དྷཱིཿ ཚ་དགོན་པའི་ཁྲི་རབས་གཉིས་པ་རྗེ་བཙུན་དགེ་འདུན་བསྟན་པ་རབ་རྒྱས། 

    སྤེལ་དུས།  2020-05-30 19:34:25         ཀློག་ཐེངས།  

གདན་རབས་ཚིགས་བཅད་མ་ལས། 

ཆོས་སྡིངས་ཆོས་ཀྱི་དགའ་ཚལ་འདི་ཉིད་ཀྱི། །

ཆོས་ཀྱི་ཁྲི་ལ་དབང་བསྒྱུར་གཉིས་པ་ནི། །

སྐུ་མཆེད་དགེ་འདུན་བསྟན་པ་རབ་རྒྱས་ལགས། །

ཆོས་སྲིད་གཉིས་ཀྱི་སྒོ་ནས་ལོ་དྲུག་བསྐྱངས། །ཞེས་བྱུང་། 

ཁྲི་རབས་གཉིས་པ་ནི་ལུང་རྟོགས་ཡོན་ཏན་བྱེ་བའི་གཏེར་མཛོད། ཡབ་རྗེ་བླ་མ་དམ་པའི་ནང་ཐུགས་ཀྱི་སྲས་པོ་མཁས་གྲུབ་ཆེན་པོ་སྐྱབས་རྗེ་སྐུ་མཆེད་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་དགེ་འདུན་བསྟན་པ་རབ་རྒྱས་དཔལ་བཟང་བོ་ཡིན་ལ། འདི་ཉིད་ཀྱི་སྐུ་ཕྲེང་དང་བོ་གྲྭ་སའི་དགེ་བཤེས་ཆེན་པོ་རྒྱ་ཚར་བ་བསྟན་པ་རིན་པོ་ཆེ་ཡིན། སྐུ་ཕྲེང་གཉིས་པ་སྐྱབས་རྗེ་གསེར་ཁང་བ་ཆེན་པོའི་སྐུ་མཆེད་དུ་བྱོན་པ་མཁས་གྲུབ་ཆེན་པོ་བློ་བཟང་བསྟན་པ་རྒྱ་མཚོ་ནི། རབ་བྱུང་བཅུ་གསུམ་པའི་ཆུ་ཁྱི་སྤྱི་ལོ་༡༨༠༢ལོར་ཨ་རིག་ཆུ་སྟོད་སྡེ་བར་ཡབ་ནོའུ་རིས་དང་ཡུམ་ཛཱ་ཏི་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་བ་མེ་སྟག་སྤྱི་ལོ་༡༨༠༦ལོར་སྐྱབས་རྗེ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་མཆོག་གིས་རྒྱ་ཚར་དགེ་བཤེས་བསྟན་པའི་ཡང་སྲིད་དུ་ངོས་འཛིན་མཛད། དགེ་སློང་བསོད་ནམས་དང་འོད་ཟེར་གཉིས་ཀྱི་དྲུང་ནས་འདོན་ཆོག་སོགས་བསླབས། དགུང་ལོ་བཅུ་གཅིག་པ་ཆུ་སྤྲེལ་སྤྱི་ལོ་༡༨༡༢ལོར་ཤིང་བཟའ་རིན་པོ་ཆེ་ལས་དགེ་བསྙེན་དང་རབ་བྱུང་། དགེ་ཚུལ་རྣམས་དཀྱུས་གཅིག་ཏུ་བསྒྲུབས། རྭ་རྒྱ་བཀྲ་ཤིས་འབྱུང་གནས་གླིང་གི་ཆོས་གྲྭར་ཞུགས། མཁས་གྲུབ་ཆེན་པོ་བློ་བཟང་སྙན་གྲགས་ལས་དགེ་ལྡན་ཕ་ཆོས་བྱང་ཆུབ་བདེ་ལམ་གྱི་ཁྲིད། སེམས་བསྐྱེད་མཆོད་པ་སོགས་དབང་ལུང་མང་བོ་གསན། དེ་ནས་བཟུང་སྟེ་འཇིགས་བྱེད་ཞལ་འདོན་དང་ཉིན་ལྟར་སྦྱོར་བའི་ཆོས་དྲུག་ཆག་མེད་དང་། མཎྜལ་གྲངས་མང་རྒྱུན་དུ་གནང་། མཁས་དབང་བློ་གྲོས་རབ་ཡངས་ལས་རྒྱན་འཇུག་དང་མཛོད་རྩ།བསེ་བསྡུས་རྣམས་ཐུགས་འཛིན་མཛད་བཞིན་ཡང་ཡང་ཞིབ་ཁྲིད་གནང་བ་གསན་ཏེ།གོ་རིགས་བཟང་བོའི་ཡང་རྩེར་སོན།སྦྲ་ནག་དགེ་བཤེས་ཚང་ལས་ལེགས་བཤད་གསེར་ཕྲེང་སོགས་གསན་ཅིང་།རྣམ་བཤད་སྙིང་བོའི་རྒྱན་སོགས་ཐུགས་འཛིན་མཛད་དེ་མཁས་པའི་ཀློང་བརྡོལ།དགུང་ལོ་ཉེར་བཞི་བ་ཤིང་བྱ་སྤྱི་ལོ་༡༨༢༥ལོར་རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོས་མཁན་སློབ་སྦྲགས་མ་དང་དགེ་བའི་བཤེས་གཉེན་བྱམས་པ་དཔལ་འབྱོར་བས་གསང་སྟོན་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས།དེ་ནས་ཧ་ལམ་མདོ་སྨད་ས་ཕྱོགས་ཀུན་ལ་ཞབས་ཀྱིས་བཅགས་ཏེ་ཆོས་ཀྱི་ཆར་སྦྱིན་རྒྱ་ཆེར་ཕབ།དགུང་ལོ་སོ་བརྒྱད་པ་ས་ཕག་སྤྱི་ལོ་༡༨༣༩ལོའི་དཔྱིད་ཀར་ཡབ་རྗེ་གསེར་ཁང་བ་ལས་བྱང་ཆུབ་བདེ་ལམ་དང་ལམ་རིམ་ཆེན་མོའི་སྤྱོད་པ་སྤྱི་བསླབ་ཡན་ཆད།རིམ་ལྔ་སྒྲོན་མེ་སོགས་ཆོས་བཀའ་མཐའ་ཡས་པ་གསན་པ་དང་།གཙང་མིག་དམར་དགེ་བཤེས་འཇམ་དབྱངས་དོན་གྲུབ་ཀྱི་དྲུང་དུ་ཆེད་གཉེར་གྱིས་ཕེབས་ནས་ཆོས་ལུང་མང་བོ་གསན།དགུང་ལོ་ང་བཞི་བ་ཤིང་ཡོས་སྤྱི་ལོ་༡༨༥༥ལོའི་དབྱར་ཁར་ཨ་རིག་འབྲོང་ཐི་གུར་དགོན་དུ་ཕེབས་ནས་མངའ་རིས་བསྟན་པ་དར་རྒྱས་ཚང་དང་ལྷོ་བ་སྤྲུལ་སྐུ།ཡག་ཤུལ་ཚང་།སྨྲ་ཁམས་དགེ་བཤེས་བློ་བཟང་ཡར་འཕེལ་ཚང་སོགས་སེར་སྐྱ་བགྲང་ལས་འདས་པར་འདུས་པ་འཕགས་ལུགས་ཀྱི་དབང་དང་།ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ།གདུགས་དཀར། བདེ་མཆོག་ལྷ་ལྔ་སོགས་ཀྱི་དབང་རྣམས་ལེགས་པར་གནང་། དགུང་ལོ་ང་དྲུག་པ་མེ་སྦྲུལ་སྤྱི་ལོ་༡༨༥༧ལོའི་ཧོར་ཟླ་དྲུག་པར་གཟུགས་སྐུའི་བཀོད་པ་ཞི་བའི་དབྱིངས་སུ་བསྡུས་སོ། །

སྐུ་ཕྲེང་གསུམ་པ་འགྲོ་བའི་མགོན་པོ་འདི་ཉིད་དང་། སྐུ་ཕྲེང་བཞི་བ་སྐུ་མཆེད་འཇམ་དབྱངས་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་ལྔ་བ་སྐུ་མཆེད་ལུང་རྟོགས་ཡོན་ཏན་རྒྱ་མཚོ་ཡིན་ལ། སྐུ་ཕྲེང་ཕྱི་མ་འདི་རྣམ་གཉིས་ཀྱི་རྣམ་ཐར་འཆད་པར་འགྱུར་རོ། །

ཁྲི་རབས་གཉིས་པ་འདི་བའི་སྐུ་བལྟམས་པའི་ཡུལ་ནི།ཀུན་གཟིགས་ལྔ་བ་ཆེན་མོས།དཀར་པོ་ཐང་དུ་འབོད་པའི་ཨ་རིག་ཅེས།།དུས་ཀུན་གཡོ་མེད་བརྟན་པའི་དད་གུས་མཐུས།།ལྷུན་པོ་འབུམ་གྱིས་མཚོན་མིན་ཁྱབ་འཇུག་གི།དྲག་ཤུལ་དཔུང་གི་སྟོབས་ཀྱིས་འཕྲོག་ནུས་མིན།།ཞེས་བསྔགས་པ་དོན་དང་ལྡན་པའི་ཡུལ་ལྗོངས་ཨ་རིག་དཀར་བོ་ཐང་དུ་འབོད་པ།དེ་ལ་ཡང་ཆུ་སྟོད་སྨད་གཉིས་ཡོད་པ་ལས་ཆུ་སྟོད་མར་རབ་བྱུང་བཅུ་བཞི་བའི་ས་རྟ་སྤྱི་ལོ་༡༨༥༨ལོར་སྐུ་བལྟམས།དགུང་ལོ་བཞི་བ་ལྕགས་བྱ་སྤྱི་ལོ་༡༨༦༡ལོར་འགྲོ་མགོན་ཤིང་བཟའ་རིན་པོ་ཆེ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་སོགས་དམ་པ་མང་བོའི་བཀས་སྐྱབས་རྗེ་སྐུ་མཆེད་རིནཔོ་ཆེ་བློ་བཟང་བསྟན་པ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་གནང་།རྗེ་ཤིང་བཟའ་རིན་པོ་ཆེ་ལས་རབ་ཏུ་བྱུང་ཞིང་།ཡིག་ཀློག་དང་ཆོ་གའི་རིམ་པ་དུ་མ་ཐུགས་འཛིན་གནང་།བཀའ་གདམས་གླེགས་བམ་ལས་གསལ་བར་ལུང་གིས་ཟིན་པའི་རྭ་རྒྱ་བཀྲ་ཤིས་འབྱུང་གནས་སུ་ཚོགས་ཞུགས་གནང་ཞིང་།སྨྲ་མཁས་ཡོངས་འཛིན་དུ་མ་ལས་བཀའ་པོད་ལྔའི་མཛུབ་ཁྲིད་གསན་ཏེ།ཆོས་གྲྭར་བརྒལ་བརྟག་གིས་གཞུང་དོན་གཏན་ལ་ཕབ་སྟེ་དྲན་དབང་ཆེན་པོའི་གོ་འཕང་མངོན་དུ་མཛད།ཤིང་བཟའ་རིན་པོ་ཆེ་སོགས་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་རྒྱུན་མཐའ་ཡས་པ་གསན་བཞེས་གནང་།

སྙིགས་དུས་ཀྱི་ཉེ་ར་འཁོར་སྐྱབས་རྗེ་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་ལས་བསྙེན་པར་རྫོགས་ཤིང་། གདན་སའི་མཁན་ཁྲིར་བཞུགས་ཏེ་ཆོས་དང་ཟང་ཟིང་གིས་ལོ་དུ་མར་བསྐྱངས་པ་སོགས་དེར་བཞུགས་སྐབས་ཀྱང་ངོ་མཚར་བའི་རྣམ་ཐར་ཤིན་ཏུ་མང་། ཁྲི་ཁུར་ཕོག་རྗེས་འགྲོ་མགོན་གསེར་ཁང་བ་ཆེན་པོ་དང་། དམ་པ་ཉིད་ཀྱི་སྐུ་གོང་མའི་རྣམ་ཐར་བཞིན་གནས་ངེས་མེད་དུ་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་བཞེས་ལ་ཆིག་བསྒྲིལ་གནང་རྒྱུའི་ཐུགས་འདུན་བཟློག་ཏུ་མེད་པ་འཁྲུངས་ཏེ། བྲོས་སྟབས་ཀྱིས་ཁྲི་ཀར་ཕེབས། སྐྱབས་མགོན་ཐར་ཤུལ་རིན་པོ་ཆེའི་དྲུང་དུ་མཇལ་ཏེ་དབེན་པར་སྒྲུབ་ལ་གཞོལ་རྒྱུའི་དམ་བཅའ་ཕུལ་ནས་ལོ་འགར་ཁྲི་ཀའི་ཕྱོགས་ཀྱི་དབེན་གནས་མང་བོར་སྒྲུབ་པའི་རྒྱལ་མཚན་བསྒྲེངས། དགུང་ལོ་ཉེར་ལྔ་བ་ཆུ་རྟ་སྤྱི་ལོ་༡༨༨༢ལོར་སྐུ་འབུམ་བྱམས་པ་གླིང་དུ་རྗེ་ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚང་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྟ་གོན་དང་བཅས་པ་གསན། དགུང་ལོ་སུམ་ཅུ་བ་མེ་ཕག་སྤྱི་ལོ་༡༨༨༧ལོའི་ཟླ་གསུམ་པའི་ཚེས་ནས་གྲུབ་མཆོག་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་དབང་གི་ཆུ་བོ་བརྒྱ་རྩར་གྲགས་པའི་སྨིན་བྱེད་དབང་རྣམས་རྫོགས་པར་བསྩལ་པའི་མཇུག་ཏུ་སེམས་བསྐྱེད་མཆོད་པ་དང་བཅས་པ་གསན། 

དུས་རེ་ཞིག་གི་ཚེ་རྗེ་ཐར་ཤུལ་བའི་ལུང་བསྟན་བཞིན་རྡོ་རྗེ་འཆང་སཾ་གྷའི་ཞབས་ཀྱི་དྲུང་དུ་ཕེབས་ཏེ་འགྲན་ཟླ་མེད་པའི་རིགས་བརྒྱའི་བདག་པོར་བཞེས་ཤིང་། ཟབ་རྒྱས་ཆོས་ཀྱི་བགོ་སྐལ་མཐའ་ཡས་པ་གསན་བཞེས་གནང་སྟེ་སྲས་ཀྱི་ཐུ་བོར་གྱུར། དབེན་གནས་བྱིན་ཅན་མང་བོར་སྤྲོས་པ་བཙན་ཆོད་ཀྱིས་བསགས་སྦྱངས་གཙོར་འདོན་སྒོས་ལམ་རིམ་པ་གཉིས་ཀྱི་ཉམས་བཞེས་ལ་ཉིན་མཚན་འཁོར་མོ་ཡུག་ཏུ་གཞོལ་བར་མཛད། རབ་བྱུང་བཅོ་ལྔ་བའི་མེ་རྟ་སྤྱི་ལོ་༡༩༠༦ལོའི་ཟླ་བ་བདུན་པའི་ནང་ནས་ཁྱབ་བདག་བླ་མའི་ཉེ་བའི་སྲས་ཆེན་རྗེ་བཙུན་དགེ་འདུན་བསྟན་པ་རབ་རྒྱས་དཔལ་བཟང་བོས་སྐལ་ལྡན་གདུལ་བྱའི་ཚོགས་ལ་རྗེ་ཡབ་སྲས་ཀྱི་གསུང་འབུམ་གྱི་དབུ་བརྩམས་ཏེ་མཁས་གྲུབ་དུ་མའི་བཀའ་འབུམ་གྱི་ལུང་དང་། བསྟན་འགྱུར་སོགས་ཆོས་བཀའ་མང་དུ་སྤེལ། དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས་མཆོག་གསེར་ཁང་རི་ཁྲོད་དུ་བཅོམ་ལྡན་དུས་དགྲའི་དབང་བོའི་གཞི་བསྙེན་ཆེན་མོར་བཞུགས་པ་སོགས་ཡི་དམ་མང་བོའི་བསྙེན་སྒྲུབ་ཚད་ལྡན་ཀྱང་མང་དུ་བཏང་། སྐབས་དེ་དག་ཏུ་བཱ་ཡན་སེར་དྲིས་དགོན་དུ་གྲྭ་སྲི་ངན་པ་ཞིག་བྱུང་སྟེ། ནུས་ལྡན་གྲུབ་ཆེན་དུ་རློམ་པའི་བན་སྔགས་མང་བོར་སྐྱབས་འཚོལ་བྱས་ནས། མནན་སྲེག་གཏད་གསུམ་གྱི་ལས་སྦྱོར་སྣ་ཚོགས་ལག་ལེན་དུ་བསྟར་ཡང་མ་ཕན་པ་ལ། ཁོ་བ་ཚོ་འུ་ཐུག་ནས་རྡོ་རྗེ་འཆང་སཾ་གྷའི་མཚན་ཅན་གྱི་དྲུང་དུ་ཞུས་པ་ན། རྡོ་རྗེ་འཆང་གིས་འདི་བར་ཞུས་ན་ལེགས་པར་ལུང་བསྟན་པ་བཞིན་འདུས་སྡེ་དེ་ཀའི་ལས་སྣེ་འགའ་དམ་པ་འདི་ཉིད་གསེར་ཁང་དུ་བཞུགས་པའི་སྤྱན་སྔར་ཡོང་ནས་ནན་ཞུས་བགྱིས་པ་ལ། ཁོང་གིས་བདག་ལ་ནུས་པ་ཅི་ཡང་མེད་མོད་བླ་མ་རྡོ་རྗེ་འཆང་གིས་བཀའ་གནང་ཕྱིན། ཅིས་ཀྱང་འགྲོ་དགོས་གསུངས་ནས་དགོན་དེ་གར་ཕེབས་འཕྲལ་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་གི་སྒོ་ནས་གནོད་བྱེད་མ་རུངས་པ་དེ་ཉིད་ཚར་བཅད་ཅིང་། གྲྭ་སྲི་ངན་པ་དེ་མིང་མེད་དུ་བཏང་སྟེ་འདུས་སྡེ་དེ་གའི་དགེ་འདུན་བགྲེས་གཞོན་མ་ལུས་པ་དགའ་བདེའི་དཔལ་ལ་བཀོད། གྲྭ་ཚང་གིས་ཆོས་འབྲེལ་ཞུས་ནས་ཐམས་ཅད་ལ་བཀའ་ཆོས་ཀྱང་བསྩལ། བཱ་ཡན་ཕྱོགས་སོགས་རྨ་ལྷོ་བྱང་གི་དགོན་སྡེ་མང་བོར་ཕེབས་ཏེ་ཆོས་བཀའ་དུ་མ་གནང་བ་སོགས་གཞན་དོན་རྒྱ་ཆེར་བསྐྱངས། དགོན་སྡེ་འགའ་ཞིག་ཏུ་དགེ་ཚུལ་སློང་རྣམས་ལ་ཕན་ཚུན་དུད་འགྲོའི་མིང་གིས་འབོད་པའི་སྲོལ་ངན་པ་ཞིག་མཆིས་པའང་མཛངས་བླུན་སོགས་ལས་འབྱུང་བའི་གཏམ་རྒྱུད་དང་སྦྱར་ནས་ཀུན་གྱིས་གོ་སླ་བའི་གསུང་གིས་སྲོལ་ངན་དེ་རང་ཡལ་དུ་བཏང་། བླ་མ་འདི་བ་ནི་མངོན་ཤེས་ལ་ཐོགས་པ་མེད་པ་ཞིག་ཡིན་པར་གྲགས། སྐབས་ཤིག་ལོ་ཀྱཱ་ཏུན་བདེ་མཆོག་རང་བྱོན་ལ་མཇལ་བར་ཕེབས་པའི་ལམ་དུ་རྒྱའི་གྲོང་སྡེ་ཆེན་པོ་ཞིག་བརྒྱུད་སྐབས་རྒྱ་མི་རྒན་པ་འགས་བྱོན་ལམ་བཀག་ནས། ང་ཚོའི་ཡུལ་འདིར་ལོ་དུ་མར་ཆར་བ་མ་བབས་པས་ཚང་མ་བཀྲེས་ལྟོགས་ཀྱིས་མནར་ཏེ་གྲོང་སྡེ་སྟོང་ལ་ཉེ། ཁྱེད་བོད་ཀྱི་བླ་མ་ཆེན་པོ་ཞིག་ཡིན་ངེས་པས། ཡུལ་འདིར་ཆར་འབེབས་ཀྱི་བཀའ་དྲིན་ཅིས་ཀྱང་སྐྱོང་དགོས། ཞེས་ངུ་ངག་གིས་ཞུས་པ་བཞིན་སྡེ་དེར་ཕྱག་མལ་མཛད་དེ་མཆོད་འབུལ་རྒྱ་ཆེར་གནང་བ་དང་མཉམ་དུ་ལོ་མང་བོའི་རིང་བབས་མ་མྱོང་བའི་ཆར་གྱི་རྒྱུན་བཟང་བབས་པས། རྒྱ་གྲོང་དེར་རྒྱུན་དུ་མཆོད་འབུལ་བྱེད་པའི་སྲོལ་བཟང་བོ་དར་ཞིང་ཕྱིས་ཀྱི་བར་དུ་གནས་པར་གྲགས་ལ། ཡུལ་དེར་ཡང་དུས་དེ་ནས་བཟུང་ཆར་ཆུ་དུས་སུ་འབབ་པ་སོགས་བཀྲ་ཤིས་དང་དགེ་བའི་མཚན་མ་རྒྱ་ཆེར་བྱུང་ནས་ཅུང་འབྱོར་བ་ལྡན་པའི་ཡུལ་ཞིག་ཏུ་གྱུར་པར་གྲགས། འདི་ལྟ་བུའི་འབྲེལ་ཚད་དོན་ལྡན་གནང་བའི་ཚུལ་ཤིན་ཏུ་མང་ཡང་རེ་ཞིག་འདི་དག་ལས་མ་སྤྲོས་སོ། །

དགུང་ལོ་ང་ལྔ་བ་ཆུ་བྱི་སྤྱི་ལོ་༡༩༡༢ལོར་ཡབ་རྗེ་རྡོ་རྗེ་འཆང་ཆེན་པོ་ཞིང་འདིར་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་ཞིང་ཁམས་གཞན་དུ་འབྱོན་པར་ཉེ་བ་ན། སྐྱབས་རྗེ་སྐུ་མཆེད་རིན་པོ་ཆེ་འདི་ཉིད་གསེར་དགོན་དུ་བཞུགས་པ་ནས་གདན་ས་འདིར་སྤྱན་དྲངས་ཏེ། ད་ནས་ཞབས་བརྟན་བསྒྲུབ་རྒྱུ་སོགས་བགྱི་བ་ཐམས་ཅད་ཁྱེད་ཀྱིས་ཐག་ཆོད་བདག་ལ་གཏན་ནས་འདྲི་མི་དགོས་ཞེས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་བ་ལྟར། ཡབ་རྗེ་ཆོས་ཀྱི་རྒྱལ་བོ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་རིང་བོ་མ་ལོན་པའི་དུས་ཚེས་དགེ་བར་ཀུན་སྤངས་སེམས་དཔའ་ཆེན་པོ་རྗེ་ཁ་གྱ་བ་འཇམ་དབྱངས་དཔལ་ལྡན་གྱིས་གཙོས་འདུས་སྡེའི་གྲོས་དབང་ཡོངས་ཀྱིས་དཔལ་མི་འགྱུར་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་མི་འཇིགས་གདོང་ལྔ་བརྒྱད་ཀྱིས་བཏེགས་པའི་ཁྲི་འཕང་མཐོན་པོར་བཀོད་དེ་ཡབ་རྗེ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཏུ་མངའ་གསོལ་བ་ཡིན་ནོ། །

གདན་རབས་ཚིགས་བཅད་མ་ལས། 

སྐབས་དེར་སྟོད་ནས་ཆར་ཞོད་ལྟ་བུ་བྱུང་། །

སྨད་ནས་རླུང་ནག་འཚུབ་མ་དྲག་ཏུ་གཡོས། །

དེ་ལྟ་ན་ཡང་གྲུབ་དབང་དེ་ཉིད་ཀྱིས། །

བསམ་ངན་སྦྱོར་རྩུབ་མི་མངོན་དབྱིངས་ནས་བསྒྱུར། །ཅེས་བྱུང་། 

རྡོ་རྗེ་འཆང་དགོངས་པ་ཆོས་དབྱིངས་སུ་ཐིམ་ལ་ཉེ་བའི་སྐབས་དེར་ལཱ་མོ་བདེ་ཆེན་གྱི་གྲོས་དབང་ཨ་ལགས་བཟོད་པ་བརྒྱུད་ནས། ཀུན་སྤངས་འདུས་པའི་སྡེ་འདི་ཉིད་གོང་ས་ལཱ་མོ་ཞབས་དྲུང་རིན་པོ་ཆེར་བཅོལ་གདམས་ནན་ཏན་གནང་ཞིང་། ཆོས་སྡེ་ཆེན་པོ་བྱ་ཁྱུང་གི་ལས་སྣེ་རྣམས་སྐུ་མདུན་དུ་བཅར་སྐབས་ཀྱང་དེ་བཞིན་གནང་ཡང་། རྡོ་རྗེ་འཆང་ཞལ་མ་བཞུགས་པའི་སྐབས་དེར་ཁ་མཆུ་འགའ་ཞིག་བྱུང་བ་སོགས་ཉེར་འཚེའི་སྦྱོར་བ་རྩོམ་མཁན་དག་བྱུང་ནས་སྟོད་ནས་ཆར་ཞོད་ལྟ་བུ་བྱུང་། ཚང་མ་ཅི་དྲག་ལ་ཐུག་སྐབས་གོང་ས་རིན་པོ་ཆེ་སྨད་ནས་ཡར་མ་ཕེབས་པ་དང་། གཞན་པའི་མགོན་སྐྱབས་བྱེད་མཁན་སུ་ཡང་མ་བྱུང་བས་སྨད་ནས་རླུང་ནག་འཚུབ་མ་དྲག་ཏུ་གཡོས་པ་དེ་ལྟ་ན་ཡང་ཡབ་རྗེ་དམ་པའི་བརྩེ་གཟིགས་མ་དོར་བ་དང་། ཁྱད་པར་མཐུ་སྟོབས་ནུས་པའི་བདག་ཉིད་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་མཆོག་འདི་ཉིད་ཀྱི་མཐུ་ལས་བསམ་ངན་སྦྱོར་རྩུབ་མི་མངོན་དབྱིངས་ནས་བསྒྱུར་ཏེ་གླེང་བརྗོད་མཐའ་དག་ཐན་དུས་ཀྱི་སྤྲིན་བཞིན་རང་ཡལ་དུ་སོང་ནས་གནོད་འཚེ་ཅུང་ཟད་ཙམ་ཡང་བྱེད་མ་ནུས་སོ། །

གདན་རབས་ཚིགས་བཅད་མ་ལས། 

གང་ཚེ་འདུ་ཁང་ཆེན་མོ་གསར་བཞེང་སྐབས། །

བདེ་ཡངས་བསྟན་འཛིན་ནོར་བུས་ས་འདུལ་གནང་། །

རྐང་ཚའི་མཁྱེན་པ་ཚང་ནས་ཡོན་སྦྱར་བས། །

འདུ་ཁང་ཆེན་མོ་གྱན་དགུ་ཅན་བསྐྲུན་ཏེ། །ཞེས་བྱུང་། 

དེ་ནས་དབེན་པའི་གནས་མཆོག་བཀྲ་ཤིས་རྩེར་ཡབ་རྗེ་རྡོ་རྗེ་འཆང་ཆེན་པོས་བསམ་བཞིན་མཛད་པའི་མཐའ་མ་བསྟན་པ་ནས་ཧ་ཅང་མི་རིང་བའི་དུས་ཚེས་དགེ་བར་སེམས་དཔའ་ཆེན་པོ་རྗེ་ཁ་གྱ་བ་འཇམ་དབྱངས་དཔལ་ལྡན་གྱིས་གཙོས་རི་ཁྲོད་པའི་རྒན་པ་རྣམས་དང་། རྡོ་རྗེ་འཆང་གི་སྐུ་མདུན་པ་སྦྱིན་པ་བཅས་ཀྱིས་སེ་རའི་སྐུ་ཕྱོགས་མཁྱེན་པ་འཇིགས་མེད་རྒྱ་མཚོ་ཚང་ལ་སྐྱབས་མགོན་རྡོ་རྗེ་འཆང་གིས་འདུ་ཁང་བཞེང་རྒྱུའི་ལྗགས་བཀོད་གནང་ཡོད་མོད། བདག་ཅག་རྣམས་ཀྱིས་ཅུང་དཀའ་བར་སྣང་བས་ཉིད་ཀྱི་ཐུགས་ལ་འཛིན་དགོས་ཚུལ་འཁོད་པའི་འཕྲིན་ཡིག་རྟེན་བཅས་ཕུལ་པར། ཁོང་བ་ནས་བླ་མ་རྡོ་རྗེ་འཆང་ཆེན་པོར་དེ་འདྲའི་དགོངས་བཞེད་ཡོད་ན་ངེས་པར་སྒྲུབ་ཐབས་བྱེད་དགོས་པས། ས་ལས་རྡོ་ལས་སོགས་ལས་ཀའི་བཀོད་ཁྱབ་ཁྱེད་རྣམ་པས་བྱ་དགོས། འགྲོ་སྒོ་ཅི་ཙམ་ཞིག་དགོས་ཀྱང་གཞན་ལ་དད་འབུལ་བསྐུལ་བ་སོགས་ཁོང་གིས་བྱེད་ཅེས་དགྱེས་བཞིན་ཞལ་བཞེས་གནང་། འདུས་སྡེ་འདི་གར་ཀུན་སྤངས་ཆེན་པོ་མཁན་ཆེན་ངག་དབང་བསྟན་འཛིན། ཁ་སྒང་བློ་བཟང་རྒྱ་མཚོ། བན་གྲོའི་བློ་བཟང་བསྟན་འཕེལ། གཡུ་ཚའི་བློ་བཟང་རྒྱ་མཚོ། སྒིས་སྟེང་འཇམ་དབྱངས་བསྟན་པ། ཤོ་བ་དཀོན་མཆོག་རྒྱ་མཚོ། སེར་གྱའི་བློ་བཟང་ཚུལ་ཁྲིམས་རྣམས་ལས་དཔོན་དུ་བསྐོས་ཏེ། ཆུ་གླང་སྤྱི་ལོ་༡༩༡༣ལོའི་ལོ་གསར་འཕྲལ་ཕྱོགས་ཡས་མས་སུ་ཤིང་ཆ་སློང་བ་དང་། གཙུག་ལག་ཁང་རྨང་འདིང་བའི་དབུ་བརྩམས་ཤིང་། དེ་ནས་ཐམས་ཅད་ཀྱིས་ཁུར་བཞེས་དང་བརྩོན་པ་ཆེན་པོས་ལོ་གསུམ་གྱི་ཁོངས་སུ། འདུ་ཁང་གྱན་དགུ་ཅན། སྦུག་ཏུ་དྲ་མིག་ཤེལ་སྒོས་སྤྲས་པའི་ཀུན་དགའ་ར་བ་གྱན་ལྔ། བཀའ་བསྟན་བཞུགས་ཡུལ་གྱི་དཔེ་སྒམ་ཆ། རབ་གསལ་དུ་གཟིམ་ཆུང་སོགས་དང་། ཁྱམས་རྭ་སྒོ་ཁང་དང་བཅས་པའི་ཤིང་ལས་ཚོན་འབུལ་དང་བཅས་པ་ལེགས་པར་གྲུབ་པ་ཡིན་ནོ། །

བཞེངས་པའི་ཐེབས་དངུལ་དངོས་ནི། སྐྱབས་མགོན་རྡོ་རྗེ་འཆང་གི་ཕྱག་རྒྱུའི་འཕྲོས་དངུལ་རྡོ་ཚད་བཅུ་གསུམ་དང་། དད་ལྡན་གཞན་འགའ་ཞིག་གིས་ཕུལ་པའི་དངུལ་སྲང་སུམ་སྟོང་ལྷག་ཙམ་མ་གཏོགས། གཞན་ཐམས་ཅད་སྐུ་ཕྱོགས་མཁྱེན་པ་རིན་པོ་ཆེ་འཇིགས་མེད་རྒྱ་མཚོས་རོང་འབྲོག་གི་སྦྱིན་བདག་རྣམས་ལ་དད་འབུལ་བསྐུལ་ཏེ་ཕྱག་ཏུ་ལོན་པའི་ཕྱག་རྫས་འབའ་ཞིག་ཡིན་ལ། གྲོན་དངུལ་གྱི་ཐོ་ཡིག་ཞིབ་མོ་རྡོ་རྗེ་འཆང་གི་རྣམ་ཐར་ཆེན་མོ་རུ་གསལ་བས་འདིར་བསྐྱར་དུ་མ་བཀོད་དོ། །

སྔོན་བླ་མ་རྡོ་རྗེ་འཆང་ཆེན་པོས་བཀའ་གནང་བ་བཞིན་མཚན་སྒྲོགས་རིན་པོ་ཆེའི་ཞབས་ཞུ་འགའ་ཞིག་གིས་བཤགས་ལྷ་སོ་ལྔ། གནས་བརྟན་བཅུ་དྲུག་ཧྭ་ཤང་དགེ་བསྙེན་རྒྱལ་ཆེན་དང་བཅས་པ། སྒྲོལ་མ་ཉེར་གཅིག་རྣམས་གདན་དྲངས་ནས་སླེབས་ཤིང་། ད་དུང་དངུལ་མི་འདང་བའི་རྒྱུ་མཚན་བརྗོད་པ་བཞིན་མེ་འབྲུག་སྤྱི་ལོ་༡༩༡༦ལོའི་ཟླ་བ་དང་བོའི་ཚེས་ལ་བླ་བྲང་ཤོ་བ་རི་ཁྲོད་པ་དཀོན་མཆོག་རྒྱ་མཚོ་དང་གྲྭ་ཚང་ཁིས་བསྟན་འཕེལ་གཉིས་ཆེད་མངགས་ཀྱིས་དངུལ་སྲང་སྟོང་ཕྲག་གཉིས་དང་ལྔ་བཅུ།གསེར་སྲང་ལྔ་བཅས་ཁྱེར་ཏེ་རྒྱ་ནག་ནས་ཇོ་སྐུ།མཉམ་མེད་ཇོ་བོ་ཆེན་པོ།རྗེ་རིན་པོ་ཆེའི་སྐུ་གསུམ་མི་ཚད་རེ།མཆོག་ཟུང་།སྨན་བླ་བདེ་གཤེགས་བརྒྱད་བཅས་དང་།གཞན་ཡང་།གསེར་ཏོག་ཆེ་བ།སྤེན་རྒྱན།ཙུ་མགོ་སོགས་བསྒྲུབས་ཏེ་འབྱོར་བ་དང་།ཅོ་ནེ་ནས་དངུལ་རྡོ་ཚད་བཅོ་ལྔ་དང་བཅུ་མགོ་གཉིས་ཀྱིས་བཀའ་འགྱུར་གསར་བསྒྲུབས་དང་།རྐང་ཚའི་ཆན་ཧུ་གཅོད་པས་སྣར་ཐང་དཔར་མའི་བཀའ་བསྟན་གཉིས་ཕུལ་ཞིང་།རྒྱ་ཉག་ཚང་ནས་སྡེ་དགེ་བསྟན་འགྱུར་གཅིག་ཕུལ་པ་སོགས་སྐུ་གསུང་ཐུགས་རྟེན་མཐའ་ཡས་པས་བྱུར་བུར་གཏམས་པའི་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་ཡོངས་རྫོགས་གེགས་མེད་དུ་བླ་མ་རིན་པོ་ཆེའི་དགོངས་བཞེད་བཞིན་ཆུ་གླང་སྤྱི་ལོ་༡༩༡༣ལོར་འདུ་ཁང་གི་རྨང་གདིང་བའི་དབུ་བརྩམས་ཤིང་ལོ་གསུམ་གྱི་ཁོངས་སུ་འདུ་ཁང་ཆེན་མོ་གྱན་དགུ་ཅན་ལེགས་པར་གྲུབ་པ་ན་སྐྱབས་རྗེ་སྐུ་མཆེད་རིན་པོ་ཆེ་དབུ་བཞུགས་ཀྱིས་ཆོག་གྲྭ་བ་མང་བོ་དང་བཅས་པས་བཅོམ་ལྡན་དུས་དགྲའི་དབང་བོ་དཔའ་བོ་གཅིག་པའི་ཆོ་གའི་སྒོ་ནས་སྤྱན་དབྱེའི་ཆོ་ག་དམ་པའི་ཕྱག་བཞེས་བཞིན་གནང་སྟེ་བྱིན་རླབས་ཟད་མི་ཤེས་པའི་གཏེར་དུ་བསྒྲུབས་པར་མཛད་དོ།

གདན་རབས་ཚིགས་བཅད་མ་ལས། 

 ནང་རྟེན་གཙོ་བོ་ཐུབ་པ་གཙོ་འཁོར་གསུམ། །

དེ་ཡི་མཐའ་བསྐོར་གནས་བརྟན་བཅུ་དྲུག་དང་། །

དེའི་གཡས་འདྲ་སྐུ་རྒྱན་དྲུག་མཆོག་གཉིས་སོགས། །

དེ་ཡི་གཡས་སུ་སྐུ་གདུང་རྣམ་གསུམ་དང་། །ཞེས་བྱུང་། 

འདུ་ཁང་ཆེན་མོ་བཀའ་གདམས་ལྷ་ཁང་གི་རྟེན་གྱི་གཙོ་བོ་མཉམ་མེད་ཐུབ་པའི་དབང་བོ་སྟོན་པ་བཅོམ་ལྡན་འདས་འཁོར་ཉན་ཐོས་གཉིས་དང་བཅས་པ། དེའི་གཡས་སྐོར་དུ་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་ཧྭ་ཤང་དགེ་བསྙེན་དྷརྨ་རྒྱལ་ཆེན་བཅས་དང་། གཡས་ཕྱོགས་ཀ་བར་དང་བོའི་གྲལ་མགོར་རྡོ་རྗེ་འཆང་སཾ་གྷའི་མཚན་ཅན་གྱི་འདྲ་སྐུ་རྒྱུན་དུ་བདུད་རྩི་འབབ་པའི་བྱིན་ཅན་མཐའ་སྐོར་དུ་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས། ཀ་བར་གཉིས་པའི་གྲལ་མགོར་རྡོ་རྗེ་འཆང་ཡབ་སྲས་གསུམ་གྱི་གདུང་རྟེན་མཆོད་རྟེན་རྣམ་གསུམ་བཞུགས། 

གདན་རབས་ཚིགས་བཅད་མ་ལས། 

བསྟན་འགྱུར་གཙོ་བྱས་གསུང་རྟེན་མང་དུ་བཞུགས། །

གཙོ་སྐུ་ཐུབ་པའི་གྱན་གྱི་གཡོན་ཕྱོགས་སུ། །

ཇོ་བོ་རྗེ་དང་ཉེ་བའི་སྲས་བརྒྱད་སོགས། །

དེའི་གཡོན་རྗེ་སྐུ་ལྷག་ལྷ་དུ་མ་དང་། །

དེ་ཡི་གཡོན་དུ་རྒྱལ་བའི་བཀའ་འགྱུར་བཅས། །ཞེས་བྱུང་། 

དེའི་གཡས་ཕྱོགས་སུ་བསྟན་འགྱུར་རིན་པོ་ཆེས་གཙོས་གསུང་རྟེན་མང་བོ་དང་གཙོ་སྐུའི་གཡོན་ཕྱོགས་སུ་ཉེ་བའི་སྲས་ཆེན་བརྒྱད།གཡོན་གྱི་ཀ་བར་དང་བོའི་གྲལ་མགོར་མཉམ་མེད་ཇོ་བོ་ཆེན་པོ་ཨ་ཏི་ཤཀ་བར་གཉིས་པའི་གྲལ་མགོར་སྐྱབས་མགོན་བཅུ་གསུམ་པ་ཆེན་པོས་གནང་བའི་ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་བ་ཆེན་པོ།དེའི་མཐའ་སྐོར་དུ་ལྷག་ལྷ་མང་བོ་དང་།དེའི་གཡོན་ཕྱོགས་སུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་གཙོས་གསུང་རྟེན་མང་བོ་བཅས་བཞུགས་པ་དང་། 

གདན་རབས་ཚིགས་བཅད་མ་ལས། 

སྟེང་གི་ཐད་དུ་སྒྲོལ་མ་ཉེར་གཅིག་དང་། །

ལྟུང་བཤགས་སོ་ལྔ་ལ་སོགས་ལི་སྐུ་མང་། །

དེ་ཡི་སྟེང་ན་སངས་རྒྱས་རབས་བདུན་ལ། །

སངས་རྒྱས་སྟོང་སྐུས་བསྐོར་བའི་གྱན་ཐང་བདུན། །ཞེས་བྱུང་། 

གོང་དུ་བཞུགས་པ་དེ་དག་གི་སྟེང་དུ་སྒྲོལ་མ་ཉེར་གཅིག་དང་ལྟུང་བཤགས་ཀྱི་ལྷ་སོ་ལྔ་སོགས་བཞུགས་ལ། གོང་གསལ་སྐུའི་རྟེན་ལས་རྒྱན་དྲུག་མཆོག་གཉིས་མ་གཏོགས་གཞན་ཚང་མ་གཟི་བྱིན་མཆོག་ཏུ་འབར་བའི་གསེར་སྐུ་འབའ་ཞིག་ཡིན།དེའི་སྟེང་དུ་སངས་རྒྱས་རབས་བདུན་ལ་བསྐལ་པ་བཟང་བོའི་སངས་རྒྱས་སྟོང་གིས་བསྐོར་བའི་གྱན་ཐང་བདུན་དང་།

གདན་རབས་ཚིགས་བཅད་མ་ལས། 

འོག་གི་གཡས་ན་རྡོ་རྗེ་འཇིགས་བྱེད་དང་། །

གྱན་བར་དྲུག་ལ་སྐྱེས་རབས་བརྒྱ་བ་བཅས། །

ཡར་འཁོར་གྱན་བར་འཇིགས་པ་བརྒྱད་སྐྱོབ་མ། །

གཡོན་གྱི་མར་འཁོར་རྟ་མགྲིན་གྱན་ཐང་དང་། །

གྱན་བར་དྲུག་ལ་སྐྱེས་རབས་སོ་བཞི་སོགས། །ཞེས་བྱུང་། 

གཡས་ཕྱོགས་ཀྱི་འོག་ཤོད་དུ་རྡོ་རྗེ་འཇིགས་བྱེད་ཀྱི་གྱན་ཐང་དང་།ལོགས་སུ་གྱན་བར་དྲུག་ལ་སྐྱེས་རབས་བརྒྱ་བའི་གྱན་ཐང་དྲུགཡར་འཁོར་གྱན་བར་ལ་འཇིགས་པ་བརྒྱད་སྐྱོབ་མ།གཡོན་ཕྱོགས་ཀྱི་འོག་ཤོད་དུ་རྟ་མགྲིན་གྱི་གྱན་ཐང་དང་།ལོགས་སུ་གྱན་བར་དྲུག་ལ་སྐྱེས་རབས་སོ་བཞི་བའི་གྱན་ཐང་དྲུག་དང་། 

གདན་རབས་ཚིགས་བཅད་མ་ལས། 

ཡར་འཁོར་གྱན་བར་གདུགས་དཀར་ལྷ་ཚོགས་རྣམས། །

བཟོ་བཀོད་གཞན་ལས་ཁྱད་པར་འཕགས་པ་ལགས། །

གཞན་ཡང་གདུང་རྒྱའི་གྲལ་རྔར་མགོན་ཆོས་དང་། །

རྣམ་སྲས་ལྷ་མོ་རྣམ་བཞི་རང་རང་གི །

འཁོར་གྱིས་བསྐོར་བའི་གྱན་ཐང་ངོ་མཚར་བ། །

མཐོང་བ་ཙམ་གྱིས་ཐར་བའི་ས་བོན་བསྐྲུན། །ཅེས་བྱུང་། 

ཞལ་ཡར་འཁོར་གྱན་བར་ལ་གདུགས་དཀར་མོས་གཙོས་དེའི་ལྷ་ཚོགས་རྣམས་ཀྱི་གྱན་ཐང་གི་བཟོ་བཀོད་གཞན་ལས་ཁྱད་པར་དུ་འཕགས་པ་ལགས་ཤིང་། གཞན་ཡང་གདུང་རྒྱའི་གྲལ་རྔར་ཡར་འཁོར་གྱན་བར་བཞི་ལས་གཡས་ཕྱོགས་ཀྱི་གཉིས་ལ་མགོན་པོ་དང་རྣམ་སྲས། གཡོན་ཕྱོགས་ཀྱི་གཉིས་ལ་ཆོས་རྒྱལ་དང་ལྷ་མོ་རང་རང་གི་འཁོར་གྱིས་བསྐོར་བའི་གྱན་ཐང་ངོ་མཚར་བ་བཞུགས་པ་ལ་དད་ལྡན་སྐྱེ་བོ་རྣམས་མཐོང་བ་ཙམ་གྱིས་ཐར་བའི་ས་བོན་བསྐྲུན་པར་མཛད་དོ། །

གདན་རབས་ཚིགས་བཅད་མ་ལས། 

ཕྱི་ཡི་ཁྱམས་ལ་རྒྱལ་ཆེན་རྣམ་བཞི་དང་། །

གཡས་ཀྱི་གློ་སྒོའི་སྟེང་ན་འཇམ་དབྱངས་ལ། །

རྒྱན་དྲུག་མཆོག་གཉིས་རྣམས་ཀྱིས་བསྐོར་བ་དང་། །

གོར་ཁང་སྒོ་སྟེང་བཟང་མོའི་རྟོགས་བརྗོད་བཅས། །

གཡོན་གྱི་གློ་སྒོའི་སྟེང་ན་གཟིགས་པ་ལྔ། །

དེའི་འགྲམ་སྲིད་པའི་འཁོར་ལོ་ཆ་ལྔ་བཅས། །

བཀའ་གདམས་ལྷ་ཁང་རྟེན་དང་བརྟེན་པ་ཞིག །

མཁའ་མཉམ་འགྲོ་བའི་བསོད་ནམས་ཞིང་དུ་བསྐྲུན། །ཅེས་བྱུང་། 

འདུ་ཁང་གི་ཕྱི་ཡི་ཁྱམས་ལ་རྒྱལ་ཆེན་སྡེ་བཞི་དང་། གཡས་ཀྱི་གློ་སྒོའི་སྟེང་ན་རྗེ་བཙུན་འཇམ་པའི་དབྱངས་ལ་རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་བ་དང་། གོ་རེ་འཇོག་སའི་ཁང་བའི་སྒོ་སྟེང་ལོགས་སུ་མ་གྷ་དྷ་བཟང་མོའི་རྟོགས་བརྗོད་བཅས་དང་། གཡོན་གྱི་གློ་སྒོའི་སྟེང་དུ་རྗེ་གཟིགས་པ་ལྔ་ལྡན། དེའི་ལོགས་སུ་སྲིད་པའི་འཁོར་ལོ་ཆ་ལྔ་བ། རབ་གསལ་མཆོད་ཁང་དུ་འཛིན་གྲྭ་ཞིག་གིས་བཞག་པའི་ཚེ་ལྷ་རྣམ་གསུམ་ལི་མ་མི་ཚད། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བྱ་མདོ་འབྲོག་རུ་བས་བཞེངས་པའི་སྐྱབས་རྗེ་བླ་མའི་མཆོག་སྤྲུལ་རིན་པོ་ཆེའི་འདྲ་སྐུ་དང་རྗེ་རིན་པོ་ཆེའི་སྨན་སྐུ་མི་ཚད་ལྷག་འཁོར་དག་པ་རྣམ་བརྒྱད་ཀྱིས་བསྐོར་བ་སོགས་དེ་ལྟར་བཀའ་གདམས་ལྷ་ཁང་གི་རྟེན་དང་བརྟེན་པ་ངོ་མཚར་བ་མཐོང་བ་ཙམ་གྱིས་ཐར་བའི་ས་བོན་འཇོག་ནུས་ཤིང་མཁའ་མཉམ་འགྲོ་བའི་མིག་དང་ཡིད་ཀྱི་དགའ་སྟོན་དུ་གྱུར་པའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་བསྐྲུན་པ་རྨད་དུ་བྱུང་བའོ། །

གཞན་ཡང་ཡང་ཏའི་ཚོགས་སྦིས་གྱན་དགུ་མ་དང་།ཕྲུག་ཁྲས་གཡོགས་པའི་གྲལ་གདན་མང་བོ།ཆོས་ཐོག་གི་ཐེབས་སུ་དངུལ་སྲང་སྟོང་ཕྲག་ལྷག་ཕུལ་པ་དང་།འཆར་ཅན་གྱི་མཆོད་འབུལ་སོགས་ཆོས་ཐོག་རྣམས་ལ་ཇ་ཐུག་སྐུ་འགྱེད་སོགས་ཀྱི་བསྙེན་བཀུར་དང་གཏོང་སྒོའི་རིམ་པ་མ་ལུས་པ་གཞན་གྱིས་བསྒྲུན་དུ་མེད་པའི་ཚུལ་གྱིས་གནང་བར་མཛད།ལྕང་སྐྱ་གོང་མའི་གསུང་འབུམ་གྱི་བཀླག་ལུང་སོགས་གདུལ་བྱ་སོ་སོའི་འདོད་མོས་དང་འཚམ་པའི་ཟབ་རྒྱས་ཆོས་རྒྱུན་དུ་མ་བསྩལ་ཏེ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་བཟང་ལ་བཀྲི་བར་མཛད་ཅིང་།སྒྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་གྱི་རིམ་པ་མཐའ་དག་ལ་རྟིང་སྐུལ་ནན་ཏན་གནང་བའི་བཀའ་དྲིན་བསྐྱངས་པ་དང་།འདི་བ་ཁྲིར་བཞུགས་སྐབས་སྡེ་འདིར་ཐུབ་བསྟན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་མང་བོ་བཞུགས་ཤིང་དེ་དག་གིས་བཀའ་པོད་ལྔའི་འཆད་སྤེལ་རྒྱ་ཆེར་གནང་ཞིང་། སློབ་གཉེར་བ་ཡོངས་རྫོགས་བརྩོན་པ་ཤིན་ཏུ་ཆེ་སྟབས་འཆད་ཉན་དང་རྩོད་པ་འཛིན་སྐྱོར་སྦྱང་སོགས་ཡར་ངོའི་ཟླ་ལྟར་འཕེལ་ཏེ། རིགས་པ་སྨྲ་བའི་སེང་ཆེན་མང་བོ་བྱུང་བ་ཡིན་ལ། དབང་ལུང་མན་ངག་གི་ཆོས་རྒྱུན་རྣམ་དག་ཀྱང་རྒྱུན་མ་ཆད་པར་སྤེལ་བ་དང་། མཆོད་འབུལ་ཚོགས་བསགས་དང་ཕྱག་སྐོར་སྒྲིབ་སྦྱོང་སོགས་གཙོར་འདོན་སྒོས་ལམ་ཡོངས་རྫོགས་ཀྱི་ཉམས་བཞེས་ལ་གཞོལ་བའི་ཀུན་སྤངས་རི་ཁྲོད་པའི་ཕྱག་བཞེས་རྣམས་ཀྱང་སྔར་ལས་དར་རྒྱས་ཀྱི་ཚུལ་དུ་གནས་པ་ཡིན་ནོ། །

དེ་ལྟ་བུའི་ཆོས་སྲིད་གཉིས་ཀྱི་སྒོ་ནས་དེ་ལྟར་བཤད་སྒྲུབ་ཆོས་ཀྱི་སྐྱེད་ཚལ་ཆེན་པོ་འདི་ཉིད་བགྲང་བྱ་དྲུག་གི་རིང་ལ་ཆོས་དང་ཟང་ཟིང་གིས་ལེགས་པར་བསྐྱངས་ཏེ།དམ་པ་ཉིད་དགུང་ལོ་རེ་གཅིག་བཞེས་པ་ས་རྟ་སྤྱི་ལོ་༡༩༡༨ལོའི་ལོ་གསར་སྐབས་རྡོ་རྗེ་འཆང་གི་བཞུགས་མལ་དུ་བཀྲག་མདངས་ཅན་གྱི་ན་བཟའ་བཞེས་ཏེ་བཞུགས་པ་སོགས་སྔར་དང་མི་འདྲ་བའི་མཛད་པ་མང་བོ་ལྷུར་བཞེས་ཤིང་།ལོ་སྔོན་མར་བཅིབ་སྒ་གསར་བསྐྲུན་ཞིག་གི་སྐབས་བཟོ་བོར་འདི་ལ་འགྲོ་གྲོན་ལེགས་པར་ཐོངས་དང་སྔས་སྒ་བྱེད་རྒྱུ་ཡིན་ཞེས་སོགས་དགོངས་གཞི་ཅན་གྱི་ཞལ་གསུང་གནང་བ་དང་།སྐྱབས་རྗེ་ཆེ་ཤོས་རིན་པོ་ཆེ་རྒྱ་ནག་ནས་ཆོས་སྡེ་ཆེན་པོ་སྐུ་འབུམ་དུ་འབྱོར་བའི་མཇལ་ཁར་ཕེབས་ཏེ་ཉིན་ཤས་སྐུ་མདུན་དུ་གཞན་མི་ཆུད་པར་ཕྱི་ནང་གསང་བའི་ཞལ་ཏ་མང་དུ་མཛད་ཅིང་།དགོངས་པ་གཞན་དུ་གཏད་ཟིན་པའི་གསུང་རྗེན་པ་དང་ཕྱིས་འབྱུང་གི་ལས་དོན་མང་བོ་ཞུ་བ་གནང་སྟེ།ས་ག་ཟླ་བའི་ཚེས་དྲུག་ལ་གདན་སར་འབྱོར་བའི་ཕྱི་ཉིན་སྙུན་གཞི་བཞེས་པའི་ཚུལ་གནང་བར་མདོ་འབུམ་སོགས་ཞབས་བརྟན་ཕོན་ཆེ་བ་བསྒྲུབས།ཚེས་བཅུ་གཅིག་གི་ཉིན་བུ་སློབ་ནང་གྲས་ཁུ་བསྡུས་ཀྱིས་བརྟན་བཞུགས་ཕུལ་པར་སྐྱེ་འཆི་ལ་དབང་ཐོབ་པ་དཀའ་བས་དེ་འདྲའི་ཁས་ལེན་མི་ནུས་ཞེས་གསུངས།བླ་སྤྲུལ་མང་ནས་བརྟན་བཞུགས་ཕུལ་པར་ཡང་ཞལ་ལན་བློ་ཁེལ་བ་མ་བྱུང་། དུས་རྒྱུན་སྐྱབས་རྗེ་དཔལ་ཆོས་མཁན་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་ཐུགས་ནང་ཤིན་ཏུ་གཤིན་པས་ཆོས་སྲིད་གང་ལ་ཡང་སྙན་སྒྲོན་ཇི་འདྲ་ཞིག་ཕུལ་ཡང་གཞན་དང་མི་མཉམ་པའི་གསན་དགོངས་མཛད་པ་ཞིག་ཡོད་ཀྱང་། སྐབས་འདིར་ཞབས་པད་བརྟན་དགོས་པའི་རྒྱུ་མཚན་ཞུས་ཚེ་ཁྱེད་ལ་དེ་མིན་པ་གསུང་རྒྱུ་ཅང་མེད་དམ་ཞེས་མི་མཉེས་པའི་རྣམ་པ་མཛད་ཅིང་། འདུ་ཁང་སྟེང་གི་གསེར་ཏོག་མྱུར་དུ་སློང་དགོས་པའི་བཀའ་བསྒྱུར། ཚོགས་མང་ནས་ཞབས་རིམ་མང་དུ་བསྒྲུབས་ཏེ་བརྟན་བཞུགས་ཕུལ་པའི་ཕྱིར་ལན་དུ། རྡོ་རྗེ་འཆང་ཞལ་མ་བཞུགས་པ་ནས་ད་ལྟའི་བར་རྐྱེན་ཅི་ལ་ཐུག་ཀྱང་བསྲན་བཙུགས་ནས་བཞུགས་ཚུལ། འདུ་ཁང་རྟེན་བརྟེན་པ། ཚོགས་སྦིས་སོགས་ཉེར་མཁོ་ཐམས་ཅད་བསྒྲིགས་ནས་བཞུགས་རྐྱང་བྱས་ཡོད་ཚུལ།ཁེབས་དྲོ་བ་བརྒྱབ་ནས་མི་ཤེས་བླངས་ན་ཤེས་པའི་དཔེ་ཡིན་ཚུལ།ཐམས་ཅད་ཐུགས་མཐུན་སྒོས་སློབ་གཉེར་དང་དགེ་སྦྱོར་ལ་འབད་དགོས་ཚུལ་གྱི་བསླབ་བྱ་གནད་ལ་འདྲིལ་བ་ཕོགགྲུབ་དབང་དེ་ཉིད་ས་གའི་བཅོ་ལྔའི་ཉིན།འདུ་ཁང་གི་རྟེན་དང་བརྟེན་པ་ཆ་ཚང་ལེགས་གྲུབ་བྱུང་ནས་ས་རྟ་སྤྱི་ལོ་༡༩༡༨ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་གསེར་ཏོག་འཇོག་ཐུབ་པ་གྱིས།དེའི་སྐབས་ཁོ་བོ་ཡང་འདུ་ཁང་དུ་འོང་རྒྱུ་ཡིན།ང་ལ་ཡོན་ཏན་གཞན་མེད་ཀྱང་དཀོར་ཧ་ཅང་འདུ་བ་ཞིག་ཡིན་པས་ཤུག་པ་ལས་འདི་དག་བཞག་ན་སྡེ་འདིར་འདུ་སྒོ་འབྱུང་བའི་རྟེན་འབྲེལ་ཡོད།ཅེས་ན་བཟའ་ཆ་ཚང་དང་གསོལ་ཅན་གྱི་ནང་དུ་ཞོ་གང་ཉེར་སྤྱོད་རྣམས་གསེར་ཏོག་གི་གཟུངས་གཞུག་ཏུ་གནང་ཞིང་ཐུགས་དམ་རྟེན་ཐང་སོགས་ཕྱིན་ཆད་ཇི་ལྟར་བཤམས་ཚུལ་གྱི་ལྗགས་བཀོད་བསྩལ།འབུད་པ་གཉིས་ལ་རྒྱ་གླིང་རྒྱུན་རིང་བོར་གཏོང་དུ་བཅུག་པའི་སྐབས་ཐུགས་མི་གསལ་བའི་ཚུལ་ཅུང་ཟད་གནང་བ་ནི།ཕྱིས་བརྟགས་ན་སྐུ་རྗེས་མ་འཁྲུངས་པའི་དུས་དང་ཧ་ཅང་འགྲིག་པ་ནི་འཕགས་ཆེན་དམ་པའི་ལེགས་མཛད་དཔག་པར་དཀའ་བ་ཞིག་གོ་སྙམ། 

གདན་རབས་ཚིགས་བཅད་མ་ལས། 

གྲུབ་དབང་དེ་ཉིད་ས་གའི་བཅོ་ལྔའི་ཉིན། །

ཞིང་ཁམས་གཞན་དུ་གཤེགས་པའི་སྔ་མོའི་ཚེ། །

ཚོགས་མང་ཡོངས་ལ་ཕྱག་གིས་མཇལ་ཁ་གནང་། །

དེ་ནས་གློ་བུར་ཞིང་ཁམས་གཞན་དུ་གཤེགས། །

དེའི་ཉིན་འཇམ་དབྱངས་བསྟན་པའི་རྒྱལ་མཚན་ཞེས། །

ཡང་སྤྲུལ་སྨྲ་བའི་ཉི་མས་རང་ཞལ་བསྟན། །

དེ་ལྟར་གྲུབ་དབང་གང་གི་རྣམ་པར་ཐར། །

བདག་དང་བདག་འདྲའི་ཕལ་བའི་བློ་ལས་འདས། །ཞེས་བྱུང་། 

ཅོ་ལྔའི་ནངས་པར་གཉྫི་ར་བསླངས་འཕྲལ་ཉི་ཤར་ལ་འདུ་ཁང་རབ་གསལ་དུ་ཕེབས་ཏེ་ཚོགས་མང་ལ་མཇལ་ཁ་གནང་བ་དང་།དབྱར་ཆོས་ཨ་རིག་ཏུ་ཕེབས་རྒྱུའི་ལྗགས་བཀོད་བཀའ་དྲིན་བསྐྱངས་ནས།འདུ་ཁང་སྟེང་གི་གཟིམ་ཁང་དུ་ཕེབས་ཏེ་བཅོམ་ལྡན་འདས་གཟིམ་མལ་གྱི་མཐའ་མ་ལ་བཞུགས་པ་བཞིན་སེངྒེ་འགྱིང་སྟབས་ཀྱིས་མྱ་ངན་ལས་འདས་སོ།།ཉིན་དེར་ཨ་རིག་ཏུ་སྐུ་ཕྲེང་གོང་མ་འཁྲུངས་པའི་ཁྱིམ་གཞིས་སུ་ཡང་སྤྲུལ་ཉི་མ་གཞོན་ནུ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་མཚན་དཔེའི་དཀྱིལ་འཁོར་མངོན་པར་ཤར།དེའི་ཚེ་སྐྱབས་རྗེ་མཁན་ཆེན་མཆོག་སྤྲུལ་རིན་པོ་ཆེ་མྱུར་སྟབས་ཀྱིས་གདུང་མདུན་དུ་ཕེབས་ཏེ་འདའ་ཁ་ཡེ་ཤེས་སྙན་འབུལ་ཞུས་ཤིང་། ཉིན་དེར་གསང་རྒྱ་བྱས། མཚན་མོར་གཟིམ་ཁང་དུ་གདན་དྲངས་ཏེ་གདུང་ཆོས་ཕུལ། ཕྱི་ཉིན་ནས་གདུང་མཇལ་དང་དགོངས་རྫོགས་ཀྱི་དགེ་རྩ་རྒྱ་ཆེ་བ་རིམ་གྱིས་བསྒྲུབས་པ་དང་། དཔལ་ཆོས་མཁན་ཆེན་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་བོས་རྡོ་རྗེ་སློབ་དཔོན་དང་།གཞན་ཚོགས་གྲྭ་ཡོངས་ཀྱི་དགེ་བའི་བཤེས་གཉེན་དུ་མས་སྐུ་གདུང་རིན་པོ་ཆེར་ཞུགས་འབུལ་གནང་ཞིང་།ཉེ་གནས་རྣམས་ཀྱིས་རིན་ཆེན་གཉིས་པའི་མཆོད་རྟེན་ཆ་ཚད་དང་ཐིག་ཚད་ཕུན་སུམ་ཚོགས་པ་ལེགས་པར་བཞེངས་གྲུབ་བསྟུན་རྗེ་མཁན་ཆེན་ཚང་དང་།དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་འགྲོ་མགོན་ལྷ་རི་བ་རྣམ་གཉིས་ཀྱིས་གདུང་རུས་རྣམས་མཆོད་རྟེན་དུ་སྤྱན་དྲངས་པ་སོགས་སྲི་ཞུ་བགྱི་འོས་ཐམས་ཅད་ལེགས་པར་གྲུབ་པར་མཛད་ཅིང་།འདུ་ཁང་ཆེན་མོར་རྡོ་རྗེ་འཆང་གི་གདུང་རྟེན་མཆོད་རྟེན་གྱི་གཡས་ཕྱོགས་སུ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ་ཡིན་ནོ། །

ཞེས་གདན་རབས་དཔག་བསམ་འཁྲི་ཤིང་གི་བར་དུ་དགེ་བ་ཉེ་རབས་གཏམ་གྱི་གདན་ཁྲི་རིམ་པའི་མཛད་རབས་འབྲས་བཟང་དུས་སུ་སྨིན་པའི་ཚུལ་ལས་ཁྲི་རབས་གཉིས་པ་སྐུ་མཆེད་དགེ་འདུན་བསྟན་པ་རབ་རྒྱས་ཀྱི་རྣམ་པར་ཐར་བ་བརྗོད་པའི་ཡལ་འདབ་སྟེ་དྲུག་པའོ། །

ཞེས་པ་འདི་ནི་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་རིགས་སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བྲིས་པ་དགེའོ།།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།