བླ་བྲང་ཨེ་ཝཾ་ཆོས་འཁོར་གླིང་གི་གདན་རབས་བརྒྱད་པ་རྗེ་ངག་དབང་དོན་གྲུབ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-05 17:29:13     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན    ཀློག་ཐེངས།  

                 གདན་རབས་བརྒྱད་པ་ངེས་པ་དོན་གྱི་དགེ་བཤེས་ཆེན་པོ་ངག་དབང་དོན་གྲུབ་པ་ནི།ཀླུ་ཤོད་ཀྱི་ཡུལ་དུ་མ་ཁ་ཞེས་པའི་རུས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ལ་འཁྲུངས། སྐུ་ན་ཕྲ་བའི་དུས་སུ་མ་ཕྱག་སྐོར་ལ་འོང་བའི་གཡོག་གི་ཆེད་དུ་བཀྲ་ཤིས་འཁྱིལ་དུ་བྱོན། སྡེ་ཁྲི་རིན་པོ་ཆེར་མཇལ་བས། ཁྱོད་ཆོས་གྲྭར་བསྡད་ན་ལེགས་པས་ཅིས་ཀྱང་སྡོད་དགོས་གསུངས་པར་མདུན་དེར་ལགས་སོ་ཞུས་ཀྱང་ཕ་མས་ཆོས་གྲྭར་བཞག་མི་ཡོང་བས་རྫུན་དུ་འགྲོ་སྙམ་ནས་འགྱོད་པ་ཆེན་པོ་བྱས་ཞེས་ཞལ་ནས་གསུངས་ཏེ། བདེན་པ་སྨྲ་བ་ལ་གོམས་པའི་འབྲས་རྟགས་སུ་སྣང་། ཡུལ་མིས་བར་ཆད་མ་བྱས་པར་ཆོས་གྲྭར་ཞུགས་ནས་ཁྲི་ཆེན་ངག་དབང་བསྟན་འཛིན་པའི་དྲུང་དུ་བསྡུས་གྲྭའི་ཚིག་བཞག་ཐོག་མར་མནོས། གཡེང་བ་ཅུང་ཟད་ཀྱང་མེད་པར་སློབ་གཉེར་ལ་གཅིག་དྲིལ་མཛད་པས། རྣམ་དཔྱོད་ཐོགས་པ་མེད་པའི་སྙན་གྲགས་དཔྱོད་ལྡན་ཡོངས་ཀྱི་ཁ་ལ་རི་མོར་བྲིས་པ་ལྟ་བུ་བྱུང་ཞིང་། རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་ཀྱང་གནང་། གྲྭ་ཚང་ཐོས་བསམ་གླིང་གི་དགེ་བསྐོས་མཛད་སྐབས་ཁྲི་རིན་པོ་ཆེ་བསོད་ནམས་དབང་རྒྱལ་བ་དང་ཁོང་རྣམ་གཉིས་དགོངས་པ་ཆིག་དྲིལ་གྱིས་སྐྱབས་མགོན་རྡོ་རྗེ་འཆང་ལ་ཞུ་བ་ཕུལ་བ་ལྟར་ཐོས་བསམ་གླིང་ལ་བཅའ་ཁྲིམས་ཀྱི་ཡི་གེ་བསྩལ་བ་དང་། བླ་མ་གཞུང་ལས་པ་མཛད་སྐབས་སུ་ཡང་སྐྱབས་མགོན་རིན་པོ་ཆེར་གླིང་བསྲེ་དང་། རིགས་གྲྭ་སོགས་ཀྱི་འགྲིག་ལམ་ལ་དག་ཐེར་གྱི་སྙན་བསྐུལ་ཞུས་པར་བརྟེན།

དེ་དག་སོ་སོའི་ཡི་གེ་བཞག་པ་སོགས་གང་ཅིར་ཕན་སྒོ་ཆེར་མཛད། ལར་འདི་དུས་སྐྱབས་མགོན་རྡོ་རྗེ་འཆང་གི་བཀའ་ལྟར་དགེ་བཤེས་གང་ཆེ་དུ་མ་ཚོགས་འདུའི་གྲས་སུ་བཞུགས་པ་དང་། སྐད་གྲྭ་བ་དང་འཛིན་གྲྭ་སོ་སོའི་དབྱངས་དཔོན་བྱེད་པ་སོགས་རྒྱ་གར་འཕགས་ཡུལ་ན་བྱ་བའམ་འདུན་མ་ཐམས་ཅད་ཀྱི་རྩ་བ་སྡེ་སྣོད་འཛིན་པ་ལ་རག་ལས་པར་གསུངས་པ་ཇི་ལྟ་བ་བཞིན་དུ་ཡོད་པས། བྱ་བཞག་ཐམས་ཅད་འདུལ་བ་དང་མཐུན་ཞིང་ལས་འབྲས་དཔང་དུ་འཇོག་པ་ཞིག་ཡིན་ཀྱང་། དུས་ཀྱི་དབང་གིས་ཞུམ་པོར་གནས་པ་ཙམ་ཆོས་སུ་རློམ་པ་མང་དུ་སོང་བ་ནི། བསྟན་པའི་དབུ་འཕང་མཐོ་བའི་རྐྱེན་དུ་འགྲོ་དཀའམ་སྙམ་མོ། །རྒྱུད་དུ་ཡང་ལོ་མང་བོར་ཕེབས་ཤིང་སྔགས་ཀྱི་དམ་བཅའ་བའི་ཐོག་མ་ཡིན་པ་ཡང་ལེགས་པར་ཐོན། སྐྱབས་མགོན་མཆོག་གི་བཀའ་ལྟར་ཐོར་གོད་དཀོན་མཆོག་ཇ་སག་གི་བླ་མ་རྒྱུན་རིང་མཛད་སྐབས་ཀྱང་དོན་མེད་ཆོས་བརྒྱད་ཀྱི་འཁོར་ལོ་རྒྱང་རིང་དུ་སྤངས་ཏེ་གནས་དབེན་པ་རེར་རྒྱུན་མཚམས་ལྟ་བུ་མཛད་དེ། བཀའ་བསྟན་འགྱུར་གཉིས་ཚར་ཁ་ཤས་ལྗགས་ཀློག་མཛད་པ་སོགས་དལ་འབྱོར་དོན་ལྡན་གྱི་མཛད་པ་བཟང་པོས་དུས་འདའ་བར་མཛད། དགོན་པར་སྔ་ཕྱིར་མང་འགྱེད་དང་། གྲྭ་ཚང་ཐོས་བསམ་གླིང་ལ་རྒྱུན་ཕོགས་ཀྱི་ཐེབས་སུ་ལན་འདུ་ལྔ་བཅུ་སྦྱོར་འཇག་མཛད། སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་གི་གྲྭ་ཁང་གསར་རྒྱག་གི་ངོས་ཤིང་རྩི་ལོགས་རིས་སོགས་མཛེས་ཤིང་གྱ་ནོམ་པ་བསྒྲུབས་པ་སོགས་ཕྱག་རྗེས་རླབས་ཆེ་བ་བསྐྲུན། དེ་ནས་སྐྱབས་མགོན་མཆོག་ནས་གང་ཅིའི་བབ་འོས་ཡོད་ཚུལ་རྒྱུ་མཚན་དང་བཅས་ཨེ་ཝཾ་ཆོས་འཁོར་གླིང་གི་འཆད་ཉན་པར་བསྐོ་བཞག་མཛད། ལོ་བདུན་གྱི་རིང་ལ་དུས་ཀྱི་འཁོར་ལོ་དང་ངན་སོང་སྦྱོང་རྒྱུད་སོགས་གསང་སྔགས་གོང་འོག་གི་འཆད་ཉན་འགྲན་ཟླས་དབེན་པ་གནང་། གྲྭ་ཁང་སྔ་མ་སྒྲེས་སྐྱོན་ཆེ་བར་དགོངས་ཏེ་ཕྱག་རྫས་ཡོད་སྤྲུགས་བྱས་ནས་དགོས་ཆས་ཐམས་ཅད་བསྒྲིགས།

དོ་དམ་གྱི་ཁུར་ལེན་ཡང་རང་ཉིད་ཀྱིས་གནང་ནས་གྲྭ་ཁང་ཀ་བ་ཉི་ཤུ་མ་དྲི་གཙང་ཁང་དང་བཅས་པ་གསར་དུ་བསྐྲུན་ཏེ། དེ་ཡང་རྡོ་རྩིག་ངོས་སྙོམས་ཤིང་ཟུར་ལེགས་པར་དོད་པ།རྩིགས་༼རྩིག༽པའི་ངོས་ལ་ལེགས་པར་སྦྱངས་པའི་ཚོན་གྱིས་རིགས་ལྡན་གྱི་རྒྱལ་པོ་ཉེར་ལྔ་སོགས་མདོ་སྔགས་བརྒྱུད་པའི་བླ་མ་དང་། རྒྱུད་སྡེ་རབ་འབྱམས་ཀྱི་ལྷ་ཚོགས་བྱེ་བའི་སྣང་བརྙན་གོ་མཚམས་མེད་པར་བྲིས་པ་ནི་ཕྱོགས་བཅུའི་ལོངས་སྤྲུལ་གྱི་ཞིང་ཁམས་ས་ལ་འཕོས་པ་ལྟ་བུ། བྱང་ཕྱོཊ་ཤམ་ལྷ་ལ་ཡི་གྲོང་ཁྱེར་ཀ་ལ་༼ལཱི༽ཙཀྲའི་ཕོ་བྲང་མཆོག་གི་མཚན་ཉིད་ཡོངས་སུ་རྫོགས་པ་དང་། རིགས་ལྡན་གྲགས་པ་ཀླ་ཀློ་འཇོམས་པ་ལ་ཞུགས་པའི་བཀོད་པ་མཐོང་བ་ཙམ་གྱིས་རྒྱུད་རྒྱལ་གང་གི་བཤད་སྒྲུབ་ལ་སྤྲོ་བ་ངང་གིས་འཕེལ་བ། རྒྱལ་བ་ཉི་མ་སྟོང་གིས་མངོན་པར་བྱང་ཆུབ་པའི་གནས་ཆེན་འཕགས་ཡུལ་བཛྲ་ཨཱ་ས་ན་དང་། ཤྲཱི་ངྷྱ་ན་ཀ་ཊ་ཀ་སོགས་ཀྱི་བཀོད་པ་རི་མོར་བྲིས་པས་ཛམྦུ་བྲིཀྵས་མཛེས་པའི་ལྷོ་གླིང་གི་སྙིང་བོ་མཐའ་དག་ཡོངས་སུ་བསྡུས་པ་བཞིན་དུ་གང་གིས་མཐོང་བ་དེ་དག་དད་པའི་ས་ལ་འགོད་པ། ཀྭ་གདུང་བྲེ་གཞུ་སོགས་ཀྱང་ལྟའི་བཟོ་བོ་བི་ཤྭ་ཀརྨས་སྣ་ཚོགས་པའི་ཚོན་གྱིས་རི་མོ་ཅི་མཛེས་སུ་བྲིས་པ་ལྟ་བུར་མིག་དང་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སྟེ་ཀྱེ་མ་འདི་ནི་སྒྱུ་མ་མཁན་བཟང་པོས་གློ་བུར་དུ་སྤྲུལ་པའོ་སྙམ་བྱེད་པ། ཕྱི་ནང་གི་རི་མོ་ཐམས་ཅད་ལེགས་པར་སྦྱངས་པ། ལེགས་པར་བཏུལ་བ། ལྷག་པར་གསལ་བའི་གསེར་བཟང་པོའི་རི་མོ་འགྲོ་གང་ཆེ་འབའ་ཞིག་ཏུ་བྲིས་པས་ཤིང་རྩི་ལོགས་རིས་མཐའ་དག་འོད་དུ་འབར་ཞིང་ཉི་ཟླའི་དཔལ་གྱི་མཛེས་པ་ཡང་ཟིལ་གྱིས་གནོན་པ། སྟེང་གི་མཐོང་ཁ་༼མཐོངས་ཀ༽ཐམས་ཅད་ཀྱང་གོས་བཟང་པོ་འབའ་ཞིག་ལས་བསྒྲུབས་པའི་བླ་རེ་རྣམ་པར་བཀྲ་བས་དྭངས་པའི་ནམ་མཁའ་འཇའ་ཚོན་གྱིས་ཁྱབ་པ་ལྟ་བུར་མཛེས་པ་སོགས་རྣམ་པར་རྒྱལ་བའི་ཁང་བཟང་མཆོག་ལ་འགྲན་པར་བཟོད་པ། ཕྱི་དང་ནང་གི་དབྱིབས་དང་བཀོད་པའི་ཁྱད་པར་ཐམས་ཅད་མིག་ལ་མཛེས་པ། ཡིད་དུ་འོང་བ། ལྟ་ན་སྡུག་པ། ཡིད་དུ་འཐད་པའི་གཙུག་ལག་ཁང་རྨད་དུ་བྱུང་བ་འདི་ཉིད་གསར་བཞེངས་མཛད། དེ་ནས་དཀོན་མཆོག་ཇ་སག་འབངས་དང་བཅས་པས་ཡང་བསྐྱར་མཆོད་གནས་ཀྱི་བླ་མར་ཕེབས་དགོས་ཚུལ་ནན་ཅན་བྱུང་བའི་ངོ་མ་བཟློག་པར་རིབ་ཙམ་དེ་ཕྱོགས་སུ་འགྲོ་དོན་མཛད།སླར་ཡང་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་རང་དུ་ཐུགས་དམ་ཉམས་བཞེས་གཞན་འགྲན་བྲལ་བའི་སྒོ་ནས་བཞུགས་པ་འདི་ལགས་སོ།

        རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

        དྲ་བའི་སྦྲེལ་ཐགhttp://www.tb1025

 

བརྒྱུད་འགོད།