བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་ཉི་ཤུ་བ་རྗེ་དཀོན་མཆོག་རྒྱལ་མཚན​།

ཡོང་ཁུངས།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     སྤེལ་དུས།  2020-07-05 15:56:17     རྩོམ་པ་པོ།   དགེ་ལུགས་པའི་དྲ་བ    ཀློག་ཐེངས།  


      གདན་རབས་ཉི་ཤུ་བ་ནི་ཆོས་བརྒྱད་ཀྱི་ཁོལ་པོ་བདག་ལགས་ཏེ། དེ་ཡང་དབལ་མང་བློ་བཟང་དོན་གྲུབ་པ་སྐུ་གཤེགས་ནས་ལོ་བརྒྱད་ཀྱི་རིང་ལ་སྤྲུལ་སྐུ་ཡིན་ཟེར་མཁན་ཞིག་མ་བྱུང་བར་བརྟེན། ཤིང་ལུག་ལོ་དབོན་པོ་ངག་དབང་དཔལ་ལྡན་དབུས་སུ་ཕྱིན་ནས་པཎ་ཆེན་ཐམས་ཅད་མཁྱེན་པར་གསོལ་བ་བཏབ་པའི་ངོར་བདེན་ཚིག་བསྩལ་བ་དང་། བླ་མ་དེའི་མཚན་གྱིས་སྐྱོབ་དགོས་པའི་ལས་སྨོན་གྱི་སྟོབས་ཀྱིས་ཤིང་སྤྲེལ་ལོར་བདག་གིས་དལ་འབྱོར་རྙེད་དེ། བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་བསང་གཞུང་དུ་ཚར་ཚ་ཞེས་པའི་རུས་སུ་སྐྱེས། སྐྱབས་མགོན་མཆོག་གི་བཀས་སྤྲུལ་སྐུར་ཐག་བཅད་པ་ལྟར་ལོ་དྲུག་གི་སྐབས་ཞལ་གྱི་དཀྱིལ་འཁོར་མཇལ་ཏེ་རབ་བྱུང་བསྒྲུབས་ཤིང་འཕྲལ་དུ་དབལ་མང་སྤྱིས་འདོད་མོས་ལྟར་སོག་ཡུལ་དུ་ཕྱིན། དགེ་སློང་བསམ་གཏན་སེངྒེ་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡིག་རིགས་བཀླག་ཐབས་སོགས་ལ་སྦྱངས་ཤིང་། ཚོགས་འདོན་གྱི་སྨོན་ལམ་ཆོས་སྤྱོད་ཀྱི་རིགས་རང་རང་གི་བར་རྟ་དང་བཅས་པ། བསྐང་གསོའི་སྐོར་དབྱངས་ཐུང་བར་རྟ་དང་བཅས་པ། རྒྱན་འཇུག་སོགས་ལོ་བརྒྱད་ལ་སླེབ་བར་དུ་བྱང་བ་བྱུང་། ལོ་ངོ་བཅུ་གཅིག་ལོན་པའི་ལྔ་མཆོད་ཀྱི་ཐོག་ཆོས་གྲྭར་ཞུགས་ཤིང་དགུན་ཆོས་སྐབས་སྨོན་ལམ་གྲྭ་སྐོར་བ་རྣམས་ལ་བགྲོ་གླེང་ཤར་ཤར་བྱེད་ཐུབ་པ་བྱུང་། ལོ་བཅུ་བཞི་བ་ལ་རྟགས་རིགས་ཀྱི་ཚོགས་གླེང་།

བཅུ་དྲུག་པ་ལ་ཞབས་དྲུང་གྲགས་རྒྱན་པ་དང་མཉམ་དུ་དྲང་ངེས་རྣམ་འབྱེད་ཀྱི་ཚོགས་གླེང་། བཅོ་བརྒྱད་པ་ལ་ཕར་ཕྱིན་སྟོན་མོའ ་ིགྲྭ་སྐོར་དང་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་སོགས་དགའ་རབ་བྱུང་། ཉི་ཤུ་ལ་མཛོད་དུ་སླེབས། ཉེར་གཅིག་ནས་སླར་ཡང་འཛིན་གྲྭ་གཤམ་དུ་བབས་ཏེ་དབུ་ཕར་བསྐྱར་རྩིས་དང་མཛོད་ལ་ལོ་གཅིག་ཙམ་རྩོད་པ་བྱས་ཏེ་ཉེར་བདུན་པ་ལ་དཀའ་རམས་འཛིན་གྲྭར་སླེབས། ཆོས་གྲྭ་འགྲིམ་དུས་ཆེ་ཚུགས་འཛིན་པ་འདི་ཡོན་ཏན་གྱི་གེགས་སུ་མཐོང་ནས་ཚོགས་ཆོས་གྲྭ་ཆག་མེད་དུ་འགྲིམས། གྲྭ་རྐྱང་དམན་པའི་ཚུགས་བཟུང་ཞིང་སྔ་ཕྱི་ཐམས་ཅད་དུ་འབྱོར་བ་ཨེ་སོག་གི་རེ་བ་མ་བྱས་པས། ཁེངས་དྲེགས་ཀྱི་སྡོང་བོ་ལ་ཆོས་བརྒྱད་ཀྱི་ལོ་འདབ་གཡུར་དུ་ཟ་བའི་བླ་ཆེན་མི་ཆེན་བྱིངས་ཀྱི་བློ་ལ་མི་འབབ་པ་བྱུང་མོད་ཀྱང་། རྗེ་མི་ལས། ཁྱོད་བུ་མོ་མཆོར་མོ་སྤུན་རྣམས་དང་། ང་གུང་ཐང་གི་མི་ལ་རས་པ་གཉིས། ཞེ་སང་ཕར་ཁྲེལ་ཚུར་ཁྲེལ་ཡིན།སྙིང་ཡང་ཕར་རྗེ་ཚུར་རྗེ་ཡིན། །ཞེས་གསུངས། དབུ་ཕར་མན་ཆད་ཀྱི་ཐལ་ཕྲེང་ཟུར་བཀོལ་དང་གྲུབ་མཐའ་ཆེན་མོ་འདུལ་མཛོད་ཀྱི་རྩ་བ་གཉིས་སོགས་གཤར་སྦྱངས་བྱང་བོ་བྱས་ཤིང་ཕལ་ཆེར་གྱི་རྒྱུགས་ཀྱང་ཕུལ། སྒྲ་སྙན་སྡེབ་སྦྱོར་རྩིས་དཀར་ནག་སོགས་ལ་ཕྱོགས་འགྲོ་ཙམ་སྦྱངས་ཀྱང་ཞིབ་ཏུ་བརྟགས་ན། བྱ་བ་མི་འདྲ་བརྒྱ་ཕྲག་རྩོམ། །མཐར་ཕྱིན་བྱ་བ་གཅིག་ཀྱང་མེད། །ཅེས་པ་ལྟར་སོང་བས་ཡི་མུག་སྐྱེ་བའི་རྒྱུར་སྣང་། ཉེར་དགུ་བ་ཆུ་བྱི་ལ་རྡོ་རམས་པའི་མིང་བཏགས་གཏད་བྱུང་བར། སྨོན་ལམ་གྱི་རྟེན་དུ་བསམས་ནས་ལོ་དེར་ཚོགས་ཆོས་གྲྭ་ཆག་མེད་དུ་འགྲིམས། གུང་ཐང་མཆོག་སྤྲུལ་རིན་པོ་ཆེས་ཆོས་གྲྭའི་གསུང་ཆོས་ལ་ལམ་རིམ་ཆུང་ངུ་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་སྐོར་རྫོགས་པར་གནང་བ་སང་ཆོས་ཐུན་གཅིག་ལ་ཆོས་གྲྭའི་རྗེས་མ་ཟིན་པ་མ་གཏོགས་མ་ཆག་པར་ཉན།རྒྱ་བོད་ཀྱི་ཡིག་ཆ་མང་པོར་དཔེ་ཀློག་རེ་བྱས་ཏེ་དོན་མ་གོ་རུང་བག་ཆགས་ཅི་ཐེབས་དང་བསྔོ་སྨོན་གྱི་མཚམས་སྦྱོར་ལ་འབད་པ་བྱས།

 ཆུ་གླང་ཟླ་བ་དང་པོའི་ཚེས་བཅོ་བརྒྱད་ནས་དམ་བཅའ་འཇོག་དགོས་པ་ཡིན་ཀྱང་ཚེས་བཅོ་ལྔའི་ཉིན་ཇུན་ཝང་ངག་དབང་དར་རྒྱས་ནས་རྒྱུད་པ་བླ་མར་བསྐོ་བཞག་བྱས་པ། རྡོ་རྗེ་འཆང་ཐུའུ་བཀྭན་རིན་པོ་ཆེའི་བཀའ་འགྱུར་གྱི་ལུང་སྤེལ་བར་སྐུ་འབུམ་དུ་འགྲོ་དགོས་ཚུལ་ཞུས་ཀྱང་ཟློག་མ་ནུས་པར་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་གི་ཉིན་ཁྲི་འདོན་བྱས། འགྲེལ་བའི་འཆད་ཉན་དང་། བསྐྱེད་རིམ་གྱི་བརྩི་བཞག་བཤད་པ་དང་བཅས་པ་ལོ་རེ་བཞིན་རྫོགས་པ་དང་། གསང་འདུས་ཀྱི་བསྐྱེད་རྫོགས་ཆེན་མོ་གཉིས་ཀྱང་བཤད་པ་མདོར་བསྡུས་རེ་དང་བཅས་ཚར་ཕུད་སོགས་རྒྱུད་རྒན་རྣམས་གསུང་ལྟར་དང་། ཐིག་རྡུལ་ཚོན་སོགས་ལ་ཡང་དག་ཐེར་ཕྲན་ཚེགས་རེ་བྱས་ཤིང་། ཕྱག་ལེན་ངེས་པ་རྣམས་ལ་ཚག་བཙུགས་ཏེ་རང་གིས་བཀོད་པ་བཏང་ནས་བདེ་གསང་འཇིགས་གསུམ་གྱི་བློས་བསླང་རྩིག་པའི་སྲོལ་བཏོད། གསང་འཇིགས་གཉིས་ཀྱི་དབང་དང་། འཆད་ཉན་གྱི་ཡིག་ཆ་དང་འདོན་ཆའི་སྐོར་གྱི་ལུང་གང་ཡོད་ཀྱང་ཕུལ།བསྙེན་པ་ལས་རུང་དགོས་ཚུལ་སོགས་ཀྱང་ནན་ཏན་བྱས། བླ་མ་དབུ་མཛད་པས་ཁུར་བཞེས་དང་བསྟུན་སུ་རུག་གི་སྟེང་ནས་རྒྱུ་སྦྱར་གྱིས་དྲི་གཙང་ཁང་རྙིང་བ་བསྐྱོད་དེ་གསར་བཞེངས་གྲུབ། དགོན་པའི་རྒྱན་དང་ས་དཔྱད་སོགས་ཀྱི་རྟེན་འབྲེལ་ཆེ་ཚུལ་ཐོས་པ་བཅས་བཞི་ཐོག་ཅིག་བཞེངས་ཨེ་ཐུབ་ཀྱི་རེ་བས་སྨད་ཕྱོགས་ཀྱི་གྲྭ་རྒྱུན་དང་སྦྱིན་བདག་མང་པོར་ཞལ་འདེབས་ཀྱི་མཐུན་རྐྱེན་ཞུས་པར་བརྟེན། སྔ་ཕྱིར་དངུལ་སྲང་སུམ་བརྒྱ་ལྷག་ཅིག་བྱུང་ཡང་མིང་སྐམ་ལ་རེ་བ་མ་བྱས་པར་བྱུང་རིམ་བཞིན་ལས་བྱེད་པ་སོ་སོར་སྤྲད་ཀྱང་བཞི་ཐོག་འཕུབ་རྒྱུ་ནི་འགྲིག་མ་སོང་། གྲྭ་ཚང་གི་ནང་རྟེན་ལ་བདེ་གསང་འཇིགས་གསུམ་གྱི་ལྷ་ཡོངས་རྫོགས་རེ་བྱུང་ན་སྙམ། རྟིང་བསྐུལ་ལས་སྔར་ཕན་སུ་ཉིད་དཀའ་བཅུ་བཀྲ་ཤིས་རྣམ་རྒྱལ་གྱིས་འཇིགས་བྱེད་ཀྱི་གཙོ་བོ་ཞལ་ཕྱག་ཡོངས་རྫོགས་ཀྱི་སྐུ་བརྙན་མི་ཚད་ལྷག་ཙམ་དང་། སུ་ཉིད་བློ་བཟང་སྔགས་རམས་པས་བདེ་མཆོག་གི་གཙོ་བོ་དེ་མཚུངས་ཤིག་བཞེངས་ནས་འདིར་སྤྱན་དྲངས་པ་ལ་གཟུངས་འཇུག་སོགས་ཚད་ལྡན་དུ་བསྒྲུབས་ནས་ནང་རྟེན་དུ་བཞུགས། ཐུ་མེད་ཕྱོགས་ཀྱི་དགོན་པའི་གྲྭ་རྒྱུན་སྤྱི་ལ་རྟིང་བསྐུལ་ཞུས་པ་ལྟར། ཁོང་རྣམས་ནས་ཀྱང་རྒྱལ་མཚན་ཆ་གཅིག་དང་། གཉྫི་ར་གཅིག་བཅས་བསྒྲུཔས་ཏེ་ཕུལ་བ་ཡང་གྲྭ་ཁང་གི་སྟེང་དུ་ཡོད་པ་འདི་བཞིན་ལ། ས་སྤྲུལ་ལོ་སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་འཁྲུལ་མེད་ཐག་གཅོད་ཀྱི་ཆེད་དུ་དབུས་སུ་འགྲོ་དགོས་ཀྱི་ཚག་བཙུགས་པར་བརྟེན་ལས་སྣེའི་ཁུར་སྤོས་ཏེ་དབུས་སུ་ཕྱིན

མཆོག་སྤྲུལ་རིན་པོ་ཆེའི་ཐག་བཅད་ཚུལ་སོགས་གཞན་དུ་ཤེས་ལ་དབུས་གཙང་གཉིས་ཀར་གནས་མཇལ་དང་དགེ་བའི་བཤེས་གཉེན་རྣམས་ལ་ཆོས་ཀྱི་བགྲོ་བ་ཡང་ཅི་རིགས་པར་བྱས། དགའ་ལྡན་ཁྲི་རིན་པོ་ཆེ་ཏྲེ་བོ་བློ་བཟང་བཀྲ་ཤིས། པཎ་ཆེན་མཆོག་གི་ཡོངས་འཛིན་འབྲོང་རྩེ་ཞལ་སྔ་ནས་བློ་བཟང་ཚུལ་ཁྲིམས་དང་། __________གུ་གེ་ཞལ་སྔ་ནས་བློ་བཟང་བསྟན་འཛིན་རྣམ་གཉིས། བྲག་རི་དགེ་བཤེས་ཁྱབ་བདག་རྡོ་རྗེ་སོགས་ལས་ཟླ་བ་ཁ་ཤས་ཀྱི་བར་དུ་འདི་ཕྱོགས་སུ་རྒྱུན་དཀོན་པའི་དབང་ལུང་ཁྲིད་སོགས་ཆོས་བཀའ་མང་དུ་ཉན། ཕར་ཡང་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་ཡོངས་འཛིན་རྣམ་གཉིས་ཀྱིས་མཚོན་པའི་གཙང་དབུས་ཀྱི་དགེ་བའི་བཤེས་གཉེན་འགའ་ཞིག་ལ། པཎ་ཆེན་ཐམས་ཅད་མཁྱེན་པའི་རྣམ་ཐར་གྱིས་མཚོན་པའི་སྐྱབས་མགོན་རྡོ་རྗེ་འཆང་གི་གསུང་འབུམ་ཚང་མའི་ལུང་། ཀུན་མཁྱེན་གོང་མའི་གསུང་རྒྱུན་ཐོར་བུའི་དཔེ་གང་རྙེད། རྒྱལ་སྲས་ཐོགས་མེད་དཔལ་བཟང་གི་བཀའ་འབུམ། ལྕང་སྐྱ་རོལ་བའི་རྡོ་རྗེའི་གསུང་བཀའ་རྒྱ་མའི་སྐོར། རྗེ་ཐུའུ་བཀྭན་རིན་པོ་ཆེའི་གསུང་འབུམ་སོགས་ཀྱི་ལུང་། འཁྲུལ་འཁོར་ལྕགས་མཁར། ཞི་ཁྲོ་སྦྲགས་སྒྲུབ་སོགས་ཀྱི་ཁྲིད་ལེ་ཚན་ཁ་ཤས།གསང་འདུས་སྔགས་བཏུའི་རྗེས་གནང་སོགས་དབུས་གཙང་དུ་ཉག་ཕྲ་བའི་ཆོས་རྒྱུན་ཅི་རིགས་པ་ཞིག་སྤེལ་ཞིང་། གཞན་ཡང་བཀའ་གདམས་གཞུང་དྲུག་སོགས་རྒྱ་གཞུང་མང་པོ་དང་། སྒྲ་ཀ་ལ་པ་དང་། དབྱངས་ཅན་མ་རྩ་འགྲེལ། སྙན་ངག་དབྱངས་ཅན་དགྱེས་གླུ་རྩ་འགྲེལ་དང་བཅས་པ། སྡེབ་སྦྱོར་རིན་ཆེན་འབྱུང་གནས་རྩ་འགྲེལ་མན་ངག་བཀའ་རྒྱ་མ་དང་། མན་ངག་ལྷན་ཐབས་ཀྱི་ལུང་སོགས་ཀྱི་སྒོ་ནས་འདུན་ལྡན་མང་པོའི་རེ་བ་བསྐངས།ས་རྟ་ལོར་བཀྲ་ཤིས་འཁྱིལ་དུ་འབྱོར་ཏེ། མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་ནམ་མཁའི་ནོར་བུ་མཐོང་བ་དོན་ལྡན་འདི་ཉིད་ཀྱི་ཞབས་པད་སྤྱི་བོར་ལེན་པའི་སྐལ་བ་བཟང་པོའི་སྒོ་ནས་གདན་ས་རང་དུ་བག་ཕེབས་པར་གནས་ཏེ། དེ་ཡང་ཕྱིས་སུ་རྣམ་གཡེང་ལྷུར་བླངས་པས་སྔ་དུས་གྲོགས་ཁྱད་པར་ཅན་གྱིས་བསྐྱེད་པའི་བསམ་པ་བཟང་པོ་འགྱུར་ཏེ། ད་ལྟ་རྗེ་གྲུབ་པའི་དབང་ཕྱུག་སྐལ་ལྡན་རྒྱ་མཚོས། རེབ་གོང་སྟོད་ཀྱི་ཇག་པ། རེབ་གོང་སྨད་ཀྱི་སྐལ་ ལྡན། །ཕྱི་ཡི་ཀུན་སྦྱོད་མ་གཏོགས། །ནང་གི་བསམ་ཚུལ་ཐུན་ནོ། །ཞེས་གསུངས་པ་ཁོ་ན་ལྟར་གྱུར་མོད། འོན་ཀྱང་ཚེ་ལྷག་འདིར་ལུས་འདུ་འཛི་དང་སེམས་རྣམ་རྟོག་ལས་རྒྱང་བསྲིངས་ཏེ་ཉིན་མཚན་ཆོས་ཀྱིས་དོན་ལྡན་ཞིག་ཡོང་ན་ཅི་མ་རུང་སྙམ་དུ་ཡིད་སྨོན་འཆའ་བའི་སྐབས་ལགས་སོ།

          རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

   གསལ་འདེབས།

      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

     དྲ་བའི་སྦྲེལ་ཐགhttp://www.tb1025


བརྒྱུད་འགོད།