དྷཱིཿཚ་དགོན་པའི་ཁྲི་རབས་དྲུག་པ་ཨ་རྒ་གྲགས་པ་རྒྱལ་མཚན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-05-30 19:47:39     རྩོམ་པ་པོ།   སེང་གཤོང་དགེ་འདུན་འཇིགས་མེད།    ཀློག་ཐེངས།  

微信图片_20200530195613.jpg

ཁྲི་རབས་དྲུག་པ་ལྔ་རིག་མཁས་པའི་དབང་བོ་ཐུགས་སྲས་མ་ཏི་ཟི་གྲགས་པ་དར་རྒྱས་མཆོག་གི་ཡང་སྲིད་དམ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་ནམ་བློ་བཟང་གྲགས་པ་རྒྱ་མཚོ་དཔལ་བཟང་བོ་འདི་ཉིད་ནི།མ་ཧཱ་པཎྜི་ཏ་རྗེ་བཙུན་སཾ་གྷའི་མཚན་ཅན་མཆོག་གི་ཐུགས་སྲས།ལྔ་རིག་མཁས་པའི་དབང་བོ་རྗེ་གྲགས་པ་དར་རྒྱས་མཆོག་གི་སྐུ་ཕྲེང་གཉིས་པ་ཡིན་ལ།མདོ་སྨད་བྱང་རྒྱུད་ཀྱི་ས་ཡི་ཆ།གཡུ་ཡི་མེ་ལོང་ལྟ་བུའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་མཚོ་མགོའི་སྤང་ལྗོངས་ཉམས་སུ་དགའ་བ་རྣམས་ཀྱི་ཐིག་ལེ་སྐྱིད་ཉིན་ལུང་དུ།རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་ཤིང་།གཤིས་བཟང་ཆོས་དད་ཆེ་བ་ཡབ་སྙིང་རྒྱ་དང་།ཡུམ་ལྷ་མོ་ཡག་གཉིས་ཀྱི་སྲས་སུ་ལྷུམས་སུ་བཞུགས་སྐབས་ཡབ་ཡུམ་སོ་སོར་གྱེས་དགོས་བྱུང་། ཡུམ་དཔོན་སྐོར་སྡེ་བར་ཕེབས་ནས་སྡེ་འདིའི་འོད་དཀར་ཆོས་ལུང་ཞེས་གྲགས་པའི་གནས་དེར་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ས་བྱི་སྤྱི་ལོ་༡༩༤༨ ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ལ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། ལྷ་བཟང་ཞེས་པའི་མཚན་གསོལ། དེ་ནས་དགུང་ལོ་གསུམ་གྱི་སྟེང་མ་དང་མཉམ་དུ་ཕག་སྐོར་སྡེ་བར་ཕེབས་ནས་རྒྱུན་རིང་དུ་བཞུགས། 

རབ་རྒྱལ་མེ་ཕག་སྤྱི་ལོ་༡༩༤༧ལོའི་ཧོར་ཟླ་བཅུ་བའི་ཚེས་བཅུ་དགུར། སྐྱབས་མཆོག་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་མཆོག་གིས། སྤྲུལ་སྐུ་བཙལ་བའི་གསལ་འདེབས་མཛད་སྐབས་སུ། ཨ་ལགས་ཀ་མདོ་དང་། ཨ་ཁུ་ཐུབ་བསྟན་གཉིས་ཀྱིས།ཨ་ཁུ་གྲགས་པ་རིན་པོ་ཆེ་སྤྲུལ་སྐུ་བཙལ་རྒྱུ་ལ་ཐུགས་མི་དགྱེས་ཚུལ་དང་།སྤྲུལ་སྐུ་མེད་པའི་ཞལ་གསུང་ཡོད་ཚུལ་སོགས་མང་བོ་ཞུས་ཀྱང་།ཁོང་ཉིད་ཐུགས་ཅུང་ཟད་མ་དགྱེས་པའི་ཚུལ་བསྟན་ཏེ།དེ་འདྲ་མ་རེད།ང་ལ་སྤྲུལ་སྐུ་ཡོད་ཅེས་སུས་ཀྱང་མི་གསུང་།དམ་པ་འདི་ལྟ་བུ་ལ་སྤྲུལ་སྐུ་མེད་ན་གཞན་སུ་ལ་སྤྲུལ་སྐུ་ཡོད།སྤྲུལ་སྐུ་ངེས་པར་བཙལ་དགོས་པ་མ་ཟད་ནང་ཆེན་ཞིག་ཀྱང་བཅའ་དགོས།སྐུ་གསུང་ཐུགས་རྟེན་བཞུགས་ཚད་དང་།ཕྱག་རྒྱུར་ཅི་ཡོད་སྤྲུལ་སྐུ་ལ་འཇོག་དགོས།དགོན་པ་གྲྭ་ཚང་གང་དང་གང་ལའང་བླ་མ་ནང་སྐྱེས་ཤིག་ངེས་པར་དགོས། ཁྱད་པར་དུ་བདག་ལ་ཁྲི་ཁུར་ཕོག་ནས་བཟུང་སྟེ། སྐུ་མཆེད་ཚང་དགོན་འདིར་མ་བཞུགས་པ་དང་། མཁར་ནང་ཚང་ཡུན་རིང་ཞལ་མ་བཞུགས་པས། བདག་ལ་དགོན་པ་འདིའི་སྐུ་དོན་གང་ཐད་ལ་གྲོགས་བྱེད་མཁན་དམ་པ་འདི་ཉིད་ཀྱི་ལྷག་ཅིག་མེད། གང་ལྟར་བྱས་ཀྱང་སྤྲུལ་སྐུ་ངེས་པར་བཙལ་དགོས་ཞེས་བྱུང་ཟིན་དང་འབྱུང་འགྱུར་བའི་གནས་ཚུལ་མཐའ་དག་གསལ་བར་མཚོན་པའི་རྡོ་རྗེ་ཚིག་གི་ཕྲེང་བ། གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བསྩལ། 

ཆུ་འབྲུག་སྤྱི་ལོ་༡༩༥༢ལོར་སྐྱབས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་དགོངས་པ་གཞན་དུ་གཏད་པའི་རྐྱེན་གྱིས། སྐུ་ཕྱོགས་སྐུ་མཆེད་རིན་པོ་ཆེ་དང་། སྐུ་ཕྱོགས་ཞྭ་ལུ་ཚང་། ཐང་རིང་རྒྱལ་བ་ཚང་སོགས་ཀྱིས་སྤྲུལ་སྐུ་བཙལ་བའི་ཐུགས་ཁུར་བླངས་ཏེ་ཤིང་རྟ་སྤྱི་ལོ་༡༩༥༤ལོར། སྐུ་མཆེད་རིན་པོ་ཆེ་ཚང་དང་། རྒན་པ་མང་མ་དང་ཁོང་གི་སློབ་མ་ཐུན་མོང་ནས། དཔོན་པོ་གྲགས་བཟང་ལ་གོས་དར་ཆེས་ལེགས་གནང་ནས། སྤྲུལ་སྐུ་ངེས་པར་བཙལ་དགོས་པའི་གསུང་མཆིད་མང་བོ་སྔ་ཕྱིར་གནང་ཞིང་། རྗེས་ནས་སྐུ་ཕྱོགས་ཞྭ་ལུ་རིན་པོ་ཆེ་དང་། ཐང་རིང་རྒྱལ་བ་རྣམ་གཉིས་ཀྱིས་ཀྱང་སྔ་ཕྱི་སྤྲུལ་སྐུ་བླུ་དགོས་ཚུལ་དང་། ཁོང་རྡོ་རྗེ་འཆང་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་མཆོག་ལས་ངེས་པར་བཙལ་དགོས་པའི་ལུང་བསྟན་ཕེབས་པ་དང་། ཕྱི་ལོག་ནང་ལོག་གི་དགོན་སྡེ་ཁག་དང་། བུ་སློབ་རྣམས་ཀྱིས་ཀྱང་རེ་ལྟོས་ཆེན་པོ་བྱས་ཡོད་པས། སྤྲུལ་སྐུ་ངེས་པ་དོན་གྱིས་བཙལ་བའི་ཞལ་གསུང་ནན་ཆེར་མཛད། དེ་ནས་སྐུ་མཆེད་རིན་པོ་ཆེས་གཙོས་རྒན་པ་དང་བཀའ་རམས་གོང་མ་རྣམས་ཀྱིས་བཀའ་གྲོས་ཞིབ་མོ་བྱས་ཏེ། ཨ་ཁུ་རྒྱ་མཚོ་དང་ཚུལ་ཁྲིམས་རྒྱ་མཚོ་གཉིས། སྤྲུལ་སྐུའི་མཚན་ཐོ་སྒྲིག་རྒྱུ་དང་ཐུགས་ཐག་གཅོད་རྒྱུ་དཔའ་དར་འཐེན་ནས་གདན་སར་འགོད་པ་རྣམས་སུ། གྲགས་བཟང་ལ་རོགས་རམ་བྱེད་པའི་མི་སྣར་བསྐོ་བཞག་གནང་ཞིང་། ཁོ་གཉིས་ཀྱིས་རྐང་ཚ། མདའ་བཞི། ཡུ་གུར།རོང་བོ་ཉིན་ཐུབ་བཅུ།ཁྱུང་ཀྱཱ།སྣང་ར།འབྲུ་གུའི་བཱ་ཡན།ཟི་ལིང་།ཉིན་ལུང་མཚོ་མགོ་མ་སོགས་སུ་མཚན་ཐོ་བཙལ་བ་རྣམས།སྐུ་མཆེད་རིན་པོ་ཆེ་ཚང་དང་།མཁར་ནང་སྤྲུལ་སྐུ་ཚང་། དགེ་ཕྲུག་མང་མ་རྣམས་ཀྱིས་བཀའ་གྲོས་བྱས་ཏེ། མཚན་ཐོ་དེ་རྣམས་ཕྱོགས་བཞིར་བཅད་ནས། འདུ་ཁང་དུ་སྐུ་གདུང་ཆེན་མོའི་དྲུང་དུ་ཟན་བསྒྱུར་བྱས་པས། ཉིན་ལུང་མདའ་ཚན་ལ་བབས། དེ་ཡང་ཚོ་བ་གཉིས་ལས་ཉིན་ལུང་མདའ་ཚོ་བ་གོང་མར་བབས་པ་ལ། བྱི་ལོ་བ་དྲུག་དང་། གཞན་ཞིག་དང་བདུན། རབ་རྒྱལ་ཤིང་ལུག་སྤྱི་ལོ་༡༩༥༥ ལོའི་ཟླ་བ་གཉིས་པའི་ཉེར་བཞིའི་ཉིན་ལ། ཀུན་གཟིགས་རྒྱལ་བའི་དབང་བོ་བཅུ་བཞི་བ་ཆེན་པོ་སྐུ་འབུམ་དུ་བཞུགས་པར་ཨ་ལགས་རྒྱ་མཚོ། ཚུལ་ཁྲིམས། གྲགས་བཟང་སོགས་སྐུ་འབུམ་དུ་སོང་ནས། ཉེར་དྲུག་གི་ཉིན་ཞབས་དྲུང་རིན་པོ་ཆེར་བརྒྱུད་དེ། ༧ གོང་ས་མཆོག་གི་དྲུང་དུ་དངུལ་རྡོ་ཚད་དང་མཎྜལ་དོད་སྒོར་བཅུ་གསུམ། ནོར་ཁྱབ་ཐགས་མགོ་གོས་དར་ཆེས་ལེགས་བཅས་སྙན་སྒྲོན་དུ་ཞུས་ཤིང་། ཉེར་དགུའི་ཉིན་གསུང་ཤོག་སྲུང་མདུད་གོས་དར་དང་གྲགས་པ་རྒྱལ་མཚན་ཞེས་མཚན་དང་བཅས་གནང་བ། སྐུ་ཕྱོགས་ཞ་ལུ་ཚང་ཟི་ལིང་དུ་བཞུགས་ཡོད་པའི་སྐུ་མདུན་དུ་ཞུས་ཚེ་ཁོང་གིས། གསུང་ཤོག་གི་ཞལ་གདན་ས་རང་དུ་སྐུ་གོང་མའི་གཟིམ་ཆུང་དུ་སྐུ་ཕྱོགས་རྣམ་གཉིས། རྒན་པ་དགེ་བསྐོས་བུ་སློབ་མང་མ་བཅས་པས་ཕྱེ་ན། རྟེན་འབྲེལ་བཟང་བོ་ཞིག་འགྲིག་རྒྱུ་ཡོད་ཅེས་གསུངས་པས། སྐྱབས་མཆོག་རྡོ་རྗེ་འཆང་གི་སྤྲུལ་སྐུའི་གསུང་ཤོག་དང་མཉམ་དུ་རྟ་བསུ་སེར་སྦྲེང་རྒྱ་བརྡུང་བཅས་གཟིམ་ཆུང་དུ་གདན་དྲངས་ཏེ། གསུམ་པའི་ཚེས་གསུམ་ལ་གཟིམ་ཆུང་དུ་གསུང་ཤོག་ཞལ་ཕྱེས། ཚེས་བཅོ་ལྔའི་ཉིན་དཔའ་དར་ཕུལ་པ་ཡིན་ཞིང་། བཞི་བའི་ཚེས་མགོར་དགེ་བའི་བཤེས་གཉེན་ཆེན་པོ་རྨོག་རུ་མཐའ་ཡས་ཚང་གིས་དབྱངས་གསལ་ཕྲལ་སྦྱོར་གྱི་ཀློག་བསླབ་མགོ་བརྩམ། བདུན་པའི་ཉི་ཤུར་བཤེས་གཉེན་ཆེན་པོ་དམ་ཆོས་ཚང་མཆོག་སྤྲུལ་དམ་པར་མཇལ་ཞིང་། ཡོངས་རྫོགས་བསྟན་པའི་མངའ་བདག་སྐུ་ཕྱོགས་ལྷ་རི་རིན་པོ་ཆེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་བརྒྱད་པའི་བཅོ་ལྔར་དུས་འཁོར་དབང་ཆེན་གནང་གི་ཡོད་པ་ཐོས་འཕྲལ། ཨ་ཁུ་དམ་ཆོས་ཀྱིས་གཙོས་ཞབས་ཕྱི་མང་བོས་གདན་འདྲེན་བྱས་ཏེ་བརྒྱད་པའི་ཚེས་བཅུ་ལ་ལྷ་རི་བསམ་གཏན་ཆོས་གླིང་དུ་ཕེབས། བླ་བྲང་ཆེན་མོའི་ཕྱིའི་སྒོར། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་བོ་ཉིད་ཀྱིས་བསུ་བ་བཅས་གཟིམ་ཆུང་གོང་མར་ཞུས་ཤིང་། རིང་མོ་ཉིད་ནས་གོམས་པའི་བླ་སློབ་ཆོས་ཀྱི་མཛའ་བ་ཟབ་མོའི་རྣམ་ཐར་བདག་གིར་མཛད། 

ས་ཟླའི་ཚེས་བཅུ་གཅིག་གི་ཉིན།རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་བོའི་དྲུང་དུ་དགེ་བསྙེན་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ཤིང་།མཇུག་ཏུ་དགའ་ལྡན་ལྷ་བརྒྱ་མའི་ལུང་དང་།འཇམ་དབྱངས་གང་བློ་མའི་ལུང་སོགས་གསན།ཚེས་བཅུ་གསུམ་གྱི་ཉིན་ནས་སྟ་གོན་སྔོན་དུ་འགྲོ་བའི་བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན་དང་རྡོ་རྗེ་སློབ་དཔོན་ཆེན་མོའི་དབང་སོགས་ཚོགས་འཁོར་བཅས་པ་གསན། 

ཚེས་བཅོ་བརྒྱད་ལ། ཞི་དབང་ནམ་མཁའ་སྒོ་འབྱེད་དང་དེའི་སྐོར་གྱི་ལུང་སོགས་ཐོབ། བཅུ་གཅིག་པའི་ཚེས་དྲུག་ལ་ཕྱག་ཡུལ་ནས་སྐྱ་སེར་སུམ་ཅུ་ལྷག་གིས་སྐྱེལ་མ་བཅས་ལམ་ལ་ཆས་ཏེ། ཉི་མ་བྱང་དུ་བགྲོད་པའི་ཉིན་ཚེས་བཅུ་དགུ་ལ། གདན་ས་ཆེན་པོའི་ནང་ཆེན་སོ་སོ་དང་། བུ་སློབ་མང་མ། དགོན་གོང་འོག་གཉིས། སྡེ་ཚ་ནང་སོ་སོགས་ཀྱིས། གཟབ་རྒྱས་ཀྱི་བསུ་བ་ཕུན་སུམ་ཚོགས་པ་བཅས་གཟིམ་ཆུང་དགེ་ལེགས་ཆོས་མཛོད་དུ་ཞུས་ཤིང་། ཨ་ལགས་རྒྱ་མཚོ་ཚང་ནས་མཎྜལ་ཞུ་འབུལ་བགྱིས་ཏེ་དགོན་གོང་འོག་གཉིས་ཀྱིས་མཇལ་ཁ་ཞུས། ཉེར་ལྔ་ཉིན་གྲྭ་ཚང་ལ་མང་ཇ་མང་འགྱེད་ཀྱི་བསྙེན་བཀུར་ཕུན་ཚོགས་ཞུས་སོ། །

ཧོར་ཟླ་བཅུ་གཉིས་པའི་ཚེས་མགོར་དུས་གསུམ་རྒྱལ་བ་ཀུན་གྱི་གདུང་འཚོབ་རྗེ་བཙུན་ལྷ་རི་བ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་བོ་སྐུ་འབུམ་ལ་བྱོན། ཕྱིར་ཕེབས་སྐབས། བསུ་སྦྲེང་རྒྱ་ཆེན་པོས། གདན་སའི་གཟིམ་ཆུང་དགེ་ལེགས་ཆོས་མཛོད་དུ་གདན་དྲངས་ཏེ། མཆོག་སྤྲུལ་དམ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་གཙོས། ཨ་ལགས་རྒྱ་མཚོ་ཚང་དང་། ཨ་ཁུ་ཚུལ་ཁྲིམས། ཨ་ཁུ་དམ་ཆོས་ཚང་སོགས་ཀྱིས་ལེགས་སྤུས་མཐོ་བ་མང་བོས་ཐོག་དྲངས། ད་རབས་ཀྱི་ཆ་ལ་སྐུ་གོང་མའི་གཟིམ་ཆུང་དགེ་ལེགས་ཆོས་མཛོད་འདིར་བཀའ་ཆོས་གསུང་རྒྱུའི་དབུ་བཙུགས་ཏེ་སྲད་རྒྱུད་བླ་མའི་རྣལ་འབྱོར་གྱི་ཁྲིད། རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་། བྱང་ཆུབ་ལམ་སྒྲོན་གྱི་ལུང་དང་། ཕྱིས་སུ་ཁོང་གི་སྐུ་ལོང་དང་བསྟུན་ནས། མི་ཏྲ་བརྒྱ་རྩ། རྡོ་རྗེ་ཕྲེང་བས་མཚོན་པའི་སྤྱི་བཀའ་དང་ཟུར་བཀའི་རྗེས་གནང་། ཁྲིད་དང་། བཤད་ལུང་བཀླག་ལུང་སོགས་ཆོས་རྒྱུན་རྣམ་པར་དག་པ་ཁོང་རིན་པོ་ཆེས་ཇི་སྙེད་ཅིག་གསན་བཞེས་མཛད་པ་ཐམས་ཅད་ཕ་ནོར་བུ་ལ་འབོགས་པ་བཞིན་དུ་གནང་རྒྱུའི་བཀའ་དྲིན་ཐུགས་ནས་མི་འདོར་བ་ཅིས་ཀྱང་མཁྱེན་མཁྱེན་ཞེས་གསོལ་བ་བཏབ་པས། སྐྱབས་མཆོག་ཉིད་ནས། དགྱེས་བཞིན་ཞལ་བཞེས་མཛད་དེ། ལམ་གཙོའི་ལུང་། ས་ལུགས་འཇམ་དབྱངས་དམར་སེར་གྱི་རྗེས་གནང་སོགས་བསྩལ་ཅིང་། རྡོ་རྗེ་འཕྲེང་བ་སོགས་རྒྱ་ལོར་གནང་རྒྱུའི་ཞལ་བཞེས་གནང་ངོ་། །

དགུང་གྲངས་བཅུ་བ་ལྕགས་སྟག་སྤྱི་ལོ་༡༩༥༠ལོར་ཞམ་རིང་དང་གཞུང་བརྒྱ་སྨྲ་བའི་དགེ་བཤེས་མང་བོ་བཅས་བླ་གྲྭ་ལྔ་བཅུ་ལྷག་ལྷ་རིའི་དགོན་པར་ཕེབས་ནས། རྒྱ་ལོའི་ཚེས་དྲུག་ཉིན་ནས་བཟུང་སྟེ་སྟ་གོན་སྔོན་དུ་འགྲོ་བའི་གསང་འདུས་དང་བདེ་མཆོག་སོགས་ཀྱི་དབུ་བཙུགས་ཏེ། གཉིས་པའི་ཚེས་གཅིག་ལ་རྡོ་རྗེ་ཕྲེང་བའི་དབང་ཡོངས་སུ་རྫོགས་པའི་མཇུག་གྲུབ། 

གཉིས་པའི་ཉི་ཤུར་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་བོ་གདན་ས་བཀྲ་ཤིས་ཆོས་སྡིངས་སུ་བསུ་སྦྲེང་རྒྱ་ཆེན་པོའི་སྒོ་ནས་གདན་དྲངས་ཏེ།ཚེས་ཉེར་ལྔ་ནས།འཇིགས་བྱེད་ལྷ་བཅུ་གསུམ་པའི་སྟ་གོན་སྔོན་དུ་བཏང་སྟེ།དངོས་དབང་དང་།གསང་འདུས་མི་བསྐྱོད་པ་དང་། བདེ་མཆོག་ལུ་ཨི་བ་དང་། སྐྱེར་སྒང་བའི་ལུགས་ཀྱི་རྟ་མགྲིན་ཞབས་བརྒྱད་པའི་དབང་སོགས་དང་། གསུམ་པའི་ཚེས་གཅིག་ལ་དགོན་པ་མར་གའི་འདུ་ཁང་ནས། གཤིན་རྗེ་གཤེད་དམར་གྱི་དབང་གིས་དབུ་བཙུགས་ཏེ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་སོགས་མི་ཏྲ་བརྒྱ་རྩ་དང་།རྗེས་གནང་ཁ་ཤས་བཅས་གནང་ནས་བཞི་བའི་ཚེས་གསུམ་ལ།ཚེ་དབང་འཆི་མེད་རྡོ་རྗེའི་སྲོག་ཤིང་གནང་སྟེ་མཇུག་གྲུབ་པར་བྱས།དགེ་བའི་བཤེས་གཉེན་ཆེན་པོ་རྭ་ཟའི་ཨ་ཁུ་ཕུན་ཚོགས་ཚང་གི་ཞལ་སྔ་ནས།ཁོང་གིས་ཞུས་ངོར་རྗེ་ཡབ་སྲས་གསུམ་གྱི་བཀའ་འབུམ་བཀླག་ལུང་རྒྱ་ལོའི་ཚེས་བརྒྱད་ནས་དབུ་བཙུགས་ཏེ་བཞི་བའི་ཚེས་གཅིག་ལ་མཇུག་ལེགས་པར་གྲུབ་པ་ཐོབ།ཁོང་རིན་པོ་ཆེ་དང་དགེ་རྒན་ཨ་ཁུ་དམ་ཆོས་ཚང་སོགས་ཁོང་དཔོན་གཡོག་བཞིས་ང་བརྒྱད་ནས་བཟུང་བརྒྱད་ཅུ་ཐམ་པའི་བར་དཀའ་ཁག་ཅི་ལ་ཐུག་རུང་འཆར་ཅན་ཚེ་སྒྲུབ་གྱི་རྒྱུན་མ་ཆག་པར་གནང་བ་ནི་བསམ་ཡུལ་ལས་འདས་པའི་མཛད་པའོ།

སྤྱི་ལོ་༡༩༥༨ལོ་ནས་བསྟན་པ་ཆག་འཇིག་གི་སྐབས་རྣམས་སུ་གནས་ལ་ངེས་པ་མེད་པར་རྡོ་འཕང་དང་།ཆབ་ཆའི་ས་གྲུ་བཞི་སོགས་བཞུགས་གནས་སུ་མཛད་དེ།སྨན་པ་དང་།སློབ་གྲྭའི་དགེ་རྒན་སོགས་གཞན་གཅེས་བྱ་བ་སྣ་ཚོགས་ཀྱི་འགན་ཉམས་སུ་བཞེས་ཤིང་།ཞོར་ལ་དུས་ཟིང་གོ་སྐབས་ཧ་ཅང་མི་ལེགས་ན་ཡང་། མི་མངོན་གསང་བའི་ཚུལ་གྱིས་དམ་རྒྱའི་མཚམས་བསྙེན་པ་ལ་བཞུགས་པ་དང་། རྣམ་དག་ཆོས་སྤྱོད་ཀྱི་བགྱི་བ་ཉམས་སུ་བསྟར་ཏེ་གཞན་ཕན་རྒྱལ་སྲས་ཀྱི་སྤྱོད་པས་ལོ་ཟླ་ཁོར་མོ་ཡུག་ཏུ་བག་ཡོད་ཀྱིས་འདའ་བ་མཛད། 

སྤྱི་ལོ་༡༩༧༢ལོར་དགུང་གྲངས་ཉེར་ལྔའི་སྟེང་རི་རྒན་ནང་དུ་ཕེབས་ནས་གསང་སྟབས་ཀྱིས་རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་དྲུང་དུ་བསྙེན་པར་རྫོགས་ཤིང་མཚན་ལ་བློ་བཟང་གྲགས་པ་རྒྱ་མཚོར་གསོལ།  མཁན་རིན་པོ་ཆེ་འདི་བ་ཚང་དང་རྗེ་བློ་བཟང་བསྟན་དར་ཚང་རྣམ་གཉིས་ལས་ལམ་རིམ་སོགས་ཀྱི་བཤད་ལུང་དང་གཞུང་ཁྲིད། ཞི་དྲག་གི་གཅོད་དབང་སོགས་ཀྱི་ཟབ་ཆོས་མང་དུ་གསན། 

སྤྱི་ལོ་༡༩༨༠ལོར་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གི་ཞབས་ཟུང་མཚོ་ལྷོ་ཁུལ་གྱི་བསྟན་འགྲོའི་སྤྱི་དཔལ་དུ་བཀོད་པའི་སྐབས་ཉིད་ན། ཁོང་གིས་དངོས་རྫས་མཆོད་ཕྲེང་སོགས་འབུལ་བ་གྱ་ནོམ་པ་བཅས། ཞབས་པད་ཡུན་བརྟན་དུ་ཚེ་བུམ་ཕུལ་ནས། བསྟན་འགྲོའི་དོན་ལས་བརྩམས་པའི་སྐྱབས་འཇུག་མང་བོ་ཞུས། 

དགུང་ལོ་སོ་བཞི་བ་རབ་རྒྱལ་ལྕགས་བྱ་སྤྱི་ལོ་༡༩༨༡ལོའི་ཟླ་བ་གཉིས་པའི་ཚེས་གཅིག་ལ་བྱང་རྒྱུད་བསྟན་པའི་མཛེས་རྒྱན་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་ཡང་དར་བསྟན་པའི་མེ་རོ་སླར་ཡང་གསོ་བའི་མགོ་བརྩམས། གསང་སྒྲོགས་ཨ་ཁུ་དགེ་འདུན་ཤེས་རབ་ཚང་དགེ་བསྐོས་དང་དོར་ཤུལ་ཨ་ཁུ་ཡོན་ཏན་དབུ་མཛད་དང་། ཚེ་རིག་ཨ་ཁུ་དགེ་འདུན་ཤེས་རབ་དང་དན་ཏིག་བློ་བཟང་དང་། དགེ་འདུན་སྐལ་བཟང་བཅས་ལས་སྣེར་བསྐོ་བཞག་མཛད། 

གཉིས་པའི་ཚེས་བརྒྱད་ལ་ཆོས་སྒོ་འབྱེད་པའི་བཀྲ་ཤིས་གསོ་སྦྱོང་འཚོགས་སྐབས་སུ་ཁོང་གིས་མདོ་གསུངས་ཤིང་། བཅུ་གཅིག་གི་ཉིན། ཞྭ་དམར་རྡོ་རྗེ་འཆང་གི་གཟིམ་སྤྱིལ་ལྷས་གོང་མ་མཆོད་ཁང་དུ་གཉིས་པའི་མཆོད་མེ་ཆེན་མོའི་དབུ་བཙུགས་ཏེ། དགོན་གཞུང་ལ་སྐུའི་རྟེན་རྡོ་རྗེ་འཆང་གི་འདྲ་ཐང་། གསུང་གི་རྟེན་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཐུགས་ཀྱི་རྟེན་བཀའ་གདམས་མཆོད་རྟེན་བཅས་ཕུལ་པ་དང་། གཞན་ཡང་མཆོད་ཆའི་རིགས། ཙི་ཆ་གཅིག དུང་དཀར་ཆ་གཅིག དུང་ཆེན་ཆ་གཅིག ཌ་དྲིལ་དང་མཎྜལ། བརྒྱ་རྩའི་ལས་སྣོད་ཡོ་བྱད། ཆོས་གོས་སྣམ་སྦྱར། འབྲུ་རིགས་རླངས་འཁོར་གཉིས། དྲེལ་གཅིག་བཅས་སྐབས་འདིར་ཕུལ་ཅིང་། བླ་མ་རྡོ་རྗེ་འཆང་སོགས་ཁྲི་ཐོག་ལྔས་རིམ་པར་བསྐྱངས་པའི་ཆོས་ཀྱི་ཁྲི་འགན་ཉམས་སུ་བཞེས་ནས་ཁྲི་རབས་དྲུག་པའི་རྣམ་ཐར་བདག་གིར་མཛད་ཅིང་། བསྟན་པ་ཡང་དར་གྱི་རྨང་གཞི་ལེགས་པར་ཚུགས། 

གཉིས་པའི་ཚེས་བཅུ་གཉིས་བར་ལ། དགེ་བའི་བཤེས་གཉེན་དང་གྲྭ་རིགས་མང་མ་ལ། སྤྱོད་འཇུག་ཆེན་མོའི་བཀླག་ལུང་བསྩལ་ཅིང་། བཅོ་ལྔ་ལ་ཁོང་གསོ་སྦྱོང་བླ་མ་མཛད་དེ་གསོ་སྦྱོང་བཙུགས། ལོ་དེའི་བདུན་པའི་ནང་ནས་འདུ་ཁང་ཆེན་མོ་གསར་དུ་བཞེང་མགོ་བརྩམས། ལྕགས་བྱ་སྤྱི་ལོ་༡༩༨༢ལོར་ཨ་རྒ་རིན་པོ་ཆེ་ཁོང་གིས་བཀོད་ཁྱབ་གནང་བ་བཞིན། ཆོས་ཚ་སྡེ་བས་ཡོན་བདག་བྱས་ཏེ་ལྷ་ས་ནས་བཀའ་འགྱུར་གདན་འདྲེན་བྱས། 

ཇི་སྐད་དུ། གདན་རབས་རིན་ཆེན་ནོར་བུའི་མེ་ལོང་ལས། ཁྱད་པར་མཆོག་སྤྲུལ་ཀིརྟིའི་མཚན་ཅན་གྱིས། །ཐུགས་ཁུར་ཆེར་བཞེས་འདུ་ཁང་གསར་བཞེངས་ཏེ། །སྐུ་གདུང་རིན་ཆེན་དབང་གི་རྒྱལ་བོ་ཉིད། །དངུལ་སྒོར་བརྒྱ་ཕྲག་དུ་མས་བསྒྲུབས་ཏེ་ཕུལ། །ཅེས་གསུངས་པ་ལྟར། ཆུ་ཕག་སྤྱི་ལོ་༡༩༨༣ལོར་ཨ་རྒ་རིན་པོ་ཆེ་མཆོག་གིས། ཐུགས་ཁུར་ཚད་མེད་དང་། ཚེགས་བརྩོན་འགྲུས། སྒོར་ཁྲི་ཕྲག་དུ་མས་མཚོན་པའི་རྒྱུ་ཟོང་སོགས་གང་ཅིའི་ཐད་ནས་ཚོགས་ཆེན་འདུ་ཁང་ཆེན་མོ་བཞེངས་པའི་སྦྱོར་བ་ལེགས་པར་བརྩམས་ཤིང་། 

སྤྱི་ལོ་༡༩༨༤ལོར་འདུ་ཁང་ཆེན་མོ་ལེགས་པར་གྲུབ་སྟེ་དགེ་ལྡན་ལྔ་མཆོད་ཆེན་མོ་དང་འབྲེལ་ནས་རྨོག་རུ་སྡེ་བས་ཡོན་བདག་བྱས་ཏེ་འདུ་ཁང་འགྲུབ་སྟོན་མཛད་སྒོ་ལེགས་པར་བྱས། བླ་མ་རྡོ་རྗེ་འཆང་སཾ་གྷའི་ཞབས་ཀྱི་དབུ་ཐོད་ཀྱི་ཆ་ཤས་སོགས་ཀྱི་སྐུ་གདུང་རིང་བསྲེལ་གཙོས་རྟེན་འགངས་ཆེན་མང་བོ་སྙིང་བོར་བཞུགས་པའི་རིན་ཆེན་གཉིས་པ་སྲང་བརྒྱད་བརྒྱ་ལྷག་ལས་གྲུབ་པའི་མཆོད་རྟེན་རིན་ཆེན་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན་བཞེངས་གྲུབ་པ་འདུ་ཁང་ཆེན་མོར་གདན་དྲངས་ནས་བཞུགས་སུ་གསོལ་བ་དང་། མཆོད་རྟེན་གྱི་དཀར་ཆག་ཀྱང་ཁོང་གིས་ལྗགས་རྩོམ་མཛད། 

གདན་རབས་ལས། གསུམ་ལྡན་རྡོ་རྗེ་འཛིན་པའི་མཆོག་སྤྲུལ་གྱིས། །གོང་མའི་རྣམ་ཐར་བདག་གིར་ལེགས་མཛད་དེ། །ཐུགས་རྗེ་ཆེན་པོ་ལྷ་ཁང་རྟེན་ཡོངས་བཅས། །བསྟན་འགྲོའི་དོན་དུ་བསྐྲུན་པ་འདི་ལགས་སོ། །ཞེས་གསུངས་པ་ལྟར། ཤིང་གླང་སྤྱི་ལོ་༡༩༨༥ལོར་འཇིག་རྟེན་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཙུག་ལག་ཁང་གསར་བཞེངས་གནང་སྐབས། ཁོང་རང་ཉིད་དབུས་སུ་ཕེབས་ཏེ་ནོར་གླིང་གི་རྒྱལ་དབང་བདུན་པའི་གཟིམ་ཁང་དུ་གོང་ས་མཆོག་གི་དབུ་སྔས་སུ་བཞུགས་པའི་སྤྱན་རས་གཟིགས་ཀྱི་དབུ་བྱིན་ཅན་ཞིག་ལ་སྐུ་སྨད་གསར་དུ་བཞེངས་པའི་ཐུགས་རྗེ་ཆེན་པོ་ཁ་སཪྤ་ཎིའི་སྐུ་བརྙན་ལྷ་སའི་ཇོ་བོའི་མདུན་དུ་ཞག་བདུན་བར་བཞུགས་སུ་གསོལ་ཏེ་རབ་གནས་མཛད། དེ་ནས་གདན་སར་སྤྱན་དྲངས་པ་ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་རྟེན་གཙོར་ཞུས་ཏེ་རྟེན་བརྟེན་པ་ཆ་ཚང་ལ་དམངས་སྒོར་ཁྲི་ཕྲག་བཅུ་ལ་ཉེ་བའི་འགྲོ་གྲོན་བཏང་། ལོ་འདིའི་གསུམ་པའི་ནང་ལ་རྨོག་རུ་བ་རྗེ་བཙུན་བློ་བཟང་བསྟན་དར་ཚང་གི་དྲུང་དུ་གསང་བ་གཅོད་ཀྱི་ཞི་དྲག་གི་དབང་སོགས་གསན། 

མེ་ཡོས་སྤྱི་ལོ་༡༩༨༧ལོར་ཁོང་གི་བཀའ་དྲིན་གྱིས།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གདན་ས་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ནས་བཀའ་ཆོས་གསུངས།མཇུག་ཏུ་ཨ་རྒ་རིན་པོ་ཆེས་གཙོ་མཛད་པའི་གྲྭ་ཚང་ཐུན་མོང་ནས་ཚེ་བུམ་གྱིས་ཐོག་དྲངས་ཏེ་འབུལ་བ་ཕུལ།ཁོང་གི་གཟིམ་ཤག་ཏུའང་པཎ་ཆེན་མཆོག་གདན་འདྲེན་ཞུས་སོ།

ས་འབྲུག་སྤྱི་ལོ་༡༩༨༨ལོར་ཁོང་པེ་ཅིན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཕེབས་ཏེ། རྗེ་དགེ་འདུན་རྒྱ་མཚོ་ལས་སྤྱོད་འཇུག་ཆེན་མོ་སོགས་རིག་གཞུང་མང་བོར་གསན་བསམ་ཆེན་པོ་མཛད། དགེ་བའི་བཤེས་གཉེན་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་མཛེས་པའི་རྒྱན་དུ་ཕུལ་ཏོ། །

སྤྱི་ལོ་༡༩༨༩ལོ་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་བཀླག་ལུང་གི་དབུ་བརྩམས་ཏེ་ལོ་དུ་མར་གནང་བའི་མཇུག་ལེགས་པར་གྲུབ་པ་དང་སྤྱོད་འཇུག་དང་བྱམས་ཆོས་སྡེ་ལྔའི་ལུང་སོགས་བཀའ་ཆོས་མང་དུ་བསྩལ། 

སྤྱི་ལོ་༡༩༩༠ལོར་རྒྱ་གར་དུ་ཕེབས་ཏེ་སྐྱབས་མགོན་མཆོག་ལ་མཇལ་ཁ་ཞུས་ཤིང་།དགའ་ལྡན་དགོན་པར་རྟོགས་བརྗོད་འདུན་ལེགས་མའི་ལུང་།བློ་སྦྱོང་ཉི་མའི་འོད་ཟེར་གྱི་ཁྲིད།དགའ་ལྡན་འདུ་ཁང་ཆེན་མོའི་སུམ་ཐོག་ཏུ་སྐྱབས་མགོན་མཆོག་ལ་ཞབས་པད་ཡུན་བརྟན་གྱི་ཚེ་བུམ་ཕུལ།སྐབས་འདིར།བྱང་སྡོམ།སྒྲོལ་དཀར་ཚེ་དབང་།འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་།འཇིགས་བྱེད་དཔའ་གཅིག་གི་དབང་།མགོན་པོ་ཆོས་རྒྱལ་གཉིས་ཀྱི་རྗེས་གནང་བཅས་གནང་།ཝ་ར་ནཱ་སིར།མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བའི་བཤད་ལུང་།བླ་མ་ལྔ་བཅུ་བའི་ཁྲིད།སྒྲོལ་མ་དང་འཇམ་དཔལ་མཚན་བརྗོད་ཀྱི་ལུང་། ཐུན་དྲུག་རྣལ་འབྱོར་དང་འབྲེལ་བའི་དུས་འཁོར་བླ་མའི་རྣལ་འབྱོར་གྱི་ལུང་། དུས་འཁོར་དབང་མོ་ཆེ་གནང་ཐེངས་བཅུ་བཞི་བ་བཅས་ཐོབ། ལོ་འདིའི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔར་ཕྱིར་གདན་སར་འབྱོར། 

སྤྱི་ལོ་༡༩༩༠ལོའི་ཟླ་ལྔ་བའི་ཚེས་གཅིག་ལ་ཨ་རྒ་རིན་པོ་ཆེ་མཆོག་གིས་གཙོས་རྒན་སྤྱི་ཐུན་མོང་ནས། གཞུང་བརྒྱ་སྨྲ་བའི་དབང་ཕྱུག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ཡེ་ཤེས་རྒྱ་མཚོ་གྲྭ་ཚང་སྤྱིའི་མཚན་ཉིད་དགེ་རྒན་དུ་གདན་དྲངས་ཏེ་བཀའ་པོད་ལྔའི་གཞུང་ཁྲིད་རྒྱས་པར་གནང་བ་མ་ཟད། གདན་ས་ཆེན་པོ་འདི་ཉིད་ཀྱི་སྡེ་སྣོད་གསུམ་གྱི་འཆད་ཉན་མི་ཉམས་འཕེལ་རྒྱས་ཀྱི་ཐབས་སུ་ཆུ་སྤྲེལ་སྤྱི་ལོ་༡༩༩༢ལོ་ནས་རྡོ་གཅལ་དམ་བཅའ་ཞེས་པའི་ཆོས་ཐོག་དང་། ཚོགས་གླེང་། བཀའ་བཅུ་རབ་འབྱམས་པ་དང་། རྡོ་གཅལ་རབ་འབྱམས་པའི་མཚན་བཏགས་ཀྱི་སྲོལ་རྣམས་རིམ་གྱིས་བཙུགས། 

སྤྱི་ལོ་༡༩༩༡ལོའི་རྒྱ་ལོའི་ཚེས་བརྒྱད་ནས་དགོན་གོང་འོག་གཉིས་ཀྱི་གྲྭ་རིགས་རྒན་གཞོན་མང་བོས་གཙོས།གཞི་བྱེས་ཀྱི་གསན་མཁན་མི་ཉུང་བ་ལ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཀླག་ལུང་གནང་བ་དང་།ཁྱད་པར་ཁོང་གིས་ཐུགས་ཁུར་ཆེར་བཞེས་ཀྱི་སྒོ་ནས་སྨར་ཟོང་གི་འགྲོ་སོང་ཚད་མེད་བཏང་སྟེ་རྗེ་ཞྭ་དམར་བའི་སྤྲུལ་སྐུ་བདུན་པ་ཆེན་མོ་དང་།སྐུ་ཕྱོགས་སྐུ་མཆེད་ཀྱི་སྤྲུལ་སྐུ། མཁར་ནང་སྤྲུལ་སྐུ་བཅས་སྐུ་ཕྱོགས་རྣམ་པ་གསུམ་གྱི་སྐུ་བཙལ་ནས་གདན་སར་བཀོད་དེ། སྤྱི་ལོ་༡༩༩༣ལོའི་བརྒྱད་པའི་ཚེས་བཅོ་ལྔ་ལ་དཔེ་མི་སྲིད་པ་ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་འཆར་བ་ལྟ་བུའི་སྒོ་ནས་སྐུ་ཕྱོགས་རྣམ་གསུམ་ལྷན་ཅིག་ཁྲི་སར་བཀོད་དེ། ཁྲི་བཞུགས་དགའ་སྟོན་གྱི་མཛད་སྒོའི་ཡོ་ལང་རྒྱ་ཆེར་བགྱིས་ཤིང་། ཁོང་གིས་སྒྲ་དག་གསལ་གསུམ་གྱི་སྙན་ཚིག་གི་ལམ་ནས་ཀུན་གྱི་ཡིད་འཕྲོག་པའི་མཎྜལ་བཤད་པ་བཅས་ཕུལ་པ་ཡིན་ནོ། །

ལོ་འདིར་ཁྲི་རིན་པོ་ཆེས་གྲྭ་རིགས་ལོ་བཅོ་ལྔའི་མན་ཆད་ཆོས་གྲྭར་ཞུགས་པའི་ཚོད་དུ་མ་སླེབས་པ་རྣམས་ཀྱི་ཆེད་དུ་དམིགས་ནས་སློབ་གྲྭ་གསར་འཛུགས་གནང་། དུས་ཟིང་སྐབས་ཏེ་སངས་རྒྱས་ཀྱི་བསྟན་པ་ལྷ་ཁང་གསེར་ཁང་།སྐུ་གསུང་ཐུགས་རྟེན་གྱི་རིམ་པ་རི་རབ་བཞིན་དུ་དར་ཞིང་།བྲག་རི་ལྟ་བུར་བརྩིགས་པ་ཐམས་ཅད།དུས་ཀྱི་འཐོར་རླུང་གིས་ཆག་འཇིག་ཆེན་པོས།ལྷག་བྲལ་ཤུལ་མེད་ཀྱི་ཚུལ་དུ་བསྐྱལ་བས།ཆོས་སྲིད་གཉིས་ཆར་གྱི་དཔུང་བ་ཉག་ཕྲ་བའི་ཆེར་སྙིགས་ཀྱི་སྐབས་འདིར།ཁོང་གཅིག་ཉིད་ཀྱིས་རང་སྟེང་ནས་སྡེ་འདིར་སྦྱར་བའི་སྒོར་ཟོང་གི་ཆ་ནས་རགས་ཙམ་ཞུ་ན། དེ་དུས་ཀྱི་སྒོར་སུམ་འབུམ་དྲུག་ཁྲི་ལས་བརྒལ་བ་ལྷག་ཕུལ་ཅིང་། ཚོགས་ཆེན་འདུ་ཁང་ཆེན་མོ་དང་།ནང་བཞུགས་སྐུ་གསུང་ཐུགས་རྟེན། ཐ་ན་གྲལ་ཁྲི་གྲལ་གདན་དང་བཅས་པ་འདུ་ཁང་ཆེན་མོའི་རྟེན་དང་བརྟེན་པ་སོགས་ཀྱིས་མཚོན་པའི་ལྷ་ཁང་རྟེན་བཞེངས་ཀྱི་སྐོར་རྨང་ནས་སླར་གསོ་བྱས་ཤིང་།གྲྭ་ཚང་སྤྱི་ལ་ལོ་རེ་བཞིན་དུ་མང་ཇ་མང་འགྱེད་ཀྱི་མཆོད་བཀུར་གཟབ་རྒྱས་གང་མང་ཞུས་པ་དང་། བརྩེས་གཟིགས་ཀྱིས་ཕྱོགས་སོ་སོ་ནས་འོང་བའི་སློབ་གཉེར་བྱེད་པའི་གྲྭ་རྐྱང་རྣམས་ལ། འབྲུ་རིགས་ཕྱེ་རྩམ་དང་། ཤ་མར་ཟས་གོས་སོགས་གང་ཐད་ནས་གནང་སྦྱིན་གྱི་མཐུན་རྐྱེན་ལེགས་པར་སྦྱར།ཁྱད་པར་གྲྭ་རིགས་རྣམས་ལ་སྡེ་འདིའི་འཆད་ཉན་གོང་འཕེལ་དུ་རྒྱས་པའི་ཕྱོགས་སུ་རྟིང་སྐུལ་དང་།ཐབས་བཀོད་གང་ཡོད་འབད་འབུངས་ཀྱིས་ཉམས་སུ་བསྟར་བ་དང་།ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་སྐྱོང་བཀུར་ཚད་མེད་བགྱིས།གཙུག་ལག་ཁང་དང་།རྟེན་བཞེངས་ཀྱི་སྐོར། དཔར་ཁང་སྨན་ཁང་སོགས་ཉམས་པ་སོར་ཆུད་དང་། བཤད་སྒྲུབ་འཆད་ཉན་གྱི་དཔལ་ཡོན་མཆོག་ཏུ་རྒྱས་པར་བྱས་སོ། །

ཆོས་སྒོ་གསར་དུ་ཕྱེས་པ་ནས་ལོ་ངོ་བཅོ་ལྔའི་རིང་ལ་ཆོས་སྡེ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་བྱ་བ་རྨང་ནས་སླར་གསོ་མཛད་དེ་དགེ་འདུན་པ་ཞལ་གྲངས་སུམ་བརྒྱ་ལས་བརྒལ་བར་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་།འཆད་ཉན་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་བརྩོན་པ་ཆེན་པོ་བསྟེན་པའི་མུར་བློ་བཟང་རྒྱལ་བ་གཉིས་པའི་ལུགས་བཟང་གི་གདུགས་དཀར་བླ་ནས་བླར་འདེགས་པའི་ཡབ་རྗེ་བླ་མའི་མཛད་འཕྲིན་བླ་ན་མེད་པ་སྤེལ་བར་མཛད་དོ། །

སྤྱི་ལོ་༡༩༩༥ལོར་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཁྲི་འགན་དགོངས་ཞུ་མཛད་དེ། སྐུ་མཆེད་མཆོག་སྤྲུལ་ལུང་རྟོགས་ཡོན་ཏན་རྒྱ་མཚོ་ཁྲི་རབས་བདུན་པར་བསྐོ་བཞག་མཛད།སྤྱི་ལོ་༢༠༠༠ལོའི་ཟླ་བདུན་པའི་ཚེས་དགུར་གཡུ་ཚའི་སེར་སྐྱ་ཀུན་གྱིས་གདན་ཞུས་ལྟར།གཡུ་ཚ་དགོན་པར་ཕེབས་ནས།སྟ་གོན་དང་བཅས་པའི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དངོས་གཞིའི་དབང་དང་།ཀུན་རིག་དང་འཇིགས་བྱེད།རྟ་མགྲིན་སོགས་ཀྱི་དབང་།ཚེ་དབང་འཕོ་ལུང་བཅས་གནང་ངོ་། །འདིས་མཚོན་པའི་རྒོད་རྩེ་རི་ཁྲོད་དང་། རྐང་ཚ་དགོན་ཆེན། ཀན་སུའུ་མ་ཐེ་སི་ཞེས་པའི་དགོན་པ། རྐང་ཚའི་དཔོན་ཚང་དགོན་པ། ཨ་མགོན་དགོན་པ། སྡེ་ཚ་དགོན་རྙིང་། ཨོ་བསྭོ་དགོན་པ། ལྷ་རི་དགོན་པ། སྐྱིད་བདེ་དགོན་པ། ཆོས་ཚ་དགོན་པ། གཤོང་ཤན་ཇོ་ཁང་སོགས་ཉམས་པ་སླར་གསོས་ཏེ་བསྟན་འགྲོའི་དཔལ་དུ་བསྐྲུན་པའི་བདག་རྐྱེན་གྱི་བཀའ་དྲིན་ཚད་ལས་འདས་སོ། །

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་།ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ།དཔའ་ལུང་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ།རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།ཆོས་སྡེ་འདིའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་མྱོང་ངོ་།།དགུང་ལོ་ང་དྲུག་པ་སྤྱི་ལོ་༢༠༠༣ལོའི་ཧོར་ཟླ་དགུ་བའི་གྲལ་ཚེས་བཅོ་ལྔའི་ཉིན་གདན་ས་བཀྲ་ཤིས་ཆོས་སྡིངས་སུ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།

རྗེ་འདི་བའི་སྐུ་ཕྲེང་ཕྱི་མ་ནི།ད་ལྟའི་མཆོག་སྤྲུལ་དམ་པ་འཇམ་དབྱངས་བློ་བཟང་དམ་ཆོས་རྒྱ་མཚོ་འདི་བ་ཡིན་ལ།ཁོང་ནི་སྤྱི་ལོ་༢༠༠༤ལོའི་ཟླ་༩པའི་ཚེས་༣ཉིན།མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཁ་སྒང་ཞོལ་མའི་རུ་ཁག་གསུམ་པར།ཡབ་རིན་ཆེན་རྒྱལ་དང་ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་བདུན་པ་སྤྱི་ལོ་༢༠༡༠ལོའི་ཧོར་ཟླ་༩བའི་ཚེས་༢༢ཉིན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ཕྱག་ཡུལ་དུ་དཔའ་དར་ཕུལ།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་མཆོག་ལས་རབ་ཏུ་བྱུང་།སྤྱི་ལོ་༢༠༡༠ལོའི་ཟླ་༡༡པའི་ཚེས་༣ཉིན་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་ཁྲི་སྟོན་མཛད།ད་ལྟ་གདན་ས་རང་ན་སྐུ་གོང་མའི་ཉེ་གནས་རྡོ་རམས་པ་ལུང་རིགས་རྒྱ་མཚོ་ཚང་དགེ་རྒན་དུ་བསྟེན་ནས་ཚོགས་ཆོས་འགྲིམས་ཏེ་ཐོས་བསམ་སློབ་གཉེར་གནང་བཞིན་བཞུགས་སོ།

ཞེས་གདན་རབས་དཔག་བསམ་འཁྲི་ཤིང་གི་བར་དུ་དགེ་བ་ཉེ་རབས་གཏམ་གྱི་གདན་ཁྲི་རིམ་པའི་མཛད་རབས་འབྲས་བཟང་དུས་སུ་སྨིན་པའི་ཚུལ་ལས་ཁྲི་རབས་དྲུག་པ་བློ་བཟང་གྲགས་པ་རྒྱ་མཚོའི་རྣམ་པར་ཐར་བ་བརྗོད་པའི་ཡལ་འདབ་སྟེ་བཅུ་གཅིག་པའོ། །

ཞེས་པ་འདི་ནི་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་རིགས་སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བྲིས་པ་དགེའོ།།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།