དྷཱིཿ ཚ་དགོན་པའི་ཁྲི་རབས་ལྔ་བ་འཇམ་དབྱངས་བསྟན་པའི་རྒྱལ་མཚན། 

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-05-30 19:46:40     རྩོམ་པ་པོ།   སེང་གཤོང་དགེ་འདུན་འཇིགས་མེད།    ཀློག་ཐེངས།  

微信图片_20200530202042.jpg

གདན་རབས་ཚིགས་བཅད་མ་ལས། 

སྐུ་མཆེད་འཇམ་དབྱངས་བསྟན་པའི་རྒྱལ་མཚན་གྱིས། །

ཁྲི་ཐོག་ལྔ་བ་མཛད་དེ་ལོ་དྲུག་བསྐྱངས། །

བྱམས་ཁང་ཞིག་གསོས་ལ་སོགས་མཛད་པ་ལགས། །

གདན་ས་སྐྱོང་སྐབས་དུས་ཀྱི་འཕོ་འགྱུར་བྱུང་། །ཞེས་བྱུང་། 

  ཁྲི་རབས་ལྔ་བ་མཚུངས་བྲལ་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་སྐུ་མཆེད་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་འཇམ་དབྱངས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་ཡིན་ལ། དམ་པ་འདི་ཉིད་སྐུ་ཕྲེང་གོང་མའི་ཕྱག་ཡུལ་ཨ་རིག་སྡེ་མང་དུ་ཡབ་རྒྱབ་ཚང་བན་ཐར་དང་། ཡུམ་ཁུ་ལོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ས་རྟ་སྤྱི་ལོ་༡༩༡༨ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སྐུ་བལྟམས།ལྷ་དང་བླ་མས་ལུང་བསྟན་ལྟར་འགྲོ་མགོན་སྐུ་མཆེད་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་གནང་། སྐུ་བྱིས་པའི་དུས་ནས་ཨ་རིག་སྡེ་མང་མགོན་དུ་གདན་དྲངས་ཤིང་ཡིག་ཀློག་དང་ཆོས་སྤྱོད་འགའ་ཞིག་བསླབས། དགུང་ལོ་བདུན་དུ་སོན་པ་ཤིང་བྱི་སྤྱི་ལོ་༡༩༢༤ལོར་བཀོད་པ་རྒྱ་ཆེན་པོས་བསུས་ཏེ་བཀྲ་ཤིས་ཆོས་སྡིངས་སུ་གདན་སར་བཀོད། ལོ་དེར་ཁ་གྱ་སེམས་དཔའ་ཆེན་པོ་རྗེ་འཇམ་དབྱངས་དཔལ་ལྡན་པའི་དྲུང་དུ་དགེ་བསྙེན།རབ་བྱུང་།ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཅས་ལེགས་པར་མནོས།བསྟན་པའི་སྒོར་ཞུགས་པའི་ལེགས་སྐྱེས་ཀྱི་ཐོག་མར་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང་། བྱིན་རླབས་སྤུངས་ཞུས་ཀྱི་ལུང་བཀའ་དྲིན་དུ་བསྩལ་པ་གསན། དེ་ནས་གདན་སར་ཚོགས་ཞུགས་གནང་ནས་ལོ་འགའ་བཞུགས་ཏེ་བསྡུས་ཚད་ལ་སྦྱངས། ཟབ་རྒྱས་ཆོས་ཀྱི་བདུད་རྩིའང་མང་ཙམ་བཞེས། དེ་ནས་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་རྭ་རྒྱ་བཀྲ་ཤིས་འབྱུང་གནས་སུ་ཕེབས་ཏེ་ཚོགས་ཞུགས་གནང་། ཡོངས་རྫོགས་བསྟན་པའི་མངའ་བདག་འགྲོ་མགོན་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་བསྙེན་པར་རྫོགས་ཤིང་།མགོན་པོ་མཆོག་དེ་ཉིད་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་རྒྱུན་མང་བོ་གསན་པ་ཡིན་ནོ།།དམ་པ་འདི་ཉིད་རང་གཤིས་བཟང་ཞིང་ངང་རྒྱུད་ཧ་ཅང་འཇམ་པ།དམན་པ་ལ་ལྷག་པར་བརྩེ་བ་སོགས་ཡོན་ཏན་ཁྱད་པར་ཅན་མང་བོ་ཐུན་མོང་དུ་མཇལ་ནུས་ཤིང་།ཆོ་གའི་རིམ་པ་མང་བོ་ཉིན་རེ་བཞིན་ཞལ་འདོན་གནང་བ་སོགས་ཆོས་མཐུན་གྱི་མཛད་སྤྱོད་ལས་ནམ་ཡང་གཡོ་བ་མི་མངའ་བ་ཞིག་ཡིན།ཆོས་སྡེ་ཆེན་པོ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཞེས་གྲགས་པའི་ཆོས་ཀྱི་སྐྱེད་ཚལ་ཆེན་པོ་གང་གི་མཁན་ཁྲིར་བཞུགས་ནས་ལོ་དུ་མའི་རིང་ལ་ཆོས་དང་ཟང་ཟིང་གིས་ལེགས་པར་བསྐྱངས། ཁྲི་ཁུར་ཕོག་རྗེས་ཨ་རིག་སྡེ་མང་དགོན་དུ་ལོ་འགར་བཞུགས། 

དགུང་ལོ་སོ་ལྔ་བ་ཆུ་འབྲུག་སྤྱི་ལོ་༡༩༥༢ལོའི་དུས་ཚེས་དགེ་བར་སྐྱབས་མགོན་ཐུགས་རྗེ་ཅན་མཆོག་སྤྲུལ་རིན་པོ་ཆེའི་བཀའ་ཆེམས་ལྟར་གདན་སའི་གྲོས་དབང་རྣམས་ཀྱིས་ནན་ཏན་གྱིས་གསོལ་བ་བཏབ་པ་ཞལ་བཞེས་གནང་སྟེ། ཡབ་རྗེ་རྡོ་རྗེ་འཆང་སྐུ་སྔ་ཕྱི་སོགས་དམ་པའི་སྐྱེ་བོ་མང་བོས་བྱིན་གྱིས་བརླབས་པའི་གདན་ས་ཆེན་པོ་དཔལ་མི་འགྱུར་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་ཀྱི་ཁྲི་ལ་ཞབས་སྐྱེས་པདྨའི་རྡུལ་ཕྲེང་ཉེ་བར་བཀོད་དེ་དགའ་སྟོན་གྱི་ཡོ་ལང་རྒྱ་ཆེར་བསྟར། འཆད་ཉན་དང་སློབ་གཉེར་ལ་རྟིང་བསྐུལ་ནན་ཏན་དང་ཁུར་བཞེས་ཤིན་ཏུ་ཆེ་བ་གནང་། སྔོན་ནས་བཀའ་རམས་པ་རྣམས་ཚོགས་ལ་ཕེབས་མིན་རང་དབང་ཡིན་པའི་དམིགས་བསལ་ཞིག་ཡོད་པའང་། རེ་རེ་བཞིན་སྐུ་མདུན་དུ་བོས་ནས་ཞལ་གསུང་སྙན་མོས་ཚོགས་ལ་ངེས་པར་ཕེབས་དགོས་པའི་འགྲིག་ལམ་གསར་བ་བཙུགས་པ་དང་། ལུང་རིགས་གཉིས་འཛོམས་ཀྱི་སྨྲ་བའི་སེང་ཆེན་མང་བོས་གཞུང་བཤད་ཁྲིད་དང་རྩོད་ངག་གི་གད་རྒྱངས་བརྒྱུད་མར་བསྒྲགས་པ་ལ་བརྟེན་ནས་བཀའ་པོད་ལྔའི་འཆད་ཉན་ཡར་ངོའི་ཟླ་བའི་དཔལ་ལ་འགྲན་པར་གྱུར་ཅིང་། འཆད་ཉན་དང་སློབ་གཉེར་ལ་རྟིང་བསྐུལ་ནན་ཏན་དང་འདུལ་བའི་བཅས་ཁྲིམས་དང་དགེ་འདུན་གྱི་ནང་ཁྲིམས་སོགས་ལ་དོ་དམ་ཁུར་བཞེས་གནང་། 

སྐྱབས་རྗེ་ཉིད་ཀྱིས་ཁུར་བཞེས་ཀྱིས་དངུལ་སྲང་ཁྲི་ལྷག་གི་ཡོན་སྦྱར་ཏེ་སྔར་གྱི་བྱམས་ཁང་རྙིང་སྐྱོན་ཆེ་བ་གཞི་ནས་ཞིག་གསོས་གནང་ནས་གྱན་ལྔ་བ་སུམ་ཐོག་ཅན་དང་། ཡབ་རྗེ་རྡོ་རྗེ་འཆང་གིས་ལུང་བསྟན་ལྟར་བྱམས་ཆེན་བཅུ་གསུམ་དངོས་སུ་བཞེངས་མྱོང་བའི་སེང་གཤོང་ཡ་མགོའི་བྲིས་འབུར་གཉིས་མཁས་ཀྱི་སྤྲུལ་པའི་ལྷ་བཟོར་གྲགས་པ་དགེ་སློང་བསྟན་འཛིན་ལྷ་དཔོན་དང་། བཟོ་རིག་རྩེར་སོན་དགེ་སློང་ཡུམ་སྐྱབས་དཔོན་གཡོག་གྲྭ་རིགས་སྐོར་སོགས་བཅས་ཀྱིས་རྟེན་གཙོ་མི་ཕམ་མགོན་པོའི་སྐུ་བརྙན་དང་གསེར་ཚོན་གྱན་ཐང་རྣམས་བཟོ་རྩལ་ཡོད་རྒུ་འབུར་དུ་བཏོན་ཏེ་རྟེན་བརྟེན་པའི་བཟོ་བཀོད་ཕུན་སུམ་ཚོགས་པ་ཡིད་དགའ་ཆོས་འཛིན་ལྟ་བུའི་ཕོ་བྲང་སྲིད་ན་ཟླ་བོས་མ་བཟུང་བ་ཞིག་བཞེངས་པར་གྲགས་སོ། །

ཁྱད་པར་དུ་དམ་པ་འདི་ཉིད་ཀྱིས་ཤིང་ལུག་སྤྱི་ལོ་༡༩༥༥ལོའི་ས་ག་ཟླ་བའི་ཚེས་དགུ་ལ་སྐྱབས་རྗེ་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་གདན་ས་འདིར་ཞུས་ཤིང་ཁྲི་རིན་པོ་ཆེའི་ནང་ཆེན་དུ་བཞུགས། དགེ་འདུན་ཡོངས་ལ་བདེ་གསང་འཇིགས་གསུམ་གྱི་དབང་དང་སྔགས་བཏུའི་རྗེས་གནང་། སྣར་ཐང་བརྒྱ་རྩའི་རྗེས་གནང་དང་མགོན་ཆོས་ཀྱི་རྗེས་གནང་སོགས་ཀྱི་ཆོས་བཀའ་མང་དུ་གནང་། བསྒྲུབ་བྱ་ལྔ་བཅུ་ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ། ཨ་ལགས་ཁ་གྱ་ཚང་། སྐུ་མཆེད་ཚང་།རྒྱལ་ཚབ་ཚང་།ཞྭ་དམར་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་ཞོ་འོང་ཕུན་ཚོགས་དར་རྒྱས་ཚང་། ཚ་ཕུག་དགེ་བཤེས་བློ་བཟང་རྒྱ་མཚོ་ཚང་སོགས་ཞལ་སློབ་དུ་མར་རྗེ་རང་ཉིད་ཀྱི་ཕྱག་ཚྭ་སྟོན་པའི་སྐུ་བརྙན་བྱོན་ལེགས་རེ་གནང་། ཟླ་ལྔ་བའི་ཡར་ཚེས་ལ་འདུ་ཁང་ཆེན་མོའི་ཡང་སྟེང་ནས་དགེ་བཤེས་རྣམ་པ་བཞིས་ཐལ་སྐད་ལན་གསུམ་གཏོང་བ་དང་འབྲེལ་བར་དར་དཀར་ཐེངས་གསུམ་གཡུག་གཡུག་མཛད་སྐབས། རྗེ་ཉིད་ཀྱི་ཆིབས་ཁ་སླར་ཡང་དགོན་པར་བསྒྱུར་ཏེ་བླ་མ་རིན་པོ་ཆེའི་གདན་ས་ཁྱད་པར་ཅན་ཆོས་སྡེ་འདིར་ཞབས་ཡང་ཡང་བསྒྱུར་བའི་ཐུགས་སྨོན་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་གནང་བཞིན། བླ་སློབ་འབྲལ་མི་ཕོད་པའི་ངང་སྐུ་འབུམ་དུ་ཕེབས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་སྐྱབས་རྗེ་ལྷ་རི་བ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལས་སྡེ་འདིར་རྡོ་རྗེ་ཕྲེང་བའི་དབང་སོགས་ཆོས་རྒྱུན་དུ་མ་བཀའ་དྲིན་དུ་བསྩལ་པ་དང་། སྐབས་དེར་གདོང་ངོས་དཔལ་འབྱོར་རྒྱ་མཚོ་དང་འཁྱག་སྐོར་རབ་འབྱོར་གཉིས་ཀྱིས་མ་བསྐུལ་དང་ལེན་གྱི་སྒོ་ནས་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་ཁེར་ཐོག་ཅན་གཙོ་སྐུ་མ་གཏོགས་རྟེན་དང་བརྟེན་པ་ཆ་ཚང་བ་གྲུབ་ལ་ཉེ་བ་ཡོད་ཀྱང་དུས་དབང་གིས་གོ་སྐབས་མ་བྱུང་ངོ་། །གདན་ས་རང་ན་བཞུགས་པའི་དགེ་བཤེས་མང་བོས་ཀྱང་དབང་ལུང་ཁྲིད་གསུམ་སོགས་དྲི་མ་མེད་པའི་ཆོས་རྒྱུན་རྣམ་དག་རྒྱུན་ཆད་མེད་པར་སྤེལ་བས་བྱང་རྒྱུད་ཀྱི་དམ་པའི་ཆོས་ཀྱི་འབྱུང་ཁུངས་ཤིག་ཏུ་གྱུར། མདོར་ན་འདི་བ་ཁྲིར་བཞུགས་སྐབས་ནི་སྙིགས་མའི་རྒུད་པ་མཚོ་ལྟར་བརྡོལ་བའི་དབང་གིས་ཐུབ་བསྟན་དཔྱིད་ཀྱི་དཔལ་ཡོན་ཉམས་པ་ལ་ཕྱོགས་པའི་དུས་ཡིན་མོད། ཀུན་སྤོང་འདུས་པའི་སྡེ་འདིར་ནི། ཁྲི་རིན་པོ་ཆེ་དང་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་མང་བོ་བཞུགས་པའི་བཀའ་དྲིན་གྱིས། དགེ་འདུན་པ་བརྒྱ་ཕྲག་བརྒྱད་ལྷག་བཞུགས་པ་དག་གིས་ཐོས་བསམ་སྒོམ་པ་དང་འཆད་རྩོད་རྩོམ་པའི་སྒོ་ནས་བཤད་པ་དང་སྒྲུབ་པའི་རྒྱལ་བསྟན་པད་དཀར་ཆེས་ཆེར་བཞད་པའི་ཆོས་ཀྱི་སྐྱེད་ཚལ་འགྲན་ཟླ་བྲལ་བ་གཅིག་པུར་གྱུར། འཆར་ཅན་མཆོད་འབུལ་སོགས་ཆོས་ཐོག་གི་གཏོང་སྒོ་རྣམས་ཀྱང་གཞན་འགྲན་མེད་པའི་ཚུལ་གྱིས་བཏང་བ་ཡིན། དེ་ལྟར་གདན་ས་དམ་པ་འདི་ཉིད་ཆོས་དང་ཟང་ཟིང་གིས་བཀའ་དྲིན་གཞལ་བར་དཀའ་བའི་སྒོ་ནས་བགྲང་བྱ་དྲུག་ཙམ་ལ་ལེགས་པར་བསྐྱངས་ཏེ། ས་ཁྱི་སྤྱི་ལོ་༡༩༥༨ལོར་རྒྱལ་བསྟན་ལ་ཉམས་འགྲིབ་ཆེན་པོ་བྱུང་སྟེ་དགོན་པའི་བཙུག་ལག་ཁང་རྟེན་དང་བརྟེན་པ་བསམ་གྱིས་མི་ཁྱབ་པ་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་ལེགས་པར་བཞེངས་པ་ཐམས་ཅད་འབྱུང་བ་ཆེན་པོའི་ས་ལ་བསྟིམས་ཏེ་དམ་པ་རང་ཉིད་ཀྱང་མ་ཉེས་བཞིན་དུ་ཁྲིམས་མུན་དུ་ཚུད་དེ་དགུང་ལོ་ཞེ་གཉིས་བཞེས་པ་རབ་རྒྱལ་ས་ཕག་སྤྱི་ལོ་༡༩༥༩ ལོར་ཟི་ལིང་དུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །

 ཞེས་གདན་རབས་དཔག་བསམ་འཁྲི་ཤིང་གི་བར་དུ་དགེ་བ་ཉེ་རབས་གཏམ་གྱི་གདན་ཁྲི་རིམ་པའི་མཛས་རབས་འབྲས་བཟང་དུས་སུ་སྨིན་པའི་ཚུལ་ལས་ཁྲི་རབས་ལྔ་བ་སྐུ་མཆེད་འཇམ་དབྱངས་བསྟན་པའི་རྒྱལ་མཚན་གྱི་རྣམ་པར་ཐར་བ་བརྗོད་པའི་ཡལ་འདབ་སྟེ་བཅུ་བའོ། །

ཞེས་པ་འདི་ནི་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་རིགས་སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བྲིས་པ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།