དྷཱིཿ ཚ་དགོན་པའི་ཁྲི་རབས་གསུམ་པའི་རྣམ་པར་ཐར་བ་བརྗོད་པ། 

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-05-30 19:36:12     རྩོམ་པ་པོ།   སེང་གཤོང་དགེ་འདུན་འཇིགས་མེད།    ཀློག་ཐེངས།  

微信图片_20200530193852.jpg

གདན་རབས་ཚིགས་བཅད་མ་ལས། 

ཁྲི་ཐོག་གསུམ་པ་མཁར་ནང་སྤྲུལ་པའི་སྐུ། །

སྐུ་ཚ་ངག་དབང་མཁས་བཙུན་རྒྱ་མཚོ་ཡིས། །

ལོ་ངོ་བཅོ་བརྒྱད་ཙམ་ལ་གདན་ས་འདིར། །

ཡུན་རིང་བསྐྱངས་པའི་བཀའ་དྲིན་བསམ་མི་ཁྱབ། །ཅེས་བྱུང་། 

ཁྲི་རབས་གསུམ་པ་ནི་ཡབ་རྗེ་བླ་མའི་རིགས་དབོན་ལུང་རྟོགས་ཡོན་ཏན་འབུམ་གྱི་བདག་ཉིད་མཁར་ནང་སྐུ་ཕྲེང་གཉིས་པ་ངག་དབང་མཁས་བཙུན་རྒྱ་མཚོ་དཔལ་བཟང་བོ་ཡིན་ལ། འདི་བའི་སྐུ་ཕྲེང་གོང་མ་ནི་བྱ་ཁྱུང་རྒྱུད་པའི་སློབ་ཟུར་མཁར་ནང་སྤྲུལ་པའི་སྐུ་རིན་པོ་ཆེ་ངག་དབང་སྙན་གྲགས་ཞེས་པ་རྡོ་རྗེ་འཆང་གི་ཕུ་བོར་གྱུར་པ་བསྔགས་འོས་ཡོན་ཏན་གྱི་མངའ་བདག་དེ་ཉིད་དོ། །

དམ་པ་འདི་ཉིད་སྐུ་ཁམས་མ་བདེ་བའི་སྐབས་སུ་རྗེ་སཾ་གྷའི་མཚན་ཅན་ནས་སྐྱབས་མགོན་ཨ་རོལ་པ་བློ་བཟང་ལུང་རིགས་རྒྱ་མཚོར་ཐུགས་དམ་བརྟགས་པ་ཞུས་པར། སྐུ་མཆེད་ཞབས་དྲུང་གི་སྙུན་གཞི་དེར་སྨན་བཅོས་རིམ་གྲོས་ཕན་དཀའ་ཡང་། ཁོ་རང་ཉེ་འབྲེལ་ལ་ཞེ་འཁྲེང་ཅུང་ཡོད་པ་འདྲ་བས་སྐྱེས་སྲིད་ཐག་རིང་ཞིག་ཏུ་མི་ལེན་པ་འདྲ་ཞེས་སྦ་གསང་མེད་པར་གསལ་བར་ལུང་བསྟན་པ་ནི་མཆོག་སྤྲུལ་དམ་པ་འདི་བ་ཡིན་ལ། སྐུ་ཕྲེང་གསུམ་པ་རྒྱལ་ཚབ་འཇིགས་མེད་བསྟན་པའི་ཉི་མ། སྐུ་ཕྲེང་བཞི་བ་རྒྱལ་ཚབ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་འདི་ཉིད་དོ། །

  ཁྲི་རབས་གསུམ་པ་འདི་ཉིད་ནི།མཚོ་སྔོན་པོ་མདའ་བཞི་སྡེ་བར་རྡོ་རྗེ་འཆང་གི་སྐུ་གཅེན་ཨ་ཀ་མཆོག་གྲུབ་ཏུ་གྲགས་པ་དད་པ་ཆེ་ཞིང་ཁ་ཏོན་བཟླས་བརྗོད་ལ་བརྩོན་པ་སོགས་ཁྱིམ་པ་ཡ་རབས་ཀྱི་སྤྱོད་ཚུལ་ཅན་དེ་ཉིད་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ས་ཡོས་སྤྱི་ལོ་༡༨༧༩ལོར་སྐུ་བལྟམས།གཞོན་དུས་ནས་རྗེ་མཁར་ནང་བའི་ཡང་སྤྲུལ་དུ་ངོས་འཛིན་གནང་།དགུང་ལོ་བཅུ་གཅིག་པ་ས་བྱི་སྤྱི་ལོ་༡༨༨༨ལོར་མཚེར་མོ་ཆེ་རི་ཁྲོད་བསམ་གཏན་ཆོས་སྡིངས་སུ་རྡོ་རྗེ་འཆང་སཾ་གྷའི་ཞབས་ལས་རབ་ཏུ་བྱུང་ཞིང་།མཚན་ལ་ངག་དབང་མཁས་བཙུན་རྒྱ་མཚོར་གསོལ།ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཆོ་གའི་རིམ་པ་མང་བོ་

ཐུགས་འཛིན་གནང་།རྗེ་འདི་ཉིད་སྐུ་ན་ཕྲ་མོའི་དུས་ནས་བཟུང་སྐྱོ་ཤས་དང་ངེས་འབྱུང་གིས་ཐུགས་རང་དབང་མེད་པར་གཡོས་པའི་རྟགས་མཚན་མང་བོ་རྒྱུན་དུ་མཐོང་རྒྱུ་ཡོད་པ་ཞིག་ཡིན་པར་གྲགས།བླ་མ་རྡོ་རྗེ་འཆང་ཆེན་པོ་ལས་དབང་ལུང་རྗེས་གནང་ཁྲིད་བཤད་ལུང་མན་ངག་སོགས་ཀྱི་ཆོས་རྒྱུན་མང་བོ་མནོས་ཤིང་།

དགུང་ལོ་ཉེར་གཉིས་པ་ལྕགས་བྱི་སྤྱི་ལོ་༡༩༠༠ལོའི་གཉིས་པའི་ཚེས་གཅིག་ཉིན་རྡོ་རྗེ་འཆང་གི་དྲུང་དུ་བསྙེན་པར་རྫོགས། ཡབ་རྗེ་གསེར་ཁང་བ་ཆེན་པོ་དང་བླ་མ་རྡོ་རྗེ་འཆང་གི་ཕྱག་སྲོལ་བཞིན་སྲུང་བ་གཞིར་བཞག་ཐོག རྒྱུན་དུ་བཅད་རྒྱའི་ངོས་བསགས་སྦྱངས་གཙོར་འདོན་སྒོས་ལམ་ཡོངས་རྫོགས་ཀྱི་ཉམས་བཞེས་ལ་གཞོལ་བར་མཛད་དོ། །

སྐྱབས་རྗེ་སྐུ་མཆེད་རིན་པོ་ཆེ་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བཞེས་རྗེས། གདན་སའི་ལས་སྣེ་རྣམས་ཀྱིས་ཆོས་སྡེ་འདིར་གཏན་བཞུགས་གནང་བའི་དམ་པ་འདི་ཉིད་ཀྱིས་གཙོས་མཆོག་གི་སྤྲུལ་པའི་སྐུ་འགའ་ཞིག་གི་མཚན་ཡི་གེར་ཕབ་སྟེ་ཡབ་རྗེའི་གདུང་མདུན་དུ་ཟན་བསྒྱུར་བ་དེ་མ་ཐག་དམ་པ་འདི་ཉིད་ཀྱི་མཚན་ཕྱུང་སྟེ། འདིའི་དོན་མགོན་པོ་ཉིད་ལ་ཞུས་པར་ཞལ་བཞེས་ལེགས་པར་གནང་བ་ལྟར་ཁོང་ནི་དགུང་ལོ་བཞི་བཅུ་བ་རབ་བྱུང་བཅོ་ལྔ་བའི་ས་རྟ་སྤྱི་ལོ་༡༩༡༨ལོར་ཁྲི་རབས་གསུམ་པའི་རྒྱལ་ཐབས་ལུགས་གཉིས་ཀྱི་དགེ་མཚན་མི་ཉམས་པར་བསྐྱངས་པའི་ཁུར་བཞེས་ཤིང་། རྡོ་རྗེ་འཆང་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་པའི་མི་འཇིགས་སེངྒེའི་ཁྲི་ལ་ཞབས་སྐྱེས་པདྨའི་འདབ་ཕྲེང་ཉེ་བར་བཀོད་དེ། དགའ་སྟོན་གྱི་ཡོ་ལང་རྒྱ་ཆེར་བསྟར། སྔོན་བླ་མ་རྡོ་རྗེ་འཆང་གི་དྲུང་དུ་སྐྱབས་རྗེ་སྐུ་མཆེད་རིན་པོ་ཆེ་དང་དམ་པ་འདི་བཅས་ལྷན་བཞུགས་ཀྱི་སྐབས་ཤིག་ཏུ་ཡབ་རྗེ་མཆོག་གིས་གསོལ་འབྲས་བཞེས་འཕྲོ་སྐུ་མཆེད་ཚང་ལ་གནང་བ་ཅུང་ཟད་བཞེས་རྗེས་རྗེ་འདི་བར་གནང་བ་ལྷག་མེད་དུ་གསོལ་བས།རྡོ་རྗེ་འཆང་ཐུགས་དགྱེས་པའི་ཉམས་གནང་བ་བྱུང་བ་ཡང་། ཆོས་ཀྱི་རྒྱལ་བོ་གང་གི་རྒྱལ་ཚབ་ཏུ་དམ་པ་འདི་གཉིས་རིམ་བཞིན་བཞུགས་དགོས་པ་དང་། ལྷག་པར་འགྲོ་མགོན་མཁར་ནང་མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་ཆོས་ཁྲིར་ཡུན་རིང་ཙམ་བཞུགས་ནས་གདན་ས་སྐྱོང་རྒྱུའི་རྟེན་འབྲེལ་དང་ལུང་བསྟན་དུ་ཁྲིགས་ཚུད་པ་བྱུང་སྟེ། ཐམས་ཅད་དགའ་དད་སྤྲོ་གསུམ་འགྲན་པ་བཞིན་དུ་འཕེལ་བར་གྱུར་ཏོ། །

རྗེ་འདི་བར་བླ་སྤྲུལ་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ནས་འཚོལ་སྒྲུབ་ལ་འབད་རྒྱུའི་འདུན་པ་ཙམ་ཡང་གཞོན་དུས་ནས་མི་སྣང་ཞིང་། དད་པས་ཕུལ་པ་ལའང་དགག་དགོས་རྣམ་དབྱེ་ལ་ཞིབ་ཏུ་གཟིགས་ནས་གཞན་དོན་དུ་འགྱུར་ངེས་མ་གཏོགས་གཏན་མི་བཞེས་ལ། ངང་གིས་འདུ་བའི་འབྱོར་བ་དག་ཀྱང་འཕྲལ་འཕྲལ་དུ་ཞིང་དག་པ་ཁོ་ནར་བཏང་སྟེ། བྱ་བཏང་དཀྱུས་མའི་ངང་ཚུལ་ལས་གཡོ་བ་མེད་པ་ཞིག་ཡིན་པ་ནི། དཔེར་ན། དད་ལྡན་ཞིག་གིས་གདན་དཀར་ཞིག་ཕུལ་པ་ཉེ་གནས་ཀྱིས་མཛོད་ཁང་དུ་ཉར་བ་གཟིགས་ནས་སྐུ་བསྙུན་ཚུལ་བཞེས་ཤིང་། གདན་དེ་ཚོགས་ལ་ཕུལ་ནས་སྐྱབས་འཇུག་ཞུས་པ་ན། དེ་མ་ཐག་སྐུ་བསྙུན་སངས་དྭངས་སུ་སོང་ཚུལ་གནང་བ་སོགས་དེ་ལྟ་བུའི་རྣམ་ཐར་ཡ་མཚན་ཅན་མང་ངོ་། །དེ་ལྟར་དམ་པ་འདིས་རྒྱུ་ནོར་གསོག་བསྲུང་གཏན་མི་གནང་བར་བྱ་བཏང་དཀྱུས་མར་མཚུངས་པས་ཕྱག་རྒྱུ་གཏན་མེད་ཅིང་། ཁྲིར་བཞུགས་གཏོང་སྒོ་ཅུང་ཆེ་སྟབས་ཉེ་གནས་བསྟན་པ་སེམས་འཚབས་ཏེ། འབྲོག་ཕྱོགས་སུ་ཕེབས་རྒྱུའི་སྙན་བསྐུལ་ཡང་ཡང་ཞུས་ཀྱང་དཀོན་མཆོག་ལ་གསོལ་བ་བཏབ་ན་མི་བསླུ་མོད་གསུངས་ནས་གསན་དགོངས་གཏན་མ་གནང་བར་ལྷོད་བཞུགས་སྒོས་སྔར་མུས་བཞིན་དགེ་སྦྱོར་ལ་བརྩོན་པ་ལས་གཏོང་སྒོའི་འགྲོ་གྲོན་སྐོར་གྱི་ཞལ་བརྡ་ཙམ་ཡང་མི་གནང་། འཆར་ཅན་མཆོད་འབུལ་གྱི་དུས་ལ་གཏུགས་ཀྱང་ཕྱག་རྒྱུ་གཏན་ནས་མེད་པས། ཉེ་གནས་བསྟན་པ་ཅི་དྲག་ལ་ཐུག་སྐབས་སོག་པོའི་བླ་རྒན་ཕྱུག་པོ་ཞིག་འདའ་སྐབས་ཁ་ཆེམས་བཞག་པ་ལྟར་ཁོ་བོའི་ཉེ་འབྲེལ་རྣམས་ཀྱིས་དངུལ་རྡོ་ཚད་བཅུ་ཕྲག་ལྷག་མགོན་པོ་འདི་ཉིད་ཀྱི་ཕྱག་ཏུ་ཕུལ། དེ་ལ་གཞི་བྱས་ནས་ལོ་དང་བོའི་མཆོད་འབུལ་སྐབས་སུ་ཀུན་སྤངས་འདུས་པའི་སྡེ་རིན་པོ་ཆེར་ཇ་ཐུག་མང་འགྱེད་སོགས་ཀྱི་བསྙེན་བཀུར་གྱ་ནོམ་པ་བསྟབས་ཤིང་། མཆོད་ཆུ་ལ་ཁ་ཆེ་གུར་ཀུམ་ཤིན་ཏུ་མང་བོ་བཏབ་པས་དྲི་བཟང་གིས་དགོན་པའི་གླིང་བར་ཕྱི་ནང་ཐམས་ཅད་ཁྱབ་པ་བྱུང་བར་རྒན་རབས་རྣམས་གླེང་བ་ཐོས་སོ། །

གདན་རབས་ཚིགས་བཅད་མ་ལས། 

 ཟླ་ནས་ཟླ་དང་ལོ་ནས་ལོ་ཡི་བར། །

སྐུ་མཚམས་དམ་པོར་བཞུགས་ཏེ་ཉམས་ལེན་སོགས། །

བཀའ་གདམས་གཙང་མའི་རྣམ་ཐར་ཁོ་ན་མཛད། །

སྐུ་གཟུགས་མཐོང་བ་ཙམ་གྱིས་དང་བ་འདྲེན། །

གསུང་དབྱངས་ཐོས་པ་ཙམ་གྱིས་དད་གུས་སྐྱེས། །

འདི་འདྲའི་དམ་པ་དུས་མཐར་ཤིན་ཏུ་དཀོན། །ཅེས་བྱུང་། 

དེ་ནས་ཀྱང་ལོ་གསར་ཚེས་གཅིག་ཉིན་མ་གཏོགས་གཞན་ལ་མཇལ་ཁ་ཙམ་ཡང་མི་གཏོང་བར་ཟླ་ནས་ཟླ་དང་ལོ་ནས་ལོ་ཡི་བར་དེ་སྙེད་དུ་དམ་པ་ཉིད་སྐུ་མཚམས་དམ་པོར་བཞུགས་ཏེ་བཅད་རྒྱའི་ངོས་རིམ་གཉིས་ཀྱི་ཉམས་བཞེས་ལ་གཞོལ་བ་སོགས་བཀའ་གདམས་གཙང་མའི་རྣམ་ཐར་ཁོ་ན་མཛད་པ་ལས་ཁྲི་སྐྱོང་ཁུར་ལ་སྙད་ནས་རྙེད་འཚོལ་སོགས་གཏན་མ་གནང་ནའང་།དཔལ་འབྱོར་ལོངས་སྤྱོད་ཆར་བཞིན་ངང་གིས་འདུ་བ་བྱུང་སྟེ།འཆར་ཅན་མཆོད་འབུལ་སོགས་གཏོང་སྒོ་མཐའ་དག་ལོ་རེ་ལས་ཇེ་ལེགས་སུ་བཏང་བ་དང་། སྒྲིག་ལམ་ལ་རྟིང་བསྐུལ་དང་ཆོས་སྤྱོད་ཉམས་བཞེས་འཕེལ་བའི་ཐབས་ཚུལ་མང་དུ་བསྟར་པས་བཀའ་པོད་ལྔའི་འཆད་ཉན་འཕེལ་རྒྱས་སུ་སོང་། 

སྤྱིར་འགྲོ་བའི་མགོན་པོ་མཆོག་འདི་ཉིད་ཐུགས་དཀྱེལ་ཆེ་ཞིང་འཕྲལ་ཕུགས་ཀྱི་ཁེ་ཉེན་ལ་དཔྱོད་པ་དང་ལས་འབྲས་ཀྱི་བླང་དོར་ཞིབ་ཏུ་གནང་བ་ལས་བྱ་བ་གང་ལའང་གྱ་ཚོམ་དུ་འཇུག་པ་མི་སྲིད་ལ། མཉེན་འཇམ་སྙན་ཆ་ཆེ་ཞིང་འགྱུར་ཁུགས་དོད་པའི་གསུང་དབྱངས་ཐོས་པ་ཙམ་གྱིས་ཡིད་དབང་མེད་དུ་འགུགས་ནུས་པ་དང་། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ཤིང་བསགས་སྦྱངས་གཙོར་འདོན་གྱིས་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་བྱེད་པའི་བཀའ་གདམས་གསར་རྙིང་གི་མཁས་གྲུབ་དམ་པ་སྤྱིའི་རྣམ་ཐར་གཙང་མ་ལས་ནམ་ཡང་མི་འདའ་ཞིང་། ཞལ་དཀྱིལ་དང་གསུང་གདངས་བྱམས་བརྩེ་བདུད་རྩིས་བརླན་ཅིང་འཇམ་པས། ཞལ་མཇལ་བ་ཙམ་གྱིས་ཡིད་དུད་པར་མཛད་པ་དང་། ཕེབས་དུས་གཉའ་ཤིང་གང་ཙམ་ལ་གཟིགས་ནས་འཕགས་པའི་མི་སྨྲ་བའི་བརྟུལ་ཞུགས་ཀྱི་ངང་ནས་ཆོས་མཐུན་གྱི་སྤྱོད་པས་ཕེབས་བཞུད་གནང་བ་སོགས་སྤྱོད་ལམ་མཐོང་བ་ཙམ་གྱིས་དང་བ་དབང་མེད་དུ་འདྲེན་པ་དང་། སྐུ་ལྕུག་བཀྲོལ་ནས་གཟིམས་པ་མི་སྲིད་ཅིང་། རྒྱབ་བསྙེལ་དང་འཕྲེད་ཉལ་སྤངས་ཏེ་ཉིན་མཚན་དུས་དྲུག་ཏུ་སྐྱིལ་ཀྲུང་ལས་གཡོ་བ་མེད་པར་དགེ་སྦྱོར་ལ་བརྩོན་པ་གནང་བས་སྐུའི་འཕོངས་དང་ཞབས་ཀྱི་རྩིབ་ཡོངས་རྫོགས་རྨེན་བུའི་དྲ་བར་གྱུར་པ་ཕྱིས་སྐུ་འདས་རྗེས་སྐུ་གདུང་ལ་སྲི་ཞུ་བྱེད་མཁན་དགེ་བའི་བཤེས་གཉེན་དགེ་འདུན་བསྟན་རྒྱས་སོགས་ཀྱིས་དངོས་སུ་མཇལ་བར་གསུངས་པ་ནི། གངས་ལྗོངས་གྲུབ་པའི་འཁོར་བསྒྱུར་རྗེ་བཞད་པའི་རྡོ་རྗེའི་རྣམ་ཐར་ལ་འགྲན་པའི་ཆེས་ངོ་མཚར་རྨད་དུ་བྱུང་བའི་མཛད་བཟང་དུ་རིག་པར་བྱའོ། །

དེ་ལྟར་རྣལ་འབྱོར་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་གནང་བས་སྤངས་རྟོགས་ཡོན་ཏན་གྱི་གཏེར་དུ་གྱུར་ཅིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཀྱང་། ལྷ་མཐོང་འདྲེ་མཐོང་དང་མངོན་ཤེས་སོགས་ཀྱི་ཟུར་ཙམ་ཡང་མི་གསུང་བར་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་ལྟར་སྦ་བར་མཛད་དོ། །དེ་ལྟ་ནའང་དད་ལྡན་དག་གིས་བློ་གཏད་ཀྱིས་གསོལ་བ་བཏབ་ན་བྱིན་རླབས་དང་ནུས་མཐུ་ཟད་མི་ཤེས་པ་མངའ་བས་ནད་ལས་གྲོལ་བ་དང་འཆི་ཁར་ཞལ་དངོས་སུ་མཇལ་བ།ཞལ་བརྡའི་གསུང་ཟུར་སོགས་ལ་བརྟག་མཁས་ན་ལྐོག་གྱུར་མཐའ་དག་མངོན་སུམ་དུ་གཟིགས་པའི་རྟགས་མཚན་ཤིན་ཏུ་མང་བ་སོགས་རྣམ་ཐར་ཡ་མཚན་ཅན་མང་ཡང་འདིར་རྒྱས་པར་མ་སྤྲོས་སོ།།དེ་བས་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་ཀྱང་།ཉིད་ཀྱི་རྗེས་འབྲངས་དགེ་བཤེས་རྣམས་ལ།དྷཱིཿཚའི་རྒྱལ་ཚབ་རིན་པོ་ཆེ་འདི་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཏུ་ཐེ་མི་ཚོམ་པས། ཁྱེད་རྣམ་པས་ཁ་གཏོང་བ་སོགས་ལ་གཟབ་དགོས། ཞེས་གསུངས་པར་གྲགས་སོ། །

དམ་པ་འདི་ཉིད་ཁྲི་བཞུགས་རིང་གདན་ས་རང་ནས་སྐབས་དེར་སེམས་དཔའ་ཆེན་པོ་ཁ་གྱ་འཇམ་དབྱངས་དཔལ་ལྡན། ལུང་རིགས་མཛོད་འཛིན་མཛོད་དགེ་ཚུལ་ཁྲིམས་རྒྱ་མཚོ། མཁས་གྲུབ་ཆེན་པོ་མ་ཏི་ཟི་གྲགས་པ་རྒྱ་མཚོ། འདུལ་བ་འཛིན་པ་གསེར་ལག་པ་འཇམ་དབྱངས་རྒྱ་མཚོ། རིགས་པའི་དབང་ཕྱུག་ལྷ་སྡེ་ཡེ་ཤེས་རྒྱ་མཚོ། ལྔ་རིག་སྨྲ་བའི་དབང་བོ་བིས་མདོ་འཇམ་དབྱངས་གྲགས་པས་གཙོས་བཤེས་གཉེན་དག་གིས་རྒྱུད་སྡེའི་སྤྱི་ཟུར་གྱི་དབང་དང་རྗེས་གནང་། བཀའ་བསྟན་སོགས་བཀའ་འབུམ་གྱི་བཀླག་ལུང་དང་བཤད་ལུང་ཁྲིད་སོགས་དང་། ཐ་སྙད་རིག་གནས་བཟོ་གསོ་སྒྲ་རྩིས་སྙན་ངག་སོགས་ཀྱི་མདོ་སྔགས་རིག་གསུམ་གྱི་འཆད་ཁྲིད་ལ་ལག་ཐོགས་མི་དགོས་པས་འཆད་ཉན་དང་། ཉམས་བཞེས་འཕེལ་བའི་ཐབས་ཚུལ་མང་དུ་བསྟར་བས་བཀའ་པོད་ལྔའི་འཆད་ཉན་དབྱར་གྱི་ཆུ་གཏེར་ལྟར་འཕེལ་ཞིང་། དུས་དེའི་གྲྭ་རྒྱུན་ལས་རྗེ་ཞོ་འོང་ཕུན་ཚོགས་དར་རྒྱས། རྒྱ་རྒྱའི་ཤེས་རབ་རྒྱ་མཚོ། རྗེ་རི་རྒན་ནང་ཡེ་ཤེས་རྒྱ་མཚོ། བྱ་མདོའི་མཁས་བཙུན་རྒྱ་མཚོ། རྗེ་མོག་རུའི་བློ་བཟང་བསྟན་དར་དང་སྐལ་བཟང་མཐའ་ཡས་སོགས་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པའི་དགེ་བའི་བཤེས་གཉེན་མང་བོ་བྱོན་པ་ཡིན་ནོ། །

མཁས་དབང་དེ་དག་གིས་རྒྱུད་སྡེ་བཞིའི་སྤྱི་ཟུར་གྱི་དབང་དང་རྗེས་གནང་། རྒྱ་བོད་མཁས་གྲུབ་ཚད་ལྡན་མང་བོའི་བཀའ་འབུམ་གྱི་བཀླག་ལུང་དང་ཁྲིད་སོགས་ཆོས་རྒྱུན་རྣམ་དག་མཐའ་ཡས་པ་སྤེལ་བར་མ་ཟད། ཐ་སྙད་རིག་གནས་ཀྱི་འཆད་སྤེལ་ཀྱང་རྒྱ་ཆེར་གནང་བའི་མཐུ་ལས་གདན་ས་དམ་པ་འདི་ཉིད་མདོ་སྨད་བྱང་རྒྱུད་ཀྱི་ནཱ་ལེནྡྲའི་མཚན་བྱུང་བར་གཟུར་གནས་བློ་གྲོས་དང་ལྡན་པ་རྣམས་དེང་དུས་སུའང་གླེང་། 

སྐབས་དེར་ལུང་རྟོགས་ཡོན་ཏན་གྱི་བང་མཛོད་ལ་མངའ་བརྙེས་པའི་ཀུན་སྤངས་པ་ཆེན་པོ་ཁ་གྱ་འཇམ་དབྱངས་དཔལ་ལྡན་མཆོག་གིས་ཨ་རོལ་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་སྡེ་འདིར་ཆེད་དུ་ཞུས་ནས་ཁོང་གི་གཟིམ་སྤྱིལ་དུ་བཞུགས།གྲྭ་ཚང་རིན་པོ་ཆེ་ལ་སེམས་བསྐྱེད་མཆོད་པ་སོགས་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར་ཅིང་ཁོང་གི་སྐུ་གོང་མ་ཡབ་རྗེ་རྡོ་རྗེ་འཆང་གི་བླ་མ་དང་།ཁོ་རང་བུ་སློབ་ཏུ་གྱུར་པས་བླ་སློབ་ཀྱི་འབྲེལ་ཆེ་ཚུལ་གྱི་གསུང་བཤད་ཡིད་ཀྱི་གསོས་སྨན་དུ་འགྱུར་བའི་བསླབ་བྱ་གང་དྲག་གནང་། གཏང་རག་གི་འབུལ་རྟེན་དུ་ཁ་གྱ་རིན་པོ་ཆེ་ནས་སྐུ་གསུང་ཐུགས་རྟེན་དང་། དུང་དཀར་དང་ཙི་དུང་ཆ་རེ། འཁར་རྔ་སོགས་དགོན་པ་ཞིག་ལ་མཁོ་བའི་ཡོ་བྱད་ཆ་ཚང་བ་ཕུལ་པས་སྐུ་གོང་མའི་ཐུགས་སྨོན་ལྟར་གྱི་ཆོས་སྡེ་གསར་དུ་གཞི་འཛིན་གྱི་རྟེན་འབྲེལ་ལ་དགོངས་ནས་ཐུགས་ཤིན་ཏུ་དགྱེས་ཚོར་གནང་། 

ཁྱད་པར་དུ་ལོ་དེར་བྱང་རྒྱུད་བསྟན་པའི་རྒྱལ་མཚན་གྱེན་དུ་འདེགས་པའི་ཐུགས་སྨོན་གྱི་མཐུ་ཕུལ་དུ་ཕྱིན་པ།འཇམ་མགོན་བླ་མའི་རྣམ་འཕྲུལ།ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་སྔ་ཕྱིའི་རིགས་ཀྱི་བདག་པོར་བཞེངས་པ་བླ་ཁོ་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་གདན་ས་འདིར་ཆེད་དུ་གདན་དྲངས་པས་ཐོག་མར་ལེགས་བཤད་སྙིང་བོའི་བཤད་ལུང་།སྟ་གོན་གཅིག་འཐུས་ཀྱིས་རྔོག་དཀྱིལ་བདུན།གསང་འདུས་འཇམ་རྡོར་དང་འཇིག་རྟེན་དབང་ཕྱུགའཇིགས་བྱེད་ལྷ་བཅུ་གསུམ་མ།གཤེད་དམར་ལྷ་ལྔ།བདེ་མཆོག་ངམ་རྫོང་སྙན་བརྒྱུད།ཤངས་ལུགས་རྟ་མགྲིན།བུནྱ་ཤྲཱིའི་ལུགས་ཀྱི་ཁྲོས་ནག་ལྷ་ལྔ།མ་ཅིག་ཞི་བ།མི་འཁྲུགས་པ་ལྷ་བཅུ་གསུམ།འོད་ཟེར་དྲི་མེད་ལུགས་གཉིས།གཙུག་ཏོར་དྲི་མེད་ལྷ་ལྔ།ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ།ཐིག་ལེ་བཅུ་དྲུག་རྣམས་ཀྱི་དབང་།ནམ་མཁའ་སྒོ་འབྱེད་དང་རྒྱལ་ཐང་བའི་ལུགས་ཀྱི་གཅོད་དབང་།འཇམ་དབྱངས་དཀར་དམར།རིགས་གསུམ་སྤྱི་སྒྲུབ།དྲག་པོ་སུམ་སྒྲིལ།རིག་བྱེད་མ།ཚོགས་བདག་འདོད་རྒྱལ་ཐུན་མོང་བ་རྣམས་ཀྱི་རྗེས་གནང་།འཇམ་དཔལ་ཞལ་ལུང་།ངག་བྱིན་རླབས།ཐིག་ལེ་བཅུ་དྲུགཐུན་དྲུག་རྣལ་འབྱོར།དཔའ་བོ་གཡུལ་འཇུགམེ་ཏོག་བཅུད་ལེན།རྡོར་སེམས་སྒོམ་བཟླས།བསྙེན་སྒྲུབ་སྦྲགས་མ།བཅུ་ཆ་རྣམས་ཀྱི་ཁྲིད་དང་བརྒྱ་རྩའི་ཕྱག་ཁྲིད།རིམ་ལྔ་གསལ་སྒྲོན།སྦས་དོན་ཀུན་གསལ་གྱི་ཞལ་ལུང་།བཀའ་གདམས་གླེགས་བམ་གྱི་ལུང་།འཇམ་དཔལ་ཞལ་ལུང་དང་འབྲེལ་བའི་སེམས་བསྐྱེད་མཆོད་པ་བཅས་དགྱེས་བཞིན་བསྩལ་པ་ལེགས་པར་མནོས་ཤིང་། ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་གོང་ས་ལྷ་མིའི་རྣམ་འདྲེན་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཆོས་ཀྱི་རྒྱལ་བོ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་ལུགས་གཉིས་ཀྱིས་མཐོ་བའི་དྲེགས་ལྡན་མང་བོའི་འཁོར་དང་བཅས་སྤྱན་དྲངས་ཏེ་སྡེ་འདིར་བྱོན་པའི་སྤྱན་སྔར་ཀྱང་ཆོས་བཀའ་འགའ་ཞིག་གསན་བཞེས་མཛད།རྩོད་རྒྱུགས་བཞེས་སྐབས་ཐམས་ཅད་མཁྱེན་པ་འདུ་ཁང་རབ་གསལ་དུ་བཞུགས་སུ་གསོལ་ཞིང་།ཁོང་གིས་གཟིགས་པའི་ཆོས་གྲྭའི་མཐིལ་དུ་འཛིན་གྲྭ་སོ་སོས་བགྲོ་གླེང་གཏོང་དུ་བཅུག་པ་ལ་རྩོད་པ་ཕྱོགས་ཤིན་ཏུ་ཆེ་སྟབས་པཎ་ཆེན་མཆོག་ཐུགས་དགྱེས་པའི་རྩེར་སོན་ཅིང་།ཉིད་དངོས་སུ་ཆོས་གྲྭའི་མཐིལ་དུ་ཕེབས་ཏེ་འཛིན་གྲྭ་སོ་སོའི་བགྲོ་གླེང་ལ་ཞིབ་གཟིགས་བཀའ་དྲིན་བསྐྱངས་པར་མ་ཟད།སྡེ་འདིའི་འཆད་ཉན་ལ་བསྔགས་བརྗོད་རྒྱ་ཆེར་གནང་།ཐུགས་ཧ་ཅང་དགྱེས་སྤྲོའི་ཉམས་ཀྱིས་ཉི་ནུབ་བར་ཞིབ་ཏུ་གསན་བཞེས་སྒོས་གཟིམ་ཁང་དུ་མ་ཕེབས་པ་ལ་མགྲོན་གཉེར་སོགས་ཀྱིས་སྙན་སྐུལ་ཡང་ཡང་བྱས་ནས་གདན་འདྲེན་དགོས་པ་བྱུང་།འདི་ལྟ་བུའི་མཛད་པ་མགོན་པོ་གང་ཉིད་རྒྱུན་རིང་བཞུགས་པའི་ཆོས་སྡེ་གང་དུའང་མ་གནང་བར་གྲགས་སོ། །

དེ་ལྟར་སྐྱབས་རྗེ་མཁར་ནང་མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་ཀྱིས་ཡབ་རྗེ་ཆོས་ཀྱི་རྒྱལ་བོ་སཾ་གྷའི་ཞབས་ཡབ་སྲས་ཀྱིས་བཙུགས་པའི་བཤད་སྒྲུབ་ཀྱི་སྲོལ་བཟང་བོ་མ་ཉམས་པར་ཡར་ལྡན་དུ་འཕེལ་བ་གནང་བས་མཚོན། གདན་ས་ཆེན་པོ་འདི་ཉིད་ཆོས་དང་ཟང་ཟིང་གིས་བགྲང་བྱ་བཅོ་བརྒྱད་ཙམ་ལ་ལེགས་པར་བསྐྱངས་ཤིང་བཀའ་དྲིན་མཆོག་ཏུ་ཆེ་སྟབས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ཞེས་མཚན་འཇགས་པ་ཡིན་ནོ། །

གདན་རབས་ཚིགས་བཅད་མ་ལས། 

ཐུགས་ཀྱི་དགོངས་པ་གཞན་དུ་གཏད་ཟིན་ཀྱང་། །

སྐུ་ཡི་བཀོད་པ་བསྡུས་མིན་བདེ་བའི་ངང་། །

བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་ལ། །

དགོངས་གཞི་ཅན་གྱི་སྐྱབས་འཇུག་ཡང་ཡང་ཞུས། །

ཟླ་༡༢ནང་༢༢ཞིང་ཁམས་གཞན་དུ་གཤེགས་པ་ན། །

དགོངས་རྫོགས་ཀུན་ཏུ་བཟང་བོའི་མཆོད་སྤྲིན་བཞིན། །

ཕལ་བའི་ཡུལ་ལས་འདས་པ་ལེགས་བསྒྲུབས་ཏེ། །

དངོས་རྫས་ཅི་ཡོད་མཆོག་གསུམ་ཞིང་དུ་ཕུལ། །ཅེས་བྱུང་། 

དགུང་ལོ་ང་བརྒྱད་པ་མེ་བྱི་སྤྱི་ལོ་༡༩༣༦ལོར་གདན་ས་ཆེན་པོའི་ཁྲི་ཁུར་དགོངས་ཞུ་གནང་སྟེ་འདུས་པའི་སྡེ་རིན་པོ་ཆེའི་མཚན་ཐོ། བདག་ཅག་གི་འདྲེན་པ་མཚུངས་པ་མེད་པ་ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་གི་མཆོག་སྤྲུལ་རིན་པོ་ཆེ་ ༧ རྗེ་ཞྭ་དམར་བ་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོའི་ཕྱག་ཏུ་ཕུལ་ཏེ། ཟུར་བཞུགས་སྒོས་ཐུགས་དམ་ཟབ་མོའི་ཉམས་བཞེས་ལ་གཞོལ་བའི་མུར་ལོ་འགའ་བཞུགས། 

དགུང་ལོ་དྲུག་ཅུ་བ་ས་སྟག་སྤྱི་ལོ་༡༩༣༨ལོར་སྐུ་བསྙུན་ཚུལ་བཞེས་པ་ལ་རིམ་གྲོ་རྒྱ་ཆེར་བསྒྲུབས་ཏེ་བརྟན་བཞུགས་སྔ་ཕྱི་ཐེངས་འགའ་ཕུལ་ཀྱང་།དགོངས་པ་གཞན་དུ་གཏད་ཟིན་པའི་གསུང་རྗེན་པ་དང་ཡབ་རྗེའི་མཆོག་སྤྲུལ་རིན་པོ་ཆེར་སྐྱབས་འཇུག་ཞུ་བ་གནང་བ་སོགས་དགོངས་གཞི་ཅན་གྱི་གསུང་འགའ་གནང་སྟེ་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གཉིས་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །

དེ་ནས་གདན་ས་འདི་དང་ཆོས་སྡེ་ཆེན་པོ་བྱ་ཁྱུང་སོགས་སུ་དགོངས་རྫོགས་དགེ་སྒྲུབ་རྒྱ་ཆེར་མཛད་ཅིང་།སྐུ་གདུང་རིན་པོ་ཆེ་དམ་པ་ཉིད་ཀྱི་ཞལ་ཆེམས་ལྟར་བྱ་གཏོར་བྱས་ཤིང་།གདུང་རུས་རྣམས་གསེར་ཟངས་ཀྱི་མཆོད་རྟེན་དུ་གདན་དྲངས་ནས་འདུ་ཁང་ཆེན་མོར་རྡོ་རྗེ་འཆང་གི་གདུང་རྟེན་མཆོད་རྟེན་གྱི་གཡོན་ཕྱོགས་སུ་བཞུགས་སུ་གསོལ་བ་ཡིན་ནོ།

གདན་རབས་ཚིགས་བཅད་མ་ལས། 

མགོན་དེའི་མཆོག་སྤྲུལ་ཡིད་བཞིན་དབང་གི་རྒྱལ། །

དུས་ངན་རྐུན་པོས་དབང་མེད་འཕྲོག་གྱུར་པས། །

བླ་མ་ཡི་དམ་སྲུང་མའི་མཐུ་སྟོབས་ཀྱིས། །

སླར་ཡང་མཆོག་སྤྲུལ་མྱུར་དུ་འབྱོན་གྱུར་ཅིག །ཅེས་བྱུང་། 

མགོན་པོ་དེའི་ཡང་སྲིད་མཁར་ནང་སྐུ་ཕྲེང་གསུམ་པ་རྒྱལ་ཚབ་མཆོག་སྤྲུལ་ཡིད་བཞིན་དབང་གི་རྒྱལ་བོ་འཇིགས་མེད་བསྟན་པའི་ཉི་མ་ནི། མདའ་བཞིའི་ཐར་ཤུལ་ཚོ་བར་ཡབ་དོ་ནེའི་དང་ཡུམ་སྐར་འོད་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༣༩ལོར་སྐུ་འཁྲུངས། ཆུང་དུས་སུ་བླ་ཁོ་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་རྡོ་རྗེ་འཆང་གི་སྐུ་ཚ་མཁར་ནང་ངག་དབང་མཁས་བཙུན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད། བླ་ཁོ་རྡོ་རྗེ་འཆང་ལས་རབ་ཏུ་བྱུང་སྟེ་འཇིགས་མེད་བསྟན་པའི་ཉི་མ་ཞེས་པའི་མཚན་གསོལ།དགུང་ལོ་བཅུ་གཅིག་པ་སྤྱི་ལོ་༡༩༤༩ལོར་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་ཚོགས་ཞུགས་གནང་།སྐྱོར་དཔོན་རྨོག་རུ་བློ་གསལ་གྱི་འཛིན་གྲྭར་བཙན་པོ་ཚང་དང་མཉམ་དུ་ཞུགས་ཏེ་བསྡུས་ཆུང་ནས་སློབ་གཉེར་གྱི་དབུ་ཚུགས།མཁན་པོ་རིན་པོ་ཆེ་དེ་ཉིད་ཀྱིས་དགེ་བའི་བཤེས་གཉེན་འཁྱམ་རུའི་ཐུབ་བསྟན་རྒྱ་མཚོ་ཚང་དགེ་རྒན་དུ་བསྐོས་ཏེ་དམ་པ་དེ་ལས་དཔེ་ཁྲིད་དང་སློབ་གཉེར་གནང་། ལྷ་ས་དག་པའི་ཞིང་དང་རྒྱ་གར་འཕགས་པའི་ཡུལ་ལ་མཇལ་ཕྱག་ཏུ་ཕེབས། ང་བརྒྱད་ལོ་ནས་དོར་ཤུལ་སྡེ་བར་བཞུགས། རྗེས་སུ་ཉིན་ཞིག་གླིང་རྒྱ་སྡེ་བ་ནས་ཉག་ག་ཁར་ཕེབས་ལམ་དུ་དོར་ཤུལ་སྡེ་བའི་རྟ་མགྲིན་ཚེ་རིང་ལ་ཞལ་བརྡའི་ཞོར་དུ་རྗེས་སུ་ང་འདི་ཕྱོགས་སུ་ཡོང་ན་ཁྱེད་ཚོས་ཤེས་རྒྱུ་ཨེ་ཡིན་ནམ་སོགས་ཡང་སྲིད་དེར་འཁྲུང་རྒྱུའི་མ་འོངས་ལུང་བསྟན་ཀྱང་གསུངས་པར་ཐོས། དུས་ངན་སྤྱི་ལོ༡༩༦༦ལོར་ཡུལ་ཕྱོགས་སུ་ངན་སྤྱོད་གདུག་རྩུབ་ཀྱི་གཅར་རྡུང་གི་འོག་ཏུ་མཆོག་སྤྲུལ་དམ་པའི་མཛད་རྗེས་དབང་མེད་དུ་འཕྲོག་པར་གྱུར་པས་ན། བླ་མ་ཡི་དམ་སྲུང་མའི་མཐུ་སྟོབས་ཀྱིས་སླར་ཡང་མཆོག་སྤྲུལ་དམ་པ་མྱུར་དུ་འབྱོན་པར་གྱུར་ཅིག ཅེས་སྨོན་པའོ། །

ཞེས་གདན་རབས་དཔག་བསམ་འཁྲི་ཤིང་གི་བར་དུ་དགེ་བ་ཉེ་རབས་གཏམ་གྱི་གདན་ཁྲི་རིམ་པའི་མཛད་རབས་འབྲས་བཟང་དུས་སུ་སྨིན་པའི་ཚུལ་ལས་ཁྲི་རབས་གསུམ་པ་མཁར་ནང་སྐུ་ཕྲེང་གཉིས་པ་ངག་དབང་མཁས་བཙུན་རྒྱ་མཚོའི་རྣམ་པར་ཐར་བ་བརྗོད་པའི་ཡལ་འདབ་སྟེ་བདུན་པའོ། །

ཞེས་པ་འདི་ནི་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་རིགས་སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བྲིས་པ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།