རྗེ་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་འཇུག་ངོགས། དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 17:56:08     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

266924519752247969.jpg

                                      བིམོཀྵཛཱཡསམུདྲསྱཏིརྠཾནཱམཏྲིཀཱལཛཡསྱསམུདཱཡརཱུཔབྷཊྚརཀརཏྣཨབྷཡེནྟྲཔདསྱབིཛཧཱར།

                     ༄༅། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

                 ནམོགུརུམཉྫུགྷོཥཱཡ། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བི མོ ཀྵ ཛ ཡ ས མུ དྲ སྱ ཏཱི རྠཾ ནཱ མ ཏྲི ཀཱ ལ ཛ ཡ སྱ ས མུ དཱ ཡ རཱུ པབྷ ཊྚ ར ཀ ར ཏྣ ཨ བྷ ཡེ ནྟྲ པཱ ད སྱ ། དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ། ན མོ ཝ གི ཤྭ ར བྷ ཊྚ ར ཀ ཛྙཱ སྱ ནི ངྷེ། ངག་གི་དབང་ཕྱུག་རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །མེ རུཿ ལོ ཀ ཏྲྀ ནུ དྟ རཱ སྭ བྷ ཝར ཏྣཱ ཙྩཻ སྱ སུ ཤྲཱི ཡ ཧི། དགེ་ལེགས་རིན་ཆེན་རང་བཞིན་ལྷུན་པོ་འཇིག་རྟེན་གསུམ་གྱི་བླ་ན་མཐོ། །ཏྲཿ བྷཱུ རྨྨིཿ ཨ བྷིན ནྡི སེན གན ཧ སྐཱར དྭི ཊོ པཱ དརཿ ཉིན་བྱེད་སྣང་བའི་རྦ་རླབས་མངོན་དགའ་ས་གསུམ་མུན་པའི་དཔུང་ཚོགས་འཇོམས། །ཀཱ ནྟཾ གོ ཏྲ སུ མ ལ བེ དི ཨཡ ཎཾ བཱ ཏིཿ ཡ ཏི ཏྲཿ དི བཱ། ཁོར་ཡུག་ཡིད་འོང་གསེར་རིའི་ཕྲེང་མཛེས་སྐབས་གསུམ་བགྲོད་པ་ངལ་གསོའི་སྟེགས། །ཏྭི ཌྡྷཱམ ཏྲ པརཿ བི ཤུ ཀླ ཡས ཧ སྲཾ ཛྭཱ ལཀྲྀ པཱ སུ སཱ དྷྲ། རྣམ་དཀར་སྣང་བའི་གཟི་འོད་སྟོང་འབར་མཆོག་གསུམ་ཐུགས་རྗེས་ཤིས་པར་སྒྲུབས། །
རྒྱལ་གསུང་ཡི་གེ་རྒྱུད་གཅིག་འཁྲོལ་བ་ལས། །མདོ་སྔགས་དབྱངས་ཀྱི་ཡན་ལག་རྫོགས་པའི་སྒྲ། །སྐལ་བཟང་རྣ་བའི་བདུད་རྩིར་འཇོ་བའི་གཉེན། །འཇམ་མགོན་ཙོང་ཁ་པ་ཡིས་དགེ་ལེགས་སྩོལ། །ངག་ལ་དབང་བསྒྱུར་བློ་བཟང་རྒྱལ་བའི་བསྟན། །ཟབ་གསང་སྙན་བརྒྱུད་དབྱིག་གི་བློ་གྲོས་མ། །བརྩོན་འགྲུས་དཔུང་པས་དྲངས་ཚེ་འཇམ་པའི་དབྱངས། །དགྱེས་དགུར་བཞད་པའི་གྲགས་པ་བླ་ན་འབར། །རིས་མེད་ཐུབ་བསྟན་རིན་ཆེན་མུཀྟི་ཀའི། །དོ་ཤལ་མགྲིན་པར་ཆགས་པའི་མེ་ན་ཀ །སྒྱུ་འཕྲུལ་གསང་བ་གསུམ་གྱི་རོལ་གར་མཁན། །འཕགས་བོད་གྲུབ་པའི་སྐྱེས་ཕྲེང་ཚར་དུ་དངར། །ཨེ་མ་གང་གི་ཐུགས་རྗེའི་ཨུཏྤལ་འདབ་ཡངས་གཡོ་བའི་གར་གྱི་རི་མོ་ནི། །སྔོ་བསངས་སྡེ་ལ་གློག་འོད་རྩེ་དགས་འཁྱུད་པའི་ངོ་མཚར་མཛེས་སྡུག་འཛིན་པ་ལས། །སྟོང་ཕྲག་ཉི་མའི་དཔལ་འབར་བུང་བ་སྒྲ་སྒྲོགས་ཆུ་སྐྱེས་གེ་སར་འཛུམ་པའི་གཉེན། །དཀོན་མཆོག་གསུམ་འདུས་འཇིགས་མེད་དབང་པོའི་ཞབས་རྡུལ་ལྷར་བཅས་སྐྱེ་དགུའི་གཙུག་ན་མཛེས། །ཕུལ་བྱུང་ཐུགས་བསྐྱེད་ཡུན་དུ་གོམས་པའི་གྲུ་ཆར་སྙིང་རྗེའི་རླན་གྱི་ཁམས། །ཀུན་བཟང་སྤྱོད་པར་ཡོངས་འཁྱིལ་དངོས་འཛིན་རྙོག་བྲལ་མི་རྟོག་དྭངས་པའི་མཚོ། །བསྲུབས་སྐྱེས་སྐུ་བཞིའི་བང་རིམ་མངོན་མཐོ་འཕྲིན་ལས་ཉི་ཟླའི་རྣ་ཆ་ཅན། །ཐུབ་བསྟན་གླིང་བཞིའི་རྒྱན་གྱུར་གཏམ་འདི་འགྲོ་ལ་ཐོག་མཐའི་བར་དུ་དགེ །གསང་གསུམ་ཟློས་པའི་གར་གྱི་ས་མུ་དྲ། །གྲུབ་རིགས་བྱེ་བའི་མགྲིན་པར་རྫོགས་མིན་ཏེ། །གདུང་སེལ་བདུད་རྩིའི་ཐིགས་ཕྲེང་རེ་རེས་ཀྱང༌། །དལ་བ་དོན་ལྡན་ཉིད་དུ་ཅིས་མི་བྱེད། །སྒྲོ་བཏགས་ཆུ་བོ་གྱེན་དུ་འཐོར་ཡང་མཁའ་ལ་ཆགས་པའི་གནས་མ་མཆིས། །སྐུར་གདབ་མེ་ལྕེ་ཐུར་དུ་ཕྱོགས་པས་རང་གི་དགེ་བའི་ཡན་ལག་སྲེགས། །བསྔགས་འོས་སྙིང་པོའི་རོ་བྲལ་ཚིག་གི་ཚོགས་པ་རྒྱ་ཆེ་སྦུན་པའི་མཛོད། །སྤངས་ཏེ་དབུ་མའི་ལམ་གནས་རྒྱལ་བསྟན་ཀ་བར་གྱུར་གང་གཏམ་དུ་གླེང༌། །ངོ་མཚར་མཛད་བཟང་མ་ལ་ཡར་སྐྱེས་ཀྱི། །བསུང་ཞིམ་སྡེབ་ལེགས་དྲི་ཡི་བཞོན་པ་ཅན། །སྐལ་བཟང་གྲུབ་པའི་སྙིང་ལ་བདུད་རྩིའི་ཆར། །བདེ་གཤེགས་གཞུང་ལམ་གསལ་བའི་སྒྲོན་མའང་ཡིན། །མཚན་སྙན་བཻ་ཌཱུརྱ་ཡི་མདངས་ཆགས་ཀྱང༌། །རང་མཚང་གསལ་བའི་སྐད་ངན་འབྱིན་པའི་ཝ། །རང་རིགས་རྨོངས་པས་བཀུར་རྣམས་བག་བྱོས་དང༌། །རྣམ་འབྱེད་ཟླ་བའི་འཕེལ་བ་དེང་ནས་རྩོམ། །མི་ཟད་རྒྱན་གྱི་འཁོར་ལོའི་ཏ་མ་ལར། །མིག་ཡངས་གྱེན་དུ་གཡོ་བའི་མདོངས་མཐའ་རྣམས། །དགའ་དད་རོལ་པའི་འཇོ་སྒེག་འཛིན་པའི་སླད། །ལེགས་བཤད་དབྱར་རྔ་དལ་གྱིས་རྒོད་པར་བྱ། །
               དེ་ཡང་རིས་སུ་མ་ཆད་པའི་འགྲོ་བ་མགོན་མེད་པ་རྣམས་ལ་རྗེས་སུ་བརྩེ་བའི་སྙིང་རྗེ་ཆེན་པོས་གཞན་དབང་དུ་གྱུར་ཏེ། བྱ་དཀའ་བའི་སྤྱོད་པ་མཐའ་དག་ལ་ཡང་ཇི་ལྟར་ངང་པའི་རྒྱལ་པོ་པདྨའི་མཚོ་ལ་འཇུག་པ་བཞིན་དུ་དགྱེས་དགུར་གཞོལ་བ་ནི། བདག་ཉིད་ཆེན་པོ་རྣམས་ཀྱི་ངང་ཚུལ་ཡིན་ཏེ། མདོ་སྡེ་ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང༌། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང༌། །མི་འགྲིབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲ་འོ། །ཞེས་ངེས་པའི་དོན་དུ་སྐུ་བཞི་ཡེ་ཤེས་ལྔ་ལ་སོགས་པའི་ཡོན་ཏན་ཡོངས་སུ་རྫོགས་པ་བླ་ན་མེད་པའི་བྱང་ཆུབ་མཆོག་གི་གོ་འཕང་དམ་པ་མངོན་དུ་མཛད་ཟིན་ཀྱང༌། མུ་མཐའ་མེད་པའི་སེམས་ཅན་རྣམས་ཀྱི་སྐལ་བ་ཇི་ལྟ་བ་བཞིན་དུ་སྐུའི་བཀོད་པ་མཐའ་ཡས་པ་ཆུ་ཟླ་དང་གཟུགས་བརྙན་བཞིན་དུ་སྟོན་པར་མཛད་པ་ནི་ཐེག་པ་ཆེན་པོ་རྒྱུད་བླ་མའི་རྡོ་རྗེའི་གནས་བདུན་པ་འཕྲིན་ལས་ཀྱི་སྐབས་སུ། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་སྣང༌། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་རྣམས་ཀྱི་གསང་གསུམ་རྨད་དུ་བྱུང་བའི་ཡོན་ཏན་རྗེས་སུ་དྲན་ཏེ་མི་ལྡོག་པའི་དད་པ་སྐྱེད་པ་ནི། བློ་ལྡན་ཆོས་ཀྱི་རྗེས་འབྲང་མཐའ་དག་གི་ལུགས་སྲོལ། ལེགས་ཚོགས་མ་ལུས་པའི་གཞི་རྟེན་མཚུངས་པ་མེད་པ་ཡིན་ལ། ཐ་ན་དེ་ལྟ་བུའི་ཚིག་ཙམ་ཐོས་པས་ཀྱང༌། ཇི་སྐད་དུ། དཔལ་ལྡན་དཔའ་བོས། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་བྱེད། །ཅེས་གསུངས་པ་ལྟར་ལེགས་ཉེས་འབྱེད་པའི་བློ་གྲོས་ཀྱི་རྩལ་དང་ལྡན་ཞིང་གཟུ་བོར་གནས་པའི་མཁས་པ་མཐའ་དག་གི་སྙིང་ལ་བདུད་རྩིའི་ཆར་གྱིས་བྲན་པའི་དགའ་སྟོན་ཅི་ཡང་སྤེལ་བར་བྱེད་དོ། །དེའི་ཕྱིར་བདག་སོགས་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་འདྲེན་པ་བླ་ན་མེད་པ། ལན་གཅིག་མ་ཡིན་པར་གོམས་པའི་ཐུགས་བསྐྱེད་རླབས་པོ་ཆེའི་ས་བོན་དུས་སུ་སྨིན་པ་ལས། བློ་བཟང་འཇམ་དཔལ་སྙིང་པོའི་ལུང་རྟོགས་ཆོས་ཀྱི་སྲིད་ལ་བཀའ་ཡི་འཁོར་ལོས་འདོད་དགུར་མངའ་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ། འཛམ་གླིང་མཁས་པ་མ་ལུས་པའི་ཟུར་ཕུད་མནྡ་ར་ཡི་ཕྲེང་བ་ཞབས་སྟེགས་ཟླ་བ་ནོར་བུའི་མེ་ལོང་ངོས་ལ་མངོན་པར་གསལ་ཞིང༌། གྲགས་སྙན་མ་ལི་ཀ་ཡི་དྲི་བསུང་མངར་པོར་འཐུལ་བས། རྒྱ་མཚོའི་གོས་ཅན་ཡངས་པའི་ཁྱོད་ཀུན་ཅིག་ཅར་འགེངས་པར་མཛད་པ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ནོར་བུའི་བང་མཛོད་ལྟ་བུའི་ནང་ནས་རང་གི་བློ་ནུས་དང་བསྟུན་པའི་མཛད་པ་ཐུན་མོང་བ་ལས་བརྩམས་ཏེ་ཉུང་ཟད་ཙམ་ཞིག་གི་ཚིག་སྦྱོར་དར་གྱི་སྲད་བུ་ལ་བརྒྱུས་ཏེ། ཡ་རབས་དམ་པའི་རྗེས་སུ་ཞུགས་པའི་སྐལ་བཟང་སྐྱེ་བོ་ཡོངས་ཀྱི་མགུལ་པའི་རྒྱན་དུ་བསྟར་བར་བྱའོ། །
              དེ་ཡང་རྗེ་བཙུན་བླ་མ་དམ་པ་འདི་ཉིད་གང་དུ་ཐོག་མར་སྐུ་བལྟམས་པའི་མཛད་པ་ཉེ་བར་བསྟན་པའི་ཡུལ་ནི། དགེ་བཅུའི་ལང་ཚོ་མཆོག་ཏུ་དར་བ་མདོ་སྨད་ས་ཡི་ཐིག་ལེ། འཇམ་མགོན་བརྟན་པའི་འཁོར་ལོ་ངུར་སྨྲིག་འཆང་བའི་སྐུ་ཡི་རྣམ་པར་བཞེངས་པའི་གནས་མཆོག་ཙོང་ཁའི་རྒྱུད་དང་ཧ་ཅང་མི་རིང་ཞིང༌། སྔོན་མཁས་པ་མི་གསུམ་གྱིས་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པའི་བསྟི་གནས་ལོ་པའི་རྡོ་རྗེ་བྲག་དང་ཁད་ཤིན་ཏུ་ཉེ་བ། གྲུབ་པའི་དབང་ཕྱུག་ཆོས་རྗེ་དོན་གྲུབ་རིན་ཆེན་པས་ཤིས་པར་བརྗོད་པའི་བདེན་ཚིག་མེ་ཏོག་འཐོར་བའི་དགེ་མཚན་གྱི་གཟི་འོད་མངོན་པར་འཕྲོ་བ་སྣང་རའི་གསེར་ཁང་ཞེས་ཡོངས་སུ་གྲགས་པའི་གཙུག་ལག་ཁང་གི་ཉེ་འདབས་རྩི་བཅུད་སྣ་ཚོགས་པ་དང་ལོ་ཏོག་གི་རིགས་མི་འདྲ་བ་དུ་མ་ཡོངས་སུ་སྨིན་པའི་གང་བུའི་སྙེ་མ་གཡུར་དུ་ཟ་ཞིང་འཆི་མེད་གཞོན་ནུའི་སྐྱེད་ཚལ་ལ་ཅོ་འདྲི་བའི་བཟའ་ཤིང་གི་རྭ་བ་དུ་མས་ཡོངས་སུ་བསྐོར་བའི་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། གདུང་རུས་ནི། སྤྱིར་པུར་རྒྱལ་བོད་ཀྱི་ཡུལ་འདིར་མིའི་འགྲོ་བ་བྱུང་ཚུལ་ལ། རྒྱ་གར་ནང་སྐྱ་བསེང་བུ་ལྔ་དང༌། དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་ཚེ། རྒྱལ་པོ་རུ་པ་ཏི་དམག་སྟོང་དང་བཅས་པ་བྲོས་ཏེ་འོང་བ་ལས་མཆེད་པ་སོགས་བཤད་ཚུལ་མང་དུ་ཡོད་ཀྱང༌། གཙོ་བོར་གྱུར་པ་ནི། རང་ཅག་ཁ་བ་རི་པ་རྣམས་ཀྱི་སྤྱི་རྗེ། ལྷ་ཅིག་ཕྱག་ན་པདྨའི་ཐུགས་རྗེའི་སྒྱུ་འཕྲུལ་སྤྲེའུ་བྱང་ཆུབ་སེམས་དཔའི་གདུང་རྒྱུད་ལས་མཆེད་པ་ཉིད་ཡིན་ཞིང༌། དེ་ལ་ཡང༌། རུས་ཆེན་བཞིར་གྱེས་པའི་ཡ་གྱལ་ལྡོང་གི་རིགས་དེ་ཉིད་ཕྱོགས་སོ་སོར་མང་དུ་འཕེལ་བའི་ཆ་ལས་གཅན་ཚ་བྱ་བ། ཡུལ་མི་རང་བཞིན་པ་རྣམས་ཀྱང་སྙིང་སྟོབས་ཆེ་ཞིང་ཁྲེལ་གཞུང་དང་ལྡན་པ་ཤས་ཆེ་ལ་ཁྱད་པར་གཅན་ཚའི་དཔོན་པོ་འབུམ་ཡག་རྒྱལ་ཞེས་པ་དཔའ་མཛངས་རྟུལ་ཕོད་སོགས་ཀྱི་སྒོ་ནས་ར་མ་ཎཱའི་སྙེམས་པ་འཕྲོག་པར་ནུས་པའི་དཔའ་སྐད་ཀྱི་གྲགས་པ་རྒྱ་བོད་གཉིས་ཀར་དཔེ་འདྲེན་བྱེད་པ་དང་དེའི་ཡང་ཚ་གཙུག་ཏོར་སྐྱབས་ཟེར་བ་ཡང་མེས་པོ་དང་ཆ་མཚུངས་པ་ཞིག་བྱུང༌། དེ་ལ་བུ་བརྒྱད་ཡོད་པའི་ཆེ་བ་ནི་སྟོང་སྐོར་མཉྫུ་ཤྲི་སྐུ་ཕྲེང་ལྔ་པ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རིན་པོ་ཆེས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་ངག་དབང་བསོད་ནམས་རྒྱ་མཚོའི་ཞལ་སྔ་ནས་ཉིད་ཡིན་ཞིང༌། གཉིས་པ་ཆོས་རྗེ་ངག་དབང་དཔལ་འབྱོར་དང༌། གསུམ་པ་ནི་ངག་དབང་རྣམ་རྒྱལ་བྱ་བ་འདུན་མ་མཁས་ཤིང་རང་བཞིན་དྲང་བ། སྙིང་སྟོབས་ཆེ་ལ་ཕྱི་ཐག་སྲོང་བ་དཔའ་རྩལ་ཆེ་ཡང་སྡིག་ལ་འཛེམ་པ། བརྟན་ཞིང་ཟིལ་ཆེ་བ་སོགས་ལྷ་ཆོས་མི་ཆོས་གང་གི་ངོས་ནས་ཀྱང་བསྔགས་པར་འོས་པའི་ཡོན་ཏན་རིན་པོ་ཆེ་དུ་མའི་རྒྱན་གྱིས་སྤྲས་པ་ཞིག་སྟེ་དེ་ནི་བདག་ཉིད་ཆེན་པོ་འདིའི་ཡབ་ཡིན་ལ། ཡུམ་ནི་གནམ་སྐྱིད་ཅེས་པ། ངོ་ཚ་ཁྲེལ་ཡོད་ཀྱི་གོས་དང་ལྡན་ཞིང༌། དད་པ་དང་གཏོང་བའི་རྒྱན་གྱིས་མཛེས་པ། སེམས་རྒྱུད་བཟང་ཞིང་ཆོས་ལ་དཀར་བ་སོགས་བུད་མེད་ཕལ་པའི་ངང་ཚུལ་ལས་འདས་ཤིང་གཟི་བྱིན་སུས་ཀྱང་བཟོད་པར་དཀའ་བའི་ཌཱ་ཀིའི་མཚན་དང་ལྡན་པ་ཞིག་གོ །དེ་ཡང་ཡབ་ཡུམ་འདི་གཉིས་ལ་སྔར་རིགས་རྒྱུད་དཀོན་པའི་དོན་དུ་གྲུབ་པའི་དབང་ཕྱུག་སྟོང་སྐོར་རིན་པོ་ཆེར་སྲིད་བསྲུང་གི་རིམ་གྲོའི་དོན་དུ་གསོལ་བ་ནན་ཆེར་བཏབ་ཀྱང་གནང་དུ་མ་བཞེད་པ་ལ། ལོ་སྔ་མ་འདིར་ཉིད་ནས་དགོངས་བཅད་ཀྱིས་ངེད་སྣང་རར་འོངས་ཏེ་ཁྱོད་ཀྱི་སྲིད་ཕྱྭ་ལ་རིམ་གྲོ་ཞིག་བྱེད་དགོས་གསུངས། རྣམ་རྒྱལ་གྱི་གཞིས་སུ་ཕེབས་ཏེ་ཞག་བདུན་རིག་བྱེད་མའི་བསྙེན་མཚམས་མཛད་པའི་མཐར་ཐུན་མོང་མ་ཡིན་པའི་རྫས་སོགས་ཕྱག་ལེན་ཞིབ་རྒྱས་དང་བཅས་སྦྱིན་སྲེག་མང་དུ་གནང༌། སླར་མཆོད་རྟེན་ཐང་དུ་ཕེབས་ནས་ཀྱང་དེའི་དོན་དུ་པྲ་འབེབ་ལན་མང་མཛད་དེ་རིམ་གྲོ་ཕོན་ཆེར་བསྒྲུབས། རྗེས་མའི་སྐབས་ཤིག་པྲ་ཕབ་སྟེ་ཉིད་ཀྱི་གཅུང་པོ་ཨུས་ཇང་ནང་སོ་ལ་ལྟར་བཅུག་པས། གསེར་གྱི་རྡོ་རྗེ་ཞིག་འདུག་པ་རིམ་གྱིས་ཇེ་གསལ་དུ་སོང་ནས་མཐར་འོད་ཟེར་འཕྲོ་བ་ཞིག་མཐོང་ཚུལ་ཞུས་པས་ཤིན་ཏུ་དགྱེས་ཤིང་ད་དེ་ཀས་ཡོང་གསུངས། ལྷུམས་སུ་ཞུགས་པའི་དུས་སྔ་ཕྱི་ཅི་རིགས་པར་ཡུམ་གྱི་རྨི་ལམ་དུ། སྣང་རའི་གསེར་ཁང་ནས་དགེ་འདུན་དཔག་ཏུ་མེད་པས་མཆོད་རྫས་དུ་མ་ཐོགས་ཏེ་ཡབ་ཡུམ་གཉིས་གསེར་ཁང་དུ་སྤྱན་དྲངས་ནས་ཁྲི་མཐོན་པོ་ལ་བཞུགས་སུ་གསོལ་བར་ཡང་ཡང་རྨིས་པ་དང༌། ལྷུམས་སུ་མ་ཞུགས་པའི་སྔོན་ཙམ་ལ། སྟོང་སྐོར་རིན་པོ་ཆེའི་མནལ་ལམ་དུ། ལྷོ་ཕྱོགས་ཀྱི་ནམ་མཁའ་ནས་གསེར་གྱི་རྡོ་རྗེ་ཞིག་འོངས་ཏེ་མདུན་དུ་བབས་པ་དང་བླ་མ་བགྲེས་པོ་ཞིག་ཏུ་གྱུར་ནས་གདུགས་སེར་པོ་གཅིག་ཁོང་ལ་ཕུལ་ཏེ་འདི་རེ་ཞིག་ཁྱེད་ལ་གཏད་པ་ཡིན་ཟེར་བ་དང༌།

            548066597460727022.jpg

             ཡང་ལན་གཅིག །ལྷོ་ངོས་ཀྱི་ནམ་མཁའི་དབྱིངས་སུ་སྤྲིན་ཕུང་འཁྲིགས་པའི་གསེབ་ནས་འཇམ་དབྱངས་དམར་སེར་གྱི་སྐུ་ཞིག་ཐོན་བྱུང་བ་ལ་ཤར་ཕྱོགས་ནས་སྐྱེ་བོ་གྲངས་མེད་པས་ཕྱག་མཆོད་བྱེད་པ་རྨིས་ཚུལ་གསོལ་དཔོན་སངས་རྒྱས་བསྟན་འཛིན་ལ་གསུངས་པར། ཁོས་དེ་དཔྱད་ཚུལ་ཅི་ཡིན་ཞུས་པས། ཇི་ལྟར་དཔྱད་ཀྱང་བཟང་བར་འདུག་གསུངས་ཏེ་སླད་ཀྱི་འཕྲིན་ལས་དང་བཅས་པའི་དོན་ལ་དགོངས་པར་མངོན། གཞན་འགའ་ཞིག་གི་རྨི་ལམ་དུ་ཡབ་ཀྱི་ཁང་པ་དེ་ཉིད་ཇེ་མཐོ་ཇེ་མཐོར་སོང་བའི་ཕྱི་ནས་དར་གྱི་ཤམ་བུ་རིམ་པ་མང་པོས་བསྐོར་ཏེ་རྒྱལ་མཚན་གྱི་རྣམ་པར་འགྲོ་བ་དང༌། ཡབ་ཀྱི་ཁང་པར་གསེར་གྱི་མཆོད་རྟེན་བརྩིགས་པ་དང༌། ལྷོ་ངོས་ནས་ཤེལ་དཀར་དམར་གྱིས་སེ་རལ་ཁ་བྱས་པའི་བྱ་རོག་ཆེན་པོ་ཞིག་འོངས་ཏེ་ཡབ་ཀྱི་ཁང་པར་བསྐོར་བ་ལན་གསུམ་བྱས་ནས་སྟེང་དུ་བབས་ཏེ་སྐད་སྙན་པོ་སྒྲོགས་པ་སོགས་དེ་ཕྱོགས་ཀྱི་ཡུལ་མི་དག་སྣང་ཅན་ཕལ་ཆེར་ལ་རྨིས་ལྟས་ཡ་མཚན་པ་མང་དུ་བྱུང༌། སྐུ་བལྟམས་པར་ཉེ་བའི་སྐབས་སུ་ཡུམ་ལ་རང་གི་ཁང་སྟེང་དུ་ཉི་ཟླ་གཉིས་མཉམ་དུ་ཤར་བའི་རྨི་ལམ་བྱུང་ཞིང༌། གཞན་ཞིག་གིས་ཡབ་ཡུམ་གཉིས་བཞུགས་པའི་ཁང་པ་དེའི་སྒོ་ན། ཡབ་ཀྱི་གཅུང་པོ་ཨུས་ཇང་ནང་སོས་དངུལ་ཁྲབ་མེ་ཏོག་གི་རི་མོ་ཅན་ཞིག་གྱོན་ནས་ཉི་ཟླ་གཉིས་ཕྲག་པར་བཟུང་སྟེ། ལག་པ་སྒོ་འགྲམ་གཉིས་སུ་བརྐྱངས་ནས་བསྡད་ཡོད་པ་ཞིག་རྨིས་པ་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས་སྒོ་སྲུང་མཛད་པའི་ལྟས་སུ་གོར་མ་ཆག་གོ །དེ་ནས་ག་ནི་ཀ་རྣམས་མེ་མཁའ་རྒྱ་མཚོ་ལས་འདས་ལོ་དྲུག་ཅུ་སྐོར་ཕྲག་བཅུ་གཅིག་དང་ཉག་མ་ཞེ་གཉིས་བསྲེས་པ། སྟོད་འགྲེལ་ལྟར་ན་ཕུར་བུ་ཞེས་གྲགས་ཤིང་རྒྱ་ནག་སྤོར་ཐང་དང་བསྟུན་ན་ས་ཁམས་སྤྲེའུའི་ལོ། འཇལ་བྱེད་ནག་པ་ཅན་གྱི་ཟླ་བའམ། ཧོར་ཟླ་གསུམ་པའི་ཡར་ངོའི་གྲལ་ཚེས་བརྒྱད་ཀྱི་ཉིན། གཟིགས་པ་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་རང་མདངས་དང་མཐུན་པའི་ཁྱེའུ་མདོག་དཀར་ཞིང་དྲི་མ་མེད་པ། དཔྲལ་བའི་དབྱེས་ཆེ་ཞིང་སྨིན་མ་འཇར་བ། ཡན་ལག་དང་ཉིང་ལག་རྣམ་པར་འབྱེས་ཤིང་དབང་པོ་གསལ་ལ་བཞིན་འཛུམ་བག་དང་བཅས་པ། སྲིད་ཞིའི་མཛེས་སྡུག་གི་སྙིང་པོ་མ་ལུས་པ་གཅིག་ཏུ་བསྡུས་པ་ལྟར་བལྟ་བས་ཆོག་མི་ཤེས་པ་ཞིག་སྐྱེ་བོ་ཡོངས་ཀྱི་འདྲེན་བྱེད་ཡངས་པའི་ལམ་དུ་ལེགས་བྱས་གཟུགས་སུ་རོལ་པའི་འཇོ་སྒེག་བཞིན་དུ་དགེ་མཚན་དུ་མའི་གར་དང་བཅས་ཏེ་བལྟམས་པར་གྱུར་ཏོ། །
                 སྨྲས་པ། ཨེ་མ་སྨིན་ལེགས་དབྱིག་གི་བློ་གྲོས་མར། །རྒྱལ་སྲས་དབྱར་གྱི་ལང་ཚོ་སྦྲུམ་པ་ན། །ད་ནི་དུས་ཀྱི་རྒུད་པ་སངས་སོ་ཞེས། །སྐལ་བཟང་ཀོ་ཀི་ལ་ཡིས་གླུ་དབྱངས་ལེན། །གང་ཚེ་མངལ་ཁུར་འཛིན་མ་དེ། །གྱ་ནོམ་བདེ་བས་མངོན་དགའ་བ། །སྐོམ་པས་བདུད་རྩི་བཏུང་བ་འམ། །བསམ་གཏན་བདེ་ལ་ཞུགས་པ་བཞིན། །མངལ་གནས་སྤྲིན་གྱི་རྒྱ་ལས་རྣམ་གྲོལ་བ། །གཞོན་ནུ་གསར་ཚེས་ཟླ་བའི་མྱུ་གུ་ཡིས། །རྒྱ་མཚོའི་སྐ་རགས་འཆིང་བའི་ས་ཆེན་འདིར། །དགེ་ལེགས་གོས་དཀར་སྣང་བ་ཅིག་ཅར་བྱིན། །ཀུན་རྟོག་མཛུབ་རྩེའི་པིར་གྱིས་བྲིས་མིན་པར། །ངོ་མཚར་ལྷན་ཅིག་སྐྱེས་པའི་མདངས་བཀྲ་བ། །དགེ་མཚན་དབང་པོའི་གཞུ་ཡི་གུར་ཁང་དུ། །གདུང་སེལ་སྨན་གྱི་མྱུ་གུ་དང་པོར་འཁྲུངས། །
             ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་སྐུ་བལྟམས་པའི་སརྒ་སྟེ་དང་པོའོ།། །།

                                                                                                    རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
        གསལ་འདེབས།
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།