བླ་བྲང་གསོ་རིག་གཞན་ཕན་གླིང་གི་གདན་རབས་གསུམ་པ་རྗེ་བློ་བཟང་རྒྱལ་མཚན།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-06 09:14:57     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

               གདན་རབས་གསུམ་པ་མཁས་པའི་དབང་པོ་བློ་བཟང་རྒྱལ་མཚན་པ་ནི། སྨན་ལུང་ས་ཡི་ཐིག་ལེར་ཚར་ཚའི་རུས་སུ་ཡབ་བྱུང་བཅུ་གཉིས་པའི་ཤིང་བྱི་ལ་འཁྲུངས། བཀྲ་ཤིས་འཁྱིལ་དུ་བཀའ་པོཏ་ཆེན་པོ་ལྔ་ལ་ཞིབ་ཏུ་སྦྱངས་པས་རིགས་པ་སྨྲ་བའི་དགེ་བཤེས་ཡང་རྩེར་སོན་ཞིང་ལུང་རིགས་ལ་མཁས་པའི་སྙན་པ་མངོན་པར་མཐོ། ཞི་ཞིང་དུལ་བའི་ཀུན་སྤྱོད་ཀྱིས་འདྲིས་པ་དང་མ་འདྲིས་པའི་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དབང་མེད་དུ་འཕྲོག་པ་ཞིག་ལྟན་སྐྱེས་ཀྱི་ཚུལ་དུ་ཡོད་པས་མཁས་པ་དང་བཙུན་པ་གཉིས་ཀའི་ཆ་ནས་ཀུན་གྱིས་དད་གུས་དང་བསྔགས་བརྗོད་ཤིན་ཏུ་ཆེ། སྐྱབས་མགོན་མཆོག་གི་དྲུང་ནས་སྒྲ་དང་སྙན་ངག་སྡེབ་སྦྱོར་སོགས་གསན་པས་རིག་པའི་གནས་ལ་བློ་གྲོས་ཀྱི་པད་མོ་མངོན་པར་ཕྱེ།སྐྱབས་མཆོག་གང་གི་བཀའ་ལྟར་སྐུ་འབུམ། དགོན་ལུང་། བྱ་ཁྱུང་། རོང་བོ་དགོན། ལ་མོ་བདེ་ཆེན་སོགས་མདོ་སྨད་ཀྱི་ཆོས་སྡེ་དུ་མར་གྲྭ་སྐོར་མཛད་དེ་པོ་ཏི་ལྔའི་དམ་བཅའ་བཞགབཀྲ་ཤིས་འཁྱིལ་དུ་ཡང་རྡོ་རམས་པའི་མཚན་བཏགས་དང་། རྒྱུད་དུ་ཡང་ལོ་མང་ཙམ་ཕེབས་ནས་སྔགས་ཀྱི་དམ་བཅའ་ཡང་བཞག བླ་མ་གཞུང་ལས་པ་གནང་སྐབས་ཚིག་བཀྲ་སྙན་ངག་གིས་སྤྲས་པའི་རྣ་བའི་བདུད་རྩི་འབའ་ཞིག་དང་། བགྲོ་གླེང་ཕར་ཞོག་གཞུང་འགོད་ཀྱི་སྨྲ་བརྗོད་དང་ཐལ་སྐད་ཙམ་གྱིས་ཀྱང་མཁས་བླུན་ཀུན་གྱི་ཡིད་དབང་མེད་དུ་འཕྲོག་ཅིང་། དོན་གཉེར་ཅན་རྣམས་ལ་ཆོས་བཀའ་ཅི་རིགས་ཀྱང་སྩོལ་པར་མཛད། ལོ་ལྔ་ཙམ་གྱི་རིང་ལ་ཐོར་གོད་དཀོན་མཆོག་ཇ་སག་གི་བླ་མ་མཛད་ཅིང་། དེ་ནས་དགོན་པར་ཕེབས་ཏེ་ཐུགས་དམ་ཉམས་བཞེས་རྨད་དུ་བྱུང་བ་གནང་བཞིན་པ་ལས། ས་རྟ་ལོ་གསོ་རིག་གཞན་ཕན་གླིང་གི་ཁྲིར་ཕེབས་ཏེ། ཆོས་སྲིད་ཀྱི་སྲོལ་གོང་འཕེལ་གྱི་སྒོ་ནས་ད་ལྟ་ཆོས་ཀྱི་ཁྲི་ལ་ཞབས་པད་ལྟུན་ཆགས་པར་བཞུགས་པ་འདི་བཞིན་ལགས་སོ། སྨྲས་པ། མཁྱེན་དཔྱོད་རྒྱས་པའི་གནམ་རུ་ལ། །རིག་གནས་ལྔ་ཡི་མདའ་སྦྱར་ཏེ།།ཀུན་རྨོངས་དགྲ་བོ་འཇོམས་མཁས་པའི། །སྲིད་སྒྲུབ་འདི་དག་ཨེ་མ་རྨད། །ཁྱད་པར་གསོ་རིག་ཡན་ལག་བརྒྱད་ལྡན་ཆབ། །ཐོས་བརྩོན་རལ་བར་བསྟིམས་ནས་ས་གསུམ་གྱི། །རྒུད་པའི་དྲི་མ་དག་བྱེད་མཆོད་ཡོན་དུ། །འགྲེམ་མཁས་སྔོན་མེད་མགྲིན་སྔོན་འདི་སུ་ཞིག། །ད་ནི་སྐལ་ལྡན་ཤིང་རྟ་མང་ཞིག་གིས། །ཚེ་ཡི་རིག་བྱེད་ལྷ་ཡི་ཡོན་ཆབ་རྒྱུན། །བཞི་བརྒྱ་རྩ་བཞིའི་ནད་འཇོམས་བདུད་རྩིའི་བཅུད། །ཕྱོགས་བཅུར་འགྱེད་པའི་མཆོག་སྦྱིན་སྒོ་བརྒྱ་ཕྱེ། །ཞེས་པ་ཡང་བར་སྐབས་སུ་བསམ་དོན་བསྐུལ་ཚིག་ཏུ་སྨྲས་སོ།། རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

        དྲ་བའི་སྦྲེལ་ཐགhttp://www.tb1025



བརྒྱུད་འགོད།