རྗེ་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་འཇུག་ངོགས། གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 18:12:12     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

85588704845373998.jpg

                ལྡེམ་ལྡེམ་ཤེལ་གྱི་ལྕུག་ཕྲན་ཡིད་འོང་རྩེར། །ལྷག་ལྷག་བཞད་པ་པུཎྜ་རཱི་ཀའི་ངོས། །སྨིན་འཁྱོག་རྩེད་འཇོའི་གར་རོལ་བུང་བའི་མིག །གཡོ་ལྡན་ངག་གི་དཔལ་མོས་སླར་ཡང་སྐྱོངས། །དེ་ནས་དགུང་ལོ་དྲུག་བཞེས་པ་ཆུ་མོ་གླང་གི་ལོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་དགེ་ཕྱུག་ཆོས་རྗེ་དོན་གྲུབ་རྒྱ་མཚོའི་ཞལ་སྔ་ནས་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་ངུར་སྨྲིག་གི་རྒྱལ་མཚན་བཞེས་ཤིང་མཚན་ངག་དབང་རྒྱལ་མཚན་དུ་གསོལ་ནས་འགྲོ་བའི་ཡོན་གནས་དམ་པར་གྱུར། དེའི་སྐབས་སུ་རྗེས་ཟློས་ཀྱང་སྨྲ་དག་ལ། མ་འདྲེས་པ་དང༌། འབྲེལ་བ་སོགས་འདུལ་བ་རང་ནས་གསུངས་པ་ལྟར་གྱི་བརྗོད་པ་ཤིན་ཏུ་གཙང་བ་བྱིས་པ་གཞན་དང་གཏན་མི་འདྲ་བར་མཛད་པས་བླ་མས་ཀྱང་དགྱེས་ཚོར་དང་ངོ་མཚར་ཆེ་བར་མཛད། དགུང་ལོ་བདུན་པའི་ཚེ་ཀློག་སློབ་པའི་ཕྱིར་གྱེར་ཐང་རི་ཁྲོད་དུ་བྱོན། སྐུ་ཞང་དགེ་སློང་ནས་ཀློག་བསླབས་པར་གཟབ་གཤར་གང་ཡང་མགོ་སྨོས་པ་ཙམ་གྱིས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད་པས་ཐམས་ཅད་ཡ་མཚན་ཞིང་འདི་གང་ཟག་ཁྱད་པར་ཅན་ཞིག་ཏུ་ཐེ་ཚོམ་མི་འདུག་ཅེས་བསྔགས་བརྗོད་ཀྱི་རོལ་མོ་འཁྲོལ། དེ་ན་ཀུན་མཁྱེན་གོང་མའི་དངོས་སློབ་རབ་འབྱམས་པ་གྲགས་པ་ལྷུན་གྲུབ་ཟེར་བའི་དགེ་བཤེས་ཆེན་པོ་ཞིག་བཞུགས་པ་དེས། སྔར་རྗེ་གོང་མས་སླར་ཕྲད་འོང་གསུངས་པ་ཞིག་ཡོད་དེ། འདི་ལ་དགོངས་པར་འདུག་པས་སྤྲུལ་སྐུ་འཁྲུལ་མེད་ཡིན་གསུངས་ནས་དང་པོར་མཇལ་ཁ་ཞུས། དེའི་ཚེ་སྐྱེས་ཐོབ་ཀྱི་ཤེས་རབ་ཐོགས་པ་མེད་པའི་སྟེང་དུ། ཉིན་གཅིག་རྗེའི་སྨན་སྐུ་ཆུང་ངུ་ཞིག་རྙེད་ནས་དེ་ལ་གསེར་གསོལ་དུ་བཅུག་སྟེ་དབུ་སྔས་སུ་བཞག་ནས་ཕྱག་མང་དུ་བཙལ་ཞིང༌། དད་མོས་ཤུགས་དྲག་པོས་ཕུར་ཚུགས་གསོལ་འདེབས་ཡང་ཡང་བྱས་པ་ནས་བཟུང༌། མཁྱེན་རབ་མེ་འབར་བ་ལྟ་བུ་ཞིག་བྱུང༌། དམ་ཅན་ཆོས་རྒྱལ་གྱི་བསྟོད་པ་ཤོ་ལོ་ཀ་གཉིས་བརྩམས་ནས། ངག་དབང་ཆོས་གྲགས་ཟེར་བ་ལ་ཁྱེད་ཀྱིས་འདི་ཐང་ནས་རྙེད་རྫུ་བྱས་ཏེ་དགེ་བཤེས་གྲགས་པ་ལྷུན་གྲུབ་པར་སྟོན་ལ་ཅི་ཟེར་ལྟོས་གསུངས།

                    ཁོས་དེ་བཞིན་བྱས་པས་དགེ་བཤེས་ཀྱིས་ཐང་ནས་རྙེད་པ་རང་མིན་ལས་ཆེ། གང་ལྟར་ན་ཡང་སྐྱབས་སུ་མཆི་གསུངས་ཏེ་དབུར་བཞག་ནས་ཡི་གེ་དེ་ཚགས་མཛད་འདུག་པས་ཁོང་གསུང་སྔ་ཕྱི་ཀུན་ལ་དཔྱོད་ལུགས་ཀྱི་ཉམས་ཆེན་པོ་ཞིག་ཡིན་ཚོད་དུ་སྣང་ལ། ཐོག་མར་རྗེའི་སྐུ་རྙེད་པ་དང་གསུང་རྩོམ་གྱི་དང་པོ་ཆོས་རྒྱལ་བསྟོད་པ་མཛད་པ་སོགས་ནི་དགེ་ལྡན་བསྟན་པའི་བདག་པོར་འགྱུར་བའི་རྟེན་འབྲེལ་རང་འགྲིག་ཏུ་བྱུང་བར་མངོན། གཞན་ཡང་རྡོ་ལེབ་དང་བྱང་བུ་སོགས་ཀྱི་སྟེང་དུ་རྩོམ་པ་མང་པོ་འབྲི་བ་གནང་ཡང་གམ་བཅར་རྣམས་ནས་སྣང་མེད་ཀྱིས་ཚགས་མ་བྱས་འདུག །ཉིན་གཅིག་སྡེར་མ་ཞིག་གི་སྟེང་དུ་རི་མོ་མང་པོ་ཞིག་བྲིས་པས་སྐུ་ཞང་དགེ་སློང་ཁྲོས་ཏེ་མེ་སུག་ཅིག་གིས་བརྡེག །རྗེས་སོར་ན་པོ་མ་བྱུང་ངམ་ཞུས་པས། ངའི་མགོན་རྒན་གྱིས་མེ་སུག་ཕོག་ཏུ་ག་ལ་འཇུག་གསུངས་ཏེ་ཆོས་སྐྱོང་འབྲལ་མེད་དུ་བཞུགས་པའི་རྟགས་སུ་མངོན། ཀུན་མཁྱེན་གོང་མས་ཀྱང༌། ངའི་མགོན་རྒན་གྱིས་བར་དོར་ང་ཁྱེད་ཚོར་བསྟན་ཡང་མི་ཡོང་ཞེས་དམ་སྲི་གནོན་སྐབས་གསུངས་པ་ལ་དཔག་ན། སྐུའི་རྣམ་པ་བརྗེས་པ་མ་གཏོགས་གསུང་གི་ཉམས་ཙམ་ཡང་མ་འགྱུར་བར་བྱོན་པ་འདི་ལས་ལྷག་པའི་སྤྲུལ་སྐུའི་ངོས་འཛིན་ཅི་ཞིག་ཡོད། དེ་ལྟར་ཡི་གེ་འབྲི་ཀློག་སོགས་ལ་དཀའ་ཚེགས་ཅི་ཡང་མ་བྱུང་བ་ན། ཞང་པོ་དགེ་སློང་དེ་ཡང་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་ཞིག་ཡིན་པས་སྔགས་ཀྱི་ཀློག་ཐབས་དང་སུམ་ཅུ་བ་དང་རྟགས་འཇུག་སོགས་གཟིགས་རྟོག་གནང་བཅུག་པས་བུད་ཤིང་ཅི་ཙམ་བསྣན་གྱིན་མེ་ལྕེ་ལྷག་པར་མཆེད་པ་བཞིན་དུ་མཁྱེན་པའི་ཀློང་རྡོལ་ནས་མཐའ་ཆོད་པར་ཐུགས་སུ་ཆུད། སྐབས་ཤིག་སྐུ་ཁམས་ཤིན་ཏུ་བསྙེལ་བས་གསུང་ཡང་འབྱོན་དཀའ་བ་ཙམ་དུ་སོང་བ་ན། སྟོང་སྐོར་རིན་པོ་ཆེར་ཐུགས་བརྟག་ཞུས་པས་སྒོ་བླ་ཁོ་རང་ལ་ཞུས་ན་བཟང་གསུངས་རྗེ་རང་ལ་ཞུས་པར། སམ་ཊའི་སྟེང་དུ་ཡི་གེ་བྲིས་ཏེ། ཨ་བསེའི་གསོལ་མཆོད་ཤེས་ན་དེ་དང༌། དེ་མི་ཤེས་ན་བེག་ཙེའི་བསྐང་གསོ་ཐོན་གསུངས།

                དེ་དུས་ཁོང་ཚོས་ཨ་བསེའི་མིང་ཙམ་ཡང་ཐོས་མ་མྱོང་སྟབས་བེག་ཙེའི་བསྐང་གསོ་བཏང༌། དེ་ལྟར་སྐུ་བསྙུན་སྐབས་བནྡེ་བསེ་ཐེབ་ཅན་དང་བུད་མེད་སྐྲ་གཟེང་བ། རྟ་དམར་དམར་དང༌། སྦྲུལ་རྣམས་ཀྱི་གཟུགས་རིས་ཡང་ཡང་བྲིས་ནས་བསུབ་པར། སྐུ་ཞང་དགེ་སློང་དེ་ཡང་རྟོག་དཔྱོད་མཁས་པས་རྒྱལ་བསེན་དང་ཀླུ་བཙན་ཀུན་བསྡོམས་པའི་གནོད་པ་ཞིག་ཡིན་པར་ཤེས་ནས། དེ་ལུགས་ཀྱི་བཅོས་ཐབས་བྱས། ཕྱིས་བསྙུང་གཞི་གཞན་དྭངས་ནས་ཞབས་ཀྱི་བསྙུན་ཙམ་ལུས་པའི་ཚེ་སྦྲུལ་གཅིག་པུ་འབྲི་བ་དང༌། མཚམས་ཤིག་སྦྲུལ་གྱེན་འགྲེང་གི་མགོ་ཐུར་དུ་བཀུག་པའི་སྟེང་དུ་རྒྱལ་མཚན་སེར་པོ་ཞིག་བཙུགས་པའི་རི་མོ་ཁ་ཡར་འབྲི་བ་གནང་སྟེ། སྔོན་དཔལ་ལྡན་ཟླ་བའི་དུས་སུ་རི་མོར་བྲིས་པའི་བ་ལས་འོ་མ་བཞོས་པ་ལྟར་ཕྱི་ནང་གི་རྟེན་འབྲེལ་ལ་དབང་བའི་རྣལ་འབྱོར་བ་རྣམས་ནི་ལས་གང་མཛད་ཀྱང་རྔ་བཟུང་གཤང་དཀྲོལ་གྱི་ཆབ་ཆོབ་མང་པོ་མི་དགོས་པ་ཞིག་ཡིན་པར་སྣང༌། དེའི་ཚེ་ལ་མོ་དགེ་སློང་ཟེར་བའི་རི་ཁྲོད་པ་ཞིག་གིས་མཐོང་སྣང་ལ་རྗེ་འདིའི་དབུ་སྔས་སུ་མི་དཀར་པོ་གདོང་ཉག་ཅིང་ཤངས་ཀྱི་གཟེངས་མཐོ་ལ་མིག་ཕུག་ཟབ་པ། སྨ་ར་དཀར་པོ་ཅན་རལ་པའི་ཐོར་ཅོག་བཅིང་ཞིང༌། ཕྱག་ན་རྐང་དུང་བསྣམས་པ་ཞིག་ཡོད་པའི་ཉམས་བྱུང༌། རྗེས་སོར་བསྙུན་དྭངས་སྐབས་ངས་དེ་འདྲ་ཞིག་མཐོང་སྟེ་བྲམ་གཟུགས་ཡིན་འདྲ་ཞུས་པས། བྲམ་གཟུགས་མིན། ཕ་དམ་པ་རྒྱ་གར་རེད་གསུངས། དགེ་སློང་དེ་ཡང་རང་བཞིན་པ་ཞིག་མིན་འདུག་པས་ཁོང་ལ་ཐོལ་བྱུང་གི་ཚུལ་དུ་གསུངས་པ་ལས། རྒྱུན་དུ་ལྷག་པའི་ལྷ་དང་པཎ་གྲུབ་དུ་མའི་གཟིགས་སྣང་མཐའ་ཡས་པ་ཞིག་ཡོད་འདུག་ཀྱང༌། བཀའ་གདམས་གླེགས་བམ་རིན་པོ་ཆེར། བདག་གི་ཡོན་ཏན་སྦ་བྱ་ཞིང༌། །གཞན་གྱི་ཡོན་ཏན་བསྒྲག་པར་བྱ། །ཞེས་གསུངས་པ་བཞིན་དུ་བཀའ་གདམས་གཙང་མའི་རྣམ་ཐར་ལྷུར་བཞེས་ཏེ་སྦས་པའི་བརྟུལ་ཞུགས་ཁོ་ན་མཛད་དོ། །ལོ་དེར་དེ་ཕྱོགས་སུ་ཨ་ཙ་ར་བརྟག་པ་གསལ་པོ་ཅན་ཞིག་འོང་བར། ཡབ་སྐུ་མཆེད་རྣམས་ནས་བུ་འདི་ངེད་ཚོས་བཟུང་བསྡད་ཨེ་ཆོག་དྲིས་པར། དེ་ཡང་ཕན་ཐོགས་ཆེ་རུང༌། ཕར་ཕྱིན་པ་ལྟ་བུ་ཞིག་མི་འོང་ཟེར། ལྷ་མོའི་པྲ་འབེབ་བྱེད་མཁན་ཞིག་ལ་པྲ་འབེབ་ཏུ་བཅུག་པས་ཀྱང༌། མེ་ལོང་གི་ངོས་ལ་དགོན་སྡེ་ཆེན་པོ་ཞིག་གི་སྟེང་དུ་གདུགས་སེར་པོ་གཅིག་གིས་ཁེབས་ཡོད་པ་ཤར་ཏེ། གདན་སར་འབྱོན་དགོས་པའི་ལྟས་སུ་མངོན། དེ་མཚུངས་སྟོང་སྐོར་རིན་པོ་ཆེ་ནས་ཀྱང་སྤྲུལ་སྐུ་གསང་སྟབས་ཀྱིས་དོ་དམ་གནང་ནས་བཟུང་ཨེ་ཆོག་དབུས་སུ་ཆོས་སྐྱོང་ཁག་ལ་ལུང་བསྟན་ཞུས་པར་ཕྲལ་དུ་སྐྱོན་མེད་ཀྱང་ཕུགས་མི་ལེགས་ཚུལ་ཕེབས་པས་རིམ་གྱིས་གཏམ་འཁྱར་ཏེ་དབོན་ས་ཆིང་ཝང་ཨེར་ཏི་ནི་ཇུ་ནང་གི་དཔོན་མོ་རྣམ་རྒྱལ་སྒྲོལ་མའི་སྙན་དུ་སོང་ཞིང༌། ལྷག་པར་གཡེར་གཤོང་སྔགས་རམས་པ་འཇམ་དབྱངས་བློ་གྲོས་ཀྱི་སློབ་མའི་གཙོ་བོ་དགེ་སློང་འཇམ་དབྱངས་གྲགས་པ་ཨུརྒེར་ཕེབས་སྐབས། གསུང་འཕྲོས་ཀྱི་ཚེ་དཔོན་མོས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྤྲུལ་སྐུ་ཞིག་མྱུར་དུ་ཨེ་འཁྲུངས་སྙམ་ནས་རྒྱུན་དུ་གསོལ་བ་བཏབ། མཁན་ཆེན་དགེ་འདུན་རྒྱ་མཚོ་སོགས་བླ་མ་རྣམས་ལ་ཡང་སྤྲུལ་སྐུ་མྱུར་གསལ་གྱི་རིམ་གྲོ་ཞུས། ཚོགས་སུ་ཡང་ཡིག་བརྒྱ་དང་བཟང་སྤྱོད་བླ་མཆོད་འབུམ་ཐེར་སོགས་གང་མང་བསྒྲུབས་པ་ཡིན་ཀྱང༌། ད་དུང་གསལ་ཁ་མ་བྱུང༌། ལས་འདི་འདྲ་བ་ཞེས་ཐུགས་ཤིན་ཏུ་འཚེར་བའི་གསུང་བྱོན་པར། དགེ་སློང་ལགས་ནས་ཁྱེད་དེ་འདྲ་གནང་མི་དགོས། སྔར་སྟོང་སྐོར་རིན་པོ་ཆེ་གཡེར་གཤོང་དུ་ཕེབས་སྐབས་ཤིག །གསུང་གླེང་མང་པོ་གནང་བའི་ཞར་ལ་ཁོང་གི་སྐུ་མཆེད་ཅིག་ཏུ་སྲས་ཡ་མཚན་ཅན་ཞིག་འཁྲུངས་ཚུལ་ནས་བཟུང༌། རྟགས་དང་རྨི་ལམ་ཡ་མཚན་པ་བྱུང་ཚུལ་ཞིབ་རྒྱས་འདི་དང་འདི་ལྟ་བུ་གསུངས་པ་ང་རང་གིས་དངོས་སུ་ཐོས་པས་དེ་ཕྱོགས་སུ་རྩད་གཅོད་གནང་ན། དེར་འཁྲུངས་ཡོད་པ་ཐག་ཆོད་རེད་ཞུས་པས་མིའི་དབང་མོ་མཆོག་ནས་ཀྱང་འབྲུག་སྒྲ་ཐོས་པའི་རྨ་བྱ་བཞིན་དུ་དགྱེས་ཚོར་དཔག་མེད་མཛད། དེས་རྐྱེན་བྱས་ཏེ་མོ་རང་ཡང་སྣང་ར་དང་ཉེ་བའི་ཕྱོགས་ཤིག་ཏུ་ཆུ་སྤོ་ཁུལ་གྱིས་ཕེབས་ནས་མི་མངོན་པའི་རྣམ་པས་ཡུན་རིང་པོར་རྩད་གཅོད་མཛད་དོ། །རྣམ་པ་གཅིག་ཏུ་རྗེ་འདི་ཉིད་ཕྱོགས་དེར་འཁྲུངས་རྒྱུ་ཡིན་པ་རྗེ་གོང་མའི་ལུང་གིས་ཐག་བཅད་ཟིན་པ་ལྟ་བུ་ཡིན་ཏེ། རྗེ་གོང་མས་དགོན་པའི་གནས་ཀྱི་དོན་དུ་བཅད་རྒྱ་གནང་བ་གྲོལ་སྐབས། གྲུབ་པའི་དབང་ཕྱུག་བློ་བཟང་དོན་གྲུབ་པས། སྐུ་མཚམས་ནང་དུ་རྟགས་ཅི་འདྲ་འོང་ཞུས་པར། སྐུ་ཕྲེང་སྔ་མ་འགའ་ཞིག་དྲན་ཚུལ་དང༌། སྐུ་ཚེ་རྗེས་མ་རྒྱ་བོད་མཚམས་ཤིག་ཏུ་འཁྲུངས་རྒྱུ་ཡིན་ཚུལ་གསུངས་པ་ཁོང་གིས་དེ་སྐབས་ཅོ་ནེ་ཕྱོགས་ཨེ་ཡིན་དགོངས་ཀྱང་ཕྱིས་འདི་ཉིད་ཡིན་པར་མཁྱེན་པ་དང༌། ཡང་རྗེ་གོང་མ་དེ་ཉིད་སྟོང་སྐོར་དུ་ཕེབས་པའི་ལམ་བར་ཞིག་ཏུ་ཆིབས་པའི་ལག་དྲུས་ཀྱི་ཆུ་རྡོལ་བར་འདི་ངའི་འཐུང་ཆུ་ཡིན་གསུངས་ཤིང༌། དེའི་ཉེ་འཁོར་ཞིག་ཏུ་ཆིབས་པ་ཉལ་བའི་ཆིབས་སྒ་ལེན་དུ་བཅུག་སྟེ་རེ་ཞིག་དེར་ཐུགས་དགྱེས་ཉམས་དང་བཅས་བག་ཕབ་ནས་བཞུགས་པ་ནི་དེར་འཁྲུངས་པའི་བརྡ་ཐབས་འཁྲུལ་མེད་ཡིན་པ་དཔེར་ན་སྔོན་དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོ་སྐུ་མྱ་ངན་ལས་འདའ་ཚུལ་སྟོན་པར་ཉེ་བའི་སྐབས་ཤིག་སྟོད་ལུང་ངོས་སུ་ཕེབས་པའི་ལམ་ནས་ཁང་གསར་གོང་གི་ཐང་དུ་ཆིབས་པ་ཉལ་ཏེ་བརྗེ་དགོས་བྱུང་བ་སྐུ་ཕྲེང་རྗེས་མ་རྒྱལ་དབང་བསོད་ནམས་རྒྱ་མཚོ་དེར་འཁྲུངས་རྟགས་སུ་དམ་པ་གོང་མ་རྣམས་ཀྱིས་གསུངས་པ་བཞིན་ནོ། །

               ཀུན་དགའི་རོལ་པ་གསར་པས་རྩེན་ནོ་ཞེས། །གར་དབང་བུ་མོའི་དབྱངས་ཀྱི་མཚན་མ་ལ། །མི་རྟོག་ལྟས་མོའི་མི་ལ་གཏམ་འདྲི་བ། །དེ་འདྲ་བྱིས་པའི་བློ་གྲོས་མ་ཡིན་ནམ། །ཡང་སྐབས་ཤིག་སྤྲུལ་སྐུའི་དོན་སྐོར་ལ་རྗེ་གོང་མའི་ཐུགས་སྲས་ངག་དབང་བཀྲ་ཤིས་པས་ཀྱང་མནལ་ལམ་བརྟག་པས་སྲེ་མོང་ཞིག་རྨིས་ཏེ་དཔྱད་དཀའ་ཙམ་བྱུང་ནས། གྲུབ་དབང་རིན་པོ་ཆེ་བློ་བཟང་དོན་གྲུབ་པར་དྲིས་པས། དེ་སྤྲུལ་སྐུ་འཁྲུལ་མེད་ཡིན་པའི་གནད་ཀྱིས་རྒྱལ་འགོང་ཞིག་གིས་བར་ནས་མཐོ་བརྩམ་པ་ཡིན་འདུག །སྔོན་ཀུན་མཁྱེན་གོང་མ་དེ་སྐུ་འདས་ནས་ཞག་ལྔའི་མཚམས་སུ་ངེད་ཀྱི་རྨི་ལམ་དུ། ངེད་རྣམས་གཟིམས་ཆུང་ནང་དུ་བསྡད་འདུག་པར་གཅིག་གིས་སྐུ་ཞབས་རིན་པོ་ཆེ་ཕེབས་ཀྱིན་སྣང་ཟེར་ནས་ཐམས་ཅད་འུར་ལངས། ངེད་ཀྱང་ལས་ཀ་མང་པོ་ཞིག་མ་འཛོམ་པར་ཡོད་ཐོག་སྡིག་པ་ར་ཙ་ཞིག་རྐང་པར་འཐམ་བྱུང་བ་ངས་འཕྲལ་དུ་བསད་སོང། དེ་ནས་སྐུ་ཞབས་རིན་པོ་ཆེ་གཟིམས་ཆུང་ཕུར་ཕེབས་སོང་བའི་རྗེས་སུ་ང་ཡང་ཕྱིན་པས། སྐུ་དངོས་མི་བཞུགས་པར་རྒྱལ་མཚན་གསར་པ་ཞིག་འདུག་པའི་དེ་ལ་སྙན་ཤལ་ཞིག་འབུལ་བ་རྨིས། ངས་རྨིས་པའི་སྡིག་པ་དེ་དང་ཁྱེད་ཀྱིས་རྨིས་པའི་སྲེ་མོང་གཉིས་ཆ་འདྲ་བར་འདུག །ང་ཡིན་ན་སྲེ་མོང་དེ་ཡང་གཅུར་ཡོད་ཅེས་ཀྱལ་ཀ་མཛད། གྲུབ་དབང་རིན་པོ་ཆེའི་མནལ་ལམ་འདི་ལ་ཞིབ་ཏུ་དཔྱད་ན། བར་ནས་ལོ་ཧྲིལ་པོ་ལྔ་རྫོགས་པར་སོང་མཚམས་ལྷུམས་སུ་འཇུག་རྒྱུ་དང། དེ་ནས་གདན་འདྲེན་སོགས་ཀྱི་ཐུགས་ཁུར་ཁོང་གིས་བཞེད་དགོས་ཚུལ། དེ་ལ་དམ་སྲིའི་བར་ཆད་བྱུང་ཡང་དེའི་དབང་དུ་མི་གཏོང་བར་གདན་སར་འགོད་ལུགས། རྗེ་འདིའི་མཚན་སྒྲའམ་འཕྲིན་ལས་དང་བཅས་པ་ཐམས་ཅད་ཆ་ཚང་བར་གསུངས་འདུག་པས་དཔྱོད་ལྡན་རྣམས་ཀྱིས་སྙིང་གི་དཔལ་བེའུར་ཆོངས་ཤིག །དེ་ནས་དགུང་ལོ་བརྒྱད་པ་ཤིང་ཡོས་ཀྱི་ལོར་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་ནས་རྒྱུད་པ་དཔོན་སློབ་འཇམ་དབྱངས་དཔལ་ལྡན། རྗེ་གོང་མའི་སྐུ་ཚ་ཏོག་ཤིན་དབོན་པོ་འཇམ་དབྱངས་མཁས་མཆོག་སོགས་དྲག་གྲས་འགའ་ཞིག་དང། ཨུརྒེ་ནས་མགོ་རྟ་ཤི་རེ་ཐུ་དཔོན་གཡོག་སོགས་སྤྲུལ་སྐུ་ངོས་འཛིན་གྱི་དོན་དུ་འོང་བ་རྣམས་གྱེར་ཐང་རི་ཁྲོད་དུ་འབྱོར། ཁོང་རྣམས་ཕྱི་རོལ་ཏུ་རས་གུར་ཕུབ་ནས་བསྡད་དེ་མ་མཇལ་གོང་དུ། སྐུ་ཞང་དགེ་སློང་ནས་ཉམས་སད་ལྟ་བུར་ཏོག་ཤིན་དབོན་པོ་དེ་མི་གཟུགས་མཛེས་ཤིང་བརྗིད་ཆགས་པ་ཤོམ་ཅན་ཞིག་འདུག་ཞུས་པར། དེ་ངས་ཤེས་གདོང་ཆོ་སློབ་རོ་འདྲ་བ་ཞིག་ཡོད། ཅེས་སྔར་འདྲིས་ཀྱི་གནས་ཚུལ་ཇི་ལྟ་བ་བཞིན་གསུངས། དེ་ནས་ཁོང་རྣམས་མདུན་དུ་འོངས་ཏེ་ངོས་འཛིན་ལ་སྐུ་གོང་མའི་ཉེར་སྤྱད་མང་པོ་ཞིག་འདྲ་མིན་རེ་དང་བཅས་ཏེ་ཁྱེར་འོང་བ་རྣམས་རིམ་གྱིས་གཟིགས་ཕུལ་བས་ཕྱེད་ཙམ་གྱི་བར་དུ་དངོས་གནས་པ་གང་ཡིན་དེ་ཐོགས་པ་མེད་པར་བཞེས་ནས་ཐུགས་མཉེས་ཤིང་ཕྱག་ཏུ་བསྣམས་ལུགས་ཚུན་ཆོད་སྐུ་གོང་མའི་དུས་ལྟར་མཛད། དེའི་སྐབས་དགོན་པར་ཡང་ཉིད་སྤྲུལ་སྐུ་ཡིན་མིན་གྱི་འཐེན་ཁྱེར་མང་པོ་བྱུང་བའི་ཀུན་སློང་ལ་བརྟེན་ནས་འགའ་ཞིག་གིས་མ་བཟོད་པར་གཡོ་སྒྱུའི་སབ་སུབ་མང་པོ་བྱས་པས་མཁྱེན་ཏེ། འཕྲོ་མི་ལེན་པར་ཞལ་གཅུས་ནས་བཞུགས། ཞང་བོ་དགེ་སློང་གིས་ལོང་ཞེས་ནན་བྱས་པས། དེ་ཕྱིན་ཆད་གང་མིན་པ་དེ་ཁོ་ན་བཞེས་ནས་དེ་དག་དགའ་བར་མཛད་ཅིང༌། སྐུ་གོང་མའི་ཉེར་སྤྱད་རྣམས་མ་ནོར་བར་ལོགས་སུ་བཞག་པས་རྟོག་དཔྱོད་བཏང་ན་གཞན་རྣམས་དགའ་བའི་འོས་ཡིན་པར་སྣང༌། དེའི་ཚེ་ཏོག་ཤིན་དབོན་པོ་དེ་གྲལ་གཤམ་ཞིག་ཏུ་མངོན་ཆུང་གིས་བསྡད་པས། གཞན་སུ་ཡང་མི་འདྲི་བར་གཉེར་པ་འདྲ་བ་འདི་སུ་ཡིན་ཞེས་དྲིས་པས། ཁོ་བོ་ཡང་མོས་གུས་དང་སྐྱོ་ཤས་ཀྱིས་རང་དབང་མེད་པར་མིག་ནས་མཆི་མ་འཆོར་བ་བྱུང༌།

               དེ་ནས་ཁོང་རྣམས་ཕྱིར་འགྲོ་ཁར་ངེད་ཚོ་སོང་ནས་སྡེ་པ་ཚང་དང་ཨལ་དར་ཨཱ་བུ་སོགས་ལ་ཅི་ཞུ་རྒྱུ་ཡིན་ཞུས་པས། ཁྱེད་ཚོ་རང་རང་གིས་གང་འདོད་པ་དེ་ཞུས་ཤིག་གསུངས་ཏེ། གསུང་གཅིག་ཉིད་དུ་གསུངས་ན་ཡང༌། དུ་མ་ཉིད་དུ་སོ་སོར་གོ་དགོས་པའི་གསུང་དབྱངས་འཕྲོག་བྱེད་གཞོན་ནུའི་ང་རོ་གཅིག་གིས་གཉིས་འཐུང་རྒན་པོ་དུ་མའི་སྤོབས་པ་འཕྲོག་པར་མཛད། དེའི་ཚེ་སྡེ་པ་ཚང་ནས་གྲྭ་པ་གཅིག་ཕན་ཚན་ཀུན་གྱི་ཉམས་རྟོག་པར་བཏང་སྟེ་ཁ་བཏགས་ཤིག་བསྐུར་ནས། འདི་ལྐོག་ཏུ་ཕུལ་ལ་ངའི་ཡིན་པའི་རྒྱུ་མཚན་ཞུས་གསུངས་པ་བཞིན་བྱས་པས། ལན་དུ་ཕྱག་མདུད་གཅིག་གནང༌། ཁོའི་བསམ་པར་གང་དུ་ཡང་ཐག་མ་ཆོད་པའི་བྱིས་པ་ཞིག་གིས་བླ་ཆེན་ཞིག་ལ་འདི་འདྲ་བྱེད་པ་སྙམ་དུ་ཡིད་ལ་མ་བབས། སླར་འོངས་ནས་ཕྱག་མདུད་འབུལ་རྒྱུར་ཤིན་ཏུ་ཡ་ང་བ་བྱུང་ཡང་སྡེ་ཁྲི་རིན་པོ་ཆེ་ནས། དེ་མ་ཐག་ཏུ་མདུད་པ་མགུལ་དུ་བཞེས་ཏེ་ཕྱག་ཐལ་མོ་སྦྱར་བས་ཁོ་ལྷག་པར་ཡ་མཚན་སྐྱེས་ཤིང་དེ་ནི་ཡབ་སྲས་གཉིས་ཕན་ཚུན་ལ་གསང་བ་ལྐོག་ཏུ་མ་གྱུར་པའི་རང་རྟགས་སུ་མངོན། དེ་སྐབས་ཀྱི་གསུང་དང་མཛད་ཚུལ་དེ་རྣམས་དཔྱོད་ཤེས་པ་ཞིག་གིས་དཔྱད་ན་སྐུ་ཚེ་སྔ་མའི་འཁོར་དང་ཉེར་སྤྱད་སོགས་ལ་མི་འཁྲུལ་བའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཙམ་དུ་མ་ཟད། ཡུལ་ཐག་རིང་པོས་བསྐལ་བའི་ཕྱོགས་སུའང་བརྗོད་གླེང་དང་བྱ་སྤྱོད་སྣ་ཚོགས་ཡོད་པ་དེ་ཐམས་ཅད་མངོན་སུམ་དུ་གཟིགས་ཤིང་གསན་པའི་ལྷའི་མིག་དང་རྣ་བའི་མངོན་ཤེས། དེའི་རྩ་བ་དེ་དག་གི་རྒྱུད་ཀྱི་ཆགས་སྡང་དང་གཡོ་སྒྱུའི་ཀུན་སློང་ཇི་ལྟ་བུ་འགྱུ་བ་ཐམས་ཅད་གཟིགས་པའི་གཞན་སེམས་ཤེས་པའི་མངོན་ཤེས། དེ་དག་གིས་ཉིད་ལ་མི་བཟོད་པ་སྐྱེས་ན་ངན་སོང་མུ་མཐའ་མེད་པར་འཁོར་བ་མཁྱེན་ཅིང་རྗེས་སུ་བརྩེ་བའི་འཆི་འཕོ་དང་སྐྱེ་བ་ཤེས་པ། དེ་ལྟར་གུས་མི་གུས་ཐམས་ཅད་ལ་ཆགས་སྡང་གི་དྲི་མ་སྤངས་ཏེ་ཕན་པར་དགོངས་པས་ན་ཟག་པ་ཟད་པའི་མངོན་ཤེས་དང་བཅས་མངོན་ཤེས་དྲུག་ཀའི་རང་འོད་གསལ་བར་བསྟན་པ་ཡིན་ངེས་པས་དེ་ལ་འདི་སྐད་ཅེས་བྱ་སྟེ། སྒྲིབ་བྲལ་མཁྱེན་པའི་མེ་ལྕེ་པ་ཏྲ་རིས། །བསྒྲིབ་པའི་ཟོལ་སྦྱོར་སོག་མའི་ཕོན་པོ་དེ། །གྲགས་པའི་ན་ཆུང་བྱུ་རུའི་འཁྲི་ཤིང་གི །ཡལ་གས་མཁའ་ལ་འཁྱུད་པའི་སྟེགས་མིན་ནམ། །ཀྱེ་མ་དམུས་ལོང་སྐྱེ་བོ་ཡིས། །མིན་ལྡན་ལོག་པར་བྲིད་པ་ན། །དཀར་ཕྱོགས་ལྷ་རྣམས་ཁྲེལ་བ་ཡིས། །ཧ་ཧ་ཧི་ཧིའི་གད་མོ་རྒོད། །མངོན་ཤེས་རྐང་པ་དྲུག་ལྡན་སྦྲང་རྩིའི་བུ། །ཆགས་སྡང་སྤངས་པའི་བར་སྣང་ཡངས་པོ་རུ། །བདེ་ཆེན་སྣང་གླུས་ཁོལ་དེར་རྒྱལ་རྣམས་ཀུན། །ཅིག་ཅར་གསན་པས་ཞིང་བརྒྱ་དར་ཅིག་འཇམ། །ཞེས་མགྲིན་པ་བསངས་ཏེ་སྨྲ་བར་བྱའོ། །དགུང་ལོ་དགུ་བའི་ཚེ་ཡང་གྱེར་ཐང་རི་ཁྲོད་དུ་བཞུགས་པའི་ཉིན་གཅིག་རྗེ་ཉིད་ཀྱིས་ཞབས་འབྲིང་བ་ངག་དབང་ཆོས་གྲགས་ལ། སྟོང་སྐོར་རིན་པོ་ཆེའི་ཞབས་གྲས་ཤི་དར་དབོན་པོ་དང༌། ཏུ་རལ་དབོན་པོ་གཉིས་ཤི་སོང་བ་འདྲ་ངའི་རྨི་ལམ་དུ་ཤི་དར་དབོན་པོས་ཁོང་ལ་འདི་སྐད་ཅེས་ངའི་གྲོགས་མཆེད་ཏུ་རལ་དབོན་པོ་དམྱལ་བའི་ཟངས་ཆེན་དུ་བཙོ་བཞིན་པར་ཡོད། ངས་ལག་པ་ཞིག་བྱན་ན་ཆོག་ཟེར་བ་རྨིས་གསུངས། དེ་རྗེས་ངག་དབང་ཆོས་གྲགས་སྟོང་སྐོར་རིན་པོ་ཆེར་འཚམས་ཞུས་སུ་སོང་སྐབས་སྔར་གསུངས་པ་བཞིན་ཁོང་གཉིས་ཚེའི་དུས་བྱས་ཟིན་འདུག་པས་གསུངས་དེ་ལ་ཡིད་ཆེས་ཀྱི་ངེས་པ་རྙེད།

                 དེ་སྐབས་སུ་ཡུམ་གྱི་མནལ་ལམ་དུ། ལ་མོ་བདེ་ཆེན་དུ་མཇལ་བར་ཕྱིན་པས། ཁྲི་མཐོན་པོ་ཞིག་གི་སྟེང་ན་བླ་མ་སྐུ་ཤ་རྒྱས་ཤིང་བྱིན་ཆགས་པ་ཞིག་བཞུགས་འདུག་པ་དེས་རང་གི་སྲས་ངག་དབང་རྒྱལ་མཚན་ཁྲི་དེར་བཀོད་ནས། གདུགས་དཀར་པོ་གཅིག་དང་རྒྱལ་མཚན་སེར་པོ་གཅིག་ཕྱག་ཏུ་གཏོད་པ་དང༌། ཡང་ལན་གཅིག་ལྷོ་ངོས་ནས་རྟ་ནག་ཞོན་པའི་སྔགས་པ་ཞིག་འོངས་ནས་ཁྱེད་ཚང་ན་ངའི་བླ་མའི་སྤྲུལ་སྐུ་ཡོད་པ་དེ་ང་ལ་བྱིན་ཟེར། དེ་འདྲ་མེད་བྱས་པས་འདི་ང་ཚོས་པཎ་ཆེན་རིན་པོ་ཆེ་དང་འགའ་ཞིག་འགའ་ཞིག་ལ་ཞུས་པ་ཡིན། ངེད་དབལ་ཤུལ་གསར་པ་རྙིང་པ་ཞེས་སོགས་མང་པོ་ཞིག་བཤད་ནས་ངར་ངར་བྱེད་པ་རྨིས། དེང་སང་བླུ་ཡོན་ལ་རྔམས་ཏེ་བྱིས་པའི་སྐེ་ལ་ཁ་དར་བཏགས་ནས་ཁྲོམ་དུ་མ་བཏོན་ཙམ་རེ་བྱེད་པའི་ཕ་མ་དག་ལ་ལྟོས་ན་ཡུམ་གྱིས་དེའི་ཚེ་རྨི་ལམ་དུ་ཡང་གསང་སྟབས་མཛད་པ་ཡ་མཚན་ཆེ་བར་སྣང༌། དགུང་ལོ་བཅུ་པའི་ཚེ་མཁས་ཤིང་གྲུབ་པའི་དབང་ཕྱུག་སྟོང་སྐོར་རིན་པོ་ཆེའི་མདུན་དུ་བྱོན་ནས་རྒྱུན་ཆགས་བཞུགས་པར། གྲུབ་དབང་དེ་ཉིད་ནས་ཀྱང་སྒོ་བླ་ཞེས་ཐུགས་ཤིན་ཏུ་བརྩེ་ཞིང༌། ལུགས་གཉིས་ཀྱི་བསླབ་སྟོན་སྒོ་དུ་མ་ནས་མཛད་དེ་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས། ཉིན་གཅིག་སྟོང་སྐོར་རིན་པོ་ཆེ་ནས། ཕྱག་མཐིལ་སྟོན་པ་གནང་སྟེ། ཇི་འདྲ་ཞིག་འདུག་གསུངས་པར། དཀྱིལ་ན་སྨེ་བ་ལྟ་བུའི་ཅུང་ཟད་ཅིག་མ་གཏོགས་པ་ཤེལ་ལྟར་དྭངས་ཤིང་གསལ་བས་ཕན་ཚུན་མི་སྒྲིབ་པ་ཞིག་སྣང་ཞུས་པ་ལ། ཁྱེད་ཀྱིས་ཇི་ལྟ་བ་བཞིན་གཟིགས་པར་འདུག །དབུས་ཀྱི་འདི་མེད་ན་ངས་ཚེ་འདིར་སྒྱུ་ལུས་མངོན་དུ་བྱེད་ནུས་རྒྱུ་ལ་འདི་སྐྱོན་གྱི་མཚན་མ་ཞིག་ཏུ་འདུག་གསུངས། ལན་གཅིག་ཉིད་ཀྱི་ཁུ་བོ་དཀའ་བཅུ་དར་རྒྱས་རྒྱ་མཚོར། ཁྱོད་ཀྱི་མ་དམྱལ་བར་སྐྱེས་འདུག་གསུངས་ཀྱང༌། ཁོང་ཡིད་མ་ཆེས་ནས་སྟོང་སྐོར་རིན་པོ་ཆེར་ཞུས་པས་ཐུགས་བརྟག་མཛད་དེ། དེ་ཁོ་ན་བཞིན་དུ་འདུག་གསུངས། འོ་ན་དེ་ལས་ཐར་པའི་ཐབས་ཤིག་ཐུགས་རྗེས་གཟིགས་དགོས་ཞེས་གསོལ་བ་བཏབ་པར། སྤྲུལ་སྐུ་ཚང་ལ་ཞུས་གསུངས་པ་བཞིན་རྗེ་འདི་ལ་བསྔོ་རྟེན་ཕྲན་བུ་ཕུལ་ཏེ་ཞུས་པས་ཚེ་འདས་དེ་ཉིད་ཀྱི་མིང་ནས་སྨོས་པའི་ཞལ་འདོན་མང་དུ་མཛད། རྗེས་སོར་དཀའ་བཅུས་བླ་མ་མངོན་ཤེས་མངའ་བ་གཞན་ཞིག་ལ་ཡང་བརྟག་པ་ཞུས་པར་ད་ངན་སོང་ནས་ཐར་འདུག་གསུངས་ཏེ་རྗེ་འདི་ཉིད་ཀྱི་ཐུགས་རྗེའི་ནུས་མཐུར་གོ །
               དགུང་ལོ་བཅུ་གཅིག་བཅུ་གཉིས་ཀྱི་ཚེ་སྟོང་སྐོར་དགོན་དང་གྱེར་ཐང་རི་ཁྲོད་གཉིས་ལ་རེས་མོས་ཀྱིས་འབྱོན་བཞུད་མཛད། ཐང་གཅིག་སྟོང་སྐོར་རིན་པོ་ཆེའི་ཞལ་ནས། ཁྱོད་ཀྱིས་རྩོམ་པ་གནང་འདོད་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དབྱངས་ཅན་མའི་བསྟོད་པ་དེ་ཁ་འདོན་བྱས་ན་བཟང་གསུངས་པ་ལྟར་གནང་བས་རྩོམ་ལ་ཁྱད་ཆེ་བར་བྱུང་ཞེས་རྗེ་རང་གི་ཞལ་ནས་ཕྱིས་སུའང་ཡང་ཡང་གསུངས། སྟོང་སྐོར་རིན་པོ་ཆེ་ནས་ས་དགེའི་རྩོད་མེད་ཀྱི་གཞུང་ཆེན་མོ་རྣམས་གཟིགས་པའི་ཚེ་རྗེ་འདི་མདུན་དུ་ཕེབས་ན་འདི་ལ་བཤད་པ་ཞིག་གྱིས་གསུངས་ངོམས་ངོམས་གནང་སྟེ་ཕྱག་ཏུ་འཇོག །རྙིང་ཕྱོགས་ཀྱི་ཆོས་སྐོར་ལྟ་བུ་གཟིགས་པའི་ཚེ་བྱོན་ན་སྦེད་པའི་ཚུལ་གནང་བ་ཞིག་ཡོད་པར་རྒྱུས་ཡོད་རྣམས་གླེང་བ་ཡང་དགོངས་པ་ཤིན་ཏུ་ཟབ་པར་མངོན། སྐབས་ཤིག་ཏུ་སྟོང་སྐོར་རིན་པོ་ཆེ་ཇུ་ནང་ཨུརྒེར་ཕེབས་སྐབས་རྗེ་འདི་ཡང་ཞབས་གྲས་ཀྱི་ཚུལ་དུ་བྱོན་པ་ལ་ཇུ་ནང་ནས་ཆིབས་པ་ངང་པ་གཅིག་དང་བཅས་འབུལ་བ་ཟུར་དུ་ཕུལ། དེ་སྐབས་སྐུ་གོང་མའི་ཐུགས་སྲས་ཁྲི་རིན་པོ་ཆེ་ངག་དབང་བཀྲ་ཤིས་པར་སྙུན་ལྕི་བ་ཞིག་བྱུང་སྟེ། ཁྱ་དགེ་སྒོམ་ཆེན་བློ་གྲོས་རྒྱ་མཚོར་བརྟག་པ་ཞུས་པས། ཐུབ་པ་མདུན་དུ་བྱོན་ནས། མདུན་སར་ཆོས་བསྒྲགས་ཆོས་སྒྲ་སྒྲོགས། བཟང་པོ་སྤྱོད་པ་ཞེས་གསུངས་པ་ཞིག་བབས་གསུངས་ཏེ། གདན་ས་འདིར་ཆོས་བསྒྲགས་ཟིན་པ་དང་སླར་ཡང་སྒྲོགས་པའི་བྱ་བ་གཉིས་ཀ་རྗེ་འདི་ལ་ཐུན་མོང་མ་ཡིན་པར་འབྲེལ་བས། ཁོང་གིས་ཀྱང་དེར་བསྔོ་སྨོན་གྱིས་མཐུན་འགྱུར་གྲོགས་ལྡན་མཛད་དགོས་ཤིང༌། སྐུའི་རིམ་གྲོར་ཡང་དེ་ལས་ལྷག་པ་མེད་པའི་དོན་དུ་བློ་གྲོས་དང་ལྡན་པ་འགའ་ཞིག་སྨྲ་བ་འཐད་པར་སེམས་ཏེ། དེ་མཚུངས་ངག་སྒྲོས་ཀྱང་ཡ་མཚན་པ་མང་དུ་སྣང་ངོ༌། །དགུང་ལོ་བཅུ་གསུམ་ལ་ཕེབས་པ་ལྕགས་ཕོ་སྤྲེའུའི་ལོ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རིན་པོ་ཆེ་དུ་མས་ཐུགས་ཀྱི་གན་མཛོད་ཕྱུར་བུར་གཏམས་པ། ཡུལ་མདོ་སྨད་ཀྱི་འཕགས་པ་ཉེ་བར་འཁོར། སྟོང་སྐོར་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་དྲུང་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ཏེ། མཚན་ངག་དབང་འཇམ་དབྱངས་འཕྲིན་ལས་རྒྱལ་མཚན་དཔལ་བཟང་པོར་གསོལ་ཞིང༌། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ཀྱང་མགོ་ཟླུམ་བརྟུལ་ཞུགས་འཛིན་པ་ལས་གློ་བུར་ཉིད་དུ་ནོར་བུའི་གཟི་འོད་བརྒྱ་ཕྲག་མངོན་པར་འཕྲོ་བའི་གསེར་གྱི་པྲོག་ཞུ་བཅིངས་པ་བཞིན་དུ་གྱུར་ཏོ། །
               སྨྲས་པ། དམར་སེར་ཉིད་དོ་ཡངས་པའི་ཀུན་གསལ་མ། །ཡིད་འོང་ལི་ཁྲིའི་མཚམས་སྤྲིན་གསར་པས་ཏེ། །ཏིང་འཛིན་པིར་གྱིས་བྲིས་འདྲ་མཚན་དཔེའི་སྐུ། །གུར་ཀུམ་དྲིས་བསྒོས་ངུར་སྨྲིག་གོས་ཀྱིས་སོ། །འདོད་ལ་སྲེད་པའི་འཆིང་བ་མཐར་མཛད་པའི། །ངེས་འབྱུང་གེ་སར་རྫོགས་པའི་དྲི་བཟང་གིས། །ཚུལ་ཁྲིམས་བུང་བའི་བུ་མོ་ཉེར་བཀུག་ནས། །གྲགས་པའི་སྲིང་མོ་ཕྱོགས་ཀྱི་མགོན་དུ་བྱས། །ང༷ག་ལ་དབ༷ང་བསྒྱུར་འཇ༷མ་དབྱང༷ས་བླ་མ་ཡི། །བཤད་སྒྲུབ་འཕྲི༷ན་ལ༷ས་གསེར་གྱི་རྒྱལ༷་མཚ༷ན་ཆེ། །སྲིད་པའི་རྩེ་མོར་བསྒྲེང་བའི་མཚན་སྙན་པོ། །བཏགས་མིན་ལྷན་ཅིག་སྐྱེས་པའི་རོལ་མོར་ཆེ། །གོས་དཀར་རྟགས་ཀྱི་ཟླ་བ་གཞན་གྱུར་ཉི་འོད་འཁྱིལ་བ་ཀ་ཤིའི་གོས། །འདོད་སྲེད་བསམ་པའི་མུན་པ་གཞན་གྱུར་ཐར་འདོད་སྣང་བའི་འོད་བརྒྱ་འབར། །བཏགས་མིང་འུག་པའི་ཧཱུཾ་སྒྲ་གཞན་གྱུར་ཆོས་ལྡན་ཀ་ལ་པངྐིའི་གླུ། །རང་རིགས་ཙམ་གྱི་འདྲེན་པ་གཞན་གྱུར་ལྷར་བཅས་སྐྱེ་དགུའི་བསོད་ནམས་ཞིང༌། །འབྲི་ཀློག་སྡེབ་སྦྱོར་ལ་སོགས་གཙུག་ལག་གི །མུ་ཏིག་དོ་ཤལ་སྙིང་ལ་བཟུང་བ་ཡི། །གཞོན་ནུ་འགྲོ་གསུམ་དགའ་བའི་སྙེ་མ་དེས། །ལུས་ཅན་ཀུན་ཡིད་བདུད་རྩིའི་ཆར་གྱིས་བྲན། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔར་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་རབ་བྱུང་དང༌། དགེ་ཚུལ་གྱི་སྡོམ་པ་བཞེས་ཚུལ་གྱི་སརྒ་སྟེ་གསུམ་པའོ།། །།

                                                                                                        རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
      གསལ་འདེབས།
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།