བླ་བྲང་གསོ་རིག་གཞན་ཕན་གླིང་གི་གདན་རབས་གཉིས་པ་རྗེ་བློ་བཟང་འཇིགས་མེད།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-06 09:05:07     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

 གདན་རབས་གཉིས་པ་ནི་གནས་ལྔ་རིག་པའི་དབང་ཕྱུག་བློ་བཟང་འཇིགས་མེད་པ་ཡིན་ཏེསྔོན་ཀུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་ཧལ་ཧ་ཨོས་ལོད་ནས་ཁྲིད་འོངས་པའི་མི་སྡེའི་ནང་ཚན་ཐེ་༼ཐོར༽གོད་ཅེས་པར་རབ་བྱུང་བཅུ་གཉིས་པའི་ཤིང་གླང་ལ་སྐུ་འཁྲུངས། ཆུང་ངུའི་དུས་ནས་སྔོན་གྱི་བག་ཆགས་ཀྱི་ཤུགས་ཀྱིས་ཡིག་རིགས་དུ་མ་དང་ སུམ་རྟགས།ཀློག་ཐབས་སོགས་ལ་སྦྱངས་པ་ཆེར་མ་དགོས་པར་རང་ཤུགས་ཀྱིས་མཁྱེན་པ་བྱུང་།བཀྲ་ཤིས་འཁྱིལ་དུ་བཀའ་པོཏ་ལྔའི་སློབ་གཉེར་དཔྱིས་ཕྱིན་པ་མཛད་པས་རིགས་སྨྲ་འབུམ་སྡེའི་ཁྲོད་དུ་སྨྲ་བའི་ལྗགས་ཡངས་སྐྱོང་༼རྐྱོང༽བའི་མཁས་པའི་གོ་འཕང་ཐོབ། སྐྱབས་མགོན་རྡོ་རྗེ་འཆང་ཡབ་སྲས་རྣམས་ཀྱི་དྲུང་དུ་སྒྲ་དང་། སྙན་ངག རྩིས་དང་སྡེབ་སྦྱོར་སོགས་རིག་གནས་དུ་མ་ལ་སྦྱངས་པས་མཁས་མང་བྱེ་བའི་དབུས་ན་མགྲིན་པ་སྒྲོག་གིས་བཅིངས་པ་མེད་པར་ལྔ་རིག་སྨྲ་བའི་སྤོབས་པ་མངོན་པར་མཐོ། བཀྲ་ཤིས་འཁྱིལ་དུ་རྡོ་བཅལ་རབ་འབྱམས་པའི་གྲྭ་སྐོར་མཛད་ཅིང་། སྐུ་འབུམ་བྱམས་པ་གླིང་སོགས་མདོ་སྨད་ཀྱི་རིགས་སྨྲའི་འདུས་སྡེ་ཕལ་ཆེ་བར་བཀའ་པོཏ་ལྔའི་གྲྭསྐོར་མཛད་དེ་ལུང་རིགས་སྒྲོན་མེའི་སྣང་བ་སྤྲོ་བར་མཛད། རྒྱུད་སྲེ་གྲྭ་ཚང་དུ་ལོ་བཅུ་གསུམ་གྱི་རིང་ལ་སྤྱངས་པ་མཛད་པས་རྒྱུད་སྡེ་ཀུན་གྱི་སྤྱི་བོ་དཔལ་གསང་བ་འདུས་པའི་ལམ་གྱི་གནད་ལ་ངེས་ཤེས་རྙེད། གསུང་རྩོམ་གྱི་རིམ་པ་ཡང་གང་བློ་མའི་འགྲེལ་བ་ཉི་མའི་འོད་ཟེར།

དཔལ་ལྡན་ཡོན་ཚོགས་མའི་འགྲེལ་པ་དོན་གསལ་སྣང་བ་སོགས་ལྷ་དང་བླ་མའི་བསྟོད་ཚོགས་དུ་མའི་འགྲེལ་བ། གསང་འདུས་རྒྱུད་འགྲེལ་གྱི་བསྡུས་དོན་མདོར་བསྡུས་སྔོན་འགྲོ་བཤད་ཐབས་དང་བཅས་པ་རྡོ་རྗེའི་ལམ་སྒྲོན། པོ་ཏི་ལྔའི་བཤད་ཐབས་སྡོན་དུ་འགྲོ་བའི་བསྡུས་དོན་ཙན་དན་འཁྲི་ཤིང་།དུས་འཁོར་བསྡུས་རྒྱུད་ཀྱི་བཤད་ཐབས་སྔོན་དུ་འགྲོ་བའི་བསྡུས་དོན། རིག་གནས་ལྔའི་བཤད་ཐབས་སྡོན་དུ་འགྲོ་བའི་བསྡུས་དོན་སྦྲང་རྩིའི་འབྱུང་གནས། ཀུན་གཞིའི་རྩ་བའི་མཆན་འགྲེལ་གསེར་གྱི་ལྡེ་མིག ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསང་རྣམ་དད་པའི་འཁྲི་ཤིང་། དྲི་མེད་གྲགས་པའི་རྟོགས་བརྗོད་ཛ་ཏིའི་འཁྲི་ཤིང་གཞན་ཡང་ལྷ་དང་བླ་མའི་བསྟོད་ཚོགས་སོགས་མཁས་པ་དགྱེས་པའི་སྙན་ངག་མང་དུ་སྤེལ་སྣང་ཡང་། གསེར་དང་ར་གན་འབྱེད་ཤེས་པའི། །མཁས་པ་ལེགས་བཤད་ངོ་སོ་མཐོ། །རྟོན་བཞི་ལུགས་ལྡོག་བྱེད་རྣམས་ལ། །བཀའ་འགྱུར་ལས་ཀྱང་ཟན་ཆང་བྲིན། །ཞེས་ཁོ་བོ་སྨྲའོ།

ཆུ་བྱིའི་ལོར་ཁྲི་རིན་པོ་ཆེ་འཇིགས་མེད་རིགས་པའི་སེངྒེ་དང་། བླ་བྲང་ཕྱག་མཛོད་ཆོས་རྗེ་སོགས་ནས་འོས་ཐོ་ཕུལ་བ་ལྟར་མིའི་དབང་པོ་ཇུན་ཝང་ངག་དབང་དར་རྒྱས་ནས་གསོ་རིག་གཞན་ཕན་གླིང་གི་ཁྲིར་བསྐོ་བཞག་གནང་། གྲྭ་ཚང་འདིར་སྔར་གང་ཅིའི་འགྲིག་ལམ་སྲོལ་ཆེར་མ་དོད་པར་ཡོད་པ་ལ་ཐུགས་ཁུར་ཆེ་བཞེས་ངོས། རྒྱལ་ཚབ་ཁྲི་རིན་པོ་ཆེ་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེའི་བཀའ་བཞིན་དུ་གོང་བཀོད་ལྟར་གྱི་འཆད་ཉན་ཕྱག་ལེན་འགྲིག་ལམ་ཐམས་ཅད་ཀྱི་སྲོལ་བཏོད་དེ་བསྟན་པའི་དམིགས་རྐྱེན་དུ་འགྱུར་ངེས་གནང་། དེ་ནས་ཟུར་བཞུགས་མཛད་པ་ལས། ད་ལྟ་རོང་སྔོན་པོ་ཐང་གི་དགོན་པ་དགའ་ལྡན་བཤད་སྒྲུབ་གླིང་དུ་པོ་ཏི་ལྔའི་འཆད་ཉན་གྱིས་མཚོན་པའི་པཤད་སྒྲུབ་བསྟན་པའི་བྱ་བ་གོང་འཕེལ་གྱི་སྒོ་ནས་གྲྭ་ཚང་དེ་ཀའི་སྐྱོང་ཁུར་འཛིན་བཞིན་པའི་སྐབས་ལགས་སོ།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025


བརྒྱུད་འགོད།