བླ་བྲང་ཨེ་ཝཾ་ཆོས་འཁོར་གླིང་གི་གདན་རབས་བཞི་བ་རྗེ་བློ་བཟང་རིན་ཆེན།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-05 16:52:12     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

                 གདན་རབས་བཞི་བ་རིགས་པའི་དབང་ཕྱུག་འགྲན་ཟླ་མེད་པ་བློ་བཟང་རིན་ཆེན་ནི། ཁྲི་ཆེན་དོན་གྲུབ་རྒྱ་མཚོ་གང་དུ་འཁྲུངས་པའི་རིགས་རུས་གོང་གསལ་དེ་ཉིད་དུ་རབ་བྱུང་བཅུ་གཉིས་པའི་ས་ཕག་ལ་འཁྲུངས། ཆུང་ངུའི་དུས་ནས་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་འཛིན་གྲྭའི་སྐྱོར་དཔོན་མཛད། ཉིན་གཅིག་རྩེད་མོར་ཕྱིན་ཏེ་ཆོས་གྲྭར་ལུས་སོང་བས་ཁྲི་རིན་པོ་ཆེས་བཀའ་བཀྱོན་གྱི་ཚུལ་དུ་བརྩི་བཞག་ཉིས་འགྱུར་དུ་གནང་བ་ཆད་ལྷག་མེད་པར་བསྐྱོར་བས་ཐུགས་དགྱེས་ཏེ་ཁོ་ལ་རྣོ་འབུག་འདྲ་བ་ཞིག་ཡོང་བ་འདུག་གསུངས་པས་སྐྱོར་དཔོན་རྣོ་འབུག་ཅེས་གྲགས། ཁྲི་རིན་པོ་ཆེ་དེ་ཉིད་ཀྱི་དྲུང་དུ་བསྡུས་གྲྭ་དང་བློ་རྟགས་གྲུབ་དབང་སྡེ་ཁྲི་རིན་པོ་ཆེར་དབུ་ཕར། ཁྲི་ཆེན་ངག་དབང་བསྟན་འཛིན་ལ་འདུལ་མཛོད་གསན་ནས་ལེགས་པར་སྦྱངས་པས་རྩོད་པ་ལ་འགྲན་ཟླ་མེད་པའི་སྙན་གྲགས་ཀྱི་རོལ་མོ་རྣ་བའི་བཅུད་ལེན་དུ་འབར་བ་བྱུང་

སྐྱབས་མགོན་མཆོག་གི་མཚན་ཉིད་ཞབས་ཕྱི་བ་ཡང་མཛད་ཅིང་། སྐུ་ཡོན་ལ་ཐུགས་ཁེངས་པའི་བསྔགས་བརྗོད་རྒྱ་ཆེར་མཛད་པ་ཐོས།རྣམ་དཔྱོད་ཀྱི་རྩལ་བསམ་གྱིས་མི་ཁྱབ་པས་སྒྲ་དང་སྙན་ངག་སོགས་ལ་བསླབ་སྦྱངས་ཆེར་མ་བྱས་ཀྱང་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད་པ་ཞིག་ཡོད་པས་རིག་གནས་སྨྲ་བའི་སྙན་གྲགས་རྒྱས་ཤིང་ཐ་སྙད་མཁན་པོ་རྣམས་ང་རྒྱལ་གྱི་རི་བོ་ཉིལ་བར་མཛད། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་བ། བསླབ་བྱ་མུ་ཐི་ལའི་འཁྲི་ཤིང་གི་འགྲེལ་བ་ཤེས་རབ་པདྨོ་རྒྱས་པའི་ཉིན་བྱེད། མཚན་ཉིད་པའི་བསྟོད་པ་རྒྱས་བསྡུས་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་རྩོམ་པ་མང་དུ་སྤེལ་སྣང་། ཟུང་ཆུ་ངག་དབང་བརྒྱག་པ་མ་ཞེས་སྒོ་མང་གྲྭ་ཚང་ན་རིགས་སྨྲའི་མཆོག་ཏུ་འཛིན་པ་དེ་གདན་ས་འདི་ཉིད་དུ་རྩོད་པས་ཕམ་པར་མཛད་ཅིང་། སྐུ་འབུམ་དགོན་ལུང་སོཊ་ཕྱོགས་དུ་མར་ཕྱི་རྒོལ་གྱི་སྤོབས་པ་རྨེག་མེད་དུ་བཅོམ་པའི་ལོ་རྒྱུས་ཤིན་ཏུ་མང་ན་ཡང་། རང་བཞིན་གྱིས་ལྷན་སྐྱེས་སུ་འགྲོགས་པ་ལྟ་བུའི་ཡོན་ཏན་དུ་སོང་བས་བྲི་བའི་རྔོ་མ་ཐོགས། སྤྱིར་མདོ་རྒྱུད་རིག་གནས་ཐམས་ཅད་ལ་ཤིན་ཏུ་མཁས་ཀྱང་ཐུགས་ཀྱི་བྱིངས་དེ་མཚན་ཉིད་ལ་ཤིན་ཏུ་དགྱེས་ཤིང་ཞལ་ནས་ཀྱང་། མཚན་ཉིད་ཀྱི་དགེ་བཤེས་རྣམས་ཀྱིས་རྒྱ་མཚོ་ཆེན་པོ་ནས་ཆུ་འབབ་པ་ལྟར་དོན་རེ་རེ་ལ་ཕྱོགས་ཕྱོགས་ནས་རིགས་པ་མི་འདྲ་བ་བརྒྱ་ཕྲག་གིས་དཔྱད་པ་མཛད་པ་ལ་ཉན་ན་འདི་ལས་ལྷག་པའི་བསྟན་པ་འཛིན་ལུགས་ཅི་ཡོད་སྙམ་དུ་རང་དབང་མེད་པར་དད་པ་འཕེལ་བ་ཞིག་འདུག་ཅེས་དང་། མཚན་ཉིད་ཀྱི་རིགས་ལམ་རང་ཉིད་ཀྱིས་དངོས་སུ་མ་བརྩད་ཀྱང་། རྩོད་པ་ལ་རྣ་བས་ཉན་པ་ཙམ་གྱིས་ལོག་རྟོག་མང་པོ་རང་ཤུགས་ཀྱིས་འགགས་འགྲོ་བས་རྨོངས་པའི་མུན་པ་སེལ་བ་དང་། བསྟན་པ་ཡུན་རིང་དུ་གནས་པ་ལ་མཚན་ཉིད་ཀྱི་སློབ་གཉེར་འདི་མེད་མི་རུང་ཡིན་ཞེས་གསུངས་ཏེ་བསྟན་པའི་གནད་མཁྱེན་པའི་གསུང་དུ་སྣང་ངོ་།

།དེང་སང་བསྟན་འཛིན་དུ་ཁས་འཆེ་བ་མང་པོས་བསྟན་པ་འཛིན་མི་འཛིན་ནི་གོ་ས་མཐོ་དམན་དང་། སྟོབས་འབྱོར་ཆེ་ཆུང་དང་། གྲྭ་བའི་མང་ཉུང་སོགས་ཀྱིས་འཇོག་པར་དགོངས་ཚོད་དུ་འདུག་སྟེ། དེ་དག་གིས་ནི་ཇི་སྐད་དུ་ཀུན་མཁྱེན་གཉིས་པ་དབྱིག་གི་གཉེན་པོས།སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པའི་ཁོ་ནའི་སྒྲའི་རྣམ་བཅད་རང་གིས་མི་ཤེས་ཀྱང་གཞན་ལ་དྲིས་ན་ལེགས་སོ། །ལུང་རིགས་སེངྒེའི་ང་རོ་བསྒྲགས་པས་རབ་འབྱམས་སྨྲ་བའི་མཚན་སྙན་ངེས་པ་དོན་ལྡན་དུ་འགྲོ་བའི་རྡོ་བཅལ་གྲྭ་སྐོར་ཀྱང་མཛད། རྒྱུད་པ་གྲྭ་ཚང་ལ་ཕེབས་ཏེ་གསང་སྔགས་ལ་སྦྱངས་པ་མཛད་པས་ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་ཆེན་པོར་གྱུར།ཁྲི་གུང་ཐང་བ་རྗེ་ངག་བསྟན་པའི་རྒྱལ་མཚན་པས་ཐུགས་དགྱེས་པ་ཆེ་ཞིང་། སློབ་མའི་དྲག་ཤོས་ཡིན་པས་མཆོག་སྤྲུལ་དཀོན་མཆོག་བསྟན་པའི་སྒྲོན་མེའི་ཡོངས་འཛིན་ཀྱང་མཛད། ལོ་བཅུའ་རིང་དུས་འཁོར་རྡོ་རྗེ་འཛིན་པ་དང་དཔོན་སློབ་རིམ་བཞིན་ལ་འགྲིག་འགལ་རྒྱུན་དུ་བྱེད་མཁན་གྱི་རྩིང་བོ་ཁ་ཤས་ཡོད་པ་འཕྲལ་དུ་གནས་དབྱུང་སོགས་གང་ལ་གང་འོས་ཀྱིས་སྒོ་ནས་ཚར་བཅད་ཅིང་། བསླབ་སྦྱངས་ཚུལ་བཞིན་དུ་བྱེད་མཁན་རྣམས་ལ་ལེགས་སོའི་གཟེངས་བསྟོད་སོགས་ཀྱིས་ཚིམ་པར་མཛད། འགྲིག་ལམ་ལ་དག་ཐེར་ནན་ཅན་མཛད་པས་གྲྭ་ཚང་འདིའི་འགྲིག་ལམ་ཕྱག་ལེན་མཐའ་དག་མིག་ལ་མཛེས་པ། རྣ་བར་སྙན་པ། ཡིད་དང་བ་འདྲེན་པ་འདི་ཉིད་བླ་མ་འདིའི་བཀའ་དྲིན་ལས་བྱུང་བར་བསྙོན་དུ་མེད་ལ། དད་རྫས་ཕྱག་ཏུ་གང་བྱུང་ཆུད་མི་འཇའ་བར་ཕྱག་ཚགས་དམ་པོ་མཛད་ནས་དགེ་འདུན་གྱི་ཞལ་དུ་འགྲོ་ངེས་གནང་སྟེ་ཕུ་ཆུང་བའི་རྗེས་སུ་འཇུག གང་ཅིའི་ཕྱག་རྫས་ཀྱི་དོ་དམ་རལ་ཉིད་ཀྱིས་མཛད་ཅིང་། ཉེ་འབྲེལ་སོགས་སུ་གང་གི་དབང་དུ་ཡང་མི་གཏོང་བས་དགེ་འདུན་གྱི་གཏོང་སྒོ་སོགས་ལ་བར་ཆད་བྱེད་མཁན་མེད་པ་ནི་ཡུལ་ཤི་པི་པའི་རྒྱལ་པོའི་སྐྱེས་རབས་ལས། རྒྱལ་པོ་དེ་ནི་ནོར་ལ་དབང་ཡོད་ཕྱིར། །ཕོངས་པ་རྣམས་ནི་འདོད་པའི་དོན་འགྲུབ་པས། ངོ་འཛུམ་མི་གནག་བཞིན་བཟང་མཐོང་བས་དགའ། །ཞེས་གསུངས་པ་ལྟར་རོ། །དམུ་དགེའི་དགོན་དུ་ཡང་སྐྱབས་མགོན་མཆོག་གི་བཀའ་ལྟར་རྒྱུད་ཀྱི་འཆད་ཉན་ཡུན་རིང་མཛད་ཅིང་། དེ་ནས་ཟུར་བཞུགས་མཛད་པ་ནས་བཟུང་སྟེ་གནས་མཆོག་བཀྲ་ཤིས་འཁྱིལ་དུ་ཐུགས་དམ་ཟབ་མོའི་ཉམས་བཞེས་ཉིན་མཚན་ཁོར་མོ་ཡུག་ཏུ་མཛད་པ་ལས།དགུང་ལོ་དོན་ལྔ་བ་ཆུ་གླང་གི་ལོ་ཞི་བར་གཤེགས་སོ།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

        དྲ་བའི་སྦྲེལ་ཐགhttp://www.tb1025 



བརྒྱུད་འགོད།