བླ་བྲང་ཨེ་ཝཾ་ཆོས་འཁོར་གླིང་གི་གདན་རབས་གཉིས་པ་རྗེ་བློ་བཟང་བཀྲ་ཤིས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-05 16:20:03     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

                   གདན་རབས་གཉིས་པ་གསང་སྔགས་ཀྱི་ལྗོན་པ་ཆེན་པོ་བློ་བཟང་བཀྲ་ཤིས་པ་ནི་ཁམས་ཤོ་བ་མདོ་ཞེས་པའི་སའི་ཆར་རབ་བྱུང་བཅུ་གཉིས་པའི་ས་གླང་ལོ་སྐུ་འཁྲུངས།ཡུལ་དབུས་རྒྱུད་སྟོད་གྲྭ་ཚང་དུ་རྒྱུད་སྡེ་བཞིའི་ཆོ་ག་ཕྱག་ལེན་ཐམས་ཅད་ལ་ཞིབ་པར་སྦྱངས་ཤིང་། ཁྲི་ཆེན་ནམ་མཁའ་བཟང་སོགས་མཁས་གྲུབ་དུ་མའི་ཞབས་པད་བསྟེན་ཏེ་མན་ངག་གི་བདུད་རྩི་མང་དུ་མནོས་པ་སོགས་ཀྱིས་ལྷོ་བ་སྔགས་རམས་པ་ཞེས་གསང་སྔགས་ལ་མཁས་པའི་སྙན་པ་དབྱར་གྱི་རྔ་གསང་ལྡིར་བ་བཞིན་དུ་བྱུང་།

 དགུང་ལོ་ལྔ་བཅུ་ཨར་སྐྱབས་མགོན་རྡོ་རྗེ་འཆང་གི་བཀས་མདོ་སྨད་བཀྲ་ཤིས་འཁྱིལ་དུ་བྱོན། སྐྱབས་མགོན་མཆོག་ནས་གྲྭ་ཚང་འདི་ཉིད་ཀྱི་འཆད་ཉན་གནང་བའི་རིང་ལ་རྡོ་རྗེ་འཛིན་པ་དང་། དེ་ནས་ལོ་ལྔའི་རིང་ལ་དུས་འཁོར་གྲྭ་ཚང་གི་གདན་ས་བ་མཛད་དེ། ཆོ་གའི་ངག་འདོན།དབྱངས་རྟ་འདུར།ཐིག་བཅའ་བཟོ་སོགས་དམ་པ་གོང་མའི་ཕྱག་བཞེས་མ་ཉམས་པ་རྒྱུད་སྡེའི་དགོངས་པ་དང་མཐུན་པར་གསར་འཛུགས་མཛདཕྱག་ལེན་ལ་ཤིན་ཏུ་མཁས་པས་སྐྱབས་མགོན་རྡོ་རྗེ་འཆང་ནས་ཀྱང་བསྔགས་བརྗོད་ཆེན་པོ་མཛད། ཐུགས་ཤིན་ཏུ་ཞིབ་པས་ཐ་ན་ཞལ་ཟས་ལ་མར་ཁུ་བྱུག་རྒྱུ་ཙམ་ཡང་རྩིང་ཆོས་ལ་ཐུགས་མི་དགྱེས་པ་གནང་བས། ཐིག་རྡུལ་ཚོན་གཏོར་མའི་བཅའ་བཟོ་རོལ་མོ་རྡུང་ལུགས་སོགས་གང་ཅིར་ཕྲ་ཞིབ་དག་ཐེར་དུ་འགྲོ་བའི་ཕན་པ་ཆེན་པོ་བྱུང་།

ཁྲི་ཟུར་བཞུགས་མཛད་པ་ནས་བཟུང་སྟེ་བཀྲ་ཤིས་འཁྱིལ་རང་དུ་ཐུགས་དམ་ཉམས་བཞེས་ཆིག་དྲིལ་མཛད་ཅིང་། དགུང་ལོ་དོན་ལྔ་བ་ཆུ་ཡོས་ལོ་ཞི་བར་གཤེགས་ཏེ་གདུང་ཞུགས་འབུལ་གྱི་ཉིན་སྐར་ལན་གསུམ་བཟུང་ཡང་ཐུགས་དམ་མ་གྲོལ། རྗེས་མའི་སྐབས་སང་ཞུགས་འབུལ་གྱི་དོ་ནུབ་ཐུགས་དམ་གྲོལ་རྒྱུའི་སྙན་གསན་ཕུལ་ནས་ཇ་ཕོར་གང་འཐུང་བའི་ཚོད་ཙམ་ན་སྐུ་གདུང་ཡོ་ཞིང་སྦྲང་མ་འཁོར་བ་དང་། ཤངས་བུག་ནས་བྱང་སེམས་བབས་པ་སོགས་ཐུགས་དམ་གྱི་འབྲས་རྟགས་མངོན་དུ་གྱུར་ཏོ།

                        རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

   གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

         དྲ་བའི་སྦྲེལ་ཐགhttp://www.tb1025


 

བརྒྱུད་འགོད།