བླ་བྲང་དགོན་པར་བཞུགས་པའི་རྟེན་སོགས་ཀྱི་སྐོར།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-06 09:16:47     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

             རྟེན་སོགས་དོན་གཞན་བཤད་པ།དེ་ཡང་སྔོན་སྟོན་པ་མཉན་ཡོད་དུ་བཞུགས་སྐབས་བསྙུན་གྱི་དབང་གིས་དགེ་འདུན་གྱི་ཚོགས་དབུར་འབྱོན་མ་ཐུབ་པའི་ཚེ་སྟོན་པ་མ་བཞུགས་པས་གྲལ་གྱི་དབུ་མི་བརྗིད་ཅིང་མི་མཛེས་པའི་ཚུལ་ཉན་ཐོས་རྣམས་ཀྱིས་ཞུས་པ་ན། ངའི་དོད་དུ་སྐུ་གཟུགས་བཞེངས་ནས་དགེ་འདུན་གྱི་གྲལ་མགོར་ཞོག་ཅིག་ཅེས་བཀའ་བསྩལ་བ་ལྟར། སངས་རྒྱས་ཀྱི་སྐུའི་དོད་དུ་བྲིས་འབུར་གྱི་སྐུ་གཟུགས་དང་། གསུང་དབྱངས་ཡན་ལག་དྲུག་ཅུས་གདུལ་བྱའི་ཁམས་ཀྱི་རིམ་པ་དང་འཚམ་པར་ཆོས་སྟོན་པའི་དོད་དུ་སྡེ་སྣོད་གསུམ་གྱི་གླེགས་བམ་དང་། བྱང་ཕྱོགས་སོ་བདུན་གྱིས་བསྡུས་པའི་ལམ་གྱི་བགྲོད་པ་ཡོངས་སུ་རྫོགས་པའི་ཐུགས་སྤངས་པ་དང་རྟོགས་པའི་ཡོན་ཏན་གྱི་དོད་དུ་མཆོད་རྟེན་བཞེངས་པར་གསུངས་པ་ལྟར། ཤར་ནུབ་རྒྱ་མཚོའི་མཐའི་བར་གྱི་གྲོང་དང་གྲོང་ཁྱེར་དང་ཡུལ་ལྗོངས་རྣམས་སུ་རྒྱལ་བློན་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་བསོད་ནམས་རླབས་པོ་ཆེ་བསྒྲུབ་པ་དང་། དགེ་འདུན་གྱི་སྡེ་ཆེ་ཕྲ་རྣམས་སུ་བཤད་སྒྲུབ་ཀྱི་བསྟན་པ་གོང་ནས་གོང་དུ་འཕེལ་ཞིང་ནམ་ཡང་མི་ཉམས་པའི་བྱིན་རླབས་ཀྱི་རྟེན་དུ་སྐུ་གསུང་ཐུགས་རྟེན་བཞེངས་པའི་སྲོལ་ཆེས་ཆེར་དར་བ་ལྟར་ཆོས་སྡེ་འདིར་ཡང་སྐུ་གསུང་ཐུགས་རྟེན་ཇི་ལྟར་བཞུགས་པའི་ཚུལ་ནི། སྔོན་རྗེ་གོང་མའི་དུས་སུ་འདུ་ཁང་ཀ་བ་བརྒྱད་ཅུ་བ་དྲི་གཙང་ཁང་དང་བཅས་པ་བཞེངས་པ་ལས་ཕྱིས་སུ་ཆོགས་པ་ཧ་ཅང་རྒྱ་ཆེ་བས་གོ་ཡུལ་དོག་པར་བརྟེན་སྐྱབས་མགོན་རྡོ་རྗེ་འཆང་ནས་དངུལ་སྲང་ཆིག་ཁྲིའི་བདོག་པའི་མཐུན་རྐྱེན་གྱི་སྟེང་ནས་ལེགས་པར་བསྒྲུབས་པའི་འདུ་ཁང་ཀ་བ་བརྒྱ་དང་བཞི་བཅུ་བ་ཁོ་ར་ཁོར་ཡུག་སྟེང་འོག་ཐམས་ཅད་དབྱིབས་དང་ཁ་དོག་བཀོད་པའི་ཁྱད་པར་ཡིད་དུ་འོང་བས་རྣམ་པར་རྒྱལ་བའི་ཁང་བཟང་ལ་འགྲན་པར་ནུས་པ་འདི་ཉིད་ཀྱི་དྲི་གཙང་ཁང་ནུབ་མའི་རྟེན་གཙོ་གསེར་ཟངས་ལས་བཞེངས་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་བཟང་པོའ ་ིབཞུགས་སྟངས་ཅན་ཉིས་ཐོག་དང་མཉམ་པ་འདི་ནི་རྗེ་གོང་མ་དེ་ཉིད་ཞལ་བཞུགས་སྐབས་བལ་བོའི་བཟོ་བོ་ཆེད་དུ་བོས་ནས་རགས་བཟོ་ཕལ་ཆེར་ལེགས་པར་གྲུབ་པའི་མཇུག་འཇམ་མགོན་ཁྲི་རིན་པོ་ཆེས་བསྐྱངས་ཤིང་། ཐུགས་ཀར་གཡའ་རིའི་རྨོག་ལུང་གི་གཏེར་ནས་སྤྱན་དྲངས་པའི་གཏེར་བུམ་བཞུགས་པར་ཁྲི་ཆེན་དེ་ཉིད་ཀྱིས་གསུངས་པ་ཐོས་ཞེས་ལོ་ལྔ་བཅུ་ནས་གྱ་གསུམ་གྱི་བར་དུ་ཚེ་མཚམས་ཁོ་ན་མཛད་པའི་དགེ་བཤེས་བློ་བཟང་མཁས་མཆོག་གིས་གསུངས་ཤིང་། དགེ་འཕེལ་ནས་རྗེ་གོང་མ་རང་གིས་སྒྲུབ་པ་གནང་བའི་དགེ་འདུན་འདུ་བའི་འཁོར་ལོ་སོགས་བཞུགས་པར་ངག་རྒྱུན་དུ་གླེང་། འདིའི་རབ་གནས་ཀྱི་སྐབས་འཇམ་མགོན་ཁྲི་རིན་པོ་ཆེའི་མནལ་ལམ་དུ་རྗེ་གོང་མ་དེ་ཉིད་བྱོན་ནས་རབ་གནས་ཀྱི་ཕྱག་ལེན་མ་འཕྱུག་པ་བྱུང་ཞེས་དགྱེས་པའི་གསུང་བྱོན་པ་རྣམ་ཐར་དུ་གསལ། གཡས་གཡོན་དུ་རྗེ་རིན་པོ་ཆེ་དང་མར་མེ་མཛད།ཉེ་བའི་སྲས་བརྒྱད་དང་བཅས་པའི་སྨན་སྐུ་ཐོག་ཚད་དང་མཉམ་པ་འདི་དག་འཇམ་མགོན་ཁྲི་རིན་པོ་ཆེས་བཞེངས་ཤིང་གཟུངས་གཞུག་རབ་གནས་སོགས་བྱམས་ཆེན་དང་མཉམ་དུ་མཛད། དེའི་གཡས་ཀྱི་མགོན་ཁང་ནང་གི་འཇིགས་བྱེད་དཔའ་ཅིག་ཞལ་ཕྱག་ཡོངས་རྫོགས་དང་། མགོན་ཆོས་གཉིས་ཀྱི་འབག་སྐུ་ཤིན་ཏུ་ཆེ་བ་གསུམ། །རྗེ་གོང་མའི་བཀའ་ལྟར་འཇམ་མགོན་ཁྲི་རིན་པོ་ཆེས་སྦྱིན་བདག་དང་བཀོད་ཁྱབ་མཛད་ནས། ལྷ་དང་ཆོས་སྐྱོང་གི་བསྙེན་པ་ལེགས་པར་ཐེངས་ཤིང་དམ་ཚིག་མཆོག་ཏུ་གཙང་པ་ཨ་འགྲོན་རི་ཁྲོད་པ་ལ་བཞེངས་འཇུག་པ་གནང་།

རྗེ་གོང་མས་གང་བློ་མའི་བསྟོད་སྒྲུབ་མཛད་སྐབས་འཇམ་དབྱངས་ཀྱི་པར་སྐུ་ཆུང་ངུ་ཞིག་འཇམ་པའི་དབྱངས་དངོས་སུ་གྱུར་ནས་རྗེས་སུ་བཟུང་བར་རྣམ་ཐར་ལས་འབྱུང་བའི་སྐུ་དེ་ཉིད་འདིའི་འཇིགས་བྱེད་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ཤིང་། མགོན་པོའི་ཐུགས་ཀར་རྗེ་གོང་མའི་སྐུ་ལ་བཅང་རྒྱུའི་མགོན་པོའི་སྲོག་འཁོར་ཐུན་མོང་མ་ཡིན་པ་དང་། ཆོས་རྒྱལ་ལ་ཡང་མན་ངག་ནས་འབྱུང་བའི་རྟེན་འགའ་ཞིག་དང་། མཁའ་སྤྱོད་གྲུབ་ཐོབ་སངས་རྒྱས་ཆོས་འཕེལ་གྱིས་མ་རུངས་པ་འགའ་ཞིག་འདུལ་བའི་ཆེད་དུ་ཕྱག་ཞབས་འདམ་བུ་ལྟར་བཅོམ་བཅུག་སྟེ་རུས་པ་སོགས་ཕྱི་རོལ་དུ་དོར་ནས་སླར་ཡང་སྐུ་དར་མ་ཟིལ་ཆེ་བ་ཞིག་གི་རྫུ་འཕྲུལ་བསྟན་པའི་དུས་ཀྱི་ཞབས་ངར་གྱི་རུས་པའི་དུམ་བུ་སོགས་ཡོད་པར་གཟུངས་བྲི་སྒྲུབ་བྱེད་པ་བོ་དགེ་བའི་བཤེས་གཉེན་བསོད་ནམས་རྒྱ་མཚོའི་ཞལ་ནས་དངོས་སུ་ཐོས་ཞེས་བདག་གི་བླ་མ་བྲག་དཀར་དཀའ་བཅུ་བ་ངག་དབང་གྲགས་པས་གསུངས། འདི་གསུམ་གའི་སྐུ་རྒྱུའི་འཇིམ་པ་ལ་ཀུན་མཁྱེན་མཆོག་གི་ཤངས་མཚལ་མང་དུ་བསྲེས་ཤིང་སྐུ་རྒྱུ་བྱིན་རླབས་དང་ཡོ་བྱད་རབ་གནས་སྲོག་ཤིང་དང་སྔགས་འགོད་ལུགས་གཟུངས་གཞུག་ཚུལ་སོགས་རང་རང་གི་ཐུན་མོང་མ་ཡིན་པའི་མན་ངག་ལྟར་མཛད་པས་ཤིན་ཏུ་གཉན་ཞིང་། དུས་ཕྱིས་ཤིག་ཆོས་རྒྱལ་གྱི་ཞལ་ནས་ཁྲག་འཛག་པས་ཞལ་རས་སྒྲིབ་བྱེད་ཀྱི་དར་སོགས་སྐུ་ལ་འབྱར་བ་ཁྲི་རིན་པོ་ཆེ་དཀོན་མཆོག་བདེ་ཆེན་པས་བཀོག་ནས་ལེན་དགོས་བྱུང་ཞིང་། དེའི་རྒྱུ་མཚན་སྐྱབས་མགོན་མཆོག་ལ་ཞུས་པ་ན་ལྷ་གཞན་གཉིས་ལ་ཞིབ་ཏུ་ལྟོས་གསུངས་པར་འཇིགས་བྱེད་ཀྱི་ཞབས་འོག་གི་ཚངས་པའི་གདོང་ནས་ཁྲག་འཛག་པ་བཙལ་མཁན་ཀུན་གྱིས་མཐོང་། དེ་གོང་སྐྱབས་མགོན་མཆོག་གི་འཕྲིན་ལས་ལ་འཚེ་བའི་མ་རུངས་པ་འགའ་ཞིག་དབང་དུ་འདུས་སྐབས་ཆོས་རྒྱལ་གྱི་ཞལ་ནས་ཁྲག་ཡང་ཡང་འཛག་པས་མཆེ་བའི་རྩེ་སོགས་སུ་ཁྲག་ཞམ་ཆུར་བབས་ནས་སྐམ་པ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་དོ། །གཙང་ཁང་ཤར་གྱི་རྟེན་གྱི་གཙོ་བོ་ནི་ཀུན་མཁྱེན་གོང་མ་རྣམ་གཉིས་ཀྱི་སྐུ་གདུང་རིལ་བོར་བཞུགས་པའི་མཆོད་རྟེན་རིན་པོ་ཆེ་གཉིས་ཡིན་ཏེ། དེ་ཡང་ཀུན་མཁྱེན་གོང་མའི་སྐུ་གདུང་རིལ་བོར་བཞུགས་པའི་བྱང་ཆུབ་མཆོད་རྟེན་བང་རིམ་མན་ཆད་དངུལ་དང་བུམ་པ་ནས་ཉི་ཟླའི་བར་གསེར་བཟང་པོ་འབའ་ཞིག་ལས་བསྒྲུབས་པ་བཟོ་བཀོད་ཁྱར་པར་དུ་འཕགས་པ་འདི་ཉིད་མིའི་དབང་མོ་རྣམ་རྒྱལ་སྒྲོལ་མས་བཞེངས། དེའི་གཡོན་གྱི་སྐྱབས་མགོན་མཆོག་གི་སྐུ་གདུང་རིལ་བོར་བཞུགས་པའི་དངུལ་གྱི་མཆོད་རྟེན་འདི་ཉིད་ཕྱག་མཛོད་དར་ཧན་ཆོས་རྗེ་བློ་བཟང་དར་རྒྱས་ཀྱི་དུས་སུ་བླ་བྲང་ཆེན་མོ་ནས་བཞེངས་ཤིང་། སྐུ་གདུང་ཕྱག་མཉམ་བཞག་མཛད་པའི་མཐིལ་ན་ཀུན་མཁྱེན་གོང་མས་དཔོན་ཇུ་ནང་ལ་གནང་བའི་ཚེམས་རིང་བསྲེལ་སྐྱ་ཕྲོམ་མེ་བ་ཤེལ་གྱི་ཁང་བཟང་གསེར་གྱི་རྒྱ་ཕིབས་དང་བཅས་པ་བཞུགས། དེའི་གཡོན་གྱི་དངུལ་གྱི་མཆོད་རྟེན་འདི་ནི་གནའ་དུས་ཀུན་མཁྱེན་མཆོག་གི་སྐུ་གདུང་རིལ་བོར་བཞུགས་པའི་མཆོད་རྟེན་ཡིན་ལ། ཕྱིས་སུ་སྐུ་གདུང་གོང་གསལ་གྱི་མཆོད་རྟེན་དུ་གདན་དྲངས་ཤིང་ད་ལྟ་ཆོས་སྐུའི་རིང་བསྲེལ་གྱིས་ཕྱུར་བུར་བཀང་སྟེ་ཡོད་དོ།

ཀུན་མཁྱེན་མཆོག་གི་སྐུ་གདུང་གི་གཡས་ཀྱི་དངུལ་གྱི་མཆོད་རྟེན་བཀྲ་ཤིས་སྒོ་མང་ཅན་ནི་འཇམ་མགོན་ཁྲི་རིན་པོ་ཆེ་ངག་དབང་བཀྲ་ཤིས་པའི་སྐུ་གདུང་མཆོད་རྟེན་གདུང་རུས་ལ་འཇམ་དབྱངས་ཀྱི་སྐུ་པར་བཏབ་པ་སོགས་ནང་རྟེན་དུ་བཞུགས་པ་དང་། གཡོན་གྱི་གྲལ་མགོའི་དངུལ་གྱི་བྱང་ཆུབ་མཆོད་རྟེན་འདི་ནི་གུང་ཐང་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་ངག་དབང་བསྟན་པའི་རྒྱལ་མཚན་གྱི་སྐུ་གདུང་མཆོད་རྟེན་དང་། སྐྱབས་མགོན་མཆོག་གི་སྐུ་གདུང་གི་གཡོན་ངོས་ཀྱི་དངུལ་གྱི་མཆོད་རྟེན་ཆུང་ངུ་འདི་ནི་རྒྱུད་པ་བླ་མ་ཤཱི་རེ་ཐུ་བློ་བཟང་མཁས་མཆོག་གི་གདུང་རྟེན་དང་། དེ་དག་གི་གཡས་ཀྱི་གྲལ་མགོའི་དངུལ་གྱི་མཆོད་རྟེན་བཟོ་བཀོད་ཕུན་སུམ་ཚོགས་ཤིང་ཕྲ་རྒྱན་གྱིས་ཕྱུག་པ་འདི་ནི་འཇམ་མགོན་ཁྲི་རིན་པོ་ཆེས་ཞལ་བཀོད་ལྟར་དཔོན་ཇུ་ནང་གི་སྐུ་རུས་ལ་འཇམ་དབྱངས་ཀྱི་སྐུ་པར་བཏབ་པ་ནང་རྟེན་དུ་བཞུགས་པ་ཡིན་ལ། དེ་ནས་རིམ་བཞིན་ཚར་དུ་བསྒྲིགས་པའི་དངུལ་གྱི་མཆོད་རྟེན་ལྔ་ནི་དཔོན་གོང་མ་ན་རིམ་གྱི་དགོངས་རྫོགས་སུ་བཞེངས་པ་ཡིན་ནོ།

མཆོད་རྟེན་དེ་དག་རྒྱ་ཁྱོན་ཤིན་ཏུ་ཆེ་ཞིང་བཟོ་བཀོད་ཕྲ་རྒྱན་སོགས་ཀྱིས་སྤྲས་པས་མིག་གི་བདུད་རྩིར་གྱུར་བ་ཤ་སྟག་ཡིན་ནོ། །འདུ་ཁང་ནང་གི་རྟེན་གྱི་གཙོ་བོ་གསེར་ཟངས་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་ཇོ་བོ་ཤཱཀྱ་མུ་ནེ་དང་ཞལ་གྱི་དབྱིབས་ཤིན་ཏུ་ཆ་མཚུངས་པ་འདི་ནི་འཇམ་མགོན་ཁྲི་རིན་པོ་ཆེ་ནས་ལྷ་སའི་ཇོ་བོ་རྣམ་གཉིས་གང་རིགས་ཀྱི་འདྲ་ཅོག་ཅིག་རྟེན་འབྲེལ་གྱིས་གདན་འདྲེན་དགོས་ཞེས་བསྐུལ་མ་གནང་བ་ལྟར་དཔོན་ཇུ་ནང་གིས་གཞུང་ལ་ཞུས་ནས་གདན་དྲངས། བསུ་བའི་ཆེད་དུ་ཁྲི་ཆེན་དེ་ཉིད་ཨུཪྒེར་བྱོན་ནས་ཇོ་བོར་མཆོད་འབུལ་གྱི་སར་ཇོ་བོས་ང་དགོན་པར་འགྲོ་ཞེས་གསུང་བྱོན་པས་དྲུང་འཁོད་འགའ་ཞིག་གིས་ཇོ་བོའི་སྐུ་ཅུང་ཟད་འགུལ་ལམ་སྙམ་པ་དང་། འགའ་ཞིག་གིས་ཚེག་སྒྲ་ཞིག་གྲགས་སྙམ་པ་སོགས་བྱུང་ཚུལ་རྣམ་ཐར་ལྟར་ལ། དེ་ནས་གདན་ས་འདིར་སྤྱན་དྲངས་ནས་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་ཏེ་གནས་འདི་ཡུལ་དབུས་རྡོ་རྗེ་གདན་དང་གཟི་བྱིན་མཉམ་པར་བསྒྲུབས་པ་ཡིན་ལ། འདིའི་ནང་རྟེན་སོགས་ཀྱི་ལོ་རྒྱུས་དེ་སྐབས་གཞུང་ས་རིན་པོ་ཆེས་བསྒྲིགས་གནང་དཀར་ཆག་གི་ཚིག་སྣ་ཅུང་ཟད་བསྟུངས་ཏེ་འགོད་ན། དཀར་ཆག་ལས། འདིར་བྱང་ཕྱོགས་ཀྱི་ནོར་འཛིན་གྱི་ཁྱོན་ལ་ཆོས་བཞིན་དུ་སྤྱོད་པའི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་མཆོག་ཏུ་འཕགས་པའི་དད་སྟོབས་ཀྱི་དབང་ཕྱུག་དམ་པ་ཧོ་ཤོ་ཆིང་ཝང་དགའ་ལྡན་ཨེར་ཐི་༼ཏི༽ནི་ཇུ་ནང་གིས་རྣམ་པར་དག་པའི་ཐུགས་བསྐྱེད་སྟོན་ཟླ་ལྟར་དཀར་བའི་མཐུ་ལ་བརྟེན་ནས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་སྐུ་བརྙན་ལེགས་བྱས་ཀྱི་དཔྱིད་དུ་གངས་ཅན་སའི་ལྟེ་བ་ལྷ་ལྡན་བྱང་རྒྱུད་ར་མོ་ཆེའི་གནྔྷོ་ལར་བཞུགས་པའི་འདྲ་ཅོག་གསར་བཞེངས་ཁྱད་པར་ཅན་ཞིག་འདི་ཁུལ་བཀྲ་ཤིས་འཁྱིལ་གྱི་རྟེན་གཙོར་བྱུང་ན་རྒྱལ་བསྟན་འཕེལ་རྒྱས་དང་། ཕྱོགས་འདིའི་འགྲོ་བའི་ཚོགས་གཉིས་སྤེལ་བ་ལ་འཕགས་ཡུལ་དང་གངས་ཅན་གྱི་གནས་རྣམས་དང་དབྱེར་མ་མཆིས་པ་ལྟ་བུའི་སྒོ་ནས་བསྟན་འགྲོའི་དོན་རླབས་པོ་ཆེར་འགྱུར་བས་ཅིས་ཀྱང་དགོས་ཚུལ་ཨེལྖི་ཆེད་མངགས་ཀྱི་གདོང་དུ། གསེར་ཞོ་ཉིས་བརྒྱ། དངུལ་སྲང་ལྔ་བརྒྱ། གོས་ཡུག་ལྔ་བཅུ། དར་ཡུག་བརྒྱ། མན་ཡུག་བརྒྱ་དང་ལྔ་བཅུ་སོཊ་བསྩལ་ཅིང་དེར་མ་ཟད་དགོས་ཆ་གང་དགོས་རིམ་པར་ཡོང་ཚུལ་གནང་བྱུང་བ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་གདུང་རབས་རྣམས་ཀྱི་ནང་ཚན་རྒྱལ་བསྟན་གྱེན་དུ་འདེགས་པའི་ཐུགས་བསྐྱེད་རྨད་དུ་བྱུང་བའི་དགོངས་བཞེད་སྒྲུབ་ཐུབ་ན་འབད་པ་ལྷུར་ལེན་ཞུ་བ་གཞིར་བཅས་པས་ཡོ་བྱད་ཀྱི་སྐྱེས་སོགས་ཅི་ལ་དགོས་པས། འདི་ཀ་ནས་གང་དགོས་གྲ་བསྒྲིགས་ངོས། དེ་མ་ཐག་མི་དབང་བསོད་ནམས་སྟོབས་རྒྱས་བདག་གིས་དད་བརྩོན་ཆེན་པོའི་སྒོ་ནས་བེ་ས་ལའི་ཡུལ་ནས་ལྗོངས་འདིར་ལྷགས་པའི་བཟོ་སྦྱང་རིག་བྱེད་མཁས་པའི་རྩེར་སོན་པ་རྣམས་ཀྱི་སྣེ་མོ་ལས་བྱེད་དང་བཅས་པར་མྱུར་བ་ཉིད་དུ་སྒྲུབ་དགོས་པའི་རྒྱུ་མཚན་ལ་བརྟེན། སྒོ་གསུམ་འབད་པ་ཆེན་པོ་ལྷུར་བླངས་པས་ཟླ་གཉིས་ལ་ཉེ་བར་བསྐྲུན་ཐུབ་པའི་དགེ་མཚན་དང་ལྡན་པ་འདིའི་སྐུ་ཚད་སོགས་རྒྱལ་བ་མཆོག་གི་བདག་ཉིད་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོར་བསླབ་སྟོན་ཞུས་པ། སྐུ་ཚད་ར་མོ་ཆེའི་ཇོ་བོར་ཆག་བཞག ཞལ་དཀྱིལ་ཕྱག་སྟབས་སོགས་ཤཱཀྱ་མུ་ནེར་ཆག་བཞག་ན་རྟེན་འབྲེལ་ལ་ལེགས་པའི་བཀའི་གནང་བ་ཐོབ་ཅིང་།སྒོ་དུ་མ་ནས་ཡོ་བྱད་ཆེ་ཕྲ་ལས་སུ་རུང་ཞིང་སྒྲུབ་སླ་ལ་བྱིན་ཆགས་པ་རང་བྱོན་དུ་ཕེབས་པ་དང་ཁྱད་པར་མེད་པ་འདི་ཉིད་ཀྱི་གཟུངས་གཞུག་ལ། དེ་བཞིན་གཤེགས་པའི་འཕེལ་གདུང་རྩོད་བྲལ་བདུན། པཎ་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་རྒྱན་པའི་ཚེམས་རིང་བསྲེལ་གྱི་གོང་བུ། ཏཱ་ལའི་བླ་མ་ལྔ་བ་ཆེན་པོའི་ན་བཟའ་ཆ་ཚང་། པོ་ཏ་ལའི་ནང་རྟེན་ནས་ལྔ་བ་ཆེན་པོའི་སྐུ་གདུང་གི་པུར་ཚྭ་ཐ་པག་གང་། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་བེར་གྱི་ཆ་ཤས། བཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་ན་བཟའ་སྐུ་ཆོས་བུབས། བླ་མ་སེམས་དཔའ་ཆེན་པོའི་བཞེས་ཇན་ཤིང་འབྲས་ཀྱིས་བཀང་བ། མ་ཎི་དུང་སྒྲུབ་ཁག་བཅུ་གཅིག་སོང་བའི་རིལ་བུ་དང་གཟུངས་ཐག རིལ་བུ་འདིའི་ཕབས་རྟར་འཕེལ་གདུང་། དམ་རྫས།རྒྱ་བོད་ཀྱི་པཎ་གྲུབ་དུ་མའི་ནང་རྟེན་ལས་བྱུང་བའི་མྱོང་གྲོལ་བྱིན་རྟེན་ཤིན་ཏུ་འཕེལ་ཆེ་བ་བསམ་གྱིས་མི་ཁྱབ་པ་འགངས་ཅན་ཤ་སྟག་ལ་བསྒྲིལ་ཏེ་དགེ་འདུན་བརྒྱ་ཁག་མང་པོས་ཟླ་ཆོས་སུ་སྒྲུབ་པ་སྨིན་རྒྱས་མཛད་པ། རྒྱུད་སྨད་པ་ཚོགས་ཡོངས་ནས་བྱ་ལོ་དང་ཁྱི་ལོ་སྒྲུབ་པ་མཛད་པའི་ཚེ་གཟུངས་དུང་ཕྱུར་ཚར་གཉིས་སོང་བའི་རིལ་བུ་འདིའི་ཕབས་རྟར་དེ་བཞིན་གཤེགས་པའི་འཕེལ་གདུང་གི་ཨ་མ་དང་། འཕེལ་གདུང་རྩོད་བྲལ་སུམ་ཅུ། རྗེ་རིན་པོ་ཆེ་དང་ལྔ་བ་ཆེན་པོའི་ཚེམས་རིང་བསྲེལ་ཅན་གྱི་བྱེ་མ། ས་སྐྱའི་བདུད་རྩི་རིལ་བུ་ཁྲི་རྡོ།མ་ཎི་དུང་སྒྲུབ་ལན་བཅུ་དྲུག་སོང་བའི་རིལ་བུ། སྐྱེ་བདུན་རིལ་བུ། འཆི་མེད་ཚེའི་རིལ་བུ།མདོར་ན་འཛམ་གླིང་ན་མཆིས་པའི་བྱིན་རྟེན་ཁྱང་འཕགས་ཡོད་དོ་ཅོག་ལྟ་བུའི་རྟེན་འདུས་རིལ་བུ་བཅས་ལེ་ཚན་དེ་དག་ཀུན་ཀྱང་དྲི་བཟང་གིས་ཀླུབས་པའི་ཕུར་མ་ལ་དར་ཟབ་དྲི་མ་མེད་པའི་དྲིལ་ཆས་དང་ལྷན་ཅིག་ཏུ་གཏམས་པ། དེ་ནས་གཙོ་ཆེ་བ་ཆོས་སྐུའི་རིང་བསྲེལ་གཟུངས་རྣམས་ཀྱི་སྐོར་ལ། ལྗོན་ཤིང་བཟང་པོའི་སྲོག་ཤིང་ཚད་དང་མཚན་ཉིད་ཐམས་ཅད་ལྡན་པ་ལ་རྒྱུད་སྡེ་དང་མཐུན་པའི་གཟུངས་སྔགས། འདོད་དོན་འགྲུབ་པའི་ཤམ་བུ་དང་བཅས་པ། དེ་ནས་གཙུག་ཏོར་འཁོར་ལོས་བསྒྱུར་བ། ནོར་བུ་རྒྱས་པའི་གཞལ་མེད་ཁང་། རིག་པ་ཆེན་པོ་སོགས་དབུ་གཟུངས་དང་གནས་གཟུངས་ཀྱི་རིགས། བླ་མ་བརྒྱུད་པའི་མཚན་སྔགས། བདེ་གསང་འཇིགས་གསུམ། དགྱེས་རྡོར། དུས་འཁོར་གྱིས་མཚོན་བླ་མེད་ཐམས་ཅད་དང་། དེ་མཚུངས་རྣལ་འབྱོར་རྒྱུད་རྣམས་སོ་སོ་དང་། བྱ་སྤྱོད་རིགས་གསུམ་གྱི་ཁོངས་སུ་འདུ་བའི་ལྷ་སོ་སོའི་གཟུངས་དང་། གཟུངས་ཆེན་སྡེ་ལྔ། མདོ་སྡེ་ནས་བཤད་པའི་གཟུངས་ཟབ་མོ་སྣ་ཚོགས་དགེ་ལུགས་ཆོས་སྐྱོང་རྣམས་ཀྱི་གཟུངས། གཞན་ཡང་སྲོག་ཤིང་བརྟེན་པ། འཁྲུག་སེལ། ཤིས་བརྗོད། བརྟན་བཞུགས་བཅས་གཟུངས་རྣམས་ཀྱིས་ཀྱང་ལེགས་པར་གཏམས་པ་ལ་དེ་དག་དྲིལ་ཆས་དར་གོས་དྲི་བཟང་། སྨན་བཟང་བོའི་ཕྱེ་མ་སོགས་གཙང་ཞིང་གྱ་ནོམ་པའི་ཐོག གཟུངས་འབུལ་བྱ་རྒྱུད་ཀྱི་གཞུང་བཞིན་ངོས་རབ་གནས་བླ་མེད་དང་མཐུན་པར་གང་ཅིའི་ཕྱག་ལེན་རྒྱུད་སྟོད་ཤར་བ་ཆོས་རྗེ་སྒོ་མང་རབ་འབྱམས་པ་ནམ་མཁའ་བཟང་གི་ཞལ་སྔ་ནས་གྲྭ་སློབ་བཅུ་སྐོར་དང་བཅས་པས་ལེགས་པར་བསྒྲུབས་པའི་རྒྱུ་སོང་ལམ་ཙམ་གོང་ཚད་དུ་ཕབ་པར་དངུལ་སྲང་སྟོང་ཕྲག་གཉིས་ལྷག་ཙམ་སོང་ཞེས་འབྱུང་ངོ་། །དེའི་གཡས་ཀྱི་ཙན་དན་འབའ་ཞིག་ལས་གྲུབ་པའི་ཙན་དན་ཇོ་བོའ ་ིའདྲ་ཅོག་འདི་ནི་སྐྱབས་མགོན་རྡོ་རྗེ་འཆང་ནས་རྟེན་འབྲེལ་དུ་མར་དགོངས་ནས་རྒྱ་ནག་ནས་དགོན་པར་ཆིབས་བསྐྱོད་སྐབས་གདན་དྲངས་པ་ཡིན། གཡོན་གྱི་ཇོ་བོ་ལོ་ཀེ་ཤྭ་རིའི་༼རའི༽སྐུ་བརྙན་གསེར་ཟངས་རག་གསུམ་གར་བླུགས་ལས་གྲུབ་པའི་རྒྱུ་བཟོ་ཁྱད་དུ་འཕགས་པ་འདི་ནི། གོང་མ་ཏའི་མིང་ཡུང་ལོ་རྒྱལ་པོས་བཞེངས་པའི་ཇོ་བོ་བརྒྱ་རྩ་བརྒྱད་ཀྱི་ནང་ཚན་ཏེ་ཨང་ཀར་ཞབས་དྲུང་གིས་འདིར་གདན་དྲངས་ནས་བཞུགས་སུ་གསོལ་བའོ། །འདུ་ཁང་གི་གཡས་ཕྱོགས་སུ་བཞུགས་པ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བཟང་པོའི་བཞུགས་སྟངས་ཅན་སྐུ་ཚད་འདུ་ཁང་གི་ཀ་བ་དང་མཉམ་པ་འདི་ནི་ཇུན་ཝང་ངག་དབང་དར་རྒྱས་ཀྱིས་དངུལ་དཀར་སྲང་སུམ་སྟོང་གི་ཡོན་ཕུལ་ཏེ་རྒྱ་ནག་ནས་གདན་དྲངས་པ་ཡིན་ལ། ཝང་རང་ཉིད་ཀྱིས་དབུས་ནས་གདན་དྲངས་པའི་སྣར་ཐང་གི་བཀའ་འགྱུར་ཆ་ཚང་སོགས་རྟེན་བྱིན་རླབས་ཅན་དུ་མ་གཟུངས་གཞུག་ཏུ་བཞུགས་ཤིང་།སྐྱབས་མགོན་རྡོ་རྗེ་འཆང་ཆེད་གཉེར་གྱིས་སྤྱན་དྲངས་ནས་རབ་གནས་བཀྲ་ཤིས་སྙེ་མའི་སྒོ་ནས་ལྷག་གནས་མཛད་པའོ། །དེའི་གཡོན་གྱི་ཙན་དན་ལས་གྲུབ་བའི་ཇོ་བོ་ལོ་ཀེ་ཤྭ་རའི་སྐུ་བརྙན་འདི་ནི། ཀློང་རྡོལ་གྲུབ་པའི་དབང་ཕྱུག་གིས་ཡུན་རིང་ཐུགས་དམ་གྱི་རྟེན་དུ་མཛད་ནས་སྐྱབས་མགོན་རྡོ་རྗེ་འཆང་ལ་ཕུལ་བ་ལས། མེ་རྟ་ལོ་སྐྱབས་མགོན་མཆོག་གིས་དབུས་ནས་གདན་དྲངས་ཏེ་རྗེ་དེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཡིན་ཚུལ་གྱི་བསྔགས་བརྗོད་དང་བཅས་ནས་འདིར་བཞུགས་སུ་གསོལ་བའོ། །དེའི་གཡོན་གྱི་སྨན་འདམ་ལས་གྲུབ་པའི་རྗེ་གོང་མའི་སྐུ་བརྙན་འདི་ནི་འཇམ་མགོན་ཁྲི་རིན་པོ་ཆེ་ནས་རབ་གནས་བརྒྱ་དང་བརྒྱད་བྱས་པས་རབ་གནས་བརྒྱ་རྩ་མར་གྲགས་ཤིང་། ཁོང་ལ་གསུང་ཡང་ཡང་བྱོན་པའི་གསུང་འབྱོན་མ་དང་ཁྲི་ཆེན་བསོད་ནམས་དབང་རྒྱལ་བའི་དུས་མར་མེ་ཆེ་ཆུང་ཅི་འདྲ་ཞིག་ཕུལ་ཀྱང་ཕལ་ཆེར་མཚན་འཁྱོང་བའི་མེ་འཛིན་མ་ཡང་ཡིན་པར་ཁྲི་ཆེན་དེ་ཉིད་ཀྱིས་དངོས་སུ་གསུངས་སོ། །འདུ་ཁང་གི་གཡོན་ངོས་སུ་བཞུགས་པའི་ཙན་དན་འབའ་ཞིག་ལས་གྲུས་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་མདའ་གང་མ་འདི་ནི་དཔོན་བཱེ་སི་བཱ་ཐུར་དཱའི་ཆང་གིས་རྒྱ་ནག་ནས་གདན་དྲངས་པ་ཡིན་ལ། གསེར་ཟངས་ལས་གྲུབ་པའི་རྗེ་གོང་མའི་སྐུ་བརྙན་མི་ཚད་ཙམ་དང་། ཡང་གསེར་ཟངས་ལས་གྲུབ་པའི་སྐྱབས་མགོན་རྡོ་རྗེ་འཆང་གི་སྐུ་བརྙན་དེ་དང་ཆ་མཚུངས་པ་གཉིས་ནི་རིམ་བཞིན་ཁྲི་ཆེན་རབ་བརྟན་རྒྱ་མཚོ་དང་། དུས་འཁོར་དཔོན་སློབ་ངག་དབང་ཕུན་ཚོགས་ཀྱིས་རྒྱ་ནག་ནས་གདན་དྲངས་པའོ། །ཡང་འདུ་ཁང་གི་ཕུགས་སུ་བཞུགས་པའི་ཐུབ་དབང་གི་སྐུ་བརྙན་མི་ཚད་ལྷག་ཙམ་མཆོག་ཟུང་དང་བཅས་པ། རྗེ་བདག་ཉིད་ཆེན་པོའི་སྐུ་བརྙན་མི་ཚད་ལྷག་ཙམ། རྒྱལ་བ་བྱམས་པའི་སྐུ་བཞེངས་སྟབས་ཅན་མི་ཚད་ལྷག་ཙམ། ཐུགས་རྗེ་ཆེན་པོ་ཕྱག་སྔོང་སྤྱན་སྟོང་གི་སྐུ་བརྙན་དེ་ལས་ཤིན་ཏུ་ཆེ་བ། འཇམ་དབྱངས་ཆོས་རྗེའི་སྐུ་བརྙན་མདའ་གང་མ།སྐྱབས་མགོན་རྡོ་རྗེ་འཆང་གི་སྐུ་བརྙན་དེ་མཚུངས་རྣམས་ཨོལ་ཇོས་ཐུ་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་ཀྱིས་བཞེངས་པ་ཡིན་ལ། འཇམ་དབྱངས་ཆོས་རྗེའི་སྐུ་ནི་རིགས་གྲྭའི་ཚོགས་དབུར་གདན་འདྲེན་རྒྱུར་ཁྲི་ཆེན་བསོད་ནམས་དབང་རྒྱལ་བས་བཀའ་གནང་ནས་དེ་དག་གི་ཐོག་མར་བཞེངས་པ་དང་། རྗེ་རིན་བོ་ཆེའི་སྐུ་ནི་སྡེ་ཁྲི་རིན་པོ་ཆེ་འཇིགས་མེད་ལུང་རིགས་རྒྱ་མཚོས་བཀའ་གནང་ལྟར་བཞེངས་པ་ཡིན་ལ། དེ་ལྷག་རྣམས་དེའི་རྐྱེན་གྱིས་སྤྲོ་ཤུགས་འཕེལ་ཏེ་རང་ཉིད་ཀྱིས་ལྷག་བསམ་རྣམ་དག་གིས་བཞེངས་ཤིང་། སྐུ་རྒྱུ་རྣམས་ཙན་དན་དཀར་པོ་དང་། བཞུགས་ཁྲི་རྒྱབ་ཡོལ་རྣམས་ཤུག་དམར་དང་ཤུག་སྐྱ་འབའ་ཞིག་ལས་བསྒྲུབས་ཤིང་། ཐམས་ཅད་ཀྱི་བཟོ་བོ་ནི་སོར་མོའི་འདུ་བྱེད་ཕུལ་དུ་བྱུང་བའི་ཅོ་ནེ་ལྷ་བཟོ་བི་ལིག་ཐུ་དབོན་པོས་བྱས་སོ།

  དེ་དག་གི་ནང་རྟེན་ཕྱོགས་གཅིག་ཏུ་འགོད་ན།ཐུབ་དབང་གི་ནང་རྟེན་དུ་སངས་རྒྱས་ཀྱི་འཕེལ་གདུང་འཁྲུལ་མེད་གཅིག གྲུབ་ཐོབ་བརྒྱད་ཅུའི་ཤ་རི་རམ། ཀུན་མཁྱེན་གོང་མའི་ཞབས་ཆག སྐྱབས་མགོན་རྡོ་རྗེ་འཆང་གི་དབུ་སྐྲ་བུབས་གཅིག གོས་བེར་ཤངས་མཚལ་ལས་གྲུབ་པའི་འཇིགས་བྱེད་ཀྱི་སྐུ་པར། རྒྱལ་བ་ཡབ་སྲས་སྐུ་ན་རིམ། ལྕང་སྐྱ་རྡོ་རྗེ་འཆང་། བླ་མ་བྱམས་པ་རིན་པོ་ཆེ། ཁྲི་ཆེན་ནམ་མཁའ་བཟང་། སྟོང་འཁོར་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱ་མཚོ། ཁྲི་ཆེན་ངག་དབང་བཀྲ་ཤིས། གྲུབ་དབང་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ། གུང་ཐང་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ངག་དབང་བསྟན་པའི་རྒྱལ་མཚན་རྣམས་ཀྱི་ན་བཟའ་དང་། རྒྱུད་སྡེ་ནས་འབྱུང་བའི་གཟུངས་སྔགས་བྱིན་རླབས་ཅན་དུ་མ་བཞུགས་ཤིང་། རྒྱལ་བ་ཡབ་སྲས་མན་ཆད་ཀྱི་ན་བཟའི་སྐོར་འདི་རྣམས་འོག་ནས་འགོད་འགྱུར་གྱི་རྟེན་འདི་རྣམས་ལ་ཡང་ཐུན་མོང་བའོ། །བྱམས་པའི་སྐུའི་ནང་རྟེན་དུ་སངས་རྒྱས་ཀྱི་འཕེལ་གདུང་འཁྲུལ་མེད། གྲུབ་ཐོབ་བརྒྱད་ཅུའི་ཤི་རི་རམ། སྐྱབས་མགོན་རྡོ་རྗེ་འཆང་གི་སྐུ་འགག་དབུ་སྐྲ། ལོ་ཆེན་རིན་ཆེན་བཟང་པོའ ་ིདབུ་སྐྲ། ཁྲི་ནམ་མཁའ་བཟང་གི་དབུ་སྐྲ། རྒྱལ་སྲས་ཡེ་ཤེས་གྲགས་པའི་ན་བཟའ། གོང་གསལ་གྱི་ན་བཟའ་ཐུན་མོང་བའི་སྐོར་ཕལ་ཆེར་དང་། ཆོས་སྐུའི་རིང་བསྲེལ་མང་དུ་བཞུགས། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ནང་བཞུགས་ལ་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དགུང་ལོ་བདུན་པའི་ཚེམས་གཅིག་སྐྱབས་མགོན་རྡོ་རྗེ་འཆང་གི་ཚེམས་གཅིག སྟོང་འཁོར་རིན་པོ་ཆེའི་ཚེམས་གཅིག འདི་མདོ་རྒྱུད་རྒྱ་མཚོ་ཟེར་ཡང་བསོད་ནམས་རྒྱ་མཚོ་ཡིན་ནམ་སྙམ། ཕ་དམ་པ་རྒྱ་གར། པཎ་ཆེན་སྨྲྀ་ཏི། རྗེ་རིན་པོ་ཆེ་གསུམ་གྱི་ཕྱག་ཚ་འཁྲུལ་མེད་རེ། གོང་གསལ་གྱི་ན་བཟའ་དང་མཚན་ཐེབས་པ་ཕལ་ཆེར་གྱི་དབུ་སྐྲ་སོགས་བཞུགས་ཤིང་། རྗེ་སྐུའི་ནང་རྟེན་དུ། སངས་རྒྱས་ཀྱི་འཕེལ་གདུང་། གྲུབ་ཐོབ་བརྒྱད་ཅུའི་ཤ་རི་རམ།མཉམ་མེད་ཇོ་བོའི་ཕྱག་ཚ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་ཕྱག་ཕྲེང་། ཀུན་མཁྱེན་གོང་མའི་སྐུ་ཆོས། སྐུ་ལྕུག སྐུ་འགག སྐུ་གཟན་བཅས་ཀྱི་ཚལ་བུ། སྐྱབས་མགོན་མཆོག་གི་དབུ་སྐྲ་བུབས། སྐུ་གཟན། ཁྲི་ཆེན་དགེ་འདུན་ཕུན་ཚོགས་པའི་དབུ་ཞྭ་སྣེ་རིང་།གཞན་ཡང་གོང་གསལ་ན་བཟའི་སྐོར་སོགས་དང་། སྐྱབས་མགོན་མཆོག་གི་སྐུའི་ནང་རྟེན་དུ། རྒྱལ་དབང་སྐལ་བཟའ་རྒྱ་མཚོའི་ཚེམས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གདུང་རིང་བསྲེལ་བདུད་རྩི། གོང་གསལ་ན་བཟའ་དང་དབུ་སྐྲ་རྣམས་དང་། འཇམ་དབྱངས་ཆོས་རྗེའི་ནང་རྟེན་དུ་གོང་གསལ་གྱི་དབུ་སྐྲ་ན་བཟའི་སྐོར་ཕལ་ཆེར་དང་། རྟེན་དེ་དག་ཐམས་ཅད་ལ་ཆོས་སྐུའི་རིང་བསྲེལ་གྱིས་ཕྱུར་བུར་གཏམས་ཤིང་། རྒྱུད་སྟོད་སྨད་དང་བཀྲ་ཤིས་འཁྱིལ་སོགས་ཀྱི་མ་ཎི་རིལ་བུ་དང། རྟེན་འདུས་རིལ་བུ། བདུད་རྩི་རིལ་བུ་སོགས་བྱིན་རྟེན་གྱི་རིགས་དང་། རྒྱ་གར་ནག་གི་གནས་ཆེན་དུ་མའི་ས་སྣ་སོགས་བཞུགས་སོ། །གཞན་ཡང་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་འོད་ཟེར་འཕྲོས་པའི་ལྷ་བརྒྱད་སོགས་དང་། འོད་གསལ་ཕུག་གི་རྗེ་འོད་ཟེར་མ་སོགས་ཀྱི་ལོ་རྒྱུས་དཀར་ཆག་རྣམས་སུ་བཀོད་པ་ལྟར་ལོགས་རིས་ཀྱི་ལྟ་འགའ་ཞིག་གི་ངོ་མཚར་བའི་གཏམ་ཅུང་ཟད་སྨོས་ན། འདུ་ཁང་ཕུག་གི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྐུ་འདི་ནི་སྐྱབས་མགོན་རྡོ་རྗེ་འཆང་གིས་འདི་ཁང་རབ་གནས་མཛད་པའི་ཕྱི་དེ་ཉིན་ལྷ་སོ་སོར་སྙན་ཤལ་ཕུལ་སྐབས་རྗེའི་སྐུ་ལ་ཡང་སྙན་ཤལ་ཞིག་འཕངས་པ་གཡས་ཕྱོགས་ཀྱི་པད་སྡོང་ལ་རལ་གྲིར་དཔྱངས་པ་བཞིན་དུ་གནས་པ་ལོ་མང་པོའི་བར་དུ་དེ་བཞིན་ཡོད་ཀྱང་ཕྱིས་སུ་དཀོན་གཉེར་ཞིག་གི་རྟེན་གྱི་བསམ་པས་ཡིན་ནམ་ནན་གྱིས་བླངས་པས་སྙན་ཤལ་གང་དུ་འབྱར་བའི་ཐད་ཀྱི་ཞལ་བ་སེན་མོ་ཙམ་ཀོག་པའི་ཤུལ་ད་ལྟ་ཡང་ཡོད་དེ་རྗེ་རིན་པོ་ཆེ་དངོས་དང་ཁྱད་པར་མེད་པའི་བྱིན་རླབས་ཅན་ནོ། །འདུ་ཁང་རྙིང་བ་གསར་བཞེངས་ཀྱི་སྐབས་སྒོ་ཆེན་གཡས་གཡོན་གྱི་ཆོས་རྒྱལ་ཕྱི་ནང་གཉིས་དང་།   འདུ་ཁང་ཕུག་གི་འཇིགས་བྱེད་དཔའ་ཅིག་རྣམས་བཞེངས་སྐབས་རྟགས་མཚན་ལེགས་གསུངས་ནས་སྐྱ་རིས་གྲུབ་འཕྲལ་སྙན་ཤལ་རེ་འབུལ་བ་མཛད་ཅེས་ཀུན་མཁྱེན་གོང་མའི་རྣམ་ཐར་དུ་འབྱུང་བ་ལྟར་ལ། ངག་རྒྱུན་དུ་ཆོས་རྒྱལ་གཉིས་ཀྱི་ལོགས་རིས་གྲུབ་འཕྲལ་ལྷ་བྲིས་པ་རྣམས་བརྒྱལ་བ་དང་འཇིགས་སྣང་སོགས་བྱུང་བས་ཡེ་ཤེས་པ་ཞུགས་པའི་རྟགས་ཡིན་གསུངས་ཤིང་ཡོལ་གོར་བརྒྱབ་ནས་བྲིར་བཅུག་ནས་སླར་སྙན་ཤལ་གྱིས་སྒྲིབ་པར་མཛད་ཅེས་གླེང་། ནུབ་ངོས་ཀྱི་མགོན་པོའི་སྐུའི་ལོགས་རིས་བཞེངས་པའི་ཐད་དེ་ནས་མགོན་པོའི་སྐུའི་ཞལ་གཟིགས་བསྟན་པ་འཇམ་མགོན་ཁྲི་རིན་པོ་ཆེ་སྟེང་ཤོད་དུ་འབྱོན་པའི་སྐས་སྟེང་ནས་གཟིགས་པའི་རྟེན་འབྲེལ་གྱིས་བླ་སྐུ་མང་པོའི་བར་དེར་མགོན་པོའི་སྐུ་བཞེངས་པ་ཡིན་ཟེར་ལ། འདུ་ཁང་རྙིང་བ་བསྐྱོད་སྐབས་སྐྱབས་མགོན་མཆོག་ནས་ཨར་ཆོག་གི་མེ་ལོང་བསྟན་འཕྲལ་དུ་སྨོས་མ་ཐག་གི་འཇིགས་བྱེད་དང་མགོན་ཆོས་ཀྱི་ལོགས་རིས་གས་ཀ་ཤིག་ཤིག་པོར་གྱུར་བ་ཀུན་གྱིས་མཐོང་ཞིང་། འདུ་ཁང་གསར་བ་རབ་གནས་ཀྱི་སྐབས་སྐྱབས་མགོན་རྡོ་རྗེ་འཆང་ནས་སྔར་གྱི་མེ་ལོང་ཡེ་ཤེས་པ་རྣམས་རང་རང་གི་སྐུ་བརྙན་དམ་ཚིག་པ་ལ་བསྟིམས་ནས་དམ་ཡེ་དབྱེར་མེད་དུ་བསྒྲུབས་པའི་བྱིན་རླབས་ཤིན་ཏུ་ཆེ་བའོ། །བྱམས་ཁང་ནང་གི་གནས་ཆུང་ཆོས་རྒྱལ་ཁོག་ཞུགས་མའི་ལོགས་རིས་འདི་ནི།

འཇམ་མགོན་ཁྲི་རིན་པོ་ཆེའི་མནལ་ལམ་དུ་ཀུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་ངས་དགོན་པ་འདིར་ཉིན་མཚན་དུས་དྲུག་ཏུ་ལྟ་རྟོག་བྱས་ཀྱང་ཁྱེད་ཚོས་ངའི་རི་མོ་ཙམ་ཡང་མི་འབྲི་བར་སྣང་ཞེས་ཟེར་བ་བྱུང་ནས་བྲིས་ཚུལ་རྗེ་དེ་ཉིད་ཀྱི་རྣམ་ཐར་དུ་གསལ་ལ། སྐུ་འདིའི་ཞལ་ལ་རྡུལ་མི་ཆགས་པ་དང་། རྩིག་པ་ལ་གས་ཀ་ཞུགས་པ་སྐུ་ལ་འཇུག་མ་ནུས་པར་ཕྱག་གི་གྲུ་མོའི་ཐད་ནས་སྡིག་མཛུབ་ཀྱི་རྩེ་མོའི་བར་དུ་འཁྱོགས་པ་དང་། འདི་དང་འདུ་ཁང་གི་མགོན་པོའི་སྐུ། མགོན་ཁང་གི་འབག་སྐུ་རྣམས་ཀྱི་གཟི་བྱིན་གྱི་མཐུས་སྡེ་བརྒྱད་མ་རུངས་པའི་ཆོ་འཕྲུལ་གྱིས་བསྐྱེད་པའི་གནམ་ལྕགས་ཀྱི་མེ་ཏོག་ཀྱང་རླུང་གིས་བདས་པའི་ཤིང་བལ་ལྟར་གྱུར་པའི་མཚན་མ་ཀུན་གྱིས་མཐོང་བཞིན་པའི་ལོ་རྒྱུས་གྲགས་ཆེའོ། །ཡང་གསུང་གི་རྟེན་ལ་ཚོགས་ནས་དུས་རྒྱུན་གསུང་སྒྲོགས་གནང་བཞིན་པའི་བཀའ་འགྱུར་ལི་ཐང་མཚལ་དཔར་མ་དང་། བསྟན་འགྱུར་རྒྱ་ནག་གི་མཚལ་དཔར་མ་ཀུན་མཁྱེན་གོང་མས་གཟིགས་དཔེར་བྱས་པས་གོས་སྐུད་དང་སེར་རྟགས་ཀྱིས་སྤྲས་པ་འདི་གཉིས་དཔོན་དགའ་ལྡན་ཨེཪྟི་ནི་ཇུ་ནང་གིས་བཞེངས་པ་ཡིན་ལ། ཡང་ཆིང་ཝང་བསྟན་འཛིན་དབང་ཕྱུག་གིས་བཞེངས་པའི་དངུལ་གྱི་བཀའ་འགྱུར་ཆ་ཚང་གཅིག་དང་། ཇུན་ཝང་ངག་དབང་དར་རྒྱས་ཀྱིས་དབུས་ནས་གདན་དྲངས་པའི་བསྟན་འགྱུར་སྣར་ཐང་གི་དཔར་མ་དང་། དཔོན་གོང་མའི་མདུན་ན་འདོན་དར་ཧན་ཐའི་ཇི་མཁར་ཁོས་གདན་དྲངས་པའི་བཀའ་འགྱུར་སྡེ་དགེའི་དཔར་མ་སོགས་ཡོད་དོ། །འདུ་ཁང་སྟེང་གི་ཤར་གྱི་མཆོད་ཁང་དང་པོའི་ནང་དུ་བཞུགས་པའི་རྗེའི་སྐུ་འདི་ནི་རྒྱལ་བ་ཙོང་ཁ་བ་ཞལ་བཞུགས་པའི་དུས་སུ་འདྲ་སྐུ་བདུན་བཞེངས་པ་ལ་བྱིན་རླབས་ཀྱི་མེ་ཏོག་རང་ཉིད་ཀྱིས་འཐོར་ནས་ང་དང་འདྲ་ཞེས་གསུངས་པའི་ང་འདྲ་མར་གྲགས་པ་བདུན་གྱི་ནང་ནས་གཅིག་དགའ་ལྡན་ཧ་སྡོང་གི་རྟེན་གཙོར་བཞུགས་པ་ལས་ཇུན་ཝང་ངག་དབང་དར་རྒྱས་ཀྱིས་གདན་དྲངས་པ་དང་། བྱམས་ཆེན་ཆོས་རྗེལིབཞུགས་ཁྲི་རྒྱ་བཟོ་འདི་ནི་སྐྱབས་མགོན་རྡོ་རྗེ་འཆང་གིས་མཛོ་མོ་མཁར་ནས་གདན་དྲངས་པ་ཡིན་ལ། གཞན་ཡང་ཙན་དན་ལས་གྲུབ་པའི་ཇོ་བོ་ལོ་ཀེ་ཤྭ་རའི་སྐུ་ཆེ་ཆུང་གཉིས་དང་། ཀླུ་འཇིམ་གྱི་རྒྱ་ནག་ཧྭ་ཤང་། ཙན་དན་ལས་བཞེངས་པའི་དུས་གསུམ་སངས་རྒྱས། གཞན་ཡང་གསེར་སྐུ་དང་ལི་མ་གང་མང་སོགས་ནི་ཇུན་ཝང་ངག་དབང་དར་རྒྱས་ཀྱིས་དབུས་ནས་གདན་དྲངས་པའི་སྐོར་ཡིན་ནོ། །གཡོན་གྱི་ལྷ་ཁང་གཉིས་པ་ངོ་མཚར་ལྷ་ཁང་གི་རྟེན་གཙོ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་གསེར་སྐུ་ཁྲུ་ཚད་མ་འདི་ནི་མིའི་དབང་མོ་རྣམ་རྒྱལ་སྒྲོལ་མས་པཎ་ཆེན་དེ་ཉིད་ལ་དྲག་པོ་འཁོར་ལོ་ཅན་གྱི་འཁོར་དུ་སྐྱེ་བའི་རྒྱུ་དང་སྐྱབས་འཇུག་ཞུས་པའི་ཕྱིར་ཕེབས་སུ། ཁོ་བོའི་འདྲ་གཟུགས་ཤིག་གསེར་འབའ་ཞིག་ལས་བཞེངས་ན་ལེགས་ཕེབས་པ་ལྟར།གསེར་གར་བླུགས་ལས་བཞེངས་ཏེ་པཎ་ཆེན་རང་གིས་ཕྱག་ནས་འཐོར་བའི་བྱིན་རླབས་ཅན། པཎ་ཞྭ་སྣེ་རིང་དང་ན་བཟའ་སོགས་ལ་ཚིལ་ཆགས་པ་ཀུན་གྱིས་མཐོང་རུང་དུ་ཡོད་ལ། འདི་ནི་ས་ལེ་སྦྲམ་སྲང་གི་འཁོར་ལོ་མཁའ་དང་ཐིག་དང་འབྱུང་བའི་གྲངས་ལྡན་ཡིན་པ་ཐོས་ནས་ཟ་ལར་གྱི་རྐུན་མ་སྟ་གྲི་ཐོགས་པ་ཁ་ཤས་ལི་མ་ཁང་དུ་ཞུགས་པ་ན་དཀོན་གཉེར་སྐྲག་ནས་ཅི་ཡང་སྨྲ་མ་ནུས་ཀྱང་ཡིད་ཀྱིས་གསོལ་བ་བཏབ་པས་དངུལ་གྱི་མཆོད་རྟེན་ཞིག་བཅོམ་པས་ཤིང་དུ་སོང་། ལྕི་ཡང་ལ་བརྟགས་ནས་པཎ་ཆེན་གྱི་སྐུ་ལ་རེག་པ་ན་སྙིང་འཕར་ཀྱང་ཤིང་སྐུ་ལས་ཀྱང་ཡང་བ་བྱུང་སྟེ་བཞག་པ་མིག་གིས་མཐོང་བས་རྫུ་འཕྲུལ་བསྟན་པ་ཡིན་ཞེས་དཀོན་གཉེར་རིང་ལུགས་མིང་ཅན་ལས་དངོས་སུ་ཐོས་སོ། །གཞན་གཙུག་ལག་ཁང་འདིར་བཞུགས་པའི་ཐུབ་པ་ཀླུ་འཇིམ་མ་དང་། ཐུབ་པ་ཛྷཻ་ཀྵིམ་མ་དང་། མར་མེ་མཛད་ཛྷཻ་ཀྵིམ་མ་དང་། རྗེ་འོད་ཟེར་མ། རྗེ་ཞབས་སྨྱུང་མ། རྗེ་བཞད་འཕར་མ། ཀུན་གཟིགས་ལྔ་བའི་སྐུ་རྗེ་རང་ཉིད་ཀྱི་ཕྱག་ནས་བརྒྱ་རྩ་མ་སོགས་དང་། རྒྱ་གར་ཤར་ནུབ་དང་རྒྱ་ནག་སོགས་ནས་གདན་དྲངས་པའི་ལི་མ་དང་། གསེར་ཟངས་ཀྱི་སྐུ་བརྒྱ་ཕྲག་བརྒལ་བ་དང་། གསེར་དང་དངུལ་ལས་བཞེངས་པའི་བླ་མ་ཡི་དམ་གྱི་སྐུ་བརྙན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཤིན་ཏུ་མང་བ་བཞུགས་པ་འདི་དག་ནི་དཔོན་ཇུ་ནང་དང་ཆིང་ཝང་བསྟན་འཛིན་དབང་ཕྱུག་ཡབ་ཡུམ་གྱིས་བཞེངས་པ་ཤ་སྟག་ཡིན་ལ། ཕྱིས་སུ་དཔོན་བཱེ་སི་བཱ་ཐུར་དཱའི་ཆིང་གི་དུས་བཱེ་ཟི་རང་ཉིད་ཀྱིས་ཇོ་ཁང་གསལ་བཞེངས་གནང་སྟེ། ལྟ་ཁང་དབུས་མར་ཇོ་བོ་དང་། གཡས་ཀྱི་ལྷ་ཁང་དུ་མངའ་རིས་པ་དར་ཧན་ཆོས་རྗེས་བཞེངས་པའི་རྒྱལ་བ་སེེངྒེ་ང་རོ་དང་། གཡོན་གྱི་ལྷ་ཁང་དུ་བཱེ་ཟི་རང་ཉིད་ཀྱིས་བྱམས་སྐུ་མཐོང་གྲོལ་ཆེན་མོ་གསར་བཞེངས་དང་། སྟེང་ཤོད་དུ་ལི་མ་དང་གསེར་དངུལ་གྱི་སྐུ་འདི་རྣམས་གདན་དྲངས་ཏེ་ལི་མ་ལྷ་ཁང་ཞེས་གྲགས་པ་ལས། ཕྱིས་སུ་ཇོ་ཁང་ཨར་ཆོག་བྱས་ནས་གསེར་ཁང་ཆེན་མོ་བཞེངས་སྐབས་བྱམས་སྐུ་མཐོང་གྲོལ་ཆེན་མོའ ་ིཚབ་ཏུ་བྱམས་སྐུ་མཐོང་བ་དོན་ལྡན་བཞེངས་ཤིང་། ཇོ་བོ་སོགས་རྟེན་གཞན་རྣམས་འདུ་ཁང་དང་། ལི་མ་ཁང་གི་རྟེན་རྣམས་ལྷ་ཁང་འདིར་གདན་དྲངས་ཏེ་སྐྱབས་མགོན་མཆོག་ནས་ངོ་མཚར་ལྷ་ཁང་ཞེས་མཚན་གསོལ་བ་ཡིན་ནོ།

 ཡང་ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་བཀའ་གདམས་མཆོད་རྟེན་ཉི་ཤུ་རྩ་ལྔ ་དང་། རྒྱ་གར་ནག་གི་ལི་མ་ཉེར་བདུན།ཚ་ཚའི་དཔར་ཀོང་ཤིན་ཏུ་ཆེ་བ་དང་ཉིད་ཀྱི་ཕྱག་ནས་མ་གཉིས་སོགས་གནང་བ་རྣམས་ཀྱང་ལྷ་ཁང་འདིར་ངཞུགས་ཤིང་། འདིའི་མཆོད་རྟེན་རྣམས་ཀྱི་ལོ་རྒྱུས་ནི། ཀློང་རྡོལ་བླ་མ་རང་གིས་གསུང་ཤོག་ངོ་མ་བསྩལ་བའི་ནང་དུ་བཀའ་གདམས་མཆོད་རྟེན་འདི་རྣམས་སྔོན་གྱི་བཀའ་གདམས་གོང་མ་དག་གི་གདུང་རྟེན་འབའ་ཞིག་ཡིན་ཀྱང་བོད་དུ་བཞུགས་ན་མི་ཆེན་གྱི་ངོ་འཛིན་དུ་འཐོར་ཉེན་ཆེ་བས། དེ་ལྟ་བས་ན་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་དུ་བཞུགས་རྒྱུར་ཕུལ་བ་ཡིན་ཞེས་ཀསུངས། གཞན་ཡང་དཔོན་ཇུ་ནང་གིས་གསེར་བཟང་པོ་འབའ་ཞིག་ལས་བཞེངས་པའི་རྗེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་དང་། མདོ་རྒྱུད་ཀྱི་གླེགས་བམ་གསེར་དངུལ་གྱིས་བཞེངས་པ་ཤིན་ཏུ་མང་བ་དང་། ཙན་དན་ལས་བཞེངས་པའི་བདེ་གཤེགས་བརྒྱད་ཀྱི་མཆོད་རྟེན། དངུལ་གྱི་བྱང་ཆུབ་མཆོད་རྟེན་དང་རྣམ་རྒྱལ་མཆོད་རྟེན་སོགས་ཁ་ཤས། གསེར་ཟངས་ཀྱི་བྱང་ཆུབ་མཆོད་རྟེན་སོགས་མཆོད་རྟེན་ཤིན་ཏུ་མང་བོ། སྐྱབས་མགོན་མཆོག་ནས་གདན་དྲངས་པའི་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་ན་བཟའ་གོས་བེར་སྣེ་རིང་སོགས་ནང་རྟེན་མང་དུ་བཞུགས། འདིའི་དངུལ་གྱི་མཆོད་རྟེན་གཉིས་དང་། འོད་དཔག་མེད་ཀྱི་གསེར་སྐུ་ངོ་མཚར་ཅན་སོགས་ནི་ཆིང་ཝང་དཱའི་ཆིང་ཁོ་ཤོ་ཆིས་དར་ཧན་ཐའི་ཇི་མངགས་ནས་ཐེབས་ཕུལ་བའི་སྟེང་ནས་བཀྲ་ཤིས་ལྷུན་པོར་བཞེངས་ཤིང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་རབ་གནས་གནང་བར་རྣམ་ཐར་འོད་དཀར་ཕྲེང་བ་ལས་འབྱུང་ངོ་། །ལྷོ་ངོས་ཀྱི་སྒོ་མང་ལྷ་ཁང་དུ་ཆས་པ་སྐུ་སྐྱེ་བསྟན་པ་རྒྱ་མཚོས་དངུལ་སྲང་སྟོང་དང་ལྔ་བརྒྱ་སྐོར་ལས་བཞེངས་པའི་བྱམས་པའི་གོས་སྐུ་ཤིན་ཏུ་ཆེ་བ་དང་། ཆང་ཝང་བསྟན་འཛིན་དབང་ཕྱུག་གིས་དབུས་ནས་གདན་དྲངས་པའི་རྗེ་རིན་པོ་ཆེའི་གོས་སྐུ། གུང་ཐང་རིན་པོ་ཆེས་བཞེངས་པའི་ཆོས་རྒྱལ་གྱི་གོས་སྐུ་རྨད་དུ་བྱུང་བ་སོགས་དང་། ལྔ་མཆོད་ཆེན་མོའི་སྐབས་འདུ་ཁང་དུ་བཀྲམ་རྒྱུའི་ཙོང་ཁ་བརྒྱད་ཅུའི་ཞལ་ཐང་ཁྱད་འཕགས་བཅུ་གསུམ་རྒྱུད་པ་སློབ་ཟུར་བློ་བཟང་སྦྱིན་པས་དངུལ་སྲང་བཞི་བརྒྱ་སྐོར་ལས་བཞེངས་པ།དབྱར་གནས་ཀྱི་སྐབས་སུ་བཀྲམ་རྒྱུའི་གནས་བཅུའི་ཞལ་ཐང་སྔོན་གྱི་དབུས་བཟོ་རྨད་དུ་བྱུང་བ་བཅུ་གཅིག་གུང་ཐང་རིན་པོ་ཆེ་ངག་དབང་བསྟན་རྒྱན་པས་འཇོག་པར་གནང་བ།ཡང་དབྱར་གནས་ཀྱི་སྐབས་སུ་བཀྲམ་རྒྱུའི་དཔག་བསམ་འཁྲི་ཤིང་གི་ཐང་ཀ་དབུས་བཟོ་ཤིན་ཏུ་ལེགས་པ་སུམ་ཅུ་སོ་གཅིག་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་པས་བཞེངས་པ། ཆོ་འཕྲུལ་སྨོན་ལམ་གྱི་སྐབས་སུ་འདུ་ཁང་གི་ཀ་བ་བརྒྱ་དང་བཞི་བཅུའི་ཀྭ་མགོར་བཀྲམ་རྒྱུའི་བླ་མ་ཡི་དམ་ཆོས་སྐྱོང་སོགས་ཀྱི་ཐང་ཀ་གྲས་མཚུངས་སྤུས་ལེགས་ནང་སོ་ཡི་དམ་སྐྱབས་ཀྱིས་བཞེངས་ནས་ཕུལ་བ་དང་། དཔོན་གོང་མ་ན་རིམ་གྱིས་བཞེངས་པའི་ཀུན་མཁྱེན་མཆོག་གི་རྣམ་ཐར་ཞལ་ཐང་ལྔ་དང་། འཁྲུངས་རབས་ཞལ་ཐང་། སངས་རྒྱས་སྟོང་སྐུའི་གསེར་ཐང་དང་མཚལ་ཐང་། སེ་འབྲས་དགེ་གསུམ་གྱི་བཀོད་པ། ཞིང་བཀོད་ཀྱི་རིགས་མང་པོ་སོགས་ཞལ་ཐང་ཤིན་ཏུ་མང་བ་རྣམས་ཀྱང་འདིར་བཞུགས། དེའི་གཡས་ཀྱི་དཔེ་མཛོད་ལྷ་ཁང་དུ་སྐྱབས་མགོན་མཆོག་ནས་མདོ་རྒྱུད་རྒྱ་གཞུང་སོགས་ཀྱི་གླེགས་བམ་ཤིན་ཏུ་དཀོན་པ་སུམ་ཅུ་སྐོར་ཅིག་ཐོག་མར་གནང་ནས་ལྷ་ཁང་འདིར་བཞུགས་སུ་བཅུག་ཅིང་། གྲྭ་བ་སྐུ་གཤེགས་པ་སོགས་ཀྱི་དཔེ་ཆ་དཀོན་པ་རྣམས་འདིར་བཞག་ནས་དཔེ་མཛོད་ཅིག་བྱས་ན་ཀློག་པ་ཐོས་བསམ་པ་རྣམས་ལ་ཕན་ཆེ་ཞེས་བཀོད་ཁྱབ་གནང་བ་ལྟར་རིང་བོར་མ་ཐོགས་པར་མདོ་སྔགས་རིག་གནས་ཀྱི་གླེགས་བམ་མཁོ་དགུའི་བང་མཛོད་དུ་གྱུར་བ། འདི་ནི་སྐྱབས་མགོན་མཆོག་གི་འཕྲིན་ལས་དང་ཆོས་སྡེ་འདི་ཉིད་ཀྱི་ཁྱད་ཆོས་རྨད་དུ་བྱུང་བ་ཞིག་ཡིན་པས་ཞིབ་ཏུ་བྲི་བར་འོས་ཀྱང་ཡི་གེས་འཇིགས་སོ། །དྲི་གཙང་ཁང་སྟེང་གི་ནུབ་ངོས་ཀྱི་གཙུག་ལག་ཁང་དུ་ཐུབ་པ་གནས་བརྟན་བཅུ་དྲུག་གི་སྐུ་འབག་བསྐུམས་ཁྲུ་ལོངས་པ་དང་། སྡེ་ཁྲི་རིན་པོ་ཆེ་འཇིགས་མེད་ལུང་རིགས་རྒྱ་མཚོས་བཞེངས་པའི་ལམ་རིམ་བླ་བརྒྱུད་པོ་ཏོ་བ་ཡན་ཆད་མདའ་ཚད་ལོངས་པ་སོགས་དང་། གཡོན་ངོས་ཀྱི་གཙུག་ལག་ཁང་དུ་ཁྲི་བ་བླ་བྲང་གི་རྩིས་སྤྲོད་དུ་གཏོགས་པའི་ལི་མ་དང་གསེར་ཟངས་སོགས་བྲིས་འབུར་གྱི་སྐུ་དང་གླེགས་བམ་བགྲང་ལས་འདས་པ་བཞུགས་ཀྱང་གཉེར་བ་རྣམས་ཀྱིས་འབྲུ་སྒམ་དུ་བཅུག་པ་ལྟ་བུར་བཞག་ཡོད་སྟབས་བྲི་མ་__________ནུས་སོ།

ཡང་རིགས་གྲྭའི་མེ་ཏོག་མཆོད་པར་མཆོད་མཇལ་གཏོང་རྒྱུའི་ནང་རྟེན་གྱི་སྐོར་ནི།མཁན་ཆེན་ཞི་བ་འཚོའི་ཐུགས་དམ་གྱི་རྟེན་སྟོན་པའི་སྐུ་ཇོ་ཤཱཀ་རྣམ་གཉིས་དང་སྐུ་རྒྱུ་གཅིག་པ་གནའ་དུས་འབུམ་སྟོད་དུ་བཞུགས་པ་དུས་ཚོད་ཅིག་ལ་འབུམ་སྟོད་ཀྱི་ཇོ་མཇལ་དུ་གྲགས་པའི་ཆོས་སྟོན་སོགས་ཀྱང་ཡོད་པ་ཀུན་མཁྱེན་གོང་མས་དགེ་འཕེལ་དུ་གདན་དྲངས་ཚུལ་རྣམ་ཐར་དུ་གསལ་བ་ལྟར་གྱི་རྟེན་བྱིན་རླབས་ཅན་དེ་ཉིད་དང་། རྒྱལ་བ་ཙོང་ཁ་པ་ཆེན་པོའི་གོས་བེར་བསྟན་འཛིན་ཆོས་རྒྱལ་གྱི་མག་པ་ཐོར་གོད་མེར་གན་ཇུ་ནང་གི་ལག་ཏུ་བྱུང་བ་ལས་རིམ་གྱིས་དེའི་བུ་རྒྱུད་རྣམ་སྲས་ཇ་སག་གཤེགས་དུས་སྐྱབས་མགོན་མཆོག་ལ་ཕུལ་བ་དང་། དེ་དང་མཉམ་དུ་བྱུང་བའི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སྐུ་ཆོས། མཉམ་མེད་ཇོ་བོ་ཆེན་པོའི་གདུང་རུས་ནང་རྟེན་དུ་བཞུགས་པའི་བཀའ་གདམས་མཆོད་རྟེན་དགོན་པ་བ་ཆེན་པོའི་ཐུགས་དམ་གྱི་རྟེན། ཏ་ལའི་ལོ་མ་ལ་བྲིས་པའི་བུདྔ་ྷ པཱ་ལི་ཏ་དཔལ་ལྡན་བླ་གྲགས་ཀྱི་ཕྱག་དཔེ། རྗེ་བཙུན་ཏཱ་ར་ནཱ་ཐའི་ཕྱག་དྲིལ། ཤར་ལྷོ་བསིལ་པའི་ཚལ་གྱི་རྡོ་ནག་གི་ངོས་ལ་རྡོ་དཀར་འབུར་དུ་དོད་པའི་མ་ཎི་རང་བྱོན། སློབ་དཔོན་པངྨ་འབྱུང་གནས་ཀྱི་ཕྱག་ཏུ་བསྣམས་པའི་གནམ་ལྕགས་ཀྱི་རྡོ་རྗེ། གྲུབ་ཆེན་ཐང་སྟོང་རྒྱལ་བོའི་ཕུར་བུ། མཁས་གྲུབ་ཐམས་ཅད་མཁྱེན་པའི་མདུན་ཅོག་དང་ཤོ་ཀ་ལི། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་ཕྱག་ཤན་ཕེ་རིང་མ། སྲད་རྒྱུད་དཀོན་མཆོག་ཡར་འཕེལ།ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན། ལྕང་སྐྱ་རོལ་བའི་རྡོ་རྗེ། སྟོང་འཁོར་མཉྫུ་ཤྲཱི་ལྔ་བ་ངག་དབང་བསོད་ནམས་རྒྱ་མཚོ་སོགས་ཀྱི་དབུ་ཞྭ་དང་ཞབས་ཆག ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་གོང་མའི་ཕྱག་ཕྲེང་། སྐྱབས་མགོན་རྡོ་རྗེ་འཆང་གི་སྣམ་སྦྱར། མ་ཅིག་ལབ་སྒྲོན་གྱི་དབུ་ཐོད། རྒྱལ་བ་ཙོང་ཁ་བ་ཆེན་པོའི་སྐུ་བརྙན་བཀྲ་ཤིས་དོ་ཁ་མ་བརྒྱད་ཀྱི་ནང་ཚན་རྒྱལ་བ་དགེ་འདུན་རྒྱ་མཆོའཐིུ གས་དམ་གྱི་རྟེན་སྡེ་བ་ལྷ་རྒྱ་རི་བ་ནས་རིམ་པར་བརྒྱུད་པའི་ལོ་རྒྱུས་ཁ་བྱང་ཞབས་སུ་བྲིས་ཡོད་པ་སོགས་བཞུགས་ཏེ། འདི་དག་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཉིད་ནས་ཁ་བྱང་གནང་བ་ལྟར་བྲིས་པའོ། །ཡང་གསེར་ཁང་ཆེན་མོར་རོང་བྱམས་ཆེན་པའི་སྐུ་ཚད་དང་མཉམ་པའི་བྱམས་སྐུ་མཐོང་བ་དོན་ལྡན་དང་། དེའི་ནང་དུ་དཔོན་ཇུ་ནང་གིས་བཞེངས་པའི་གསེར་དངུལ་གྱི་བཀའ་འགྱུར་བཞུགས་པ་སོགས་རྟེན་བརྟེན་པར་བཅས་པའི་ལོ་རྒྱུས་ལོགས་སུ་ཤེས་པར་བྱའོ། །ཡང་གཟིམས་ཁང་བཀྲ་ཤིས་མཐོང་སྨོན་དུ་བཞུགས་པའི་སྐུ་གསུང་ཐུགས་རྟེན་དང་། ཁྱད་པར་དེར་བཞུགས་པའི་མདོ་སྔགས་རིག་གནས་དུ་མའི་གླེགས་བམ་གྱི་དཔར་ཤིང་ནི་ལུས་ཅན་བྱེ་བའི་ཕན་བདེ་ཟད་མི་ཤེས་པའི་འབྱུང་གནས་ཡིན་པས་ཞིབ་ཏུ་བྲི་བར་འོས་ཀྱང་ཡི་གེས་འཇིགས་སོ། །ཡང་རྒྱུད་ཁང་ཕུག་གི་གཙང་ཁང་གཡས་སུ་སྡེ་ཁྲི་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་གདུང་རུས་ལ་སྐུ་པར་བཏབ་པ་དང་། དབུ་ཐོད་ཀྱི་དུ་མ་བུ་དང་། དབུ་སྐྲ་མེས་མ་ཚིག་པས་རྩ་བར་གཞོཕ་རམ་ཆགས་པ་ཆུན་པོ་གཅིག སྐུ་ཆོས་གཟུངས་སྔགས་དང་འཁོར་ལོ་སོགས་བྲི་སྒྲུབ་ཚད་ལྡན་བྱས་པ་རྣམས་ནང་རྟེན་དུ་བཞུགས་པ་དང་། ཁྲི་ཆེན་སྤྲུལ་བའི་སྐུ་བློ་བཟང་འཇམ་དཔལ་རྒྱ་མཚོའི་སྐུ་གདུང་མཆོད་རྟེན། ཁྲི་བ་བློ་བཟང་གནས་བརྟན་པའི་སྐུ་གདུང་མཆོད་རྟེན། ཁོ་བོ་ཅག་ནས་བསྐུལ་མ་བཏབ་པ་ལྟར་སུ་ཉིད་བློ་བཟང་སྔགས་རམས་པས་གསེར་ཟངས་ལས་བཞེངས་པའི་བདེ་མཆོག་ཞལ་ཕྱག་ཡོངས་རྫོགས་ཀྱི་སྐུ་མི་ཚད་ལྷག་ཙམ་རིན་ཆེན་བཞིའི་སྔགས་འབུམ་ཕྲག་རེ་དང་སྐྱབས་མགོན་རྡོ་རྗེ་འཆང་གི་ན་བཟའ་སོགས་ནང་རྟེན་དུ་བཞུགས་པ་སོགས་དང་། མགོན་ཁང་དུ་ཁོ་བོ་ཅག་ནས་བསྐུལ་མ་བཏབ་པ་ལྟར་སུ་ཉིད་དཀའ་བཅུ་བཀྲ་ཤིས་རྣམ་རྒྱལ་གྱིས་གསེར་ཟངས་ལས་བཞེངས་པའི་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་སྐུ་མི་ཚད་ལྷག་ཙམ། སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང་འཁྲུལ་མེད་དང་། སྔགས་གསུམ་ཀ་འབུམ་ཕྲག་རེའི་སྙིང་བོ་ཅན་དང་། དཔོན་སློབ་དཀོན་མཆོག་ལྷུན་གྲུབ་པས་རྟིང་བསྐུལ་གནང་བ་ལྟར་གསེར་ཟངས་ཀྱིས་བཞེངས་པའི་མགོན་པོའི་སྐུ་གོང་མཚུངས་ལ་ཁོ་བོ་ཅག་ནས་དཔར་དུ་བཏབ་པའི་མགོན་པོ་ལི་སྐུ་འབུམ་ཕྲག་གཟུངས་སུ་ཕུལ་བ་དང་། དཔོན་སློབ་དེ་ཉིད་ཀྱིས་བསྐུལ་མ་ལྟར་བཞེངས་པའི་གསེར་ཟངས་ལས་གྲུབ་པའི་ཆོས་རྒྱལ་གྱི་སྐུ་སྔགས་འབུམ་ཕྲག་གི་སྙིང་བོ་ཅན་སོགས་དང་། ཕྱི་ནང་གསང་རྟེན་དཔག་ཏུ་མེད་པ་བཞུགས་ཤིང་། རྒྱུད་ཁང་ནང་དུ་འཇམ་མགོན་ཁྲི་རིན་པོ་ཆེས་དཔོན་ཚང་ལ་བཀའ་གནང་སྟེ། དབུས་ན་རྒྱུད་སྟོད་གྲྭ་ཁང་གི་ཕུགས་སུ་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་ཡོད་པ་ལྟར་འདིར་རྒྱུད་ཁང་གི་ཕུགས་སུ་བཞུགས་རྒྱུའི་ཇོ་བོའི་སྐུ་ཞིག་གདན་འདྲེན་དགོས་ཚུལ་གྱི་བསྐུལ་མ་བཏབ་པ་ལྟར། དཔོན་ཚང་ནས་གདན་དྲངས་པའི་ཇོ་བོའི་སྐུ་ཁྱད་དུ་འཕགས་པ་སོགས་དང་། སྟེང་ཤོད་དུ་རྒྱལ་བའི་བཀའ་འགྱུར་ཅོ་ནེའི་དཔར་མ་ཚར་གཉིས་སོགས་སྐུ་གསུང་ཐུགས་རྟེན་བགྲང་ལས་འདས་པ་བཞུགས།ཨེ་ཝཾ་ཆོས་འཁོར་གླིང་གི་གྲྭ་ཁང་དུ།སྡེ་ཁྲི་རིན་པོ་ཆེ་འཇིགས་མེད་ལུང་རིགས་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་དང་། ཆིང་ཝང་རྡོ་རྗེ་ཕ་ལམ་གྱིས་བཞེངས་པའི་དངུལ་གྱི་བཀའ་འགྱུར་སོགས་དཔོན་དེ་ཉིད་ཀྱིས་བཞེངས་པའི་སྐུ་གསུང་ཐུགས་རྟེན་ཕལ་ཆེར་དང་། དགོངས་རྫོགས་སུ་བཞེངས་པའི་དངུལ་གྱི་མཆོད་རྟེན་ཡང་འདིར་བཞུགས། གཞན་ཡང་ཀློང་རྡོལ་བླ་མ་རིན་པོ་ཆེས་གནང་བའི་རིགས་ལྡན་ཉེར་ལྔའི་ཞལ་ཐང་དང་། ཤམྦྷ་ལའི་བཀོད་པ་ཁྱད་འཕགས། དཔོན་སློབ་རབ་བརྟན་རྒྱ་མཚོ་བ་སོགས་ཀྱིས་རྒྱ་ནག་ནས་གདན་དྲངས་པའི་དུས་འཁོར་མངོན་བྱང་གི་སྐུ་བརྙན་གསེར་ཟངས་ལས་བཞེངས་པ། དཔོན་སློབ་ངག་དབང་དོན་གྲུབ་ལ་ཐོར་གོད་དཀོན་མཆོག་ཇ་སག་གིས་ཕུལ་བའིབསྟན་འགྱུར་སྡེ་དགེའི་དཔར་མ་ཆ་ཚང་སོགས་མང་དུ་བཞུགས། །གསོ་རིག་གཞན་ཕན་གླིང་གི་གྲྭ་ཁང་དུ། སྐྱབས་མགོན་མཆོག་ནས་གནང་བའི་སྨན་བླའི་ཕོ་བྲང་། སུ་ཉིད་ཐོ་ཡོན་བློ་བཟང་རབ་རྒྱས་ཀྱིས་ཕུལ་བའི་གསེར་ཟངས་ལས་གྲུབ་པའི་སྨན་བླའི་ཕོ་བྲང་ཁྱད་དུ་འཕགས་པ། དྲུང་ཡིག་སྔགས་རམས་པ་ཆོས་འཛིན་དར་རྒྱས་ཀྱིས་བཞེངས་པའི་སྐུ་འབུམ་གྱི་ཙན་དན་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སོགས་མང་དུ་བཞུགས། གྲྭ་ཁང་དེ་གསུམ་ཀར་བཟོ་བཀོད་རྨད་དུ་བྱུང་བའི་བྲིས་སྐུ་བརྒྱ་ཕྲག་མང་པོ་དང་། འབུར་སྐུ་ཆེ་ཆུང་ཤིན་ཏུ་མང་པོ་དང་། གྲྭ་ཁང་སོ་སོར་དཔེ་མཛོད་ཀྱང་སོ་སོར་ཡོད་ལ། གཞན་ཡང་འཇམ་མགོན་ཁྲི་རིན་པོ་ཆེས་ཆིང་ཝང་བསྟན་འཛིན་དབང་ཕྱུག་ལ་བཀའ་གནང་སྟེ་ལྷ་སའི་རང་བྱོན་ལྔ་ལྡན་གྱི་དོད་དུ་བཞེངས་པའི་བཅུ་གཅིག་ཞལ་གཙོ་འཁོར་ཡོངས་རྫོགས་གཙུག་ལག་ཁང་དང་བཅས་པའི་ལོ་རྒྱུས་དང་། བླ་བྲང་ཆེན་མོའི་གཟིམས་ཁང་བསམ་འགྲུབ་རྣམ་པར་རྒྱལ་བའི་རྒྱལ་མཚན། གཟིམས་ཆུང་ཐུབ་བསྟན་ཕོ་བྲང་། ཚོམས་ཆེན་འདོད་དགུ་འཁྱིལ་བ། གཟིམས་ཆུང་ལེགས་བཤད་དགའ་ཚལ། བླ་བྲང་སྟེང་གི་ལི་མ་ཁང་དང་མགོན་ཁང་སོགས་སུ་སྐུ་གསུང་ཐུགས་རྟེན་བགྲང་ལས་འདས་པ་དང་། ཕྱག་དཔེ་ཁང་སོ་སོར་གླེགས་བམ་པོ་ཏི་ཁྲི་ཕྲག་བརྒལ་བ་སོགས་ཀྱི་ཐོ་ཞིབ་ཏུ་བྲི་བར་འོས་ཀྱང་ཡི་གེས་འཇིགས་པས་རྟེན་ཐོ་སོགས་མཇལ་ནས་ཤེས་པར་བྱའོ། །སྨྲས་པ། སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་རྫོགས་སངས་རྒྱས། །དེས་གསུང་དམ་ཆོས་ཆོས་སྒྲུབ་དགེ་འདུན་གྱི། །ཡོན་ཏན་བསམ་གྱིས་མི་ཁྱབ་ཇི་ལྟ་བར། །དད་པའི་རྣམ་པར་སྨིན་པའང་བསམ་མི་ཁྱབ། །གང་ཞིག་བླ་ན་མེད་པའི་མཆོག་གསུམ་དང་། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་ལ། །བསོད་ནམས་ཞིང་དུ་མཉམ་པའི་དད་གུས་ཀྱིས། །མཆོད་དང་བཀུར་བའི་འབྲས་བུའང་མཉམ་པར་གསུངས། །དེ་སླད་དད་པ་དང་ནི་དད་པའི་ཡུལ། །བགྲང་ཡས་མངོན་དུ་གྱུར་བའི་སྐལ་བཟང་འདིར། །ཉིན་རེ་ཞིང་ཡང་དད་དང་གུས་པའི་སེམས། །ཕྱོགས་བཅུའི་རྒྱལ་བའི་སྤྱན་སྔར་ཅིས་མི་གཏོང་། །དད་དང་གུས་པའི་སེམས་ཀྱིས་རབ་བསྐྱོད་དེ། །མང་མང་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ། །ཡང་ཡང་ཕྱག་མཆོད་བསྙེན་བཀུར་ལྷུར་ལེན་པར། །འབད་འབད་གཅིག་ཏུ་བརྩོན་དེ་སྐལ་བ་བཟང་། །ཨེ་མ་མཐོང་བ་ཙམ་གྱིས་ཀྱང་། དད་པའི་སྤུ་ལོང་གཡོ་བྱེད་པའི། །རྟེན་མཆོག་བསམ་ཡས་གཟི་བྱིན་གྱིས། །དབུས་འགྱུར་ཕྱོགས་འདིར་འཕོས་པ་བཞིན། །གང་གི་བྱིན་རླབས་སྦྲང་ཆར་གྱིས་བསྐྱངས་པའི། །སྐལ་བཟང་དད་པའི་མྱུ་གུ་རེ་རེར་ཡང་། །སྤངས་རྟོགས་འབྲས་བུ་གཡུར་དུ་ཟ་བ་ན། །ཕྱོགས་ཀྱི་འཁོར་ལོའི་ཁྱོན་ཡང་སྐལ་བཟང་བྱེད། །བདེ་བར་གཤེགས་པའི་སྐུ་གཟུགས་མཐོང་བ་དང་། །མཚན་ཙམ་ཐོས་པས་ཆོས་མིག་རྣམ་དག་པའི། །སྒྲ་སྒྲོགས་སྐྱེ་བོའི་ཚོགས་ལྟར་བདག་ཅག་ཀྱང་། །ཐུགས་རྗེ་མཆོག་གིས་སྐྱོངས་ཤིག་བཅོམ་ལྡན་འདས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

དེ་ལྟར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་བགྲང་ལས་འདས་པའི་གཙུག་ལག་ཁང་། །ལུང་སྡེ་སྣོད་གསུམ་གྱི་སྒྲ་དབྱངས་རྒྱུད་མར་སྒྲོགས་པའི་དགའ་ཚལ། བསླབ་གསུམ་རིམ་གཉིས་ཀྱི་བདུད་རྩིས་གང་བའི་མཆོ་ཆེན། མཁས་པ་དང་གྲུབ་པའི་སྐྱེ་བོ་དུ་མའི་བསྟི་གནས། རིག་པ་དང་གྲོལ་བར་སྨྲ་བའི་འདུས་པ་རྒྱ་མཚོའི་མདུན་ས། རྒྱལ་བས་ལུང་བསྟན་པའི་ཆོས་གྲྭ་ཆེན་པོ་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་འཁྱིལ་གྱི་རྟེན་དང་བརྟེན་པ་ལས་བརྩམས་ཏེ་ངོ་མཚར་བའི་ཡོན་ཏན་ཉུང་ངུ་ཙམ་རང་བཞིན་བརྗོད་པའི་གཏམ་དུ་བྱས་སོ། །ཚུལ་འདི་ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ལས། གྲགས་པའི་མཚན་མར་གྱུར་བ་བཟང་པོ་འདི་རྣམས་ཀྱིས། །བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར། །ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། །ཞེས་གསུངས་པ་ལྟར་དོན་ཆེན་པོ་དང་ལྡན་པར་གོ་བར་བྱའོ། །སྨྲས་པ། གང་གི་ཡོན་ཏན་ཕྱོགས་བཅུའི་རྒྱལ་ཀུན་གྱི། །འཕྲིན་ལས་བྱེ་བའི་ཉལ་འགྲོ་ཆད་མེད་དུ། །འཐུང་བས་མི་ངོམས་བདུད་རྩིའི་རོ་ལྡན་པ། །འདི་ཡི་ངོ་མཚར་མ་ལུས་སུས་བཇོད་ནུས། །འོན་ཀྱང་སྦྲང་རྩིས་མྱོས་པའི་རྐང་དྲུག་དང་། །ཆུ་ཁུར་ཡོངས་སུ་རྫོགས་པའི་སྤྲིན་སྔོན་ལྟར། །དྲིན་དང་ཡོན་ཏན་མཐོང་བའི་དད་གུས་ཤུགས། །འཕེལ་བའི་གཏམ་འགའ་མི་སྨྲ་རང་དབང་ཅི། །བླང་དོར་རྡུལ་མང་ཕྱོགས་ལྷུང་ཤུགས་ཀྱིས་འཁྱོག་པོར་བསྒྲོད་པའི་ལོ་རྒྱུས་འཚུབ་མའི་རླུང་། །གང་འཚམ་ལས་ཀྱིས་བཀོད་པའི་སྣ་ཚོགས་ངང་ཚུལ་འདབ་ཆགས་གཤོག་སྒྲོ་བསྐྱོད་པའི་རླུང་། །ཉོན་མོངས་གདུང་སེལ་ཞི་བའི་དཔལ་སྟེར་ས་གསུམ་སྣང་བྱེད་རྣམ་ཐར་གོ་ལའི་རླུང་། །འདི་དག་སྲིད་ན་ལྟན་ཅིག་སྤྱོད་ཀྱང་མཚུངས་པའི་གོ་སྐབས་རྣམ་པ་ཀུན་ཏུ་སྤངས། །ཐེག་མཆོག་བཤེས་གཉེན་ཉི་ཟླའི་འོད་ཀྱིས་ཐུབ་བསྟན་གླིང་བཞིའི་ཁྱོན་ཀུན་གསལ། །མཁསགྲུབ་རྒྱུ་སྐར་བྱེ་བའི་ཚོགས་ཀྱིས་བཤད་སྒྲུབ་འོད་བརྒྱའི་རྩེ་དགའ་འགྱེད། ཐར་འདོད་རྐང་དྲུག་བྱེ་བའི་ཚོགས་རྣམས་གཞུང་ལུགས་འདབ་བརྒྱའི་བཅུད་ཀྱིས་ཚིམ། །འདི་ཀོ་རྫོགསལྡན་གསར་བའི་དཔལ་མོ་མིན་ནམ་ངོ་མཚར་དཔག་ཡས་ཡོལ་གོ་ཉིད། །བྱིན་བརླབས་བདུད་རྩིའི་གཏེར་གྱུར་རྟེན་མཆོག་སྤྱན་སྔར་སྐལ་བཟང་ཕྱག་མཆོད་ཡུར་བ་འདྲེན། ལེགས་བཤད་བདུད་རྩིའི་བཅུད་རྫོགས་བཤེས་གཉེན་མཆོག་ལ་བློ་གསལ་དམ་ཆོས་བགོ་སྐལ་ནོད། །བསོད་ནམས་ཞིང་མཆོག་འདུས་པ་རྒྱ་མཚོར་དད་ལྡན་བསྙེན་བཀུར་མེ་ཏོག་འཐོར། །ཕན་དང་བདེ་བའི་ཡན་ལག་ཀུན་ཚང་འདུན་ལྡན་བྱེ་བའི་དཔག་བསམ་ལྗོན། །ཨེ་མ་གང་གི་ངོ་མཚར་གཏམ། །ཐོས་པས་བརྟན་པ་འཕྲོག་པ་ཡིས། །བྱེད་པོས་བལྟ་ཕྱིར་གདོང་བཞི་དང་། །མཉན་ཕྱིར་རྣ་བརྒྱད་སྤྲུལ་མིན་ནམ། །མཁས་གྲུབ་བྱེ་བས་འཁོརགསུམ་མཛད་པས་སྐྱོངས༼སྐྱོང་༽། རིགས་སྨྲ་འབུམ་སྡེས་བཤད་སྒྲུབ་རྩེ་དགའ་འགྱེད། །གུས་ལྡན་སྐྱེ་བོ་བསོད་ནམས་གསོག་པས་བྲེལ། །རྣམ་དཀར་ལས་ཀྱི་བྱེད་པོ་མ་ཚང་མེད། །གང་འདི་བསྟན་འགྲོའི་བདེ་སྐྱིད་ཆུ་ཀླུང་འབུམ། །ཕྱོགས་བརྒྱར་འགྱེད་པའི་ཟླ་འཕེལ་ཀླུང་ཉིད་དུ། །གྲུབ་ཕྱིར་སྲས་བཅས་ཕྱོགས་བཅུའི་རྒྱལ་བ་ཡང་། །ཐུགས་ལས་ཆུང་ངུར་བཞུགས་པའི་མཉམ་བཞག་སྐྱོང་། །འོན་ཀྱང་མཐའ་ཡས་རྒྱལ་བ་ཡི། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཤུགས། །བསམ་མི་ཁྱབ་ཕྱིར་གསང་གསུམ་གྱི། །རོལ་བའི་ཕ་མཐའ་སུ་ཡིས་གཟུང་། དེ་ལྟར་ཞིང་མཆོག་བསྔགས་པའི་ལེགས་སྤྱད་མེ་ཏོག་དཀར་པོའི་ཆར། །མཁའ་ཁྱབ་རྒྱལ་བའི་སྤྱན་སྔར་ཀུན་བཟང་མཆོད་པའི་ཆར་སྤྲིན་དུ་ཉེར་འཁྲིགས་ཏེ། །ལུས་ཅན་ཕན་བདེ་སྦྲང་རྩིའི་བཅུད་རྫོགས་ཐུབ་བསྟན་པདྨོའི་ཚལ་ཆེན་པོ། །ཆེས་ཆེར་སྤེལ་བའི་ལེགས་བྱས་བྱེད་པོར་ཡིད་བཞིན་ནོར་བུ་ཉིད་གྱུར་ཅིག། །བློ་བཟང་ཐུབ་བསྟན་སྤེལ་ལ་དཔེ་ཟླ་རབ་དཀོན་ཚུལ་ཁྲིམས་མཆོག་གིས་རྒྱུད་བསྡམས་ཤིང་། །འཇིགས་མེད་སྤོབས་པས་བསྟན་པའི་རྒྱལ་མཚན་འཛིན་ལ་རྒྱལ་བའི་དབང་པོ་གཉིས་པ་བཞིན། །རིགས་པའི་འོད་འབར་ཡེ་ཤེས་སྒྲོན་མེས་སྲིད་ཞིའི་གདུང་སེལ་སྨྲ་བའི་སེང་གེའི་ཚོགས། །རྒྱ་མཚོ་ལ་ནི་ཆུ་བོ་ཇི་བཞིན་འདུ་ཞིང་འཕེལ་བར་གྱུར་ཅིག་སྨོན་བཞིན་དུའོ། །འཁོར་གསུམ་རྒྱལ་སྲིད་སྐྱོང་བ་དམ་པའི་མགོན། །ཐུབ་བསྟན་བཀའ་བཞིན་འཛིན་ནུས་དག་པའི་འཁོར། །ཆོས་མཐུན་ལས་བྱེད་མཐུན་རྐྱེན་མ་དྲོས་མཚོ། །ཕན་ཚུན་འགྲན་པ་ཡར་ཟླའི་རྗེས་འགྲོར་ཤོག གཞུང་ལུགས་འབུམ་སྡེས་༼སྡེའི༽རྒྱུད་ལས་ཉེར་དྲངས་པའི། །རྣམ་དག་ལུང་རིགས་ཆོས་ཀྱི་དབྱངས་སྙན་པོ། །མ་ལུས་སྐྱེ་དགུ་རྨོངས་པའི་གཉིད་འཐུག་ལས། །སློང་བའི་བྱེད་པོར་ནམ་ཡང་མི་ཉམས་ཤོག། །རྣམ་མང་འདུས་པའི་ས་འཛིན་འཕྲེང་བ་གང་། །རྙེད་བཀུར་སྤྲིན་གྱི་སྟོད་གཡོགས་འཛིན་པ་དང་། །ལྷག་ཅིག་སྙན་པའི་དབྱར་རྔ་ལྡིར་བཞིན་དུ། །དྲི་བྲལ་མཁའ་ལྟར་རྒྱུད་ནི་དག་པར་ཤོག། དུས་ཀྱི་འགྲོ་རྣམས་མི་དགེའི་བཤེས་གཉེན་དང་། །སྡིག་སྤྱོད་ཀླ་ཀློའི་ཕྱོགས་སུ་མི་གཞོལ་བར། །རྩོམ་པ་མཐའ་དག་བསྟན་པ་རྒྱས་པ་དང་། །བྱང་ཆེན་རྒྱུ་རུ་ལྷུན་གྱིས་གྲུབ་པར་ཤོག། ཤཱཀ་སེང་བསྟན་པ་ལྔ་བརྒྱ་ཕྲག་བཅུ་ཡང་། །ཐུབ་དབང་དུས་ཀྱི་འཕེལ་བར་འགྲན་བཞིན་དུ། །མི་ཕམ་བླ་མ་འདུས་པའི་འཁོར་ཚོགས་བཅས། །ཞིང་འདིར་ཐེག་མཆོག་དགའ་སྟོན་འགྱེད་གྱུར་ཅིག །གཞན་ཡང་བདག་གིས་སྒོ་གསུམ་བརྩོན་པ་བགྱིས་དང་བགྱེད་འགྱུར་ཀུན། །ལུས་ཅན་མཐའ་དག་རྣམ་ཀུན་བདེ་བའི་མཚོག་སྦྱིན་དམ་པ་རུ། །ཟད་མི་ཤེས་པའི་བུམ་པ་བཟང་དང་དཔག་བསམ་ལྗོན་པ་ཆེན་པོ་ལྟར། །བྱང་ཆུབ་མཆོག་གི་སྙིང་བོ་ཅན་དུ་མཆོག་གསུམ་བྱིན་མཐུས་འགྲུབ་པར་ཤོག །ཚུལ་འདི་མཐོང་ཐོས་དྲན་དང་འབད་པ་ཀུན། །ཚེ་འདིར་ཡང་དག་ལམ་ལ་འཇུག་འགྱུར་ཞིང་། །ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཕན་བདེའི་ཚལ། །བཀྲ་ཤིས་མེ་ཏོག་བཞད་པས་མཛེས་གྱུར་ཅིག། །ནམ་ཡང་བླ་མ་མཆོག་དང་མི་འབྲལ་ཞིང་། །ཚུལ་གནས་ཐོས་བསམ་སྒོམ་པས་རྒྱུད་སྦྱངས་ཏེ། །ས་བཅུ་ལམ་ལྔས་འགྲོ་ཀུན་ཚིམ་བྱེད་པའི། །རྣམ་ཐར་མཆོག་ལ་འདོད་དགུར་དབང་འབྱོར་ཤོག། །རྟོགས་བརྗོད་འདི་ཡང་སྲིད་པ་ཇི་སྲིད་དུ། །མཁའ་ཁྱབ་རྒྱལ་བའི་འཕྲིན་ལས་ཉི་མའི་འོད། །ལུས་ཅན་པདྨོའི་ཚལ་དུ་འབབས༼འབབ༽པའི་རྒྱུར། །མཐུ་ལྡན་སྲུང་མས་རྒྱལ་བའི་བཀའ་བཞིན་བསྒྲུབས་༼སྒྲུབས༽། སྡེ་ཆེན་གང་གི་ངོ་མཚར་རི་དྭགས་གཟུགས། །དཔྱོད་ལྡན་ཡིད་ཀྱི་ཟླ་བར་འཕོས་པའི་གཏམ། །སྐྱེ་དགུའི་ཁ་ལ་རི་མོར་བྲིས་པ་བཞིན། །མཐའ་དག་འཇིག་རྟེན་ཀུན་དགར་བགྱིད་གྱུར་ཅིག །།ཅེས་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་པོ་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་འཁྱིལ་གྱི་གདན་རབས་རང་བཞིན་དབྱངས་སུ་བརྗོད་པའི་ལྷའི་རྔ་བོ་ཆེ་ཞེས་བྱ་བ་འདི་ནི་༧སྐྱབས་མགོན་རྡོ་རྗེ་འཆང་ནས་རང་རེའི་དཀར་ཆག་སྔ་མ་དེ་གདན་རབས་ཀྱི་རྣམ་ཐར་ཅུང་ཟད་ཉུང་འདུག་པས། སོ་སོའི་རྣམ་ཐར་རྒྱས་པར་ཕྱེ་བ་ཞིག་བྱུང་ན་ལེགས་ཞེས་ཡང་ཡང་ཕེབས་པ་ཐོས་པའི་རྐྱེན་དང་། རང་ཉིད་ཀྱིས་ཀྱང་ཆོས་སྡེ་ཆེན་པོ་གང་གི་བཀའ་དྲིན་གཟོ་བའི་ཆེད་དུ་འབྲི་འདུན་ཅུང་ཟད་ཡོད་པའི་ཐོག་ཡོངས་འཛིན་དམ་པ་བཀའ་དྲིན་འཁོར་མེད་བསོད་ནཨས་དབང་རྒྱལ་པ་ནས་༧སྐྱབས་མགོན་མཆོག་གི་ཐུགས་དགོངས་རྫོགས་ཕྱིར་ཁྱོད་ཀྱིས་ཅིས་ཀྱང་སྒྲིགས་ཤིག་ཅེས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་བཀའ་ནན་ཡང་ཡང་ཕེབས་ཤིང་། སྐུ་འདའ་ཁར་ཞལ་ཆེམས་ཀྱི་ཚུལ་དུ་ཡང་བསྩལ་པ་དང་། ཡོངས་འཛིན་དམ་པ་གཞན་དག་ནས་ཀྱང་དེ་ལྟར་ལེགས་ཚུལ་ཕེབས་པ་དང་། གྲྭ་ཚང་ཕྱི་མ་གཉིས་ཀྱི་གདན་རབས་ཐམས་ཅད་དང་སྔ་མ་གཉིས་ཀྱི་གདན་རབས་བཅུ་གསུམ་པ་ཕྱིན་ཆད་རྒྱུས་ཆེ་བའི་སྟབས་རྡོ་རྗེའི་སྤུན་སྡེ་སྣོད་འཛིན་པ་དུ་མས་ཀྱང་དེ་བཞིན་མོལ་བ་སོགས་ལ་བརྟེན་ནས། རྒྱལ་ཀུན་འདུས་པའི་ངོ་བོ་སྲིད་གསུམ་འགྲོ་བའི་སྐྱབས་མཆོག་ཀུན་མཁྱེན་འཇམ་དབྱངས་བཞད་པ་པཎྜི་ཏ་དཀོན་མཆོག་འཇིགས་མེད་དབང་པོའི་སྡེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ལས་ཡིད་ཀྱི་བུམ་བཟང་ཆོས་ཀྱི་བདུད་རྩིའི་སྣོད་དུ་གྱུར་པ་པཎ་ཆུང་རིགས་པ་སྨྲ་བ་དཀོན་མཆོག་རྒྱལ་མཚན་ཞེས་བྱ་བས་བསྟན་པ་ལྔ་བརྒྱ་ཕྲག་བཅུའི་ཚུལ་ཁྲིམས་ལེའུའི་སྟེང་ནས་བརྒྱ་སོ་དྲུག་འདས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་ཆུ་སྟོད་ཟླ་བའི་ཡར་ཚེས་རྫོགས་པའི་སངས་རྒྱས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་ཆོས་གྲྭ་ཆེན་པོ་གང་དུ་རང་གི་བསྟི་གནས་ཉམས་དགར་སྦྱར་བའི་ཡི་གེ་པ་ནི་དད་བརྩོན་རྣམ་དཔྱོད་ཡངས་ཤིང་ཡང་དག་ལམ་ལ་འདུན་ལྡན་དགེ་སློང་དཀོན་མཆོག་ཆོས་བཟང་ངོ་། །འདིས་ཀྱང་ཐུབ་བསྟན་སྙིང་པོ་སྲིད་མཐའི་བར་དུ་འཇིག་རྟེན་ན་ཉི་ཟླ་ལྟར་གསལ་བར་གྱུར་ཅིག མངྒལཾ། སླར་རབ་བྱུང་བཅུ་བཞི་བའི་ལྕགས་སྦྲུལ་ལོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་གང་གི་ལྷོ་རྒྱུད་མདོ་སྔགས་ཀྱི་ཆོས་སྒྲ་བརྒྱུད་མར་སྒྲོགས་པའི་དགའ་ཚལ་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་དུ་པར་དུ་བསྒྲུབས།

                      རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

 གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025

བརྒྱུད་འགོད།