དྷཱིཿཚ་དགོན་པའི་ཁྲི་རབས་བརྒྱད་པ་ཞྭ་དམར་བསྟན་འཛིན་དགེ་འདུན་ཕུལ་བྱུང་རྒྱ་མཚོ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2020-05-30 19:53:16     རྩོམ་པ་པོ།   སེང་གཤོང་དགེ་འདུན་འཇིགས་མེད།    ཀློག་ཐེངས།  

微信图片_20200530201022.jpg

ཁྲི་རབས་བརྒྱད་པ་ཡབ་རྗེ་བླ་མ་ཞྭ་དམར་རིན་པོ་ཆེའི་སྐུ་ཕྲེང་བདུན་པ་མཆོག་སྤྲུལ་བསྟན་འཛིན་དགེ་འདུན་ཕུལ་བྱུང་རྒྱ་མཚོ་མཆོག་ནི། རྗེ་བླ་མའི་གདན་ས་སྐུ་འབུམ་ཚོ་དྲུག་ཆུ་རུལ་ཁ་སྡེ་བར་ཡབ་ཉི་མ་བསྟན་འཛིན་དང་ཡུམ་དབྱངས་ཅན་སྒྲོལ་མ་གཉིས་ཀྱི་སྲས་སུ་ས་འབྲུག་སྤྱི་ལོ་༡༩༨༨ ལོའི་ཟླ་དྲུག་པའི་ཚེས་དྲུག་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་སྐུ་བལྟམས། དགུང་ལོ་དྲུག་བཞེས་པ་སྤྱི་ལོ་༡༩༩༣ལོའི་ཧོར་ཟླ་ལྔ་བར་ཕྱག་ན་པདྨོའི་སྒྲིབ་བྲལ་སྤྱན་གྱིས་ཡབ་རྗེ་རྡོ་རྗེ་འཆང་གི་ཡང་སྲིད་དུ་ངོས་འཛིན་མཛད། མཚན་ལ་བསྟན་འཛིན་དགེ་འདུན་ཕུལ་བྱུང་རྒྱ་མཚོ་གསོལ། ཧོར་ཟླ་བརྒྱད་པའི་ཡར་ཚེས་ལ་གདན་ས་ཆེན་པོ་བཀྲ་ཤིས་ཆོས་སྡིངས་སུ་ཞབས་ཟུང་གསེར་གྱི་འཁོར་ལོ་མངོན་པར་བསྒྱུར་ཏེ་ཚེས་བཅོ་ལྔའི་ཉིན་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་སེན་བཀྲ་ཤིས་ཀྱི་རི་མོ་ཉེ་བར་བཀོད། དགུང་ལོ་བདུན་པར་སྙན་བརྒྱུད་མན་ངག་གི་མཛོད་འཛིན་ལཱ་མོ་ཡོངས་འཛིན་རྡོ་རྗེ་འཆང་གི་དྲུང་དུ་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས། 

དགུང་ལོ་དགུ་བཞེས་པ་སྤྱི་ལོ་༡༩༩༦ལོའི་ཧོར་ཟླ་གསུམ་པའི་ནང་ཐར་ཤུལ་དགོན་པར་ཕེབས་ནས་ལཱ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ལས་ཐོག་མའི་གསུང་ཆོས་ལམ་གྱི་གཙོ་བོ་རྣམ་གསུམ་དང་དགའ་ལྡན་ལྷ་བརྒྱ་མ། སྐྱབས་འགྲོ་རྣམས་ཀྱི་ཁྲིད། འཕོ་ཁྲིད། འཇིགས་བྱེད་དཔའ་གཅིག་གི་དབང་སྟ་གོན་དང་བཅས་པ། རྒྱལ་བ་བསོད་ནམས་རྒྱ་མཚོའི་ལམ་རིམ་གསེར་གྱི་ཡང་ཞུན་མའི་ལུང་།གུང་ཐང་རིན་པོ་ཆེའི་མཎྜལ་གྱི་འགྲེལ་བ་དཔག་བསམ་སྙེ་མའི་སྟེང་ནས་མཎྜལ་གྱི་ཁྲིད།རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད།རྡོ་རྗེ་རྣམ་འཇོམས་ཀྱི་རྗེས་གནང་།བདེ་མཆོག་དང་གསང་འདུས་ཀྱི་དབང་།ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་དབང་བཅས་གསན།ཟླ་བརྒྱད་པའི་ནང་འཇིགས་བྱེད་ལྷ་བཅུ་གསུམ་པ།གསང་འདུས་ལྷ་སོ་གཉིས་པ།ཀུན་རིགརྟ་མགྲིན་ཡང་གསང་སྨན་བླ་ལྷ་ང་གཅིག གདུགས་དཀར་ལྷ་མང་། ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་རྣམས་ཀྱི་དབང་གསན། 

སྤྱི་ལོ་༡༩༩༨ལོར་ཐར་ཤུལ་དུ་རྗེ་ཤེས་རབ་རྒྱ་མཚོའི་བདེ་ལམ་ཟིན་བྲིས་དང་པཎ་ཆེན་བདེ་ལམ་གཉིས་ཀྱི་སྦྲགས་ཁྲིད།རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་།ནཱ་རོ་མཁའ་སྤྱོད་མའི་དབང་།ཁོང་རང་ཉིད་ཀྱིས་ཞུས་ངོར་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཆ་ཚང་།ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་འཆི་མེད་བདུད་རྩིའི་ལུང་དང་།ཡང་འདི་དང་།ཨ་ཁུ་རིན་པོ་ཆེའི་འཕགས་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་དཔག་བསམ་ལྗོན་པའི་སྦྲགས་ཁྲིད།མགོན་པོ་ཞལ་བཞི་བ་རྣམ་འགྱུར་བཅུ་བདུན་གྱི་རྗེས་གནང་།མགོན་པོ།ལྷ་མོ།ཆོས་རྒྱལ་ཕྱི་སྒྲུབ།རིགས་གསུམ་སྤྱི་སྒྲུབ།རྣམ་སྲས།ལྕམ་སྲིང་རྣམས་ཀྱི་རྗེས་གནང་།འཕོ་ཁྲིད།དཔའ་བོ་གཡུལ་འཇུག་མ་དང་གཡུལ་དུ་འཇུག་པའི་གོ་གྲབས།ཨ་ཁུ་རིན་པོ་ཆེའི་དཔའ་བོ་གཡུལ་འཇུག་མའི་ཁྲིད་ཀྱི་བརྗེད་བྱང་སྣང་མཐའི་ཞལ་ལུང་རྣམས་དང་སྦྲགས་པའི་ཁྲིད།བླ་མཆོད་དང་ཕྱག་ཆེན་རྩ་འགྲེལ་གྱི་ལུང་དང་།ཕྱག་ཆེན་རྩ་བ་རྒྱས་པར་བྱེད་པ་ཡང་གསལ་སྒྲོན་མེ་དང་བསྟན་པའི་སྒྲོན་མེའི་ཕྱག་ཆེན་ཁྲིད་ཀྱི་ཟིན་བྲིས་ཞལ་ལུང་བདུད་རྩིའི་ཐིགས་ཕྲེང་གཉིས་ཀྱི་སྟེང་ནས་བླ་ཕྱག་སྦྲགས་ཁྲིད།སྤྱོད་འཇུག་འབྲུ་འགྲེལ་རྒྱལ་སྲས་ལམ་བཟང་གསལ་བའི་སྒྲོན་མེའི་བཤད་ལུང་།མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང་།ཟུར་བཀའ་ཐོར་བུའི་སྐོར་གྱི་རྗེས་གནང་།འཇམ་དབྱངས་ནག་པོ་དང་འཇམ་དབྱངས་སྨྲ་སེང་གཉིས་ཀྱི་རྗེས་གནང་།གུར་ལྷ་ལྔའི་དབང་།གུར་བཀའ་ཆེན་བཅོ་ལྔའི་རྗེས་གནང་། དྲུག་པའི་ཚེས་གཅིག་ནས་ཚེས་དྲུག་བར་དུས་འཁོར་དབང་ཆེན། ཚེས་བཅུ་བདུན་ནས་ལམ་རིམ་ཆེན་མོའི་བཤད་ལུང་།མཁའ་སྤྱོད་མའི་བསྐྱེད་རིམ་བཻཌཱུརྱའི་ཞུན་མའི་ཐེམ་སྐས་ཀྱི་ལུང་།བརྒྱད་པའི་ནང་སྔགས་རིམ་ཆེན་མོའི་བཤད་ལུང་།འཇིགས་བྱེད་དཔའ་གཅིག་གི་དབང་། ཆོས་རྒྱལ་གྱི་རྗེས་གནང་། གསང་འདུས་ཀྱི་དབང་། ཨ་ཁུ་རིན་པོ་ཆེའི་འཇིགས་བྱེད་བསྐྱེད་རྫོགས་ཀྱི་བཤད་ལུང་དུས་འཁོར་དབང་ཆེན་ལན་དུ་མ་བཅས་ལོ་ངོ་དུ་མའི་བར་དུ་ལུང་ཁྲིད་དབང་རྗེས་ཀྱི་ཆོས་རྒྱུན་མི་ཉུང་བ་ལེགས་པར་གསན། རྗེ་བཙུན་ཡེ་ཤེས་རྒྱ་མཚོ་ཚང་ལས་ཐོག་མའི་རྟེན་འབྲེལ་དུ་ཕྲལ་སྦྱོར་གྱི་དབུ་བརྩམས་པ་དང་། འཇིགས་བྱེད་དཔའ་གཅིག་གི་དབང་དང་འཇམ་དབྱངས་དཀར་དམར་དབྱངས་ཅན་མ་དཀར་མོ་རྣམས་ཀྱི་རྗེས་གནང་སོགས་མནོས། སྐྱབས་རྗེ་དམ་པ་གྲགས་པ་རྒྱལ་མཚན་དཔལ་བཟང་བོ་ཡོངས་འཛིན་དུ་བསྟེན་ཏེ། ཕྲལ་སྦྱོར་དང་ཆོས་སྤྱོད་རྒྱན་འཇུག་སོགས་ཀྱི་གཞུང་མང་བོ་ཐུགས་འཛིན་དང་། འདུལ་བའི་བཅས་ཁྲིམས་ཀྱི་ཀུན་སློང་ཀུན་སྤྱོད་ཚུལ་དང་མཐུན་པ་རྣམས་ལེགས་པར་བསླབས་ཏེ་སྐབས་དེར་རྟེན་འབྲེལ་བསྟོད་པ་དང་དཀོན་མཆོག་རྗེས་དྲན་གསུངས་པའི་སྒོ་ནས་གུང་ཚིགས་ཆག་མེད་གནང་། 

སྤྱི་ལོ་༢༠༠༠ལོའི་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་བཀྲ་ཤིས་འཁྱིལ་བར་སློབ་གཉེར་དུ་ཕེབས་ནས་ཚོགས་ཆོས་སུ་ཞུགས།མཁས་པའི་དབང་བོ་རྗེ་གྲགས་པ་རྒྱ་མཚོ་ཚང་དང་དགེ་བའི་བཤེས་གཉེན་རྡོ་རམས་པ་རྡོ་བིས་བཀྲ་ཤིས་རྒྱ་མཚོ་རྣམ་གཉིས་ཡོངས་འཛིན་དུ་བསྟེན་ནས་སློབ་གཉེར་གནང་།སྡུས་གྲྭ་དང་རྣམ་འགྲེལ་གྱི་གཞུང་ལ་དཔེ་ཁྲིད་དང་སྐྱོར་སྦྱང་ཚོགས་ཆོས་གྲྭ་ཆག་མེད་དུ་འགྲིམས། 

སྤྱི་ལོ་༢༠༠༣ལོར་གདན་སར་ཕེབས་ནས་དགུན་ཟླ་བཅུ་གཅིག་པའི་ནང་བཀའ་བཅུའི་དགེ་བཤེས་རྨོག་རུ་ཚུལ་ཁྲིམས་རྒྱ་མཚོ་ཚང་ཞབས་ཕྱི་བ་དང་།བཀའ་བཅུའི་དགེ་བཤེས་གཡོན་རུ་བློ་བཟང་བྱང་ཆུབ་ཚང་དགེ་རྒན་དུ་སྤྲུལ་སྐུ་རང་ཉིད་ཀྱིས་བདམས། 

སྤྱི་ལོ་༢༠༠༤ལོའི་ཟླ་བཅུ་གཅིག་པའི་ནང་ཁྲི་རབས་བརྒྱད་པའི་རྒྱལ་ཐབས་གསེར་གྱི་ཁྲི་ལ་ཞབས་སེན་མཛེས་པའི་རེ་ཁཱ་ཉེ་བར་བཀོད། འཆར་ཅན་མཆོད་འབུལ་ཆེན་མོ་དང་ལོ་གསར་དགའ་སྟོན་སོགས་ཀྱི་བསྙེན་བཀུར་ལེགས་པར་མཛད། སྤྱི་ལོ་༢༠༠༤ལོར་རང་བྱུང་མཁའ་སྤྱོད་མའི་གསེར་གདུང་ཆེན་མོ་བསྐྱར་བཞེངས་ཀྱི་དབུ་བརྩམས་ཏེ་ལོ་ངོ་གསུམ་གྱི་ཁོངས་སུ་སྐྱ་བཟོ་ཕུན་སུམ་ཚོགས་པ་ཞིག་ལེགས་གྲུབ་བྱུང་། 

སྤྱི་ལོ་༢༠༡༤ལོའི་ཧོར་ཟླ་གསུམ་པའི་ཚེས་བཅུ་ནས་གསེར་ཚོན་འབུལ་བའི་དབུ་བརྩམས་ཏེ་ལོ་དེའི་སྟོན་ཁར་པ་ཏྲ་རིས་བརྒྱན་པའི་གསེར་ཚོན་སྣ་ཚོགས་ཀྱི་གཟི་མདངས་ཕུལ་པ་འཇའ་ཚོན་མཁའ་ལ་ཤར་བ་ལྟར་མིག་གི་བདུད་རྩིའི་དཔལ་དུ་བསྐྲུན་པའོ། །

དེ་ལྟར་མཁའ་སྤྱོད་མའི་གསེར་གདུང་ཆེན་མོ་བྱིན་རླབས་རང་འབར་བདེ་ཡངས་ཕོ་བྲང་རྟེན་བརྟེན་པ་ཆ་ཚང་ཡོངས་སུ་རྫོགས་པ་ལེགས་གྲུབ་བྱུང་སྟེ་ཧོར་ཟླ་༦པའི་ཚེས་༤ཆོས་འཁོར་བསྐོར་བའི་དུས་ཆེན་ལ་གྲྭ་ཚང་ཡོངས་ཀྱིས་བཀྲ་ཤིས་རབ་གནས་བྱིན་ཆར་ཕབ་སྟེ་རྟེན་འབྲེལ་གྱི་མང་ཇའི་མཛད་སྒོ་སྤེལ། ཧོར་ཟླ་དགུ་བའི་ཚེས་ཉེར་གཉིས་ལྷ་བབས་དུས་ཆེན་ལ་གྲུབ་སྟོན་རྒྱས་པར་མཛད་དོ། །

དེས་ན་བྱིན་རླབས་རང་འབར་གྱི་ཚན་ཁ་མ་ཉམས་པའི་གདུང་རྟེན་རང་བྱོན་དུ་གྲུབ་པའི་མཁའ་སྤྱོད་མའི་སྐུ་བརྙན་འདི་ནི་སྲིད་ན་རྙེད་དཀའ་ཞིང་མཐོང་བ་དོན་དང་ལྡན་པའི་རང་དགོན་གྱི་རྟེན་གྱི་གཙོ་བོ་ཡིན་ནོ། །

ཞེས་གདན་རབས་དཔག་བསམ་འཁྲི་ཤིང་གི་བར་དུ་དགེ་བ་ཉེ་རབས་གཏམ་གྱི་གདན་ཁྲི་རིམ་པའི་མཛད་རབས་འབྲས་བཟང་དུས་སུ་སྨིན་པའི་ཚུལ་ལས་ཁྲི་རབས་བརྒྱད་པ་ཞྭ་དམར་སྐུ་ཕྲེང་བདུན་པ་བསྟན་འཛིན་དགེ་འདུན་ཕུལ་བྱུང་རྒྱ་མཚོའི་རྣམ་པར་ཐར་བ་བརྗོད་པའི་ཡལ་འདབ་སྟེ་བཅུ་གསུམ་པའོ། །

ཞེས་པ་འདི་ནི་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་རིགས་སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བྲིས་པ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།