ཀུན་མཁྱེན་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2015-12-06 12:28:49         ཀློག་ཐེངས།  

           ཀུན་མཁྱེན་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ནི། སྤྱི་ལོ་༡༦༤༨པ། བོད་རབ་བྱུང་བཅུ་གཅིག་པའི་ས་བྱི་ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན་ཡུལ་བསང་ཆུའི་རྒན་གྱ་བྱ་བར་ཡབ་དཔལ་འབུམ་རྒྱལ་དང་ཡུམ་ཐར་མོ་བྱམས་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བདུན་པའི་སྟེང་ལ་ཡི་གེ་འབྲི་ཀློག་སྦྱང་། བཅུ་གསུམ་པར་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་དྲུག་པ་ནས་བཟུང་སྐུ་ཆིངས་བཀྲོལ་ནས་མི་གཟིམས་པ་དང་། སྒྲུབ་པར་སྙིང་པོར་བྱེད་པའི་དམ་བཅའ་མཛད་ཅིང་། བཟོ་དང་སྨན་རྩིས་སོགས་རིག་གནས་སྤྱི་ལའང་མཁས་པར་སྦྱངས།

          དགུང་ལོ་ཉེར་གཅིག་པར་དབུས་སུ་བྱོན་ནས་ཉེར་དགུ་པའི་བར་དུ་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ཤིང་མཁས་པ་དུ་མའི་ཞབས་པད་བསྟེན་ནས་བཀའ་པོད་ཆེན་པོ་ལྔ་ལ་སོགས་པའི་གཞུང་མང་པོ་སྦྱངས་སྐྱོར་དཔྱད་གསུམ་གྱིས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་སོན། དེའི་བར་གྱི་དགུང་ལོ་ཉེར་བདུན་པར་ཀུན་གཟིགས་ལྔ་པ་ཆེན་པོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་དགུ་པར་དཔལ་ལྡན་རྒྱུད་སྨད་གྲ་ཚང་དུ་བཞུགས་ཏེ་སྔགས་ལ་སྦྱངས་པས་རྒྱུད་དོན་མ་ལུས་ཐུགས་སུ་ཆུད་ཅིང་། གསང་ཆེན་ཆོས་ཀྱི་གན་མཛོད་བདག་གིར་མཛད། དགུང་ལོ་ང་གསུམ་པར་རྒྱལ་མཆོག་དྲུག་པ་ནས་བཀའ་ནན་ཕབ་པ་བཞིན་སྒོ་མང་གི་བླ་མ་མཛད་དེ་ལོ་བརྒྱད་ཀྱི་རིང་འཆད་ཉན་བསྐྱངས། དགུང་ལོ་རེ་གཉིས་པར་ཇུ་ནང་གིས་དགོན་པ་གསར་འདེབས་ཆེད་གདན་དྲངས་ལྟར་མདོ་སྨད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། རྒྱལ་བའི་ལུང་གིས་ཟིན་པའི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྟེན་དང་བརྟེན་པ་བཅས་པའི་ཞལ་བཀོད་དང་ཕྱག་འདེབས་མཛད། རེ་གསུམ་ཐོག་གོང་ས་རྒྱལ་བའི་དབང་པོ་མཆོག་ནས་སྒོ་མང་ཨེ་རྟི་ནི་ནོ་མིན་ཧང་ཞེས་པའི་མཚན་དང་དབུ་གདུགས་ཐམ་ག་སོགས་ཀྱིས་གཟེངས་བསྟོད་གནང་། དགུང་ལོ་དོན་གཅིག་པར་ཡུལ་གཏེར་ལུང་ནས། སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་བཪྙན་དང་ཚོགས་དུང་སོགས་གཏེར་ནས་བཏོན། དོན་གསུམ་པར་གོང་མ་ཁང་ཤིན་རྒྱལ་པོས་བསྟན་པ་འཛིན་ཅིང་སྐྱོང་པར་བྱེད་པའི་པཎྜི་ཏ་ཨེ་རྟི་ནི་ནོ་མིན་ཧང་ཞེས་པའི་ཆོ་ལོ་དང་གསེར་ཐམ་གསེར་ཡིག་སོགས་གནང་བ་འབྱོར། དགུང་ལོ་དོན་བཞི་པ་སྤྱི་ལོ་༡༧༢༡ཧོར་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །

         རྗེ་འདི་ཉིད་ཀྱིས་སྐུ་ཚེ་གང་བོར་དམ་པའི་ཆོས་ཀྱི་གྲུ་ཆར་མདོ་དབུས་ཀུན་ཏུ་ཁྱབ་པར་མཛད་ཅིང་། བུ་སློབ་ཁྲི་ཆེན་བཞི། བླ་ཆེན་བཅུ། མཁན་ཆེན་ལྔ་སོགས་བགྲང་ལས་འདས་པ་བསྐྱངས་པ་དང་། ཁྱད་པར་དུ་ཕྱག་རྩོམ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་པོད་བཅུ་ཕྲག་ལོངས་པ་བཞུགས་པ་ལས་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་རས་བྲིས་པའི་ཚུལ་བརྒྱ་དང་གསུམ་པ་ཙིནྟ་མ་ཎིའི་ཕྲེང་བ་ཐུབ་བསྟན་རྒྱས་བྱེད་ཕན་བདེའི་རོལ་མཚོ་ཆེན་པོ་དང་མཆོད་རྟེན་བརྒྱད་ཀྱི་ཐིག་རྩ་མདོར་བསྡུས་སོགས་བཟོ་རིགས་པའི་གཞུང་ཡང་བརྩམས་ཤིང་རྒྱ་བལ་དབུས་གཙང་ལ་སོགས་པའི་གཟུགས་བཟོ་སོར་མོའི་འཕྲུལ་ཅན་ལྷ་པ་དབུ་ཆེན་གསང་སྔགས་མཁར་པ་སོགས་བཟོ་རིགས་སྣ་ཚོགས་ཀྱི་ལག་རྩལ་པ་ཤིན་ཏུ་མང་པོ་ཡུལ་མདོ་སྨད་དུ་གདན་དྲངས་ནས་ཁོང་གི་ཞལ་བཀོད་ལྟར་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་རྟེན་དང་བརྟེན་པ་བཅས་པ་འགྲན་ཟླ་དང་བྲལ་བ་ལྷའི་གཞལ་ཡས་ཁང་ལྟ་བུ་གསར་བཞེངས་མཛད་པ་དང་། ཕྱོགས་ཀུན་ནས་བཟོ་རིག་གི་དངོས་པོ་རིན་ཐང་དང་བྲལ་བ་མང་པོ་སྤྱན་དྲངས་པ་དང་གཏེར་ནས་བཏོན་པ་སོགས་ཀྱིས་གངས་ཅན་མདོ་སྨད་ཡུལ་དུ་བཟོ་གནས་རིག་པའི་གཞུང་དང་དངོས་པོ་ཐམས་ཅད་ཀྱིས་ཕྱུག་པར་མཛད་དོ། །

བརྒྱུད་འགོད།