ཆ་ཧར་དགེ་བཤེས་ཀྱི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   མཁས་དབང་མི་ཉག་མགོན་པོའིགསུང་རྩོམ་ཕྱོགས་བསྒྲིགས།     སྤེལ་དུས།  2015-12-06 12:30:34         ཀློག་ཐེངས།  

            ཆ་ཧར་དགེ་བཤེས་ཀྱི་འཁྲུངས་ཡུལ་ནི་སོག་པོའི་ཡུལ་དུ་དར་ཚོ་ཆེན་པོ་བརྒྱད་ཅེས་གྲགས་པའི་ནང་ཚན། དར་ཚོ་ཆེན་པོ་ཁོ་བོ་ཆ་གན་ཞེས་པ་དེར་ཡིན་ལ། ཁོང་ནི་ཡབ་ཚེ་མགོན་རྒྱལ་དང་ཡུམ་ཧལ་ཅན་ཁུའམ་བོད་མིང་བློ་བཟང་ཉི་མ་གཉིས་ལ་སྲས་བཞི་དང་སྲས་མོ་བཞི་སྟེ་མིང་སྲིང་བརྒྱད་ཡོད་པའི་ནང་གི་ཆེ་ཤོས་ཡིན། 
        རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྤྲེལ་གྱི་ལོ(༡༧༤༠)ཟླ་བ་བརྒྱད་པའི་ཚེས་གསུམ་ལ་སྐུ་བལྟམས། བྱིས་པ་ལོ་གཉིས་ཙམ་ནས་མེས་མོའི་གུར་དུ་སྐྱེད་སྲིང་བྱེད་སྐབས་གྲིབ་ནད་བཞེས་ཏེ་ཞལ་དང་ཤངས་འཁྱོག་པོར་གྱུར་ཀྱང་རིང་པོ་མ་ལོན་པར་དྭངས་ཏེ་རྒྱུན་ལྡན་དུ་གྱུར། དགུང་ལོ་བདུན་པར་ཕེབས་པ་ན། ཨ་ཁུ་དགེ་ཚུལ་ཞིག་ཡོད་པ་དེའི་མདུན་ཐོག་མར་སོག་ཡིག་དང་དེ་ནས་བོད་ཡིག་གཟབ་གཤར་སོགས་སྦྱངས། ལོ་དེར་ཆས་པ་བློ་བཟང་འཕྲིན་ལས་ཀྱི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་བསྙེན་གྱི་སྡོམ་པ་ཞུས། མིང་བློ་བཟང་ཚུལ་ཁྲིམས་ཞེས་པ་བཏགས། གཞན་ཕན་བྱང་ཆུབ་གླིང་གི་དགོན་པར་ཚོགས་སུ་ཞུགས། ལོ་མང་རིང་ཨ་ཁུ་དགེ་རྒན་དུ་བསྟེན་ནས་ཤེས་བྱ་མཐའ་དག་འབད་པས་སྦྱངས། 
        དགུང་ལོ་བཅོ་ལྔ་པ་ཤིང་ཁྱི་ལོར། ཁོང་མིང་སྲིང་རྣམས་འབྲུམ་ནག་གིས་མནར། ཨ་ཁུ་དང་གཅུང་གཅིག་སྲས་མོ་གསུམ་མཉམ་དུ་གྲོངས། ཁོང་བསྙུང་གཞི་ཤིན་ཏུ་ལྕི་བ་བཞེས་ཀྱང་མཐར་འབྲུམ་ནག་ལས་ཐར། དེ་ནས་མི་རིང་བར། ཨ་ཆི་ཐུ་ནོ་མོན་ཧན་བློ་བཟང་བསྟན་འཛིན་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། 
       དགུང་ལོ་བཅུ་བདུན་པ་མེ་བྱི་ལོར་མཚོ་བདུན་དགོན་དུ་ཐེངས་དང་པོར་ཕེབས། ཤེས་རབ་རབ་འབྱམས་པའི་མདུན་ནས་བོད་སོག་སྒྲ་སྒྱུར་གྱི་ཡོན་ཏན་རགས་ཙམ་གསན། དེ་ནས་ཚུར་ཕེབས། རང་དགོན་དུ་བློ་བཟང་དགེ་ལེགས་མདུན་སྐྱབས་འགྲོའི་ཁྲིད་དང་ཐིག་ཚད་སྦྱངས། དགུང་ལོ་ཉི་ཤུ་པ་ས་མོ་ཡོས་ཀྱི་ལོའི་དབྱར་ཁར་མཚོ་བདུན་དགོན་དུ་བྱོན། ཁྲི་ཆེན་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ་ལས་དགེ་སློང་གི་སྡོམ་པ་མནོས། དེ་ནས་གཞན་ཕན་བྱང་ཆུབ་གླིང་དང་མཚོ་བདུན་དགོན་བཅས་སུ་གུ་ཤཱི་ཆོས་རྗེ་བློ་བཟང་རྣམ་འཕེལ་མདུན་དུ་ལོ་འགའི་བར་གཞུང་ལུགས་མང་པོར་གསན་སྦྱོང་དང་། ཟབ་ཆོས་མང་པོ་ཞུས། 
       དགུང་ལོ་ཉེར་གསུམ་པ་ཆུ་ཕོ་རྟའི་ལོར་ཟླ་བ་བརྒྱད་པར་པེ་ཅིན་ཡུང་ཧེ་གུང་དུ་སློབ་གཉེར་ལ་ཕེབས། མིང་གན་རབ་འབྱམས་པ་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་མོ་རྣམས་ལ་གསན་སྦྱོང་དང་ཁྱད་པར་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་གཞུང་ལུགས་མང་པོར་ཐོས་བསམ་མཛད། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་ཁོང་གི་བླ་མ་གཙོ་བོར་གྱུར། ཁོང་ནི་ཡོན་ཏན་ཁོ་ན་དོན་གཉེར་མཛད་པ་ལས། མཐོན་པོ་རྣམས་ལ་ཁ་གསག་ངོ་བསྟོད་སོགས་གཏན་ནས་མི་བྱེད་མཁན་ཞིག་ཡིན་སྟབས། ཡུང་དགོན་གྱི་ལས་གཉེར་པས་སྡོད་ཤག་ཞིག་རལ་སྤྲད་པ་དང་། འཚོ་བའི་ཡོན་ཏན་སྦྱོང་བ་ལ་འབད་པ་ལྷུར་ལེན་མཛད།

      ཁོང་ཡུང་དགོན་དུ་ལོ་བདུན་ཙམ་བཞུགས་ཡོད་ཀྱང་། ཁྲོམ་གྱི་ཚོང་འདུས་སུ་ལན་གཉིས་མ་གཏོགས་བྱོན་མ་མྱོང་། སྐབས་དེར་ལྕང་སྐྱ་རོལ་པའི་རྡོ་རྗེ། དགའ་ལྡན་ཁྲི་ཆེན་ངག་དབང་ཚུལ་ཁྲིམས། པག་ཤི་བླ་མ་ངག་དབང་དཔལ་ལྡན། རབ་འབྱམས་པ་ངག་དབང་ཚུལ་ཁྲིམས་སོགས་བླ་མ་མང་པོར་བརྟེན་ནས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། 
        དགུང་གྲངས་ཉེར་བརྒྱད་པ་མེ་མོ་ཕག་ལོའི་ཟླ་བ་དགུ་པར་ཨ་ཀྱཱ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ། ཨ་ཀྱཱའི་གསུང་འབུམ་པོད་གཉིས་པོ་ལེགས་བསྒྲིགས་དང་ཤིང་པར་གྱི་མ་ཡིག་འབྲི་བ་དང་པར་ཞུ་སོགས་ཚང་མ་ཁོང་གིས་མཛད། དགུང་ལོ་ཉེར་དགུ་པ་ས་ཕོ་བྱི་བའི་ལོ་ཟླ་བ་བཞི་པར་དགོངས་པ་ཁྲོལ་ནས་རང་ཡུལ་དུ་ལོག་སྐབས་དེར་མགུར་ཚིག་སྙན་ལ་གོ་སླ་བ། དོན་གསལ་ལ་ཟབ་པའི་ཚིགས་བཅད་མང་པོ་བརྩམས་ཤིང་རྒྱུན་གྱི་ཀུན་སྤྱོད་བཟང་པོ་ཀུན་གྱིས་བཀུར་བར་འོས་པ་ཞིག་ཡིན་པས། ཚང་མས་དགེ་བཤེས་དགེ་བཤེས་ཞེས་བོས་པས། ཆ་ཧར་དགེ་བཤེས་ཞེས་པའི་མཚན་རྒྱུན་འཇགས་སུ་གྱུར། 
དགུང་ལོ་སུམ་ཅུ་པ་སྦྲུལ་ལོའི་སྟོན་ཁར་མཚོ་བདུན་དུ་ཕེབས། ཨོད་ཉིད་གུ་ཤཱི་རིན་པོ་ཆེའི་དྲུང་དུ་སྔགས་ཕྱོགས་ཀྱི་ཆོས་སྐོར་གསན། ཟླ་བ་དྲུག་ཙམ་སྐུ་མཚམས་བཞུགས་རྗེས། ལྕགས་ཕོ་སྟག་གི་ལོའི་དཔྱིད་ཀར་རང་ཡུལ་དུ་ལོག་སྐུ་མཚམས་ལོ་གསུམ་ཙམ་བཅད། 
       དགུང་གྲངས་སོ་གསུམ་པ་ཆུ་ཕོ་འབྲུག་ལོའི་ཟླ་བ་གཉིས་པའི་ཚེས་གཉིས་ལ་མཚམས་གྲོལ་ཟླ་བ་བཞི་པར་ཡབ་འདས་དགོངས་རྫོགས་བསྒྲུབས། དེ་ནས་སྐུ་མཚམས་ལོ་གཉིས་བཞུགས་ཏེ་ཤིང་ཕོ་རྟ་ལོའི་དཔྱིད་ཀར་སྐུ་མཚམས་གྲོལ། ལོ་དེའི་ཟླ་བ་བརྒྱད་པར་ཡུམ་དྲིན་ཅན་ཚེ་ལས་འདས། དགོངས་རྫོགས་ལེགས་པར་བསྒྲུབས། དེ་ནས་དགུང་ལོ་སོ་དྲུག་པ་ལུག་ལོའི་སྟོན་ཁ་ནས་ས་ཕོ་ཁྱི་ལོའི་བར་ལོ་བཞི་ཙམ་དཔེ་མཚམས་བཞུགས། 
       དགུང་ལོ་སོ་དགུ་པ་ས་ཕོ་ཁྱི་ལོར་མཚམས་གྲོལ་ནས་ས་སྐྱ་ལེགས་བཤད་རྩ་འགྲེལ་སོག་སྐད་དུ་བསྒྱུར། ས་མོ་ཕག་གི་ལོར་སྐྱེ་བོ་གསོ་ཐིག་རྩ་འགྲེལ་གཉིས་སོག་སྐ་དུ་བསྒྱུར། དགུང་ལོ་ཞེ་གཅིག་པ་ལྕགས་ཕོ་བྱི་བའི་ལོར། པཎ་ཆེན་རིན་པོ་ཆེ་གཙང་ནས་པེ་ཅིན་དུ་ཕེབས་པ་མཇལ་བ་དང་ཙན་དན་ཇོ་བོ་མཇལ་སྐོར། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་གསུང་ལམ་རིམ་དམར་ཁྲིད་པར་དུ་བསྐྲུན་པ་སོགས་ཀྱི་ཆེད་དུ་པེ་ཅིན་དུ་ཕེབས། ཤིང་པར་གྱི་མ་ཡིག་ཁོང་གིས་ཕྱག་བྲིས་མཛད། གླང་གི་ལོར་རང་ཡུལ་དུ་ལོག་ནས། པཎ་ཆེན་གྱི་གསང་རྣམ་གསང་བའི་ལུང་ཞེས་པ་དེ་སོག་སྐད་དུ་བསྒྱུར། ཁོང་ནི་གསོ་རིག་ལ་མཁས་པ་ཞིག་ཡིན་པས་ལྷ་འབྲུམ་དཀར་པོ་འབད་མེད་དུ་མཁྱེན་ནས་ས་དེར་མི་མང་པོ་འབྲུམ་ཉེན་ལས་ཐར་བར་མཛད། འབྲུག་ལོར་དཀར་པོ་རིའི་དགོན་པ་དགའ་ལྡན་ཆོས་འཛིན་གླིང་གསར་དུ་བཏབ་པའི་གྲབས་བཀོད་མཛད། 
       མེ་མོ་ལུག་གི་ལོར་འདུ་ཁང་ཆེན་མོ་བཞེངས་གྲུབ། དེ་ནས་མུ་མཐུད་དེ་ལྷ་ཁང་དང་རྟེན་གསར་བཞེངས་མཛད། དགེ་འདུན་པའི་བཅའ་ཡིག་སོགས་ཀྱང་གསར་དུ་བརྩམས། ལུག་ལོའི་སྟོན་ཁར་ལྔ་པའི་གསུང་ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་ཕྲེང་བ་སོག་སྐད་དུ་བསྒྱུར། 
དགུང་ལོ་ཞེ་བརྒྱད་པ་ལུག་ལོའི་ཟླ་བ་བཅུ་པར་དབུས་ནས་ཕེབས་པའི་དགའ་ལྡན་ཁྲི་ཆེན་ནོ་མོན་ཧན་མཇལ་བར་པེ་ཅིན་དུ་ཕེབས། ཟླ་བ་བཅུ་གཅིག་པར་རང་དགོན་དུ་ལོག དགུང་ལོ་ལྔ་བཅུ་ང་གཉིས་པ་ས་མོ་ཕག་གི་ལོའི་སྟོན་ཁར། རྫེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ་པར་དུ་བརྐོ་ཕྱིར་པེ་ཅིན་དུ་ཕེབས། ལྕགས་ཕོ་བྱི་བའི་ལོར་པར་བརྐོའི་བྱ་བར་བར་ཆད་བྱུང་རྐྱེན་བརྐོས་ཟིན་པ་རྣམས་འཁྱེར་ནས་རང་ཡུལ་དུ་ལོག ལོ་འགའི་རིང་འཆད་ཉན་གྱི་བྱ་བ་མཛད། 
       དགུང་ལོ་ང་དྲུག་པ་ཤིང་མོ་ཡོས་ནས་དགུང་ལོ་རེ་གཅིག་པ་སྤྲེལ་ལོའི་བར་ལོ་དྲུག་རིང་《ལམ་རིམ་གསལ་འབྱེད་ཀྱི་མན་ངག་དངོས་གྲུབ་ཀུན་འབྱུང་》དང་ཕར་ཕྱིན་འགྲེལ་བ། བསྟན་བཅོས《མུན་སེལ་སྒྲོན་མེ》། རྩིས་ཀྱི་བསྟན་བཅོས་སོགས་བསྟན་བཅོས་མང་པོ་བརྩམས། 
དགུང་ལོ་རེ་གསུམ་པར། ཨ་ཀྱཱ་མཆོག་སྤྲུལ་གྱི་བཀའ་ཕེབས་ལྟར། སོག་ཡིག་ཐོག་ནས་བརྩམས་པའི་ཙོང་ཁ་པའི་རྣམ་ཐར་ཆེན་མོ་བོད་ཡིག་ཏུ་བསྒྱུར། དགུང་ལོ་རེ་བདུན་པ་མེ་ཕོ་སྟག་གི་ལོའི་ཟླ་བ་དགུ་པའི་ཚེས་ཉེར་བདུན་ཉིན་ཐུགས་ཀྱི་ཟེ་འབྲུ་ལྟ་བུར་བརྩེ་གདུང་ཤིན་ཏུ་ཆེ་བའི་གཅུང་བླ་མ་བསྟན་པ་ཡར་འཕེལ་དགུང་ལོ་ལྔ་བཅུར་སོན་པ་དེ་ཉིད་སྐུ་གཤེགས་རྐྱེན་ཐུགས་སྐྱོ་ངལ་ཚད་མེད་མཛད། ཁོང་ལ་ཏཱ་བླ་མའི་ཆོ་ལོ་དང་གོང་མའི་དབུ་བླ་སོགས་ཀྱི་གོ་གནས་ཕུལ་ཡང་གཏན་ནས་ཞལ་བཞེས་མ་མཛད་པར། འཆད་རྩོད་རྩོམ་གསུམ་གྱི་བྱ་བས་དུས་འདའ་བར་མཛད་ཅིང་།

         ཁྱད་པར་ལོ་མང་རིང་ས་དབེན་པར་ཉམས་ལེན་སྙིང་པོར་མཛད་ནས་འཚོ་བ་ངན་ངོན་ཁོ་ནར་བརྟེན་པའི་དབང་གིས་སྐུ་གཟུགས་ཐང་པོ་མེད་ཅིང་གཅོང་ནད་ལྟ་བུ་ཞིག་ནི་ནམ་ཡང་ཆད་མ་མྱོང་། 
        དགུང་ལོ་བདུན་ཅུ་དོན་གཅིག་པ་ལྕགས་ཕོ་རྟའི་ལོ(༡༨༡༠)ཟླ་བ་དང་པོའི་ཚེས་པ་བཅུ་ཉིན་ནས་ཚེམས་སྙུན་ཞག་དྲུག་བདུན་བཞེས། དེ་ནས་མུ་མཐུད་དེ་སྙུང་བཞེས་ནས་ཟླ་བ་གཉིས་པའི་ཚེས་ཉེར་གསུམ་ཉིན་དགོངས་པ་རྫོགས་སོ། །
ཁོང་གི་གསུང་ནི། རྣམ་ཐར། ཕར་ཕྱིན་དང་ཚད་མ་སོགས་ཀྱི་གཞུང་འགྲེལ། ལམ་རིམ་གྱི་འགྲེལ་པ། གསོ་བ་རིག་པའི་སྐོར། བརྡ་སྤྲོད་དང་རྩིས་སོགས་བསྟན་བཅོས་མང་དུ་མཆིས་པ་རྣམས་ཀ་ནས་དའི་བར་པོ་ཏི་བཅུ་གཅིག་དུ་བསྡུས་པ་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་བཞུགས་སོ། །
        མཁས་དབང་མི་ཉག་མགོན་པོས་(1923-2008)མཛད་པའི་༼གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་།༽ལས་འདིར་དྲངས། མཁས་དབང་མི་ཉག་མགོན་པོས་1980-2008ལོའི་བར་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་གི་ཕྱག་ལས་ལོ་ངོ་ཉེར་བརྒྱད་ཀྱི་རིང་ལ་མཛད་།གསུང་རྩོམ་ལ་དཀར་ཆག་ཤེས་བྱའི་གཏེར་མཛོད་དང་གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་སོགས་ཡོད།

      གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།      དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།