཀྱིས་ཀྱང་དད་གུས་ཚད་མེད་པས་དངོས་འབུལ་རྒྱ་ཆེར་བཏེག །ཁྱད་པར་ཡབ་མེས་གོང་མ་རྣམས་དགའ་ལྡན་ཕོ་བྲང་པའི་བསྟན་སྲིད་ཀྱི་རྩ་བ་ལྟ་བུར་ཡོད་པའི་སྐབས་ཕྱག་ཏུ་འོང་བའི་ནང་རྟེན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ན་བཟའ་གོས་ཐེར་འཁྲུལ་མེད་ས་གསུམ་ན་རྙེད་པར་དཀའ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྔར་བླ་ཆེན་མང་པོས་ཐུགས་ཀྱི་དགོངས་པ་གཏད་ཀྱང་འབུལ་མ་ནུས་པ་ཞིག་ཡོད་པས་དེ་དང་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་མཐང་གོས་ཤིག་ཡོད་པ་ཡང་རྗེ་ཉིད་ལ་ཕངས་པ་མེད་པར་ཕུལ་བ་ནི་སྐྱབས་མགོན་རང་གི་ཐུགས་སྨོན་དང༌། རྟེན་དེ་དག་ཀྱང་རྒྱལ་བའི་འཕྲིན་ལས་གཟུགས་སུ་ཤར་བ་ཡིན་པས་བསྟན་པ་གང་དུ་དར་བའི་ཕྱོགས་དེར་རིམ་གྱིས་ཕེབས་དགོས་པའི་འཕྲིན་ལས་ཀྱི་དུས་བབས་ཟུང་དུ་འབྲེལ་བ་གོར་མ་ཆག་སྟེ། དཔེར་ན་ཇོ་བོ་ཤཱཀྱ་མི་ནེ་ཡུལ་མང་པོར་གདན་དྲངས་པའི་ལོ་རྒྱུས་དང་རྣམ་རྫོགས་སྦྱོར་བའི་ཡུལ་དཔྱད་པའི་ཡོན་ཏན་གྱི་སྐབས་ཀྱིས་ཀྱང་ཤེས་ལ། འཇམ་མགོན་ས་སྐྱ་པཎྚི་ཏས་ཀྱང༌། བྱ་བ་འབད་ནས་ཀུན་སྒྲུབ་ཀྱང༌། །འགྲུབ་པ་བསོད་ནམས་ཤུགས་ལ་རག །གསུངས་པ་ལྟར་རོ། །
                      དེ་ནས་སླར་སྐུ་འབུམ་དུ་ཕེབས་ཏེ་འཆད་ཉན་དམར་བར་མཛད། བསྙེན་རྫོགས་བརྒྱ་ལྷག་གསར་བསྒྲུབས་དང༌། རྒྱུད་ཁང་དུ་གསང་བ་འདུས་པའི་དབང༌། རྒྱུད་གཞུང་དང་དྭགས་པོའི་བསྐྱེད་རྫོགས་གཉིས་ཀྱི་ལྗགས་ལུང་སོགས་ཆོས་བཀའ་མང་དུ་སྩལ། དེ་སྐབས་བསྟན་པའི་རྩ་ལག་དམ་པ་ཐུའུ་བཀྭན་རིན་པོ་ཆེ་རྒྱ་ནག་ནས་ཡར་ཕེབས་པར་སྐུ་ཞབས་ཉིད་དམར་གཙང་དུ་བྱོན་ནས་མཇལ་ཕྲད་མཛད། ཉིན་གཅིག་དེར་བཞུགས་ཏེ་ཡབ་སྲས་གཉིས་ཀ་ཤིན་ཏུ་དགྱེས་པའི་གསུང་གླེང་འཕེལ་བར་བྱུང༌། ཐུའུ་བཀྭན་རིན་པོ་ཆེ་ནས་སླར་དགོན་ལུང་དུ་ཕེབས་རྒྱུའི་སྙན་གསན་ཕུལ་བ་ཞལ་གྱིས་བཞེས་ཤིང༌། མི་རིང་བར་གདན་འདྲེན་པ་འབྱོར་བསྟུན་དགོན་ལུང་དུ་ཆིབས་བསྒྱུར་གནང་བར་ཕེབས་བསུ་དང་ཤངས་ལེན་གཟབ་རྒྱས་ཞུས། ཐུའུ་བཀྭན་རིན་པོ་ཆེ་ཉིད་ཆོག་གྲྭ་པ་དང་བཅས་པས་བདེ་མཆོག་དཀར་པོའི་བརྟན་བཞུགས་ཀྱི་ཆོ་ག་བསྒྲུབས་ཏེ་སྐྱབས་མགོན་མཆོག་ལ་བཀུར་སྟི་ཆེན་པོས་སེང་གེའི་ཁྲི་ལ་ཞབས་པད་བཀོད་དེ་བླ་མ་འཁོར་ལོ་བདེ་མཆོག་དབྱེར་མེད་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་ཞིང༌། ཚེའི་ལྷ་ཚོགས་ཐམས་ཅད་དཔུང་གི་ར་མདའ་སྦྲན་ཏེ་སྐུ་ཚེ་བརྟན་པའི་གསོལ་འདེབས་དང༌། མཎྜལ་རྒྱས་པར་ཕུལ། མཇུག་ཏུ་ཐུའུ་བཀྭན་རིན་པོ་ཆེ་ནས་ནང་མཛོད་དངུལ་དཀར་གྱི་མཎྜལ་ཚོམ་བུ་ཅན་ཕྱག་ཏུ་ཐོགས་ཏེ་ཞབས་པད་རིང་དུ་བརྟན་པའི་གསོལ་འདེབས་དོན་ཟབ་ཅིང་ཚིག་སྙན་པ་ལུང་རིགས་ཀྱི་རྒྱབ་རྟེན་དང་བཅས་པའི་སྒོ་ནས་རྒྱས་པར་ཞུས་པའི་ཕྱིར་ཕེབས་ཀྱི་ལན་དུ། རང་གི་དམ་ཚིག་སློབ་དཔོན་ནི། །ཞེས་སོགས་དང༌། དེ་བྱིན་སངས་རྒྱས་ཐམས་ཅད་ལ། །ཞེས་སོགས་བླ་མ་ལྔ་བཅུ་པའི་ལུང་འདྲེན་མཛད་ནས་དགྱེས་པའི་བཀའ་དང༌། ཞབས་པད་བརྟན་པའི་ཞལ་བཞེས་ཀྱང་ཡིད་ཚིམ་པ་གནང༌། དངོས་འབུལ་ལ་དངུལ་གྱི་རྡོ་རྗེ་གསེར་ཚོས་ཅན་ཆེ་བ་མཛོད་བཏགས་སྣ་ལྔས་བརྒྱན་པ། དངུལ་གྱི་མཎྜལ་ཆེ་ལེགས་དར་ཚོན་ལྔའི་སྣེ་འདོགས་ཅན་ནང་མཛོད་དང་བཅས་པ། ཚེ་དཔག་མེད་ཀྱི་སྐུ་བརྙན་དགུ །ཚེ་མདོ་གསེར་བྲིས། རྣམ་རྒྱལ་མཆོད་རྟེན་ཁྲུ་གང་བ། དངུལ་གྱི་ཆབ་རིལ། བཟེད་ཞལ། ཞལ་དཀར་སྟེགས་བཅས། བླ་གོས། མཐང་གོས། སྣམ་སྦྱར། སྐུ་གཟན། སྟོད་འགག །བན་སྐེད། བཞུགས་གདིང༌། སྣེ་རིང༌། གོས་བེར། འགན་སྦྱར། གཙུག་ཏོར་རིགས་ལྔ། སྟོད་གཡོགས། སྨད་གཡོགས། དངུལ་གྱི་རྡོར་དྲིལ། དངུལ་གྱིས་གཡོགས་པའི་ཌཱ་མ་རུ། ཐོད་པ་ཁ་ཁེབས་སྟེགས་རྣམས་དངུལ་ལས་གྲུབ་པ་རིན་པོ་ཆེའི་ཕྲ་ཅན། ཆུ་ཤེལ་དང༌། བྱུ་རུ། སྤོས་ཤེལ་གྱི་ཕྱག་ཕྲེང་གསུམ། ཤེལ་སྤྱད་སྣ་ཚོགས། གོང་མས་གནང་བའི་ཕྱག་གྲི་ཁྱད་མཚར། ཁུག་མ་མང་པོ་དང་བཅས་པ། དངུལ་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འཁོར་ལོ། རྡོ་རྗེ་རྒྱ་གྲམ་རྣམས་ཀྱི་གཟུགས། རྒྱན་གཞི། མང་ནུག །སངས་རྒྱས་སྐུ་ཤ །པདྨ་གསེར་མིག །ཁ་ཐི་སོགས་གོས་ཆེན་ལེགས་པ་ཉི་ཤུ། གསེར་སྲང་ལྔ། དངུལ་སྲང་ལྔ་བརྒྱ། མཛོད་བཏགས་སྣ་ལྔ། ལིང་ཡུག་སྣ་ལྔ། དར་ཆེན་ཁྲ་བོ་ཡུག་ལྔ། ནོར་བུ་དོན་ཡོད་ལྕགས་ཀྱུ་བཅས་ཕུལ། དེ་རྗེས་ཉིན་གཅིག་ཁོང་ནས་ཞུས་པ་ལྟར། སྐྱབས་མགོན་ཉིད་ཆོག་གྲྭ་པ་དང་བཅས་པས། གསར་བཞེངས་ཀྱི་སྐུ་གསུང་ཐུགས་རྟེན་རྣམས་རབ་གནས་མཛད་པའི་ཡོན་དུ། དངུལ་སྲང་ལྔ་བཅུ་ལས་གྲུབ་པའི་མཎྜལ་ནང་མཛོད་དང་བཅས་པ། དངུལ་རྟ་རྨིག་མ་གཉིས། གོས་ཡུག་གསུམ་བཅས་ཕུལ། སྐྱབས་མགོན་མཆོག་གཙོ་བོར་བཞུགས་ཏེ། དགོན་ལུང་གི་ཞབས་དྲུང་སྐུ་སྐྱེ། ཆོས་རྗེ་ལས་སྣེ་སོགས་དང༌། མཚོ་སྔོན་ཕྱག་རྡོར་པེའི་སི་སོགས་སྟོན་འཁོར་བརྒྱ་ཕྲག་ཙམ་གྱི་བཞུགས་གྲལ་ལ། སྔ་དྲོའི་དུས་རྒྱའི་ལུགས་ཀྱི་སྟོན་མོ་གཟབ་རྒྱས་དང༌། ཕྱི་དྲོ་ས་ཁད་ཡངས་པ་ཞིག་ཏུ་ལྡིང་གུར་ཕུབ་པར་གདན་དྲངས་ཏེ་སྒྱུ་མ་མཁན་དུ་གྲགས་པའི་མིག་འཕྲུལ་གྱི་རྩེད་མོ་དང༌། སྒྱུ་རྩལ་ཡ་མཚན་པ་སྣ་ཚོགས་ཀྱི་གཟིགས་མོ། པི་ཝང་གླིང་བུ་སོགས་རོལ་ཆ་སྣ་ཚོགས་བསྡེབས་པའི་སྒྲ་སྙན་དང༌། ཉི་མ་ནུབ་རྗེས་མེའི་འཁྲུལ་འཁོར་གྱི་རྩེད་མོ་སྣ་ཚོགས་སྤྱན་ལམ་དུ་བསྟར་བས་ཐུགས་དགྱེས་པའི་རྣམ་པ་མཛད། ཐུའུ་བཀྭན་རིན་པོ་ཆེར་ཚེ་དབང་དང༌། ཆོས་རྒྱལ་དུག་རིའི་རྗེས་གནང་སོགས་ཐུགས་བཞེད་བཞིན་གྱི་ཆོས་བཀའ་འགའ་ཞིག་གནང༌། སླར་སྐུ་འབུམ་དུ་ཕེབས་ནས་ཁྲིའི་དགོངས་པ་ཞུས་པར་ཐམས་ཅད་ཀྱིས་ད་དུང་རེ་ཞིག་བཞུགས་དགོས་ཞེས་མཎྜལ་དང་བཅས་མགྲིན་གཅིག་ཏུ་གསོལ་བ་ཡང་ཡང་བཏབ་ཀྱང༌། གཞན་ཆོས་སྲིད་ཀྱི་སྐུ་དོན་ཧ་ཅང་རྒྱ་ཆེ་སྟབས་ནན་བསྐྱེད་ནས་དགོངས་པ་ཞུས་ཏེ། སྒོ་མེ་མགོན་ཀྱ་ཞབས་དྲུང་ཁྲིར་བསྐོ་བཞག་མཛད། བརྩི་བཞག་མཚམས་སྦྱར་གྱི་ཉིན་འཛིན་གྲྭ་སོ་སོ་ལ་བརྩི་བཞག་གི་མཇུག་ཏུ་ཚིག་བཀྲ་མི་འདྲ་བ་ཡིད་འཁུལ་ངེས་རེ་གནང་བས་ཐམས་ཅད་སྐྱོ་ཤས་དང་དད་གུས་འགྲན་པ་བཞིན་དུ་གྱུར། ཚོགས་ཆེན་དུ་དངུལ་སྲང་སྟོང་ཕྲག་གཅིག་གིས་མང་འགྱེད་དང༌། བཤད་སྒྲུབ་གླིང་ལ་ཟུར་དུ་གྲྭ་ཇའི་ཐོག་དོང་ཙེ་ཁྲོན་རེའི་འགྱེད་གནང༌། ཚུར་ཕེབས་སྐབས་ཚང་མས་འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་ཕེབས་སྐྱེལ་ཞུས་ཤིང༌། དར་འབོད་སོགས་ཀྱིས་རྟེན་འབྲེལ་བསྒྲིགས། དེ་ནས་གྲྭ་མང་ཕྱིར་ཐེགས་སུ་བཅུག་སྟེ། སྤྱི་དགེ་གཉེར་སོགས་རྟ་པ་བརྒྱ་ཕྲག་གིས་ཉིན་སྐོར་དང༌། གཟིམས་ཁང་གོང་གི་ཞབས་དྲུང་དང༌། སྨན་པ་དཔོན་སློབ་ངོ་གཡོག་རྣམས་ཀྱིས་གདན་ས་བར་དུ་ཆིབས་སྐྱེལ་ཞུས། ལམ་བར་ནས་བྱ་ཁྱུང་སྤྱི་སོས་ཐབ་བསུ་ཕུལ། བྲག་ལུང་དགོན་པའི་དགེ་འདུན་རྣམས་དང༌། ལམ་གྱི་སྡེ་པ་སོ་སོས་ཐབ་བསུ་ཞུས་པ་རྣམས་ལ་འདོད་ཆོས་དང་བྱིན་རླབས་ཀྱིས་རེ་བ་སྐོང་བཞིན་པའི་མུ་ནས་གདན་སར་བབས། རྗེ་བདག་ཉིད་ཆེན་པོའི་གོས་བེར་གདན་དྲངས་པར་སེར་སྦྲེང་བྱེད་བཅུག་སྟེ་འདུ་ཁང་ཆེན་མོའི་ནང་ནས་ཁྲུས་གསོལ་མཛད་ཅིང༌། གྲྭ་མང་ལ་མཇལ་ཁ་བཏང༌། ཨུརྒེ་ནས་ཆིང་ཝང་ཡང་ཕེབས་པས་མཆོད་ཡོན་ཞལ་འཛོམ་སྟེ། ཉིན་ལྟར་ལུགས་གཉིས་ཟུང་དང་འབྲེལ་བའི་བཀའ་མཆིད་འཕེལ།

                  རྒྱ་སྒྱུ་མ་མཁན་ཞིག་ཁྲིད་འོང་བ་དེ་ལ་སྒྱུ་མ་སྣ་ཚོགས་སྤྲུལ་ནས་གྲྭ་མང་དང་ཝང་འཁོར་བཅས་ལ་སྟོན་དུ་བཅུག་སྟེ། དེ་དག་ཀྱང་ཡོན་གྱིས་མགུ་བར་མཛད། འདི་ཡང་བྱིས་པའི་རྩེད་མོ་ལྟར་བཞད་གད་ཀྱི་ཆེད་ཙམ་མ་ཡིན་ཏེ། དཔེ་ཆོས་སོགས་ནས་འབྱུང་བ་ལྟར་འདི་འདྲ་ལ་བརྟེན་ནས་འཁོར་བར་ཞེན་ལོག་སྐྱེ་བ་ཡང་ཡོད་ལ། མདོ་སྡེ་རྒྱན་སོགས་སེམས་ཙམ་གྱི་གཞུང་དང༌། རྩ་ཤེ་སོགས་དབུ་མའི་གཞུང་ནས་སྒྱུ་མ་དཔེར་བྱས་པ་ཤིན་ཏུ་མང་བས་གྲུབ་མཐའ་གང་གི་ལུགས་ཀྱི་བདག་མེད་གཏན་ལ་འབེབས་པ་ལ་ཡང་འདི་ཉིད་འཆར་སླ་ཞིང་གོ་བ་བསྐྱེད་ནུས་པ་ཞིག་ཡོད་པའི་རྒྱུ་མཚན་གྱིས་དེ་འདྲའི་བག་ཆགས་རེ་འཇོག་ཨེ་ཐུབ་དགོངས་པ་ནི་དགོས་པའི་གཙོ་བོ་ཡིན་ཞིང༌། འཇིག་རྟེན་ལུགས་ཀྱི་ས་རྒྱ་ཆེ་ཆུང་ཟེར་བ་ཡང་ལུང་པའི་ཁད་ཡངས་དོག་ལ་ཟེར་བ་མིན་གྱི། མཆོག་དམན་མང་པོའི་སྤྱོད་ཚུལ་སྣ་ཚོགས་རིག་མཐོང་ཡོད་མེད་ལ་ཟེར་བས་མ་མཐའ་དེ་ཙམ་གྱིས་ཀྱང་བློ་རྒྱ་ཆེ་རུ་ཨེ་འགྲོ་དགོངས་ཏེ་སྒོ་དུ་མ་ནས་ཕན་པ་སྒྲུབ་པའི་ཐབས་མཁས་ཡིན་པ་ཤེས་པར་གྱིས། སྟོན་མཇུག་དམུ་དགེ་ནས་ཀུན་མཁྱེན་གོང་མའི་དངོས་སློབ་ཧ་མཐའ་སྐུ་སྐྱེ་ཞི་བར་གཤེགས་པའི་དོན་དུ་གདན་འདྲེན་པ་འོངས་ནས་དེར་ཆིབས་བསྐྱོད། ལམ་ནས་ཐོར་གོད་ཇ་སག་ཚེ་བརྟན་རྡོ་རྗེ་དུས་ཆོས་སུ་གྱུར་པའི་སར་སྤྱན་དྲངས་པ་ལ་བསྔོ་སྨོན་གྱིས་མཚམས་སྦྱོར་མཛད། རིམ་གྱིས་མཛོ་དགེ་བརྒྱུད་ནས་ཕེབས་པར། མཛོ་དགེའི་དཔོན་ཁག་རྣམས་ཀྱིས་འདི་ལོ་མགོ་ལོག་གི་ཇག་པ་ཤིན་ཏུ་རྒོད་པར་འདུག་པས་ཁོང་ཚོས་དམག་ཐོག་ནས་སྐྱེལ་ཞུས་ཀྱང་མ་གསན་པར་བྱོན། མགོ་ལོག་གི་ཇག་པ་བརྒྱ་སྐོར་ཞིག་གིས་ཧོ་ཤི་སྔོན་མ་ཐམས་ཅད་བླངས་ཏེ། གུང་འབབ་བྱས་ནས་ཡོད་སྐབས་སྤྱང་ཀི་གཉིས་ཉེ་འཁོར་དུ་འོངས་ཏེ་ངུ་ཟུག་བྱེད་པ་དང༌། བྱ་རོག་གཉིས་གཤོག་འཛིངས་བྱེད་བཞིན་པར་འོངས་ཏེ་གཤོག་ལྕག་གིས་བརྡབས་ནས་བསྐོལ་ཇ་ཐང་ལ་འཕོ་བས། རྣམ་རྟོག་དང་འཇིགས་སྐྲག་ཆེན་པོ་སྐྱེས་ཏེ་ཚུར་འོང་བ་ན། རྗེ་ཉིད་རྗེས་ནས་ཕེབས་པ་དང་དཀྱིལ་འཁོར་སུམ་སྣ་ཟེར་བར་ཐུག་པས་སྐུ་ཞབས་འཇམ་དབྱངས་བཞད་པ་ཡིན་ཚུལ་གྱི་ལོ་རྒྱུས་བཤད་ཅིང༌། ཞལ་མཐོང་བ་ཙམ་གྱིས་ཐམས་ཅད་བློ་འགྱུར་ཏེ་ས་ལ་བབས་ནས་གུས་འདུད་ལྷུར་བླངས། སྔར་བླངས་པའི་ཧོ་ཤིའི་ཡོ་བྱད་ཁབ་སྐུད་པ་ཙམ་ཡང་མ་གྲོན་པར་ཕྱིར་སྤྲད་པའི་སྟེང་དུ་ལག་ཆ་འགའ་ཞིག་ཕུལ་ཏེ་བཤགས་པ་བྱས། ཆོས་འབྲེལ་ཞིག་ཅི་ནས་ཀྱང་ཐུགས་རྗེས་གཟིགས་དགོས་ཞེས་གསོལ་བ་བཏབ་པར། སྒྲོལ་མའི་རྗེས་གནང་ཞིག་སྩལ། དེ་ནས་སྐྱ་བ་ནག་ཚང་སོ་སོ་ནས་གདན་དྲངས་པའི་རེ་བ་བསྐང་སྟེ་རིམ་གྱིས་དམུ་དགེར་ཕྱག་ཕེབས། ཞི་བར་གཤེགས་པ་དེ་ཉིད་ཀྱི་དགོངས་པ་རྫོགས་པའི་ཐབས་སུ་མཆོག་ཁྲུས་དང་བསྔོ་སྨོན་སོགས་ཀྱིས་མཚམས་སྦྱོར་གནད་སྨིན་བཀའ་དྲིན་བསྐྱངས། དེ་ཀའི་བླ་སྡེ་སོ་སོ་ནས་ཀྱང་གདན་དྲངས་ཏེ་བསྙེན་བཀུར་བསྟབས། ཚ་ཁོ་སོ་མང་རྒྱལ་མོས་འཚམས་ཞུས་དང༌། གདན་སར་ཕེབས་རྒྱུ་ཅུང་ཟད་ཕྱིར་བཤོལ་ནས་ངོས་སྐུ་མདུན་དུ་མཇལ་བར་འོང་ཆོག་པ་དགོས་ཚུལ་གྱིས་གསོལ་བ་བཏབ་པར་ཞལ་གྱིས་བཞེས། ཟུང་ཆུ་ནས་ཁྲིམས་བླ་དཔོན་གཉིས་ཀྱིས་གདན་དྲངས་པར་བྱོན་ཏེ་ཐུགས་རྗེ་ཆེན་པོའི་དབང་སོགས་དམ་པའི་ཆོས་ཀྱི་ཆར་ཕབ། དེ་ཕྱོགས་ཀྱི་དགེ་ལུགས་དགོན་ཁག་མང་པོས་སྤྱན་དྲངས་པ་ཐམས་ཅད་ཀྱང་གསུང་གི་བདུད་རྩིས་ཚིམ་པར་མཛད། ཕྱོགས་འདུས་ཀྱི་མཇལ་བ་སྟོང་ཕྲག་དུ་མ་ལ་ཕྱག་དབང་དང་གཟུངས་སྔགས་ཟབ་མོའི་ལུང་སོགས་སྩལ་ཏེ་མཐོང་ཐོས་དྲན་རེག་གི་སྒོ་ནས་སྨིན་གྲོལ་གྱི་ལམ་ལ་བཀོད། དེ་དག་སོ་སོས་ཀྱང་རང་ནུས་ཅི་ཡོད་ཀྱིས་བསུ་སྐྱེལ་འབུལ་ནོད་སོགས་བསྙེན་བཀུར་ཤིན་ཏུ་གཟབས། དེ་ནས་སླར་དམུ་དགེ་དགོན་དུ་ཕེབས་ཏེ་དགུང་ལོ་ཞེ་གཉིས་པ་ས་མོ་གླང་གི་ལོ་གསར་མཛད། ཚ་ཁོ་སོ་མང་རྒྱལ་མོ་སྒྲོལ་མ་མཚོ་ངོ་གཡོག་སུམ་བརྒྱ་སྐོར་ཡང་དེར་འབྱོར་ཏེ་ཚེས་བཅུ་གཉིས་ཀྱི་ཉིན་རྒྱལ་མོ་རང་ཉིད་ནས། སྤྱིར་བསྟན་པ་དར་ཚུལ། རང་གི་གོང་མ་རྣམས་ཀྱིས་ཀྱང་དེ་ལ་སྲི་ཞུ་བྱས་ཚུལ། ད་རེས་སྐྱབས་མགོན་ཉིད་ནས་ཀྱང་ཆོས་ཀྱི་བདུད་རྩི་སྩོལ་ཞིང་ཞབས་པད་བརྟན་པར་བཞུགས་དགོས་ཚུལ་སོགས་བཤད་པ་ཤིན་ཏུ་རྒྱས་པ་ཚིགས་བཅད་དུ་བསྡེབས་པ་ནི། ཟབ་ཅིང་རྒྱ་ཆེ་ཐམས་ཅད་མཁྱེན་པའི་ཆོས། །མ་ལུས་བདུད་རྩིར་འཛགས་པ་ཟླ་བའི་རིགས། །རིས་མེད་ཀུན་ལ་སྙོམས་པའི་སྤྱོད་ཚུལ་གྱིས། །འཕགས་པ་རིགས་བརྒྱའི་ཅོད་པཎ་ཞབས་པདྨོར། །དད་དང་གུས་པ་ཆེན་པོའི་རང་བཞིན་གྱིས། །སྒོ་གསུམ་སྙིང་ནས་ཕུལ་བའི་གསོལ་འབྲས་ལ། །བཀའ་ལུང་རྫོགས་ལྡན་སྤྲིན་གྱི་རྩེ་དགའ་ཡིས། །ཆོས་ཆར་བཞེད་དགུར་ཕབ་པའི་སྙན་གྲགས་ཀྱིས། །ཞེས་སོགས་སྙན་ཅིང་འབྲེལ་ཆགས་པའི་ཞུ་བ་ཕུལ་ཏེ་གསོལ་བ་བཏབ་པར་དབང་ལུང་རྗེས་གནང་སོགས་ཇི་ལྟར་འདོད་པ་བཞིན་གྱི་རེ་བ་འབྲས་ལྡན་དུ་མཛད། དངུལ་གྱི་མཎྜལ་ཁྱད་མཚར། དུང་དཀར་དངུལ་གཤོག་མ་ཆ་འགྲིག་སོགས་ཁྱད་ནོར་དུ་མ་དང༌། གཞན་ཡང་དངུལ་གོས་དར་འཐག་རས་སྣ་ཚོགས་གཅན་གཟན་གྱི་པགས་པ་དུ་མ་སོགས་འབུལ་བ་སྤམ་མཐོ་བ་ཕུལ། རྒྱལ་མོ་འདི་བུད་མེད་ཀྱི་ལུས་ལ་བླང་དོར་འབྱེད་པའི་བློ་གྲོས་དང་ལྡན་ཞིང༌། དཀོན་མཆོག་ལ་དད་གུས་འགྱུར་བ་མེད་པ། རང་བཞིན་བརྟན་ཅིང་དགེ་བཅུའི་བཀའ་ཁྲིམས་སྐྱོང་མཁས་པས། གོང་མ་བདག་པོ་ཆེན་པོས་ཀྱང་ཚད་མེད་པའི་བདག་རྐྱེན་སྔར་མ་གྲགས་པ་ལྟ་བུ་གནང་སྟེ། ལུགས་གཉིས་ཀ་ནས་དེང་དུས་ཀྱི་དཔོན་རིགས་ཕལ་མོ་ཆེ་ཟིལ་གྱིས་གནོན་ནུས་པ་ཞིག་ཡིན་པར་སྣང༌། རྟ་ཐོག་ནས་གར་འཁྲབ་པ་སོགས་ཚ་ཁོ་ཡུལ་ལུགས་ཀྱི་གཟིགས་མོ་དུ་མ་ཡང་སྤྱན་ལམ་དུ་བསྟར་ཞིང་སེང་གེ་གཉིས་རྫི་བོ་གཅིག་དང་བཅས་པའི་འཆམ་ཆས་ཆ་འགྲིག་སྤུས་གཙང་ཞིག་ཕུལ། གྲྭ་རྒྱུན་ལྔ་ཡང་ཕུལ་ཏེ་དེ་ཕྱིན་གདན་ས་ཆེན་པོ་འདི་ཀའི་སྦྱིན་བདག་གི་གཙོ་བོ་ཞིག་ཏུ་གྱུར། དམུ་དགེ་དགོན་པའི་སྦྱིན་བདག་བྱེད་དགོས་ཀྱི་བཀའ་ཕེབས་པ་ཡང་དང་དུ་བླངས།

              དེ་ནས་ཕྱིར་ཆིབས་ཁ་བསྒྱུར་བར་དམུ་དགེའི་བླ་སྡེ་ཁག་དང༌། སོ་མང་རྒྱལ་མོ་ངོ་གཡོག་རྣམས་ཀྱིས་ཕེབས་སྐྱེལ་ཞུས། ལམ་ཁར་མཛོ་དགེ་སྟོད་དུ་པཎ་ཆེན་གྱི་སྐུ་ཚབ་ཏུ་བཀྲ་ཤིས་ལྷུན་པོའི་འཆམ་ཕྱག་ལེན་སོགས་ལ་སྦྱངས་པའི་ཚོགས་གསོག་པ་ཞིག་འོང་ཡོད་པ་དེར། པཎ་ཆེན་མཆོག་ནས་བཀྲ་ཤིས་འཁྱིལ་དུ་འདི་ཀའི་ཕྱག་ལེན་ལྟར་གྱི་འཆམ་ལྕགས་མཁར་སོགས་ཚུགས་དགོས་པས་ཁྱོད་ཀྱིས་དེར་ཚུལ་ལྡན་ཞིག་སློབས་གསུང་ཚུལ་ཞུས་པར་ཤིན་ཏུ་དགྱེས་ཏེ་མ་འགྱངས་པར་འོང་དགོས་པའི་བཀའ་ནན་ཕེབས། དེ་ནས་རིམ་གྱིས་གདན་སར་ཕེབས་སྐབས། ཤུལ་ནས་ཉིད་ཀྱི་ཁུ་བོ་ཆོས་རྗེ་སྐུ་ན་སྨིན་ཏེ་གཤེགས་སོང་བ་ལ་འཇིག་རྟེན་དང་སྒོ་བསྟུན་ནས་ཤིན་ཏུ་སྐྱོ་བའི་ཚུལ་མཛད། དེ་ཉིད་ཀྱི་དགོངས་རྫོགས་སུ་ཚོགས་ཆེན་ལ་ཉིན་བདུན་གྱི་རིང་མ་ཎི་བསྒྲུབ་པར་མང་འགྱེད་གྱ་ནོམ་པ་སྩལ། སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་ཡང་གདན་དྲངས་ཏེ་བསྔོ་རྟེན་རྒྱ་ཆེ་ཞིང་དངོས་གཙང་བ་ཕུལ། ཁོང་ལ་ཐོས་བསམ་གླིང་གི་ཆོས་གྲྭར་བཞུགས་ན་ལེགས་ཚུལ་བསླབ་སྟོན་གནང་སྟེ་བསྡུས་ཆེན་ནས་ཞུགས། ལྷ་སྲས་ཆིང་ཝང་དང་དཔོན་པེའི་སི་རྣམ་གཉིས་ཀྱང་ཕེབས་ཏེ་མཆོད་ཡོན་ཞལ་འཛོམ་པའི་ནང་ལུགས་ཀྱི་བཀའ་གྲོས་ཞིབ་རྒྱས་གནང༌། ཧོར་ཟླ་གསུམ་པའི་བཅུ་གསུམ་ལ་མགོན་ཁང་དུ་ཕེབས་ཏེ་བསྐང་གསོ་གནང་བར། རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང༌། དེ་གྲོལ་ནས་ཚོགས་འདུ་ལ་སྔར་དགོན་ལུང་དུ་ལྕང་སྐྱ་རྡོ་རྗེ་འཆང་ལ། མི་ཏྲའི་དབང་ཞིག་གསན་འདུན་ཆེ་ཚུལ་ཞུས་པར། མཚན་སྒྲོགས་མཁན་པོས་ཁྲི་ཆེན་སྤྲུལ་སྐུའི་མདུན་ནས་གསན་ནས་ཡོད་པས་ཁོང་ལ་ཞུས་ན་ལེགས་གསུངས་ཡོད་པ་ལྟར་མི་ཏྲའི་དབང་དང༌། རྡོ་རྗེ་འཆང་ཉིད་ལ་ཡང་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་ཞུ་རྒྱུ་རི་བོ་རྩེ་ལྔའི་གནས་མཇལ་བཅས་ཀྱི་ཆེད་དུ། སྨད་ཕྱོགས་སུ་ཕེབས་རྒྱུའི་བཀའ་བསྒྱུར་ཏེ་གྲྭ་མང་ནས་བཤོལ་བཏབ་ཀྱང་ཞལ་བཞེས་མ་གནང༌། དེ་ནས་བདུན་གཅིག་བཅད་རྒྱ་དམ་དུ་མཛད་པའི་ཐུན་མཚམས་སུ་མགོན་པོའི་ཞལ་ཐང་གཅིག་གི་ངོས་ལ་ཡུན་རིང་པོར་སྤྱན་གཏད་དེ་གཟིགས་བཞིན་པར་མགོན་པོའི་ཀ་བསྟོད་ཅིག་ལྗགས་རྩོམ་མཛད། འདིའི་ཚེ་གྲུབ་ཆེན་ཤ་བ་རི་དབང་ཕྱུག་གིས་མགོན་པོ་ལ་ཞལ་གཟིགས་པའི་རིམ་པ་དང་མཐུན་པར་བསྟོད་པ་མཛད་པ་དེ་ཇི་ལྟ་བ་ཞིག་བྱུང་བར་གདོན་མི་ཟ་ཡང༌། སྦས་པའི་བརྟུལ་ཞུགས་ཁོ་ན་མཛད་དེ། དེ་འདྲའི་ཟུར་ཙམ་ཡང་མི་གསུང༌། དེ་སྐབས་མགོན་པོའི་ཕྱི་རྟེན་འཛུགས་པའི་ཆོ་ག་ཞིག་ཀྱང་གསར་རྩོམ་མཛད་པའི་སྟེང་ནས་ཆིབས་པ་སོགས་ཚེ་ཐར་བཏང། བར་སྐབས་སུ་བདེ་མོ་ཐང་ལ་ཁོར་ཙམ་ཕེབས་དགོས་ཤར་བས་བཞི་པའི་ཚེས་བརྒྱད་ལ་ཕྱིར་བབས། དེའི་ཤུལ་ནས་ཝང་གི་དཔོན་མོ་སྐལ་བཟང་སྒྲོལ་མ་དུས་ཆོས་སུ་གྱུར་པའི་སར་སྤྱན་དྲངས་པར་བསྔོ་སྨོན་གནང༌། དེ་ཡང་རྗེ་ཉིད་ཨ་མཆོག་ཏུ་ཕེབས་ཁར། དཔོན་མོ་སྡོད་གནས་ཀྱི་ཕྱོགས་བཞིར་ཐོ་བཞི་སློང་དུ་བཅུག་སྟེ་ཕྱག་ནས་འཐོར་ཡོད་པ་གེགས་དབང་དང་ཕྱག་ཕྱི་བ་རྣམས་སྤྱོད་ལམ་མ་གཟོ་བར་ཕྱོགས་གཅིག་གི་ཐོ་བསྒྱེལ་བའི་ངོས་དེ་ནས་མཚན་མོ་དམག་བརྒྱུག་པའི་རྨི་ལམ་ཡང་བྱུང་སྟེ་གང་ལྟར་ལས་ཀྱི་རྣམ་པར་སྨིན་པ་ཐོག་ཏུ་བབས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཤཱཀྱའི་བྱིས་པ་གསུམ་སྐྱོབ་མ་ནུས་པ་དང་འདྲ་བས་ལས་འབྲས་འདི་ལ་བག་ཟོན་བྱ་དགོས་སོ། །བཀྲས་ལྷུན་གྱི་ཚོགས་གསོག་པ་དེ་ཡང་འབྱོར་པར། གྲྭ་པ་བཞི་བཅུ་སྐོར་ལ་འཆམ་སློབ་རྒྱུའི་བཀོད་ཁྱབ་དང་གཟིགས་རྟོག་མཛད། རྗེ་ཉིད་ཡུལ་ཐག་རིང་པོར་འབྱོན་རྒྱུའི་གཏམ་ཐོས་ནས་འོངས་པའི་མཇལ་བ་སྟོང་ཕྲག་དུ་མ་ལ་ཕྱག་དབང་དང་འདོད་ཆོས་སྩལ། ཚེས་དགེ་བར་ཚོགས་དབུས་སུ་སྤྱན་དྲངས་ཏེ་ཞབས་བརྟན་ཕུལ་བར། བཀའ་ལན་དུ། ངེད་འཆིང་བ་ཀུན་ལྡན་གྱི་སོ་སྐྱེས་ཤིག་ལ་སྐྱེ་འཆིའི་རང་དབང་ག་ལ་ཡོད་ཀྱང༌། ལྷ་དང་བླ་མའི་ལུང་དང་བསྟུན་ན་ལོ་ཤས་བསྡད་ཆོག་པ་ཡོད། ངེད་རྒྱ་ནག་ཏུ་སོང་ཤུལ་ནས་ཁྱེད་བླ་གྲྭ་ཀུན་གྱིས་ཆོས་འཆད་ཉན་ལ་རེམ་དགོས། ཞེས་སོགས་ཤ་ཚ་བའི་བསླབ་བྱ་ཞིབ་རྒྱས་གནང༌། དེ་ནས་མཆོད་ཁང་སོ་སོར་མཆོད་འབུལ་དང་བསྟན་འགྲོར་སྨོན་པའི་ཐུགས་བསྐྱེད་རླབས་པོ་ཆེ་མཛད་དེ་ས་ག་ཟླ་བའི་ཚེས་ཉེར་གཉིས་ལ་རི་བོ་རྩེ་ལྔར་ཆིབས་ཀྱི་ཁ་ལོ་བསྒྱུར་བར་མཛད་དོ། །
                སྨྲས་པ། བུ་རམ་ཤིང་བསྟན་སྔོ་བསངས་སྡེ་ལ་ལོངས་སྤྱོད་མཁྱེན་དང་བརྩེ་བའི་སྤྲིན་ཕྲེང་ཆུ་རིས་ཅན། །ཟབ་ཡངས་ལེགས་བཤད་ལུང་གི་རྔ་སྒྲ་གྲགས་པའི་གདངས་ལྡན་ཁོར་ཡུག་ཁྱབ་པར་དལ་གྱིས་རྒོད། །དྲི་མེད་རིགས་པའི་གློག་ཕྲེང་དྲ་བ་གསེར་མདོག་ན་ཆུང་སྒེག་ཅིང་རོལ་པའི་རྩེ་དགའ་འཛིན། །དེ་ཡི་ངོ་མཚར་སྙིང་ལ་འཕོས་པའི་སྐལ་བཟང་མདོངས་མཐའ་རབ་དགས་མྱོས་པའི་གྲེ་འགྱུར་སྒྲོགས། །ཨེ་མ་ལེགས་བྱས་རྒྱ་མཚོའི་དགའ་ཆར་གྱིས། །གསེར་ལྡན་མ་ར་ཏ་ཀའི་སྟོད་གཡོགས་བཅིངས། །ཕྱོགས་ཀྱི་མཛེས་རྒྱན་པདྨོའི་ཀེ་ས་ར། །སྤྱོད་པའི་ཡང་སློབ་བུང་བས་གླུ་དབྱངས་ལེན། །ཁྱོད་ཐུགས་གངས་ཀྱི་རི་བོ་ལས་འོངས་ཆོས་ཚུལ་ཟད་མི་ཤེས་པའི་གངྒཱ་མ། །ངོ་མཚར་མུ་ཏིག་དོ་ཤལ་ཡིད་འོང་འཛུམ་ལྡན་དེ་ཡི་ཟིལ་མངར་མ་མྱང་ན། །ཚུལ་མཛེས་དྲ་བར་འཛིངས་པ་སྨིག་རྒྱུའི་ཆབ་ཀྱིས་གདུང་བ་སེལ་བར་ནུས་མིན་ཞེས། །བློ་གྲོས་ལག་ལྡན་ཕྱོགས་ཀྱི་གླང་པོ་མ་ལུས་ཁྱོད་ཞབས་བསྟེན་སླད་རིང་ནས་ཆས། །འདོད་རྒྱལ་སྒྲ་ལས་དྲངས་པའི་བསྟན་འཛིན་གྱིས། །མཚན་སྙན་དྲིལ་ཆུང་འཁྲོལ་བ་མང་ན་ཡང༌། །རྒྱལ་བསྟན་ནོར་བུའི་ཤིང་རྟ་འདྲེན་ནུས་པའི། །བཤད་སྒྲུབ་གཉིས་འཐུང་དབང་པོ་ཁྱོད་མིན་སུ། །འཆད་རྩོད་རྩོམ་སོགས་བསྟན་དང་འགྲོ་བའི་དོན། །མ་ལུས་ཁྱོད་ཀྱིས་ཁུར་དུ་བཞེས་པ་ན། །བསྟན་པ་འཛིན་ཕྱིར་བྱོན་པ་ཕལ་མོ་ཆེ། །མཐོན་པོའི་ཁྲི་སྟེང་བདེ་བའི་གཟིམས་ལ་ཡུར། །མཁས་པ་ཀུན་གྱི་དཔྲལ་བ་ལ། །ཁྱོད་བཀའ་ལས་ཀྱི་རི་མོ་བཞིན། །དེ་དག་ཟུར་ཕུད་ར་རི་ཡིས། །ཞབས་སེན་ཟླ་བའི་འཁྲི་ཤིང་མཛེས། །ཐ་མལ་གཟུགས་སུ་ཤར་བའི་མི་འུ་ཐུང༌། །ཚོགས་གཉིས་གཟི་བྱིན་རྒྱས་པའི་གོམ་སྟབས་ཀྱིས། །ཆོས་ཀྱི་རྒྱལ་སྲིད་ཡངས་པའི་ས་གསུམ་ཁྱོན། །མནན་ཚེ་གྲགས་པའི་ཆུ་གཏེར་མཁའ་ལ་འཕྱུར། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་ཡུལ་མདོ་སྨད་ཀྱི་གདན་ས་ཆེན་པོ་གསུམ་དུ་འཆད་ཉན་མཛད་ཚུལ་གཙོ་བོར་གྱུར་པའི་སྐབས་ཀྱི་སརྒ་སྟེ་བདུན་པའོ།། །།

                                                                                                         རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
   གསལ་འདེབས། 
               འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།