བླ་བྲང་ཨེ་ཝཾ་ཆོས་འཁོར་གླིང་གི་གདན་རབས་བཅུ་བ་རྗེ་དཀོན་མཆོག་དར་རྒྱས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-05 17:34:24     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

               ད་ལྟའི་ཁྲི་ཐོག་པ་བསྟན་འཛིན་དམ་པ་དཀོན་མཆོག་དར་རྒྱས་པ་ནི། རབ་བྱུང་བཅུ་གཉིས་པའི་ཆུ་ཁྱིའི་ལོ་ཁ་གྱའི་དཔོན་རྒྱུད་དུ་སྐུ་འཁྲུངས་ཤིང་ཆུང་དུས་ཁ་གྱ་དགོན་དུ་མཚན་ཉིད་ཀྱི་ཆོས་གྲྭར་ཅུང་ཟད་ཕེབས་པ་ལས། བར་སྐབས་སུ་སྡོན་གྱི་སྨོན་ལམ་གྱིས་བསྐུལ་ནས་བཀྲ་ཤིས་འཁྱིལ་དུ་འབྲོས་སྟབས་སུ་བྱོན། དགུང་ལོ་ཞེ་བཞི་བར་དུ་བཀྲ་ཤིས་འཁྱིལ་རང་དུ་གཡེང་བ་ཅུང་ཟད་མེད་པར་བཀའ་པོཏ་ལྔའི་སློབ་གཉེར་རྡོ་རུས་ཐུག་པ་མཛད་པས་ཁ་གྱ་དར་རྒྱས་ཞེས་དགེ་བཤེས་རྒན་གཞོན་ཅི་ཙམ་འཚོགས་ན་ཡང་ལུང་རིགས་ཀྱི་དོགས་པ་གཅོད་པའི་ཡུལ་དང་ཚད་ཐུབ་ཀྱི་དཔང་པོར་འཛིན་ཅིང་དཀའ་སྤྱད་དང་བརྩོན་འགྲུས་ཀྱི་ཚད་དུ་གླེང་བ་བྱུང་། ཡོན་ཏན་ཁོ་ནའི་དབང་གིས་སྐྱབས་མགོན་མཆོག་ནས་ཀྱང་། གཞན་ལས་འབུར་དུ་དོད་པའི་དགྱེས་གཟིགས་ཆེ་བར་མཛད་དེ་རྡོ་རམས་པའི་མིང་བཏགས་ཀྱང་གྲྭ་ཐོག་གཅིག་པ་ཡོངས་ལས་སྔ་མགྱོགས་སུ་གནང་སྟེ་ཞེ་གསུམ་པ་ཤིང་འབྲུག་གི་ལོ་རྡོ་རམས་པའི་གྲྭ་སྐོར་མཛད། ལར་འདི་དུས་སྐུ་རིམ་མར་གྲོལ་ལ་ཞྭ་བརྡ་དང་ལག་བརྡ་ཐུ་བརྡ་སོགས་ཀྱི་སྲོལ་མེད་པས་རྗེ་འདི་དང་རིགས་སྨྲ་འགྲན་ཟླ་མེད་པ་དགེ་འདུན་དཔལ་བཟང་། རིགས་པའི་དབང་ཕྱུག་ཅེས་བརྗོད་དུ་རུང་བ་འཇིགས་མེད་རབ་རྒྱས་སོགས་ལྟ་བུ་དབུ་ཕར་གྱི་སློབ་གཉེར་པ་རྣམས་ཀྱིས་གཞི་བཟུང་། མཛོད་འདུལ་ནས་དགེ་བཤེས་བསམ་གཏན་དང་། དགེ་བཤེས་མཁས་མཆོག་སོགས་ལྟ་བུ་དང་།རྡོ་རམས་པ་ཐོན་ཟིན་རྣམས་ཀྱང་འཛོམས་ནས་དཀའ་གནད་ཀྱི་རྩོད་པ་རིགས་ལམ་བརྡར་ཤ་ཆོད་པ་རྩལ་དུ་འདོན་པས་མཚན་ཕྱེད་བར་དུ་འཇུག་གཅོད་ཀྱི་ཐལ་སྐད་གཏོང་མི་ཐུབ་ཅིང་། དགོང་མོ་རེ་རེའི་རྩོད་གྲྭ་ཙམ་གྱིས་ཀྱང་རྨོངས་པའི་གྲོང་ཁྱེར་བཅོམ་ཐུབ་པའི་ཚོད་དུ་ཡོད་དོ། །སྐྱབས་མགོན་མཆོག་དབུས་སུ་འབྱོན་པའི་ཞབས་ཕྱིར་འགྲོ་དགོས་གསུངས་ནས་དབུས་སུ་བྱོན། དེ་དུས་དབུས་གཙང་གཉིས་ཀ་ནས་སྐྱབས་མགོན་མཆོག་གི་དྲུང་དུ་མཁས་པའི་སྐྱེ་བོ་སྤྲིན་འདུས་པ་ལྟ་བུ་བྱུང་པ་ལ། མཁས་དབང་བློ་བཟང་འཇིགས་མེད་དང་། རྗེ་འདི་བ་རྣམ་གཉིས་ཀྱིས་དམ་པ་རྣམས་ལ་སྐྱེས་ཀྱི་མཆོག་ཏུ་གསུངས་པའི་ལེགས་བཤད་ཀྱི་གཏམ་ཟད་མི་ཤེས་པ་སྤྲོས་པས་དེ་དང་དེས་བསྔགས་པ་རྒྱ་ཆེར་བརྗོད་པ་དག་སྒྲ་འཛིན་གྱི་ཡུལ་དུ་གྱུར། ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་ཀྱང་། ཁོང་རྣམ་གཉིས་ལ་གཟིགས་པ་དང་བཀུར་གཟོས་ཆེ་བར་མཛད་ཅིང་། ལྷག་ཏུ་འདི་བར་ཁྱེད་དགེ་བཤེས་གཞན་དང་མི་འདྲ་བས་ངེས་འབྱུང་བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་གསུམ་ལ་ནན་ཏན་མཛོད་ཅེས་བཀའ་ཕེབས།

      ཕྱིས་སུ་འདི་ཀའི་བྱམས་སྐུ་མཐོང་བ་དོན་ལྡན་རབ་གནས་ཀྱི་སྐབས་སུ་ཀློང་རྡོལ་རིན་པོ་ཆེ་ནས་ལྷ་རྫས་ནང་མཛོད་བཞི་སྙན་ཤལ་དུ་འབུལ་རྒྱུ་སྐྱབས་མགོན་མཆོག་ལ་བསྐུར་བའི་ནང་དུ་སྙན་ཤལ་བཞི་བོ་འདི་ཚད་མེད་བཞིའི་མཚོན་བྱེད་ཡིན་པས་རབ་གནས་གྲུབ་མ་ཐག་ཏུ་སྙན་ཤལ་གྱི་དང་པོར་རྡོ་རམས་པ་དར་རྒྱས་ལ་འབུལ་དུ་ཆུག་ཅེས་ཕེབས་ཤིང་སྙན་ཤལ་རང་རང་གི་སྣེ་མོར་ཤོག་ཚར་བཏགས་ཏེ་དཀོན་མཆོག་དར་རྒྱས། འདི་གཡས་སུ་ཕུལ། དཀོན་མཆོག་དར་རྒྱས། འདི་གཡོན་དུ་ཕུལ་ཞེས་བཀོད་འདུག་པ་ཐུགས་ཀྱི་གཏིང་ནས་དགྱེས་པ་ཆེ་བའི་གཏན་ཚིགས་སུ་སྣང་། སྐྱབས་མགོན་མཆོག་དབུས་སུ་བཞུགས་པའི་ལོ་གསུམ་གྱི་རིང་ལ་སྐུ་དྲུང་དུ་བཅར་བཞུགས་མཛད་ནས་པོ་ཏི་ལྔའི་དཀའ་གནད་ཕལ་ཆེར་ལ་དྲི་གཏུགས་དང་། ཁྱད་པར་དབུ་མའི་དཀའ་གནད་ལ་དྲི་གཏུགས་དང་དོགས་གཅོད་ཡང་ཡང་ཞུས་པས་སྔར་སློབ་གཉེར་བྱས་པ་བས་ཀྱང་ལྷག་པའི་གོ་བ་སྐྱེད་ཆེ་བར་བྱུང་གསུངས། མེ་རྟ་ལོ་མདོ་སྨད་དུ་ཕེབས་ནས་རྒྱུད་གྲྭ་ལོ་གསུམ་འགྲིམ་ཞིང་སྔགས་ཀྱི་དམ་བཅའ་ཡང་བཞག དེ་སྐབས་སུ་བདེ་གསང་འཇིགས་གསུམ་སོགས་ཡི་དམ་དུ་མའི་བསྙེན་པ་དང་། སྔགས་ཀྱི་བསྐྱེད་རྫོགས་དང་འགྲེལ་བ་ཊཱིཀྐ་སོགས་ལ་ཞིབ་ཏུ་སྦྱངས། སྐྱབས་མགོན་མཆོག་གི་དྲུང་དུ་ནམ་མཇལ་རེས་ཀྱིས་མདོ་སྔགས་ཀྱི་དཀའ་གནད་ལ་དོགས་གཅོད་ནར་མར་ཞུ་བ་མིག་གིས་མཐོང་། ས་བྱ་ལོ་མཚན་ཉིད་ཀྱི་ཡིག་ཆ་བརྗེད་དུ་ཕངས་གསུངས་ནས་ཡང་བསྐྱར་གྲྭ་ཚང་ཐོས་བསམ་གླིང་དུ་ཕེབས་ཤིང་། སྐྱབས་མགོན་མཆོག་བྱ་ཁྱུང་གི་ཁྲིར་ཕེབས་སྐབས་བྱ་ཁྱུང་དང་སྐུ་འབུམ་དུ་དམ་བཅའ་བཞག དེ་ནས་བཟུང་སྟེ་དགུང་ལོ་ང་ལྔ་བར་དུ་ཆོས་ཐོག་ཕལ་ཆེར་ཆོས་གྲྭ་ཆག་མེད་དང་། ཆོས་མཚམས་ཕལ་ཆེར་ལ་སྐུ་མཚམས་མཛད་ནས་ཞལ་འདོན་དཔེ་གཟིགས་རྩ་ཤེས་དང་ལམ་སྒྲོན། རྒྱན་འཇུག་མདོ་རྩ། འགྲེལ་བ་དོན་གསལ་སོགས་སྐྱོར་སྦྱངས་མཛད་ཅིང་བློ་གསལ་དུ་མ་ལ་དཔེ་ཁྲིད་དང་དོགས་པ་གཅོད་པ་སོགས་རྣམ་དཀར་ཁོ་ནས་དུས་འདའ་བར་མཛད། དེ་དུས་འདུལ་བ་མདོ་རྩ་དང་རྒྱ་ཆེར་འགྲེལ་རྒྱུན་དུ་གཟིགས་ནས་སོ་ཐར་གྱི་ལག་ལེན་གང་ཞིབ་མཛད་པ་མངོན་སུམ་གྱིས་གྲུབ་སྟེ་མཁས་པའི་ཡིད་འཕྲོག་པའི་རྣམ་པར་ཐར་བའོ།

           ཞལ་ནས་འདུལ་ཁྲིམས་གཙང་མ་བསྲུང་པ་འདི་དགྲ་བཅོམ་འཐོབ་བྱེད་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཡིན་པས་འདུལ་ཁྲིམས་རྣམ་དག་བསྲུངས་ན་ཚེ་འདིར་དགྲ་བཅོམ་ཐོབ་པ་ལ་ཐེ་ཚོམ་མི་དགོས་ཞེས་ནན་ཏན་འདོམས་པ་དང་འདུལ་བ་འདི་ལས་ལྷག་པའི་བླ་མ་བསྟེན་རྒྱུ་མི་རྙེད་པས་ཁྱེད་ཚོས་འདི་ལ་འཆང་ནས་སྡོད་ཨང་ཞེས་ཡང་ཡང་གསུངས་པ་ལན་མང་དུ་ཐོས། ང་ལྔ་པ་མེ་འབྲུག་ལ་རྡོ་རྗེ་འཛིན་པ་འཇམ་དབྱངས་གྲགས་པ་དུས་འཁོར་གྱི་ཁྲིར་བསྐོས་སྐབས། དགོན་པའི་དཔོན་སློབ་ཁྲི་གདན་ཟུར་གྱིས་གཙོས་གྲྭ་རྒན་ཞིབ་འཚོགས་ཀྱི་ཚོགས་འདུ་རྒྱས་པ་ནས་ཁ་གྱ་དར་རྒྱས་ལྟ་བུའི་དགེ་བཤེས་ད་ལྟ་དགོན་པ་རང་ལ་མེད་པས་ད་རེས་ཅིས་ཀྱང་རྡོ་རྗེ་འཛིན་པར་བསྐོ་དགོས་ཟེར་བ་ལ། ཕྲན་ནས་ཁོང་ལ་ཐུགས་འདོད་མེད་ཅིང་དགེ་སྦྱོར་གྱི་བར་ཆད་དུ་མི་འགྲོ་པའི་ངེས་པ་མེད་ཚུལ་སོགས་གླེང་བར་ཀུན་གྱིས་མགྲིན་གཅིག་ཏུ། ཐུགས་འདོད་མེད་ཀྱང་རང་རེའི་ངོས་ནས་འདི་བར་ཆོས་ཀྱི་གདན་ས་ཞིག་མ་གཏད་ན་དེ་ལས་ངོ་ཚ་བ་མེད་ཚུལ་སོགས་དང་བཅས་འོས་ཐོ་གཅིག་འཐུས་ལྟ་བུར་ཕུལ་བར་བརྟེན། དུས་འཁོར་རྡོ་རྗེ་འཛིན་པར་བསྐོ་བཞག་དང་། ས་རྟ་ལོ་ཨེ་ཝཾ་ཆོས་འཁོར་གླིང་གི་ཁྲིར་ཕེབས། འདི་དུས་ཞལ་ནས། བདག་ལ་འདི་འདྲའི་གོ་ས་གནང་བ་ལ་དགའ་སྤྲོ་སྤུ་ཙམ་སྐྱེ་རྒྱུ་མི་འདུག་ཀྱང་ཧ་ཅང་དགོངས་པ་ཨུ་ཚུགས་ཀྱིས་ཞུས་ན་ངོ་ཤེས་ཁྱི་གུ་སྟག་ལ་ཟུག་པའི་དཔེར་འགྲོ་བས་ནན་ཆེར་མ་བྱས། ཡིན་ཀྱང་དུས་ཀྱི་འཁོར་ལོའི་གཞུང་ལ་བག་ཆགས་འཇོག་རྒྱུ་བྱུང་བ་སྐལ་བ་བཟང་བས། སྙིང་བོ་ཅི་ལོན་ཅིག་བྱེད་དགོས་གསུངས་ནས། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་ཆོ་ག་འཕྲལ་དུ་ཐུགས་འཛིན་དང་ལས་རུང་གི་བསྙེན་པ་ཡང་བཏང་། ཀུན་རིག་གི་ཡང་ཆོ་གའི་གདངས་ཕྱག་རྒྱ་དང་བཅས་པ་ཞིབ་ཏུ་བསླབས་ནས་ལས་རུང་གི་བསྙེན་པ་གནང་ཞིང་འགྲེལ་ཆེན་དྲི་མེད་འོད་དང་ཊཱིཀ་ཆེན་དེ་ཉིད་སྣང་བ་སོགས་གཞུང་མང་པོ་ལ་ཞིབ་གཟིགས་དང་དཔྱད་པ་རྒྱུན་དུ་མཛད་པ་གཞིར་བཟུང་ནས་བཤད་སྒྲུབ་ཀྱི་བྱ་བ་དབྱར་མཚོ་ལྟར་སྤེལ། གཞི་ནས་དུས་རྒྱུན་དུ་གསུང་རབ་ཀྱི་དོན་ལ་དཔྱད་པ་མཛད་ཀྱིན་བཞུགས་པ་མ་གཏོགས། རྣམ་གཡེང་དང་སྙོམས་ལས་ཀྱི་དབང་དུ་སོང་བའི་བག་ཡངས་ཅུང་ཟད་ཀྱང་མི་མཛད་པ་ནི་ཀུན་ལ་མཐུན་གྲུབ་ཡིན་ཏེ་དྲན་ཤེས་ཀྱི་ར་བ་ལས་མི་འདའ་བར་བརྩོན་འགྲུས་དང་ཤེས་རབ་ཟུང་དུ་འཇུག་པའི་སྒོ་ནས་རྣམ་གྲོལ་དོན་དུ་གཉེར་བའི་རྣམ་ཐར་བླ་ན་མེད་པའོ། །ངོ་མཚར་བའི་ལོ་རྒྱུས་གཞན་ཡང་ཞིབ་ཏུ་བྲི་བར་སྤོབས་ན་ཡང་སྙིགས་མ་ལྔ་བདོའི་འགྲོ་བ་ལ་གཟུ་བོར་གནས་པ་ཆེས་ཤིན་ཏུ་དཀོན་པས་བསྙོན་དུ་མེད་པའི་རྣམ་པར་ཐར་བ་ཉུང་ཤས་ཤིག་བྲིས་པའོ། །སྨྲས་པ། །ཇི་ལྟར་མཁའ་ལ་རྒྱུ་སྐར་གྲངས་མང་ཡང་། །མཚན་མོའི་མགོན་དང་བྲལ་ཚེ་མཛེས་མ་ཡིན། །དེ་བཞིན་དགེ་བའི་བཤེས་ཀྱིས་མ་ཟིན་ན། །ཞི་དུལ་སློབ་མའི་ཚོགས་ཀྱང་ག་ལ་མཛེས། །ཇི་ལྟར་ལེགས་བྲིས་ཚོགས་ཀྱིས་འཆི་མེད་དབང་། །མདུན་དུ་བདར་བས་ཆོས་བཟང་འདུན་ས་བརྗིད། །མང་ཐོས་དུས་སུ་འདོམས་པའི་སློབ་དཔོན་གཙོ། །སློབ་མའི་འཁོར་གྱིས་བསྐོར་བས་ཆོས་གྲྭ་བརྗིད། །དགེ་བའི་བཤེས་ཀྱིས་ཟིན་པའི་སློབ་མའི་ཚོགས། །གྲུ་ཆེན་ཞུགས་པའི་ཚོང་བ་ཇི་བཞིན་དུ། །སྙོམས་ལས་མ་བྱེད་སྲིད་མཚོའི་ཕ་རོལ་བགྲོད། །ངེས་ལེགས་ནོར་བུས་འགྲོ་ཀུན་ཚིམ་པརམཛོད། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

        དྲ་བའི་སྦྲེལ་ཐགhttp://www.tb1025


བརྒྱུད་འགོད།