བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་བཅུ་དགུ་བ་རྗེ་འཇིགས་མེད་མཁས་མཆོག

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-05 12:58:18     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  


       གདན་རབས་བཅུ་དགུ་བ་མཆོག་སྤྲུལ་དམ་པ་འཇིགས་མེད་མཁས་མཆོག་ནི། སྟོད་ཀྱི་སོག་པོའི་ཡུལ་དུ་དབལ་ཤུལ་གྱི་རིགས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་ལོ་འཁྲུངས། གུང་ཐང་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་བསྟན་པའི་རྒྱལ་མཚན་སོག་ཡུལ་དུ་བྱོན་སྐབས་ཤིག་ཤཱེ་རེ་ཐུ་བློ་བཟང་མཁས་མཆོག་གི་སྐུའི་སྐྱེ་བར་ངོས་འཛིན་མཛད།སྐྱབས་མགོན་མཆོག་གི་སྤྱན་སྔར་སྡོམ་པ་གསུམ་གྱི་སྐལ་བ་ནོད་ཅིང་ཆོས་ཀྱི་བདུད་རྩི་ཡང་མང་དུ་མནོས། བཀྲ་ཤིས་འཁྱིལ་དུ་པོ་ཏི་ལྔའི་སློབ་གཉེར་རྒྱུན་རིང་གནང་ཞིང་རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་ཀྱང་མཛད། ཨེ་ཝཾ་ཆོས་འཁོར་གླིང་དུ་ཕེབས་ཏེ་དུས་འཁོར་གྱི་བསྐྱེད་རྫོགས་སོགས་དང་། སྒྲ་མདོ་དབྱངས་ཅན་མ་སོགས་ཐ་སྙད་རིག་པ་མང་པོ་ཡང་སྦྱངས། རྒྱུད་པའི་ཁྲི་བ་ལོ་བརྒྱད་མཛད་རིང་ལ་འཆད་ཉན་སྔར་སྲོལ་ལྟར་མ་ཉམས་པར་མཛད་ཅིང་ཐུགས་རྒྱུད་ཤིན་ཏུ་འཇམ་པ་སོགས་ཀྱིས་དད་འདུན་ཆེ་ཞིང་། མང་འགྱེད་འཇོག་པ་གང་ལ་ཡང་གདན་རབས་སྔ་མ་ལས་འཕར་མ་ཤ་སྟག་གནང་། དེ་ནས་ཁྲི་ཟུར་བཞུགས་མཛད་པ་ལས་དཀར་པོ་གཤོང་རི་ཁྲོད་དང་བྲག་དཀར་རྒྱུད་པ་གྲྭ་ཚང་གི་འཛིན་སྐྱོང་རིམ་བཞིན་གནང་དགོས་པ་བྱུང་སྟེ་སོ་སོར་བཞུགས་རིང་གཞན་གྱིས་དཔག་པར་དཀའ་བའི་ཐུགས་དམ་དགེ་སྦྱོར་ལ་རྩལ་འདོན་དང་། གང་ལ་གང་འཚམ་གྱི་འགྲོ་དོན་མཛད་ནས་དེང་སང་བཀྲ་ཤིས་འཁྱིལ་དུ་ཐུགས་དམ་གོང་འཕེལ་དུ་བཞུགས་སོ།

 རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

   གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                  དྲ་བའི་སྦྲེལ་ཐགhttp://www.tb1025

བརྒྱུད་འགོད།