དྷཱིཿཚ་དགོན་པའི་ཁྲི་རབས་བདུན་པ་སྐུ་མཆེད་ལུང་རྟོགས་ཡོན་ཏན་རྒྱ་མཚོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-05-30 19:49:21     རྩོམ་པ་པོ།   སེང་གཤོང་དགེ་འདུན་འཇིགས་མེད།    ཀློག་ཐེངས།  

微信图片_20200530195927.jpg

གདན་རབས་ཚིགས་བཅད་མ་ལས། 

ད་ལྟར་ཡང་སྲིད་པད་མ་དཀར་བོ་ཞིག །

འཁྲུང་ཆེད་དད་ལྡན་བུང་བའི་ཚོགས་རྣམས་ཀྱིས། །

གསོལ་འདེབས་མགྲིན་པའི་དབྱངས་སྙན་རྒྱུན་མི་ཆད། །

དེ་ལྟའི་སྐལ་བཟང་མཆོག་གསུམ་དམ་པས་སྩོལ། །ཅེས་བྱུང་། 

  ད་ལྟར་ཁྲི་རབས་ལྔ་བ་སྐུ་མཆེད་འཇམ་དབྱངས་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་པད་མ་དཀར་བོ་ཡོན་ཏན་གྱི་མཛོད་ལ་མངའ་བརྙེས་པ་ཞིག་འཁྲུང་ཆེད། དད་ལྡན་བུ་སློབ་དགེ་འདུན་པ་བུང་བའི་ཚོགས་རྣམས་ཀྱིས་དུས་རྟག་ཏུ་བླ་མ་རྡོ་རྗེ་འཆང་དང་མཆོག་གསུམ་ལ་སྐྱབས་འཇུག་དང་གསོལ་འདེབས་མགྲིན་པའི་དབྱངས་སྙན་གྱི་རྒྱུན་མི་ཆད་པར་མཛད་པ་ན། དེ་ལྟ་བུའི་སྐལ་བཟང་མངོན་དུ་འགྱུར་བའི་བྱིན་ཆར་མཆོག་གསུམ་དམ་པས་སྩོལ་ཅིག ཅེས་སྨོན་ལམ་དུས་སུ་སྨིན་པ་ཁྲི་རབས་བདུན་པ་སྐུ་མཆེད་སྐུ་ཕྲེང་ལྔ་བ་ལུང་རྟོགས་ཡོན་ཏན་རྒྱ་མཚོ་དཔལ་བཟང་བོ་ནི། སྤྱི་ལོ་༡༩༧༡ལོར་མདོ་ཁམས་གཡར་མོ་ཐང་གི་ཆར་གཏོགས། མཚོ་སྔོན་པོའི་ཉེ་འདབས་འཁྱམ་རུའི་དཔོན་སྐོར་དཔོན་ཚང་དུ། ཡབ་པདྨ་རྡོ་རྗེ་དང་ཡུམ་ལྷ་བྱམས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ལུང་རྟོགས་ཀྱི་ཡོན་ཏན་རང་ཆས་སུ་མངའ་བའི་གཤིས་རྒྱུད་འཇམ་པ་ཞིག་སྟེ། དགུང་ལོ་བཅུ་གསུམ་གྱི་སྟེང་། སྐུ་ཕྱོགས་གཡོན་རུ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ལས་རབ་ཏུ་བྱུང་སྟེ་མཚན་ལ་ལུང་རྟོགས་རྒྱ་མཚོ་གསོལ། གཡོན་རུའི་དགོན་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་གི་ཆོས་སྒོར་ཞུགས་ཏེ་གསང་འདུས་དང་། ཀུན་རིག རྒྱལ་བ་མི་འཁྲུགས་པའི་ཆོ་ག་སོགས་ཆོས་སྤྱོད་ཀྱི་རིམ་པ་རྣམས་ཐུགས་འཛིན་གནང་། དགུང་ལོ་ཉེར་གསུམ་པ་སྤྱི་ལོ་༡༩༩༣ལོའི་དྲུག་པའི་ཚེས་ལ་སྐུ་ཕྱོགས་ཆེ་ཤོས་རིན་པོ་ཆེ་དང་། སྐུ་ཕྱོགས་ཨ་རྒྱ་ཚང་། ཨ་རྒ་གྲགས་པ་ཚང་རྣམ་པ་སོགས་ཀྱིས་སྐུ་འབུམ་གསེར་སྡོང་ཆེན་མོའི་མདུན་དུ་ཟན་རིལ་བསྒྱུར་ཏེ་སྐུ་མཆེད་འཇམ་དབྱངས་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་གནང་། བདུན་པའི་བཅོ་ལྔ་ལ་ཨ་རྒ་ཚང་དབུ་བཞུགས་ཀྱིས་འཛིན་གྲྭ་སོ་སོའི་སྐྱོར་དཔོན་དང་བླ་མ་ལས་སྣེ་རྣམས་གཡོན་རུ་དགོན་དུ་ཕེབས་ནས་མཆོག་སྤྲུལ་རིན་པོ་ཆེ་ལ་བཀྲ་ཤིས་པའི་ལྷ་དར་དང་། ཚོགས་གླེང་སོགས་ཀྱི་ཆོས་སྟོན་མཛད། བརྒྱད་པའི་ཡར་ཚེས་ལ་གདན་ས་ཆེན་པོ་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་ཞུས་ནས་ཚེས་བཅོ་ལྔ་ལ་སྐུ་ཕྱོགས་རྣམ་གསུམ་དུས་གཅིག་ཏུ་ཁྲི་བཞུགས་ཀྱི་ཆོས་སྟོན་མཛད། ཚེ་སྒྲུབ་ཆེན་མོའི་ནང་དུ་ཚོགས་ཞུགས་ཀྱི་མང་ཇའི་བསྙེན་བཀུར་མཛད། རྗེ་ཡེ་ཤེས་རྒྱ་མཚོ་ཚང་དང་། ཨ་རྒ་གྲགས་པ་ཚང་། རྗེ་བློ་བཟང་བསྟན་དར་ཚང་། རྗེ་གྲགས་པ་རྒྱ་མཚོ་ཚང་སོགས་ཀྱི་ཞབས་པད་བསྟེན་ནས་སློབ་གཉེར་གྱི་དབུ་བཙུགས། མཁས་གྲུབ་ཆེན་པོ་རྗེ་བཙུན་ཡེ་ཤེས་རྒྱ་མཚོ་ཚང་ལས་བསྙེན་པར་རྫོགས་ཤིང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་ཞེས་མཚན་གསོལ། དགུང་ལོ་ཉེར་བཞི་བ་སྤྱི་ལོ་༡༩༩༤ལོར་གདན་ས་འདི་གའི་ཀྲུའུ་རིན་གཞོན་པའི་འགན་བཞེས་ཤིང་།མཚོ་སྔོན་ནང་བསྟན་སློབ་གླིང་དུ་རྣམ་མང་ཤེས་བྱར་སློབ་གཉེར་གནང་།དགུང་ལོ་ཉེར་ལྔ་བ་སྤྱི་ལོ་༡༩༩༥ལོར་བཀྲ་ཤིས་ཆོས་སྡིངས་ཀྱི་ཁྲི་རབས་བདུན་པའི་རྒྱལ་ཐབས་ཀྱི་མི་འཇིགས་གདོང་ལྔའི་ཁྲི་ལ་ཞབས་སེན་བཀྲ་ཤིས་ཀྱི་རི་མོ་ཉེ་བར་བཀོད།དོ་དམ་ཁང་གི་མགོ་གཙོའི་ལས་འགན་ཀྱང་བཞེས།ལོ་རེའི་ལོ་སར་དང་མཆོད་མེའི་ཆོས་ཐོག་ཆ་ཚང་གི་བསྙེན་བཀུར་ཚད་མེད་བགྱིས།ཆོས་སྲིད་གཉིས་ཆར་གྱི་ཐད་ལ་ཐབས་མཁས་སྣ་ཚོགས་ཀྱིས་སློབ་གསོ་གོང་འཕེལ་དུ་གཏོང་བའི་མཛད་རྗེས་གནང་།པེ་ཅིན་ནང་བསྟན་སློབ་གླིང་དུ་ཕེབས་ནས་ལོ་འཁོར་གཉིས་ཀྱི་རིང་ལ།རྒྱ་བོད་ཡིག་རིགས་གཉིས་དང་ནང་བསྟན་རིག་གཞུང་སྣ་ཚོགས་ལ་སློབ་གཉེར་མཐར་ཕྱིན་གནང་། མཁས་པ་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྣམ་དཔྱོད་དང་ཀུན་སྤྱོད་ལ་བསྔགས་བརྗོད་མང་དུ་ཐོབ། སྤྱི་ལོ་༡༩༩༦ལོར་བཀྲ་ཤིས་འཁྱིལ་གྱི་གཞུང་བརྒྱ་སྨྲ་བའི་དབང་བོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་རྔ་བ་གྲགས་པ་རྒྱ་མཚོ་ཚང་གདན་ས་འདིའི་མཚན་ཉིད་དགེ་རྒན་དུ་ཞུས་ཏེ་ལོ་ངོ་བཅོ་ལྔའི་རིང་ལ་གཞུང་བཀའ་པོད་ལྔའི་ཁྲིད་རྒྱུན་དང་།རྡོར་ཕྲེང་དང་སྒྲུབ་ཐབས་རིན་འབྱུང་སོགས་ཀྱི་དབང་དང་རྗེས་ཁྲིད་བསྙེན་རྫོགས་སོགས་ཀྱི་བཀའ་དྲིན་མི་དམན་པ་གནང་།སྤྱི་ལོ་༡༩༩༧ལོར་བཱ་ཡན་ཕྱོགས་ནས་མི་སྐྱ་ཞིག་གིས་སྔོན་གྱི་དགོན་པའི་དགེ་འདུན་པའི་མཚན་ཐོ་ཁྲི་རིན་པོ་ཆེའི་ཕྱག་ཏུ་འབྱོར་བས་རྟེན་འབྲེལ་ལེགས་པར་འགྲིགས།མཚོ་སྔོན་པོའི་ཉིན་ལུང་ཚོ་བ་ཐུན་མོང་ནས།སྐྱེས་ལྷ་བློན་པོ་གསེར་ཆེན་མཆོད་བསྟོད་བྱེད་པའི་ལུགས་སྲོལ་རྒྱུན་ཆད་ཡོད་པ།ཁོང་གིས་སླར་གསོ་མཛད་ཅིང་།གཞན་ཡང་།མཚོ་འདབས་དཔོན་སྐོར་ནང་ཁུལ་གྱི་མི་ཤི་རྟ་འགྱེལ་གྱི་རྩོད་གླེང་དང་།འཐེབ་རྒྱལ་སྦྲུལ་ལུང་སྡེ་བའི་ནང་ཚན་ཚོ་ཁག་གཉིས་ཀྱི་བར་དུའང་འགལ་འདུའི་ཁ་མཆུ་བྱུང་བ་ལེགས་པར་བསྡུམས་ཤིང་། ཕན་ཚུན་ལ་མཛའ་བརྩེ་མཐུན་སྒྲིལ་གྱི་རྨང་གཞི་བསྐྲུན་ཏོ། །སྤྱི་ལོ་༢༠༠༠ལོའི་ཟླ་༤བའི་ཚེས་༢༤ནས་ཉིན་བཅུ་གཅིག་ལ་ཀླུ་ཚང་དགོན་དུ་རྗེ་དགེ་འདུན་རྒྱ་མཚོ་ཚང་ལས་འགྲེལ་བ་བཞི་སྦྲགས་སོགས་དང་། བརྒྱད་པའི་ཚེས་བཅུ་བཞི་ནས་བཅུ་བདུན་བར་རྐང་ཚ་གསེར་རྡེའུ་དགོན་དུ་ལཱ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ལས་དུས་འཁོར་དབང་ཆེན་གསན་ཅིང་། རུས་རྒྱན་མནབས་ནས་དགེ་སློང་རྡོ་རྗེ་འཛིན་པ་སྟེ་སློབ་མའི་གཙོ་བོར་བཞུགས། སྤྱི་ལོ་༢༠༠༤ལོར་དམངས་སྒོར་འབུམ་ཕྲག་གཉིས་ལ་ཉེ་བའི་འགྲོ་གྲོན་གྱིས་རུང་ཁང་ཆེན་མོ་བསྐྱར་བཞེངས་མཛད།ཁྲི་རིན་པོ་ཆེའི་ལས་འགན་དགོངས་ཞུ་ཞུས་ཏེ་སྤྲུལ་སྐུ་རིན་པོ་ཆེ་ཁྲི་རབས་བརྒྱད་པའི་གདན་སར་བཀོད།དེ་ལྟ་བུའི་ལེགས་མཛད་དཀར་བོའི་འོད་སྣང་གིས་ལོ་ངོ་བཅུའི་བར་དུ་ཁྲི་རབས་བདུན་པའི་རྒྱལ་ཐབས་བསྐྱངས་ཏེ་བཤད་སྒྲུབ་ཆོས་ཀྱི་པདྨའི་དགའ་ཚལ་རྒྱས་པར་མཛད་དོ།།ལཱ་མོ་ཡོངས་འཛིན་རྡོ་རྗེ་འཆང་ལས་དུས་འཁོར་དབང་ཆེན་སོགས་བཀའ་ཆོས་མང་དུ་གསན་བཞེས་གནང་། རྗེ་གྲགས་པ་རྒྱ་མཚོ་རིན་པོ་ཆེ་ལས་ལམ་སྔགས་ལེགས་བཤད་སྙིང་བོ་སྔགས་ཀྱི་སྤྱི་དོན་སོགས་ཀྱི་བཤད་ལུང་དང་འགྲེལ་བ་བཞི་སྦྲགས།སྒྲུབ་ཐབས་རིན་འབྱུང་།རྡོར་ཕྲེང་།འཇམ་དབྱངས་ཆོས་སྐོར་སོགས་དབང་དང་རྗེས་གནང་ལུང་ཁྲིད་ཀྱི་བཀའ་ཆོས་ཡུན་རིང་གསན་ཅིང་།རྗེ་ཡོན་ཏན་རྒྱ་མཚོ་ཚང་དང་རྗེ་མགོ་ལོག་གྲགས་པ་རྒྱ་མཚོ་རྣམ་གཉིས་ལས་ལེགས་བཤད་གསེར་ཕྲེང་དང་དབུ་ཕར་འདུལ་གསུམ་གྱི་མཐའ་དཔྱོད་སོགས་ཀྱི་ཁྲིད་རྒྱུན།ལམ་ཁྲིད་ཆེན་མོ་དང་ལྷག་མཐོང་བརྗེད་བྱང་།ལམ་རིམ་མཆན་བཞི་མ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རིམ་ལྔ་གསལ་སྒྲོན། སྦས་དོན་ཀུན་གསལ་གྱི་བཤད་ལུང་སོགས་ལུང་ཆོས་བདུད་རྩིས་ཐུགས་ཀྱི་བུམ་བཟང་གཏམས་པར་གྱུར། སྤྱི་ལོ་༢༠༠༥ལོར་དམངས་སྒོར་བརྒྱ་ཕྲག་ལས་བརྒལ་བའི་འགྲོ་གྲོན་གྱིས་རྒྱལ་བ་ཀུན་གྱི་ཡུམ་གཅིག་རྗེ་བཙུན་འཕགས་མ་སྒྲོལ་མའི་ལྷ་ཁང་གཡུ་ལོ་བཀོད་པའི་ཕོ་བྲང་བཞེངས་མགོ་བརྩམས་ནས་སྤྱི་ལོ་༢༠༠༨ལོར་རྟེན་དང་བརྟེན་པ་ཆ་ཚང་དང་།  སྨན་བླའི་ལྷ་ཁང་། ཛམ་ལའི་ལྷ་ཁང་རྣམས་ལེགས་གྲུབ་བྱུང་སྟེ་ཆོས་སྟོན་མཛད། སྤྱི་ལོ་༢༠༠༦ལོར་ཞྭ་དམར་མཆོག་སྤྲུལ་རིན་པོ་ཆེ་དགོན་པར་མ་བཞུགས་པས། དགོན་པའི་ཆོས་སྲིད་ཀྱི་བྱ་འགན་ཕྲག་ལ་བབས་ཡོད་པ་བདག་གིར་མཛད།

སྤྱི་ལོ་༢༠༠༨ལོའི་དགུན་ཁར་སྐུ་ཕྱོགས་འདི་བ་དབུ་བཞུགས་མཛད་དེ།དགེ་འདུན་འདུ་ཁང་ཆེན་མོ་བསྐྱར་བཞེངས་བྱེད་དགོས་པས།ཇི་ལྟར་བཞེང་རྒྱུའི་ལས་ཀ་དང་འཆར་གཞི་མཐའ་དག་ཡོངས་སུ་བཀོད་སྒྲིག་ལེགས་པར་བགྱིས།སྤྱི་ལོ་༢༠༠༩ལོའི་ཟླ་བཅུ་གཅིག་པའི་གྲལ་ཚེས་བདུན་པ་ཉི་མ་བྱང་བགྲོད་ཀྱི་དུས་ཚེས་དགེ་བར་འདུ་ཁང་བསྐྱར་བཞེངས་ཀྱི་མགོ་བརྩམས།སྐུ་ཕྱོགས་འདི་བས་འདུ་ཁང་ཆེན་མོ་བསྐྱར་བཞེངས་ཀྱི་སྦྱོར་དངོས་མཇུག་གསུམ་གྱི་ལས་འགན་མཐའ་དག་ལྷུར་ལེན་གནང་ཞིང་།རྒན་པ་དཔོན་གཡོག་དང་།གྲྭ་ཚང་རིན་པོ་ཆེའི་ཐུགས་རྗེ་རམ་འདེགས་ཀྱི་རྒྱབ་སྐྱོར་ལེགས་པོ་མཛད་པ་ལ་བརྟེན་ནས།རྒྱ་བོད་སོག་གསུམ་གྱི་སྦྱིན་བདག་མང་བོ་བྱུང་སྟེ།ཁོང་གི་སྦྱིན་བདག་རྒྱའི་དགེ་བསྙེན་བེའུ་ཧྥུན་གྱིས་སྒོར་ཁྲི་ཕྲག་སྟོང་གཅིག་ལྷག་ཕུལ་པ་སོགས་དམངས་སྒོར་ཁྲི་སྟོང་ཕྲག་དུ་མའི་འགྲོ་གྲོན་ཅན་གྱི་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་ཡོངས་རྫོགས་ལོ་ངོ་དྲུག་ལྷག་གི་ཡུན་ལ་བཞེངས་གྲུབ་མཛད།སྤྱི་ལོ་༢༠༡༥ལོའི་ཧོར་ཟླ་ལྔ་བའི་བཅུ་གཅིག་ནས་བཅུ་གསུམ་བར་ལ་ལེགས་གྲུབ་མཛད་སྒོ་སྤེལ།སྤྱི་ལོ་༢༠༡༣ལོ་ནས་ཁོང་གིས་དགོན་པའི་སྒྲིག་ལམ་དང་འཆད་ཉན་རྒྱས་པའི་ཆེད་དུ་དམིགས་ནས་ལོ་འཁོར་རྒྱུགས་སྤྲོད་ཀྱི་བྱ་དགའི་ཐེབས་སུ་ལོ་རེར་སྒོར་ཁྲུག་ཁྲི་ལྷག་ཕུལ་ཏེ་དབྱར་གྱི་སྤྲོ་གསེང་ཆེན་མོའི་སྟེང་བྱ་དགའ་འབུལ་བའི་སྲོལ་བཙུགས།ད་ལྟ་ཡང་དཔའ་ལུང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་།ཞིང་ཆེན་སྲིད་གྲོས་ཨུ་ཡོན།དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་རྒན་གཙོ་སོགས་ཀྱི་འགན་བཞེས་ཤིང་།ཐབས་མཁས་ཐུགས་རྗེ་སྒམ་པོས་ཆོས་སྡེ་རང་གི་ཆོས་སྲིད་ཀྱི་བྱ་བཞག་ཐམས་ཅད་བསྐྱངས་དང་སྐྱོང་མུས་སུ་བཞུགས་སོ།

ཞེས་གདན་རབས་དཔག་བསམ་འཁྲི་ཤིང་གི་བར་དུ་དགེ་བ་ཉེ་རབས་གཏམ་གྱི་གདན་ཁྲི་རིམ་པའི་མཛད་རབས་འབྲས་བཟང་དུས་སུ་སྨིན་པའི་ཚུལ་ལས་ཁྲི་རབས་བདུན་པ་སྐུ་མཆེད་སྐུ་ཕྲེང་ལྔ་བ་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་རྣམ་པར་ཐར་བ་བརྗོད་པའི་ཡལ་འདབ་སྟེ་བཅུ་གཉིས་པའོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།