དྷཱིཿ ཚ་དགོན་པའི་ཁྲི་རབས་དང་བོ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ། 

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-05-30 19:28:30     རྩོམ་པ་པོ།   སེང་གཤོང་དགེ་འདུན་འཇིགས་མེད།    ཀློག་ཐེངས།  

image1.JPG

འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་གར་གྱི་རྣམ་པར་རོལ་པ་༧གོང་ས་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་རིགས་ཀྱི་ཅོད་པན་རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་གཅིག་པུ།ཞྭ་དམར་རིན་པོ་ཆེ་སྐུ་ཕྲེང་བཞི་བ་རྡོ་རྗེ་འཆང་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི།མཚོ་སྔོན་པོའི་ཉེ་འདབས་མདའ་བཞིའི་ཞྭ་དམར་ཚོ་བར་ཡབ་བན་སྨུག་དང་ཡུམ་མ་ཅིག་གཉིས་ཀྱི་སྲས་སུ་ཆུ་བྱི་སྤྱི་ལོ་༡༨༥༢ལོར་སྐུའི་མཚན་དཔེའི་མེ་ཏོག་བཞད།མཱ་ཕྱག་དགོན་དུ་ཆོས་སྤྱོད་བསླབས།དགུང་ལོ་བཅུ་གསུམ་ནས་བཅུ་དགུ་བར་བདེ་ཆེན་དུ་ལམ་རིམ་གྱི་མཐའ་དཔྱོད་བཀའ་པོད་ལྔ་ལ་སྦྱངས་ཏེ་བདེ་ཆེན་ན་ཁོའི་རྩོད་ཟླར་ཕེར་བ་མེད་ཅེས་གསུང་ཡང་ཕེབས།དགུང་ལོ་བཅུ་དགུ་ལ་ཡབ་རྗེ་གསེར་ཁང་བའི་རྣམ་ཐར་བདག་གིར་བཞེས་ཏེ་རྗེ་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་ལས་རི་ཁྲོད་མཛད་དེ།ཁོང་གི་ལྗགས་བཀོད་ལྟར་ལམ་རིམ་ལ་ཉམས་བཞེས་མཛད་ཅིང་ས་བགོས་རབ་འབྱམས་པ་ལས་བརྒྱུད་པའི་ཡབ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོའི་བཤད་སྲོལ་དང་།ཐུའུ་བཀྭན་ཡོངས་འཛིན་རྗེ་བསྟན་པ་རྒྱ་མཚོ་ནས་བརྒྱུད་པའི་བླ་བྲང་བཤད་སྲོལ་ཏེ་ལྷོ་བྱང་གི་བརྒྱུད་པ་གཉིས་ལྡན་གྱི་ལམ་རིམ་ཆེན་མོའི་བཤད་ལུང་དང་།ཨ་ཁུ་རིན་པོ་ཆེ་ལས་བདེ་ལམ་མྱོང་ཁྲིད་ཚར་གསུམ་དང་།ཨ་རོལ་རིན་པོ་ཆེ་ལས་མྱུར་ལམ་མྱོང་ཁྲིད་གསན།ཞལ་ནས། ང་ལ་བླ་མ་ལ་ཁྱད་ཡོད་པ་གཏན་མིན་ཡང་ངས་ཚེ་འདིར་ཐོས་བསམ་སྒོམ་པ་སོགས་ཆོས་ལྡན་གྱི་བྱ་བ་གང་བྱས་ཐམས་ཅད་ཨ་རོལ་རྡོ་རྗེ་འཆང་གིས་ལྗགས་བཀོད་མཛད་པ་ལས་བྱུང་བ་དང་། འཇམ་མགོན་སྙན་བརྒྱུད་ཀྱི་གདམས་པ་ཡོངས་སུ་རྫོགས་པའི་བགོ་སྐལ་ལ་ལོངས་སྤྱོད་རྒྱུ་བྱུང་བ་ཨ་ཁུ་རྡོ་རྗེ་འཆང་གི་སྐུ་དྲིན་ཡིན་པས་ཁོང་རྣམ་པ་གཉིས་ང་ལ་བཀའ་དྲིན་གཞན་ལས་ཆེ་བའི་རྒྱུ་མཚན་གྱིས་ཡིན་ཞེས་ཡང་ཡང་གསུངས།

མཁན་པོ་རིན་པོ་ཆེ་རྗེ་པྲ་ཛྙཱའི་ཞབས་ཀྱིས་གཙོས་ཐུགས་སྲས་ཆེན་པོ་མཁན་སྤྲུལ་ངག་དབང་ཐུབ་བསྟན་རྒྱ་མཚོ།ཐུའུ་བཀྭན་ཡོངས་འཛིན་རིན་པོ་ཆེ་སོགས་ཡབ་སྲས་ཉི་ཟླ་ལྟ་བུ་རྣམས་ལས་མི་ཏྲ་རྡོར་ཕྲེང་དང་བརྒྱ་རྩ།ཟུར་བཀའི་དབང་མང་བོ།སྒྲུབ་ཐབས་རིན་འབྱུང་དང་རྒྱ་མཚོ།སྣར་ཐང་བརྒྱ་རྩ།ས་སྐྱའི་གསེར་ཆོས།འཇམ་དབྱངས་ཆོས་སྐོར།མགོན་པོ་བཀའ་བཅུ་གསུམ་དང་།རྣམ་སྲས་བཀའ་བཅོ་ལྔ་སོགས་སྤྱི་ཟུར་གྱི་རྗེས་གནང་སྐོར་དང་། བདེ་ལམ་གྱི་ཁྲིད་ཚར་གསུམ།འཇམ་དཔལ་ཞལ་ལུང་གི་ཁྲིད།བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་སོགས་ཁྲིད་ཀྱི་སྐོར།ལམ་རིམ་ཆེ་ཆུང་།བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ།རིམ་ལྔ་གསལ་སྒྲོན་འགྲེལ་བ་བཞི་སྦྲགས་སོགས་བཤད་ལུང་གི་རྒྱུན་གང་བཞུགས།བཀའ་འགྱུར།རྒྱ་གཞུང་།རྗེ་ཡབ་སྲས་ལྔའི་གསུང་འབུམ་སོགས་ལུང་གིས་མཚོན་པའི་དབང་དང་རྗེས་གནང་ཁྲིད་ལུང་སོགས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན་པས་ཆོས་རྒྱུན་གྱི་བང་མཛོད་དུ་གྱུར།རི་ཁྲོད་བསམ་གཏན་གླིང་།ཚ་རྒྱལ་ཐར་བ་གླིང་དང་།ཞོ་འོང་ལུག་ར་སྒར་གསར་པད་དཀར་ཆོས་གླིང་།སྒོམ་ར་དགའ་ལྡན་ཕུན་ཚོགས་གླིང་།སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་།མཚེར་མོ་ཆེ་བསམ་གཏན་ཆོས་སྡིངས། རྨ་འགྲམ་བན་གྲོ་དགེ་ལེགས་ཆོས་རྫོང་། གདན་ས་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་སོགས་སུ་བསྒྲུབས་པས་བྱང་ཆུབ་ཀྱི་སེམས་གཙོ་བོར་གྱུར་པའི་ཉམས་བཞེས་ཀྱི་རྟོགས་པའི་ཀློང་བརྡོལ་བ་ལས་ཉེར་གསུམ་སྟེང་དུ་གླང་ཚ་རྒྱལ་ནས་བྱང་ཆུབ་ཀྱི་སེམས་དང་།  སོ་གསུམ་སྟེང་སྒར་གསར་ནས་དབུ་མའི་ལྟ་བ་རྟོགས་པའི་གཏན་ཚིགས་སྣང་། སྔགས་ལ་དམ་དོགས་ཆེ་བའི་ཚུལ་མཛད་དེ་ཤིན་ཏུ་དབེན་པའི་སར་ཕེབས། མདོ་སྨད་ལྷོ་བྱང་དུ་བླ་མ་སུམ་ཅུ་ལས་ཆོས་གསན་པས་ཆོས་རྒྱུན་གྱི་བང་མཛོད་དུ་གྱུར། ལམ་རིམ་འཆད་སྤེལ་རྒྱ་ཆེར་མཛད་པས་བུ་སློབ་ངོས་གཙང་ལ་ངོམ་ཆོག་པ་ཆོས་འཇིག་རྟེན་གཉིས་ཆར་ནས་བྱུང་། རྗེ་ཉིད་དགུང་ལོ་སོ་དྲུག་ཏུ་སོན་པ་མེ་ཕག་སྤྱི་ལོ་༡༨༨༧ལོར། རྗེ་ཉིད་ཀྱི་རྨད་དུ་བྱུང་བའི་ཐུགས་བསྐྱེད་ཀྱི་མཐུས་རྨ་ཉིན་གྲུབ་པའི་བསྟི་གནས་མཚེར་མོ་ཆེའམ་སྐྱེས་རིའི་བསམ་གཏན་ཆོས་སྡིངས་སུ་སློབ་བུ་བྱ་བཏང་བ་བཅུ་ཕྲག་དུ་མ་དང་བཅས་བཅོམ་ལྡན་འཁོར་བཅས་ཐོག་མར་ཞབས་ཀྱིས་བཅགས་ཤིང་གཞུང་ལུགས་འཆད་སྤེལ་ཉམས་བཞེས་གནང་། ཚེ་འདིའི་འཁྲི་བ་བཙན་ཆོད་ཀྱིས་ཐོས་དོན་རྒྱུད་ལ་སྦྱོར་བའི་ཀུན་སྤངས་སོགས་ཐར་འདོད་སྐྱེ་བོ་པདྨའི་ཚལ་ལ་བུང་བ་འདུས་པ་བཞིན་རྗེ་ཉིད་ཀྱི་དྲུང་དུ་གདན་འཛོམས་ཏེ་ལེགས་གསུང་སྦྲང་རྩིའི་བཅུད་ལ་ངོམས་མེད་དུ་རོལ་མཁན་མང་བོ་བྱུང་ཞིང་། ལོ་རེ་བཞིན་འགྲོ་མགོན་ཉིད་ཀྱིས་གཙོས་ཀུན་སྤངས་རི་ཁྲོད་འཛིན་པ་བརྒྱ་ཕྲག་དུ་མའི་འཁོར་དང་བཅས་གནས་ངེས་མེད་དུ་བཤད་སྒྲུབ་ཀྱི་བྱ་བ་རླབས་པོ་ཆེ་མཛད་བཞིན་ལྷོ་བྱང་གི་སྡེ་དགོན་དུ་མར་བྱོན་ཏེ་འཆར་ཅན་གྱི་མཆོད་འབུལ་གནང་བ་ཡང་མ་ཆག་པར་མཛད། དགུང་ལོ་ང་གཉིས་པ་ཆུ་ཡོས་སྤྱི་ལོ་༡༩༠༣ལོར་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཕྱག་འདེབས་མཛད་ཅིང་འཆད་ཉན་བཙུགས། དགུང་ལོ་ང་ལྔ་བ་མེ་རྟ་སྤྱི་ལོ་༡༩༠༦ལོར་རྒྱལ་བའི་དབང་བོ་བཅུ་གསུམ་པ་ཆེན་པོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ཡོངས་འཛིན་དུ་བཀུར་ཏེ་ལམ་ཁྲིད་ཆེན་མོ་སོགས་ཀྱི་ཆོས་བཀའ་མང་དུ་དགྱེས་པར་བསྩལ། རྗེ་ཉིད་དགུང་ལོ་རེ་གཅིག་བཞེས་པ། རབ་བྱུང་བཅོ་ལྔ་བའི་ཆུ་བྱི་སྤྱི་ལོ་༡༩༡༢ལོའི་ཟླ་བདུན་པའི་ཚེས་དྲུག་ཉིན་དབེན་པའི་གནས་མཆོག་བཀྲ་ཤིས་རྩེར་ངོ་མཚར་བའི་ལྟས་དུ་མ་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའོ། །

ཞེས་གདན་རབས་དཔག་བསམ་འཁྲི་ཤིང་གི་བར་དུ་དགེ་བ་ཉེ་རབས་གཏམ་གྱི་གདན་ཁྲི་རིམ་པའི་མཛད་རབས་འབྲས་བཟང་དུས་སུ་སྨིན་པའི་ཚུལ་ལས་ཁྲི་རབས་དང་བོ་ཞྭ་དམར་རྡོ་རྗེ་འཆང་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོའི་རྣམ་པར་ཐར་བ་མདོར་བསྡུས་སུ་བརྗོད་པའི་ཡལ་འདབ་སྟེ་ལྔ་བའོ། །

ཞེས་པ་འདི་ནི་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་རིགས་སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བྲིས་པ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།