ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-25 08:18:51     རྩོམ་པ་པོ།   ཁྲི་སྐལ་བཟང་བརྩོན་འགྲུས།     ཀློག་ཐེངས།  

 微信图片_20170625081346.jpg

༸སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་བོད་རབ་བྱུང་བཅོ་ལྔ་བའི་ལྕགས་ཁྱི་ཕྱི་ལོ1910ལོའི་ཧོར་ཟླ་བཅུ་བའི་ཚེས་གཅིག་ཉིན་གྱི་ཐོ་རེངས་དུས་སུ། མདོ་སྨད་ཁྲི་ཀའི་སྟག་ལུང་གྲོང་སྡེར་ཡབ་ཚེ་རིང་འབུམ་(སྔོན་མ་གྲྭ་བ་བྱས་པའི་མིང་ལ་བསམ་གཏན་རྒྱ་མཚོ་ཟེར)དང་ཡུམ་བསོད་སྒོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  དགུང་ལོ་དྲུག་བཞེས་པ་ཕྱི་ལོ1915ལོར་སྐྱབས་རྗེ་གསེར་ཏོག་རྡོ་རྗེ་འཆང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང་གྲོ་ཚང་རིན་པོ་ཆེ་རྣམ་གཉིས་ནས་འོས་ཐོ་རྣམས་ལ་བརྟག་དཔྱད་མཛད་དེ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། ལོ་དེའི་ཧོར་ཟླ་དྲུག་པའི་ཚེས་དྲུག་ཉིན་ཨ་ཀྱཱ་སྒར་བའི་གཉེར་བ་སོགས་སྒོ་མེ་སྟག་ལུང་དུ་སོང་ནས་སྤྲུལ་སྐུ་ངོས་འཛིན་གྱི་དཔའ་དར་ཕུལ།  དགུང་ལོ་བདུན་བཞེས་པ་མེ་འབྲུག་ཕྱི་ལོ1916ལོའི་ཟླ་དང་པོའི་ཚེས་ལྔ་ཉིན་སྐྱབས་རྗེ་ཤིང་བཟའ་བློ་བཟང་མཁས་མཆོག་བཤད་སྒྲུབ་དམ་ཆོས་རྒྱ་མཚོ་མཆོག་སྒོ་མེ་གསང་སྔགས་བདེ་ཆེན་དུ་ཕེབས་པའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་མདོ་སྔགས་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། ཤིང་བཟའ་ཚང་གི་མདུན་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་གང་བློ་མ། འཕོ་ཁྲིད། དགའ་ལྡན་ལྷ་བརྒྱ་མ།  འཇམ་དཔལ་ནག་པོའི་ལྗགས་ལུང་བཅས་གསན།  ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་སྐུ་འབུམ་གདན་སའི་མཁན་པོ་དང་བླ་སྤྱི་སྒར་བ་ཆེ་ཆུང་གིས་ཇ་ཐབ་དང་།  དགེ་འདུན་འདུས་པ་མང་པོས་སེར་སྦྲེང་གིས་མདུན་བསུས་ཏེ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་གདན་སའི་ཁྲིར་བཀོད།

གསེར་སྡོང་ཆེན་མོ་སོགས་རྟེན་གཙོ་ཡོངས་ལ་མཆོད་མཇལ་དང་དགེ་འདུན་གྱི་སྡེ་ལ་ཇ་ཐུག་དང་དོང་ཙེ་ལྔ་རེ་སྐུ་འགྱེད་དང་བསྙེན་བཀུར་ཞུས།  ཧོར་ཟླ་གསུམ་པའི་ཚེ་བཅོ་ལྔའི་ཉིན་སྐྱབས་རྗེ་ནེའུ་ལུང་མཁན་ཆེན་ཞལ་སྔ་ནས་ཚིགས་སྔ་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ལ་བློ་བཟང་ལུང་རྟོགས་འཇིགས་མེད་བསྟན་པའི་རྒྱལ་མཚན་ཞེས་གསོལ།  ནེའུ་ལུང་མཁན་ཆེན་དང་ཁྱུང་ཀྱཱ་རབ་འབྱམས་པ་དགེ་འདུན་རྒྱ་མཚོ་རྣམ་གཉིས་ཀྱི་དྲུང་ནས་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད་སྣ་ཚོགས། རྒྱན་འཇུག་སོགས་ཐུགས་འཛིན་མཛད།  དགུང་ལོ་དགུ་བ་ས་རྟ་ཕྱི་ལོ1918ལོར་སྐྱབས་རྗེ་ནེའུ་ལུང་ཚང་གི་མདུན་ནས་འཇིགས་བྱེད་ལྷ་བཅུ་གསུམ་པའི་ལྗགས་ལུང་ཐོབ་པ་ནས་གང་གི་བཀའ་བཞིན་འཇིགས་བྱེད་དང་མགོན་པོ་ཆག་མེད་དུ་ཁ་ཏོན་མཛད། ཨ་ཀྱཱ་བློ་བཟང་བསྟན་པའི་དབང་ཕྱུག་བསོད་ནམས་རྒྱ་མཚོའི་དྲུང་ཡིག་དགེ་སློང་དྲི་མེད་ནོར་བུའི་མདུན་ནས་སོག་ཡིག་དང་བོད་ཡིག་གི་གཟབ་གཤར་འབྲི་ཚུལ་དང་སུམ་རྟགས་སོགས་ལ་སྦྱངས།  སྔ་ཕྱིར་སྐྱབས་རྗེ་ནེའུ་ལུང་ཚང་གི་མདུན་ནས་དབང་ལུང་ཁྲིད་གསུམ་མང་དུ་གསན། དགུང་ལོ་བཅུ་བདུན་བཞེས་པ་ཕྱི་ལོ1926 ལོར་ཡོངས་འཛིན་རྡོ་རམས་པའི་མདུན་ནས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་།  མགོན་ཆོས་ལྷ་གསུམ་དང་རྣམ་སྲས་ལྕམ་སྲིང་བཅས་ཀྱི་རྗེས་གནང་བསྩལ་བ་གསན། ལོ་དེའི་ཧོར་ཟླ་དྲུག་པའི་ཚེས་བཅུ་གཉིས་ལ་ཀོར་ལེ་ཟེ་ནས་སྔར་མོ་ནས་གདན་ཞུས་བཞིན་པེ་ཅིན་བརྒྱུད་ནས་དེ་གར་ཕེབས་ཏེ་ཆོས་ཀྱི་བདུད་རྩིས་འགྲོ་རྣམས་ཚིམས་པར་མཛད།  དེ་ནས་རིམ་བཞིན་མཚོན་བདུན་དང་སུ་རུག་སྟེང་། ཆ་གན་དཀར་པོ་སོགས་སུ་ཆིབས་བསྒྱུར་གནང་སྟེ་དབང་ལུང་མན་ངག་གིས་ཕྱོགས་དེ་གའི་དད་ལྡན་སེར་སྐྱ་ཡོངས་ལ་འདོད་ཆོས་ཅི་རིགས་གནང་།

དགུང་ལོ་ཉི་ཤུ་བ་ཕྱི་ལོ1929 ལོའི་ཧོར་ཟླ་བཞི་བའི་ཚེས་ཉི་ཤུའི་ནང་པེ་ཅིང་ལ་ཕེབས་ཏེ་ལྔ་བའི་ཚེས་དགུ་ཉིན་པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་དང་མཇལ།  ཚེས་བཅུ་ནས་པཎ་ཆེན་མཆོག་གི་མདུན་དུ་དད་ལྡན་བོད་རྒྱ་སོག་གསུམ་ཁྲི་ཕྲག་དུ་མ་དང་བཅས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསན།  རིམ་གྱིས་སུ་རུག་སྟེང་དང་མཚོ་མདུན། སུ་ཉིད། དུར་བེད། ཧོ་བོ་ཤར། དར་ཧན་པེ་ལེའི་ཧོ་ཤོ། ཨ་རོད། ཨ་ལག་ཤ་སོགས་སུ་ཕེབས་ཏེ་མཚམས་དང་བསྙེན་པ་མང་དུ་བཞུགས་པ་དང་། དབང་ལུང་རྗེས་གསུམ་མང་དུ་གསུངས་ཏེ་འགྲོ་དོན་དཔག་མེད་མཛད་བཞིན།  དགུང་ལོ་ཉེར་གཅིག་པ་ཕྱི་ལོ1930ལོར་སྐུ་འབུམ་བྱམས་པ་གླིང་དུ་ཆིབས་བསྒྱུར་གནང་།

དགེ་བའི་བཤེས་གཉེན་ཚུལ་ཁྲིམས་རྣམ་དག་དང་སྨོན་ལམ་རབ་འབྱམས་པ་ཨོ་ཧན་དཀོན་མཆོག་སྦྱིན་པ་རྣམ་གཉིས་ཡོངས་འཛིན་དུ་བསྟེན་ནས་སྐུ་འབུམ་བཤད་སྒྲུབ་གླིང་གི་ཆོས་གྲྭར་ཞུགས།  གཞུང་ནས་ཀྱང་སྐུ་གོང་མའི་དུས་བཞིན་བཞུགས་གྲལ་ཆ་ཚང་ཕུལ།  ཚད་མ་སྡེ་བདུན་གྱི་གཞུང་ལ་བརྩོན་པ་ཤུགས་དྲག་པོས་ཐུགས་བརྩོན་གནང་། ཞོར་དུ་རྒྱན་འཇུག་དང་འགྲུབ་མཐའ་རྩ་བ། བློ་རྟགས་སྡོམ། རྣམ་འགྲེལ་རྩ་བ། སྐབས་བཞི་བའི་བསྡུས་དོན། དྲང་ངེས་ལེགས་བཤད་སྙིང་པོ་སོགས་གཞུང་མང་པོའི་རྩ་བ་དང་སྡོམ་འགྲེལ་སོགས་མང་པོ་ཐུགས་འཛིན་མཛད།  སྐྱབས་རྗེ་ཤིང་བཟའ་ཚང་གི་མདུན་ནས་དབང་དང་རྗེས་གནང་མང་དུ་གསན།  དགུང་ལོ་ཉེར་གཉིས་བཞེས་པ་ཕྱི་ལོ1931ལོའི་ཧོར་ཟླ་བདུན་པའི་ནང་ཉིན་གསུམ་གྱི་རིང་དགེ་འདུན་སྟོང་ཕྲག་ཚོགས་པའི་དབུས་སུ་བསྡུས་གྲྭའི་དམ་བཅའ་ལེགས་པར་བཞག་པས་བསྔགས་བརྗོད་ཀྱི་མེ་ཏོག་རིང་དུ་འཐོར།  དཔེ་ཁྲིད་སྔོན་སོང་གི་དབང་དུ་བྱས་ཏེ་བློ་རྟགས་དང་གཞུང་གསར་སོགས་འཛིན་གྲྭ་འཕར་མ་བྱས། དགུང་ལོ་ཉེར་གསུམ་བཞེས་པའི་ཧོར་ཟླ་བཞི་བར་ཕར་ཕྱིན་སྐབས་དང་པོའི་སྐབས་སྐྱབས་གསུམ་གྱི་ཚོགས་ལངས་དང་།  སྐབས་བཞི་བའི་ནང་རིགས་ཀྱི་ཚོགས་ལངས་ལ་བཞེངས་ནས་དགེ་འདུན་འདུས་ཚོགས་ཡོངས་ཐུགས་དགྱེས་པར་མཛད།  དགུང་ལོ་ཉེར་བཞི་བཞེས་པ་ཕྱི་ལོ1933 ལོའི་ནང་ཨ་ལགས་བླ་ཁོ་རིན་པོ་ཆེ་དང་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་སྐུ་འབུམ་དུ་ཕེབས་པའི་དྲུང་དུ་གསུང་ཆོས་མང་དུ་གསན། དགུང་ལོ་ཉེར་ལྔ་བར་དབུ་མའི་འཛིན་གྲྭར་བུད་དེ་ཁུར་ལུག་རི་ཁྲོད་པ་རྗེ་བློ་བཟང་བཟོད་པ་རྒྱ་མཚོའི་ཞལ་སྔ་ནས་རྗེ་གསུང་འབུམ་གྱི་ལྗགས་ལུང་འབྲེལ་རྗེས་གནང་དང་ལུང་མང་དུ་གསན། ཧོར་ཟླ་དྲུག་པའི་སྨོན་ལམ་སྟེང་སྙིང་རྗེ་ཚོགས་ལངས་ལ་བཞེངས།

དགུང་ལོ་ཉེར་དྲུག་བཞེས་པ་ཕྱི་ལོ1935ལོའི་ཧོར་ཟླ་བཞིའི་ཚེས་འགོར་༧ཀུན་གཟིགས་པཎ་ཆེན་ཆོས་ཀྱི་ཉི་མ་སྐུ་འབུམ་བྱམས་པ་གླིང་དུ་ཆིབས་བསྒྱུར་གནང་སྐབས་ཕེབས་བསུའི་དབུ་མཛད། དྲུག་པའི་ཚེས་དགུའི་ཉིན་བདག་འགོག་གི་ཚོགས་ལངས་བྱས། ༧ཀུན་གཟིགས་མཆོག་གིས་སྐུ་འབུམ་དུ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བ་ལ་གསན། ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ལ་དགེ་འདུན་སྟོང་ཕྲག་འཚོགས་པའི་དབུས་སུ་གླིང་བསྲེ་དམ་བཅའ་བཞག  ཕྱི་ལོ1936ལོའི་ལོ་གསར་གྱི་དགའ་སྟོན་སྐབས་༧ཀུན་གཟིགས་མཆོག་ནས་གློ་བུར་དུ་ཚོགས་ལངས་བྱེད་དགོས་ཀྱི་བཀའ་ཕབ་པར་ཨ་ཀྱཱ་མཆོག་སྤྲུལ་ཚང་འདི་ཉིད་དང་གཞུང་ལས་བ་ཚུལ་ཁྲིམས་སྡོམ་སྲུང་གཉིས་ཚོགས་ལངས་ལ་བཞེངས། ཚེས་དགུ་ཉིན་ཀུན་གཟིགས་མཆོག་སྐུ་འབུམ་ཚོགས་ཆེན་གྱི་ཁྲིར་བཞུགས་སྐབས་དམ་པ་འདི་ཉིད་ནས་མཎ་ཌལ་བཤད་པ་གནང་། ཟླ་བཞི་བར་༧ཀུན་གཟིགས་པཎ་ཆེན་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་སྐབས་ཁྲི་ཀའི་བར་དུ་ཕེབས་སྐྱེལ་མཛད།  དྲུག་པའི་ཚེས་བཞི་ནས་དགེ་འདུན་འདུས་ཚོགས་མང་པོ་ལ་བྱང་ཆུབ་ལམ་རིམ་གྱི་བཤད་ལུང་གནང་། ཚེས་བདུན་ཉིན་མངོན་པ་མཛོད་ཀྱི་ཚོགས་ལངས་ལ་བཞེངས། 

དགུང་གྲངས་ཉེར་བརྒྱད་བཞེས་པ་ཕྱི་ལོ1937ལོར་འཛིན་གྲྭ་འདུལ་བར་བུད་དེ་ལུང་སྡེ་བཞི་དང་བཅས་པ་སློབ་གཉེར་གནང་། སྔ་ཕྱིར་དགེ་འདུན་འདུས་ཚོགས་བརྒྱ་ཕྲག་དུ་མ་ལ་བྱང་ཆུབ་ལམ་རིམ་གྱི་ཞལ་ལུང་དང་ཁྲིད་རྗེས་གནང་མང་དུ་གསུང་། སྐྱབས་རྗེ་དངུལ་ཆུ་རིན་པོ་ཆེའི་མདུན་ནས་ལྗགས་ལུང་མང་དུ་གསན། བསྒྲུབ་བྱ་མང་པོ་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ་ཚུལ་ཁྲིམས་ཀྱི་བསླབ་པའི་དཔལ་ལ་བཀོད། དེ་ལྟར་གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་གཉེར་ཆེན་པོ་གནང་བ་དང་། མཁྱེན་རབ་ཕུན་སུམ་ཚོགས་པས་བཀའ་དང་དགོངས་འགྲེལ་གྱི་གནད་ཐམས་ཅད་ཐུགས་སུ་ཆུད་དེ་ལུང་དང་རིགས་པ་སྨྲ་བའི་དབང་བོར་གྱུར།  དགུང་ལོ་ཉེར་དགུ་བ་ཕྱི་ལོ1938ལོའི་ཧོར་ཟླ་གསུམ་པའི་ཚེས་ཉི་ཤུ་ནས་ཉིན་གསུམ་གྱི་རིང་སྐུ་འབུམ་བྱམས་པ་གླིང་གི་མཁས་མང་དགེ་འདུན་སྟོང་ཕྲག་ཚོགས་པའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་བཞག་པར་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་རིང་དུ་ཐོར།

དངུལ་ཆུ་རིན་པོ་ཆེས་བསྐུལ་བ་ལྟར་གསེར་ཏོག་ཚང་དང་རྒྱ་ཡག་ཚང་། གནམ་སྔོན་སྤྲུལ་སྐུ་སོགས་དང་མཉམ་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཨ་ལགས་བླ་ཁོ་རིན་པོ་ཆེའི་མདུན་ནས་རིམ་བཞིན་འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྐྱེད་རྫོགས་ཀྱི་ཁྲིད་དང་གསང་འདུས་ཀྱི་དབང་། གཞི་གསུམ་ཆོ་ག  འཇིགས་བྱེད་ལྷ་བཅུ་གསུམ་དང་དཔའ་གཅིག  བདེ་མཆོག་ལུ་ཨི་བའི་དབང་། གསང་འདུས་བསྐྱེད་རིམ་རྫོགས་རིམ་གྱི་ཁྲིད། སྡེ་ཁྲིའི་དུས་འཁོར་བསྐྱེད་རིམ་གྱི་ཞལ་ལུང་དང་རྫོགས་རིམ་གྱི་ཁྲིད།  སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་དམར་ཁྲིད།  མགོན་ཆོས་ལྔའི་རྗེས་གནང་། ཐིག་དང་བློས་བསླངས་བརྩིགས་ཚུལ་གྱི་ཕྱག་ཁྲིད་སོགས་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། དགེ་བའི་བཤེས་གཉེན་བསང་ཁོག་འཇིགས་མེད་ཚང་གི་མདུན་ནས་སྔགས་ཀྱི་སྤྱི་དོན་དང་གྲུབ་མཐའ་རྩ་འགྲེལ་སོགས་མང་དུ་གསན། དགུང་ལོ་སུམ་ཅུ་བ1939ལོའི་ལོའི་ཧོར་ཟླ་དང་པོའི་ཚེས་བཅུ་དགུ་ཉིན་ཕྱིར་སྐུ་འབུམ་བྱམས་པ་གླིང་དུ་ཆིབས་བསྒྱུར་གནང་།  གཞུང་དང་དགེ་འདུན་ཡོངས་ཀྱི་རེ་བསྐུལ་བཞིན་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་གོ་གསུམ་པར་བཞུགས་ཏེ་དགེ་འདུན་འདུས་པ་རྒྱ་མཚོར་མཇལ་ཁ་དང་། བྱང་ཆུབ་ལམ་རིམ་གྱི་དབུ་ནས་ཆོས་ཐུན་གཅིག་གི་གསུང་ཆོས་བསྩལ།

སྐུ་འབུམ་ཁྲི་ཆེན་དུ་བཞུགས་དུས་ཆོས་འཆད་ཉན་ལ་རྟིང་བསྐུལ་ནན་ཏན་བྱས་ཏེ་སྐབས་བཞི་བའི་འཛིན་གྲྭ་ལོ་གཉིས་སུ་བྱས་པ་དང་། འཛིན་གྲྭ་སོ་སོའི་རྩོད་ཡིག་ལ་བཅོས་བསྒྱུར་བྱས་ཏེ་རྗེ་ཡབ་སྲས་དང་རྗེ་སྒོ་གཉིས་ཀྱི་ཡིག་ཆ་ལས་གཞུང་གང་ཡིན་ཡིག་ཆར་འདྲེན་མི་ཆོག་པའི་བཀའ་གནང་།  ཆོགས་ཆེན་ཞལ་ངོ་དང་ཆོས་གྲྭ་དགེ་སྐོས་དང་གྲོས་མཐུན་བགྱིས་ཏེ་ཆོས་གྲྭའི་རྩོད་ཡུན་རིང་དུ་བཏང་བ་དང་།  འཛིན་གྲྭ་སོ་སོའི་བརྩི་བཞག་དང་རྩོད་རྒྱུགས་ཞིབ་མོ་དང་། ཆོས་གྲྭའི་གྲྭ་བ་ལོ་གཞོན་ཉིས་བརྒྱ་ལྷག་འཛིན་གྲྭ་མར་ཕབ་ཀྱིས་ཁ་དོག་འཛིན་གྲྭར་བཞག་སྟེ་བསྡུས་གྲྭ་ནས་ཡང་བསྐྱར་དཔེ་གཟིགས་གནང་དགོས་པའི་འགྲིག་ལམ་དང་། བར་མ་རབ་བྱུང་བ་དག་ལ་དགེ་ཚུལ་སློང་དང་བསྙེན་རྫོགས་བསྒྲུབ་ཏུ་བཅུག་ཏེ་གསོ་སྦྱོང་དང་དབྱར་གནས་སོགས་ལ་ངེས་པར་བཞུགས་དགོས་ཀྱི་བཀའ་དང་།  སྐད་གྲྭ་བ་མང་དུ་ཚགས་བཙུགས་ཏེ་འདོན་རྟ་དབྱངས་དང་ཐིག་རྡུལ་ཚོན་ལ་ནན་སྦྱོང་མཛད་པ་དང་།  དགོན་པའི་ལས་སྣེ་དག་དང་བཀའ་གྲོས་མཛད་དེ་འཛིན་སྐྱོར་སྦྱོང་བྱེད་ཀྱི་ཡོད་མེད་ལ་མཉམ་དུ་ལྟ་རྟོག་ཏུ་ཕེབས་པས་ནངས་དགོང་ལ་དགོན་པའི་ཕྱི་ནང་ཀུན་སྐྱོར་སྦྱོང་གི་སྒྲས་ཁྱབ་སྟེ་འཆད་ཉན་གྱི་སྡེ་ཤིན་ཏུ་དར་བར་མཛད།  དེ་མིན་གྱི་དགེ་འདུན་ལྷག་མ་དག་དཔར་གྱི་ལྷ་ཁང་དུ་ཡི་གེ་བ་དང་པར་རྐོ་བར་ཚགས་བཙུགས་ཏེ་བསྟན་བཅོས་མང་པོ་དཔར་དུ་འཁོད། བསྒྲུབ་བྱ་བརྒྱ་ཕྲག་དུ་མ་ལ་དགེ་ཚུལ་སློང་དང་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཏེ་ཚུལ་ཁྲིམས་ཀྱི་བསླབ་པར་གནས་པར་བྱས། ལྷག་པར་སྔགས་ཀྱི་རྩོད་གྲྭ་མཚམས་ཆད་པ་སླར་གསོ་མཛད་ནས་སྔགས་རམ་པའི་དམ་བཅའ་བཙུགས་ཏེ་དགུང་ལོ་སོ་གཉིས་སྟེང་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་རང་ཉིད་ནས་སྔགས་ཀྱི་དམ་བཅའ་བཞག  ཁོང་རང་ཉིད་ནས་ས་ཐིག་སོགས་ངེས་པར་བྱས་ནས་ཨ་ལགས་བླ་ཁོ་རིན་པོ་ཆེའི་ཕྱག་བཞེས་བཞིན་དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་གསར་དུ་བཙུགས་པ་སོགས་བསྟན་འགྲོར་སྨན་པའི་མཛད་འཕྲིན་རབ་དང་རིམ་པས་གདན་ས་གང་གི་ཆོས་འཆད་ཉན་ཕྱོགས་ཡོངས་ནས་ཡར་རྒྱས་སུ་མཛད་པའི་བཀའ་དྲིན་བླ་ན་མ་མཆིས་སོ། །

སྔ་ཕྱིར་དགེ་བའི་བཤེས་གཉེན་བསང་ཁོག་འཇིགས་མེད་ཚང་སྐུ་འབུམ་དུ་གདན་དྲངས་ནས་མདོ་སྔགས་ཀྱིས་བསྡུས་པའི་དབང་ལུང་ཁྲིད་རྗེས་གནང་གི་རྒྱུན་མཐའ་ཡས་པ་གསེར་ཏོག་ཚང་དང་རྒྱ་ཡག་ཚང་། ར་ཁོ་ཚང་སོགས་དང་ལྷན་དུ་གསན། པཎ་ཆེན་ནང་མ་སྒང་གིས་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་མཆོག་༧པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡོངས་འཛིན་དུ་སྐུ་འབུམ་བྱམས་པ་གླིང་དུ་གདན་དྲངས་དུས་དབང་ལུང་ཁྲིད་མང་དུ་གསན་ལ། ལྷག་པར་ཕྱི་ལོ1946ལོའི་ཧོར་ཟླ་གསུམ་པར་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གཙོས་སྐྱབས་རྗེ་མི་ཉག་རིན་པོ་ཆེ་སོགས་སྐུ་འབུམ་གྱི་བླ་སྤྲུལ་དང་།  མདོ་སྨད་ཕྱོགས་ཀྱི་བླ་སྤྲུལ་དགེ་བཤེས་མང་པོ་དང་ལྷན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་ཁྲིད་ཞལ་ལུང་མང་དུ་གསན།  ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་འབུམ་གསེར་སྡོང་ཆེན་མོའི་བར་སྟེང་དུ་ཨ་ལགས་བླ་ཁོ་རིན་པོ་ཆེ་ཚང་གི་དྲུང་ནས་རབ་བྱུང་དང་ཚིགས་སྔ་མའི་དགེ་ཚུལ་གྱི་སྡོམ་པ་བཞེས་དུས་ལས་གྲྭ་བ་མཛད།

དགུང་ལོ་སོ་བརྒྱད་བཞེས་པ་ཕྱི་ལོ1947ལོར་བསྙུང་གཞི་བཞེས་དུས༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་ཡོངས་འཛིན་བླ་ཁོ་རིན་པོ་ཆེ།  སྐྱབས་རྗེ་མི་ཉག་རིན་པོ་ཆེ་སོགས་ཀྱིས་སྐུ་ཚེ་འཕེལ་བའི་རྟེན་འབྲེལ་དང་བརྟན་བཞུགས་མང་དུ་ཕུལ་ལ། དགེ་འདུན་མང་ནས་ཞབས་བརྟན་དང་ཐུགས་དགྱེས་པའི་མཆོད་སྤྲིན་དུ་གཟིམ་ཤག་གི་ལྷས་སྐོར་ནང་མདོ་སྔགས་གཉིས་ཆར་ནས་བགྲོ་གླེང་དང་རྩོད་པ་མང་དུ་གནང་པ་སོགས་ཀྱི་ཞབས་བརྟན་མང་དུ་བསྒྲུབས་པས་ལོ་གཅིག་ལྷག་བཞུགས།  མཐར་དགུང་ལོ་སོ་དགུ་བཞེས་པ་ཕྱི་ལོ1948ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན་ཞབས་རྡོ་རྗེ་དཀྱིལ་ཀྲུང་དང་ཞལ་འཛུམ་པ་དང་བཅས་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན།  དགོངས་རྫོགས་རྒྱ་ཆེར་བསྒྲུབས་རྗེས་སྐུ་གདུང་སྐུ་འབུམ་རྗེ་གསེར་སྡོང་ཆེན་མོའི་ནང་དུ་བཞུགས་སུ་གསོལ། དམ་པ་གང་ཉིད་ཀྱི་གསུང་ལས་སྐྱེས་པའི་བུ་སློབ་མང་དུ་བྱུང་ལ།  གསུང་རྩོམ་ལ་༼དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་སྒྲུབ་མཆོད་ཆ་ལག་དང་བཅས་པའི་ཕྱག་ལེན་གསལ་བར་བཀོད་པ་དྭངས་ཤེལ་མེ་ལོང་༽དང་། ༼ལམ་རིམ་ཆེན་མོའི་ཞལ་ལུང་ཟིན་བྲིས་སྐྱ་རེངས་གསར་བའི་སྣང་བ༽ ༼བསྟོད་པ་ཨུཏ་པལ་དཀར་པོའི་ཆུན་པོ་༽ ༼ ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་བཞག་རགས་བསྡུས་བློ་གསལ་འགུལ་རྒྱན་གསར་བ༽སོགས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་པོད་ཆེན་གཉིས་ལྷག་བཞུགས་སོ། ། 

 སྐུ་འབུམ་སངས་རྒྱས་རྒྱ་མཚོས་བྲིས་པའི་ཨ་ཀྱཱ་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ལ་གཞི་བཅོལ་ནས་གཞན་དུ་བཤད་པས་ཁ་སྐོང་དང་བཅས་ཕྱི་ལོ༢༠༡༦ལོའི་ཧོར་ཟླ༤བའི་ནང་ཁྲི་སྐལ་བཟང་བརྩོན་འགྲུས་ཀྱིས་ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ནས་མཚམས་སྦྱར་བའོ།།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།