བླ་བྲང་ཨེ་ཝཾ་ཆོས་འཁོར་གླིང་གི་གདན་རབས་དྲུག་པ་རྗེ་དོན་ཡོད་ཚུལ་ཁྲིམས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-05 17:23:22     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

       གདན་རབས་དྲུག་པ་དཀའ་བཅུ་སྨྲ་བ་དོན་ཡོད་ཚུལ་ཁྲིམས་ནི་རབ་བྱུང་བཅུ་གཉིས་པའི་མེ་ལུག་ལ་བཀྲ་ཤིས་འཁྱིལ་དང་མི་རིང་བའི་གནམ་ལ་ཞེས་པའི་སར་འཁྲུངས། ཆུང་ངུའི་དུས་བཀྲ་ཤིས་འཁྱིལ་རྒྱུད་པ་གྲྭ་ཚང་དུ་ཞུགས། དེ་སྐབས་སྨྲ་དབང་འགྲན་ཟླ་མེད་པ་འབེབ་སྟན་འཛིན་རྒྱ་མཚོའི་ཞབས་ཕྱིར་སོག་ཡུལ་ཨ་རུ་ཧོར་ཆེན་དུ་ཕེཔས། བཤེས་གཉེན་པ་དེ་ཡུལ་དེར་སྐུ་གཤེགས་པའི་དགོངས་རྫོགས་སོགས་གར་ཅིར་ཞབས་ཏོག་འགྱུར་ངེས་མཛད། ཕྱག་རྫས་རྣམས་ཆུད་མི་འཛའ་བའི་ཕྲཔས་མཁས་མཛད་དེ་བཀྲ་ཤིས་འཁྱིལ་དུ་ཡང་མང་འགྱེད་གྱ་ནོམ་པ་བསྒྲུབས། དབས་གཙང་དུ་ཡང་རང་ཉིད་ཆེད་གཉེར་གྱིས་ཕེབས་ཏེ། ཆོས་སྡེ་སོ་སོར་བསྙེན་བཀུར་དང་། གོང་ས་རྒྱལ་བའི་དབང་པོ་ཡབ་སྲས་དང་། སྐྱབས་མགོན་མཆོག་ལ་ཡང་བསྔོ་རྟེན་སྤམ་མཐོ་བ་བསྟབས་ཏེ་གྲོགས་ཀྱི་མཆོག་ནི་མི་བསླུ་བའོ་ཞེས་པའི་སྒྲ་དོན་རང་སྟེང་དུ་བསྒྲུབས། དེར་ཡུལ་དབུས་བཀྲ་ཤིས་སྒོ་མང་དུ་ཅུང་ཟད་བཞུགས་ནས་སློབ་གཉེར་མཛད་ཅིང་། སླར་མདོ་སྨད་དུ་བྱོན་ནས་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་གྱི་འཕྲོ་སྐྱོང་པར་མཛད། ཆོས་སྲིད་གཉིས་ཀ་ལ་མཁྱེན་པ་རྒྱས་པའི་སྙན་པ་ཤིན་ཏུ་ཆེ་བ་ལྟར་འདི་ཀའི་ཐོས་བསམ་གླིང་ཟུར་དུ་ཕྱེ་བའི་གྲྭ་ཚང་དགེ་བསྐོས་ཀྱི་ཐོག་མ་དང་ཚོགས་ཆེན་ཞལ་ངོ་མཛད་སྐབས་སོགས་སྔ་ཕྱིར་གྲྭ་ཚང་སྤྱི་སྒེར་ལ་ཕན་སླེབ་ཆེ་བ་བྱུང་། དུས་འཁོར་རྡོ་རྗེ་འཛིན་པ་དང་དཔོན་སློབ་གཉིས་ལོ་བཅུ་ལྷག་མཛད་ཅིང་། དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་མཆོད་དང་། སྒྲ་དང་རྩིས་སོགས་རིག་གནས་ཀྱི་སློབ་རྒྱུནབཙུགས་པ་སོགས་གང་ཅིའི་ཕན་པ་རྒྱ་ཆེར་མཛད། དེ་ནས་མཛོད་དགེ་སྟོད་དུ་མཆོད་གནས་ཀྱི་བླ་མ་རྒྱུན་མི་རིངཙམ་མཛད་དེ། ད་ལྟ་དགོན་གནས་རང་དུ་ཐུགས་དམ་གོང་འཕེལ་གྱི་མུར་བཞུགས་སོ།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

        དྲ་བའི་སྦྲེལ་ཐགhttp://www.tb1025


 

བརྒྱུད་འགོད།