བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་ཉེར་གཅིག་པ་རྗེ་དཀོན་མཆོག་ལྷུན་གྲུབ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-05 16:05:46     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  


     ད་ལྟའི་ཁྲི་ཐོག་པ་དཀོན་མཆོག་ལྷུན་གྲུབ་པ་ནི། མཛོད་དགེ་སྦོ་ཚང་གི་ས་ཆར་སྐུ་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང་སྟེ་བསྟན་པའི་སྒོར་བཞུགས། བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་མཛད་པའི་རིགས་པ་སྨྲ་བའི་གྲཊ་པ་ཐོབ་ཅིང་། རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་ཀྱང་མཛད། རྒྱུད་དུ་ཡང་ལོ་ཁ་ཤས་ཕེབས་ཏེ་སྔགས་ཀྱི་དམ་བཅའ་ཡང་ཐོན། གདུང་རུ་ས་གཅིག་པའི་བླ་མ་གོང་མ་རྣམས་ཆོས་འཁོར་གྱི་ས་ཆར་མཆོད་གནས་སྟར་ཆགས་ཀྱི་བླ་མར་སོང་བའི་རྒྱུན་བསྐྱངས་ཏེ་དེ་ཕྱོགས་སུ་འཕྲིན་ལས་ཆེར་རྒྱས། གྲྭ་ཚང་ཐོས་བསམ་གླིང་གི་དགེ་བསྐོས་དང་ཚོགས་ཆེན་ཞལ་ངོ་སོགས་བྱས་སྐབས་སྐྱབས་མགོན་མཆོག་གི་ཐུགས་ཟིན་ངེས་བྱུང་ཞིང་། གཙོས་རྒྱ་མཁར་དགོན་གྱི་ཁྲིར་ཡང་ཕེབས།ཁོང་རྒྱུད་ཀྱི་བླ་མ་དབུ་མཛད་གནང་སྐབས་ཕྲན་གྱིས་རྒྱུད་པ་བླ་མ་བྱེད་དགོས་བྱུང་བར་འགྲེལ་བ་དང་བརྩི་བཞག་ལོ་ལྟར་རྫོགས་དགོས་དང་། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་རིམ་ལྔ་གསལ་སྒྲོན་ཡང་ཚར་ཕུད་རེ་འགྲོ་དགོས་ཀྱི་རྟིང་བསྐུལ་དང་ཁུར་ལེན་ཡང་དག་པ་གནང་བས་འཆད་ཉན་དམར་བ་བྱུང་། ཆོས་འཁོར་དང་མཛོད་དགེ་ཕྱོགས་སུ་ཡང་ཡང་ཕེབས་དགོས་གཤིས་བླ་མ་དབུ་མཛད་པ་ཚོགས་ཆོས་གྲྭར་རྒྱུན་དུ་ཡོང་དགོས་པའི་རྒྱུད་ཀྱི་འགྲིག་ལམ་ལ་གནོད་གསུངས་ནས་བླ་བྲང་ལ་དགོངས་པ་ཞུས་པར། རྒྱུད་པའི་དགེ་རྒན་བཞི་སོགས་ནས་འདི་བ་གཞན་དང་མི་འདྲ་བས་ཚོགས་ཆོས་གྲྭ་ཆག་མེད་མ་ཐུབ་ཀྱང་ཆོག་པའི་དམིགས་བསལ་དང་བཅས་བླ་མ་དབུ་མཛད་ལ་བཞུགས་དགོས་ཞུས་པར་བརྟེན།ཕྱག་མཛོད་དར་ཧན་ཆོས་རྗེ་ནས་དེ་བཞིན་ཆོག་གསུངས་ནས་དམིགས་བསལ་གནང་བ་ཡིན་པས་རྗེས་མ་ཚོས་རང་གིས་རང་ལ་དམིགས་བསལ་མི་གནང་བ་གལ་ཆེའོ། །མེ་སྦྲུལ་ལ་རྒྱུད་ཀྱི་ཁྲིར་ཕེབས་ཤིང་།

སྔར་བླ་མ་དབུ་མཛད་ཀྱི་སྐབས་སུ་གྲྭ་ཁང་གི་དྲི་གཙང་ཁང་རྙིང་སྐྱོན་ཆེ་བར་དགོངས་ནས་རྩེ་གཞུང་དུ་གྲྭ་ཚང་གི་སུ་རུག་ཡོད་པའི་སྟེང་ནས་ཇ་ལན་དོས་བརྒྱ་དང་བཞི་བཅུ་བསྒྲིགས་ཏེ་ཟུར་དུ་བསྐོས་པའི་ལས་བྱེད་པ་གཉིས་ལ་གཏད་དེ་སྔ་མ་ཨར་ཆོག་བྱས་ནས་གསར་དུ་བཞེངས་པ་ལས་འདི་སྐབས་ཤིང་རྩི་ལོགས་རིས་རབ་གནས་དང་བཅས་པ་ལེགས་པར་གྲུབ། ཁོ་བོ་རྒྱུད་དུ་ཡོད་དུས་ཁོང་ནས་ཇི་ལྟར་གསུངས་པ་ལྟར་འགྲེལ་བ་བཞི་སྦྲགས་ཀྱི་ས་ཁུངས་རྒྱུགས་མ་སྤྲད་པར་ཊཱིཀྐ་ཆེ་བ་དང་།ནམ་མཁའ་གྲགས་ཀྱི་གསང་འདུས་བསྐྱེད་རིམ་རྒྱུགས་མ་སྤྲད་པར་ཊཱིཀྐ་ཆུང་ངུ་སོང་མི་ཆོག་པར་བྱས་པའི་རྒྱུན་མ་ཉམས་པར་བསྐྱངས་པས་དེང་སང་གི་བར་འདིར་འགྲེལ་བའི་ས་ཁུངས་ཀྱི་རྒྱུགས་སྤྲོད་མི་བདུན་ཅུ་རྩ་གྲངས་དང་བསྐྱེད་རིམ་གྱི་རྒྱུགས་སྤྲོད་མི་ཡང་དེ་སྙེད་ཅིག་བྱུང་བར་ཁོང་ཉིད་ཀྱིས་གསུངས་པས་ཕན་པ་ཆེ་བར་བྱུང་སྣང་། ཆོས་སྲིད་གཉིས་ཀ་ལ་མཁྱེན་པ་ཡངས་ཤིང་རྒྱ་ཆེ་བའི་གྲགས་པ་མངོན་པར་གསལ་བའི་ངང་ནས་ད་ལྟ་ཁྲི་ཐོག་ཏུ་ཞབས་པད་ལྷུན་ཆགས་པར་བཞུགས་སོ། །སྨྲས་པ། །དེང་དུས་ཆེན་པོ་ཕལ་ཆེར་དམ་པའི་མཚན་སྙན་རི་དྭགས་རྔ་མ་བསྟན་ཏེ་བོང་ཤ་བཙོང་བའི་ཚོང་དཔོན་ཉིད། །ལུང་རིགས་སྦྱངས་པའི་གྲགས་ལྡན་འགའ་ཡང་དབང་ལུང་རྗེས་གནང་བཤད་པའི་ཟོང་གིས་རང་གི་ལྷ་ཡང་བདུད་དུ་འབེབས། །དབེན་པར་གནས་པའི་རྒན་པོ་ལ་ལ་རང་གི་བཟླས་བརྗོད་དག་ཀྱང་བཙོང་སྟེ་ཙན་དན་སོལ་བར་ཅི་ཡང་བསྒྱུར། །དེ་དག་ཀུན་ཀྱང་ཁ་ཤ་ཞོ་སྙིང་བལ་མིག་དཔེ་ལྟར་གཞན་ཕན་ཟོལ་གྱིས་ཟང་ཟིང་ལྷུར་ལེན་དེ་ལྟ་ནའང་། །རྡོ་རྗེ་འཆང་དབང་ཏེ་ལོ་ནཱ་རོ་དང་། །མལ་མི་ཇོ་འབྲོམ་རྒྱལ་བ་གཉིས་པ་སོགས། །ཕ་མེས་ལུང་དང་རྟོགས་པའི་ཁྱད་ནོར་རྣམས། །འདི་སྣང་རྐུན་པོའི་ལག་ཏུ་མ་ཤོར་པར། །དམ་པའི་ཞབས་བསྟེན་དད་དང་དམ་ཚིག་གཙང་། །ཐོས་བསམ་བསྒོམ་པའི་བགོ་བསྐལ་དུས་སུ་མནོས། །བློ་དང་འཚམ་པར་གཞན་ཕན་འཆད་ཉན་སྤེལ། །འདི་དག་ངེས་པར་ཆོས་ཀྱི་ཁྲི་ལ་དབང་། །དུས་ཀྱི་ཐ་མར་གྱུར་ཀྱང་ཐུབ་པའི་བསྟན། །མདོ་སྔགས་ཆོས་ཚུལ་ཀུན་འཛིན་བཤེས་གཉེན་དག། །སྙིགས་མའི་ལྗོངས་འདིར་ཐུབ་དབང་གཉིས་པ་བཞིན། །རྫོགས་ལྡན་དགའ་སྟོན་གསར་བའི་བྱེད་པོ་ཉིད། །ཆོས་དང་བཤེས་གཉེན་དལ་འབྱོར་ཚངས་སྤྱོད་གྲོགས། །ཕུན་ཚོགས་བཞི་ལྡན་སྟོང་ལོག་མི་བྱེད་པར། །འཁོར་འདས་སྐྱོན་ཡོན་བསམ་སྟེ་ཉིན་དང་མཚན། །ཆོས་ཀྱིས་དོན་ལྡན་མཛོད་ཅིག་གྲོགས་པོ་དག། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

       །། རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

   གསལ་འདེབས།

         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

           དྲ་བའི་སྦྲེལ་ཐགhttp://www.tb1025


བརྒྱུད་འགོད།