བླ་བྲང་​གདན་རབས་ཉི་ཤུ་བ་རྗེ་འཇིགས་མེད་རིགས་པའི་སེངྒེ་།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-02-27 17:05:08     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

              གདན་རབས་ཉི་ཤུ་བ་ལུང་དང་རྟོགས་པའི་ཡོན་ཏན་གྱི་གཟི་བྱིན་མངོན་པར་མཐོ་བ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་འཇིགས་མེད་རིགས་པའི་སེངྒེ་དཔལ་བཟང་པོ་ནི་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྐུའི་སྐྱེ་པ་སྟེ། ཁྲི་ཆེན་དེ་ཉིད་ནི་མདོ་སྨད་ཤར་ཕྱོགས་རྒྱ་དང་ཉེ་བའི་ས་ཆར་ཧོར་ཚང་གི་དཔོན་རྒྱུད་ཅིག་ཏུ་འཁྲུངས། བ་སོ་རྗེ་དྲུང་ངག་དབང་དཀོན་མཆོག་ཉི་མ་མདོ་སྨད་དུ་བྱོན་པའི་དྲུང་དུ་རབ་ཏུ་བྱུང་། དཔལ་ལྡན་བཀྲ་ཤིས་སྒོ་མང་དུ་མཁས་བཙུན་གྱི་སྙན་པ་སྐྱེ་དགུའི་རྣ་བའི་མཛེས་རྒྱན་དུ་འབར་ཞིང་། སྟོད་རྒྱུད་གྲྭ་ཚང་དུ་གསང་སྔགས་ལ་ཡང་སྦྱངས་པ་ཆེར་མཛད། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་། ཁྲི་ཆེན་དགེ་འདུན་ཕུན་ཚོགས། འཇམ་དབྱངས་བདེ་བའི་རྡོ་རྗེ་སོགས་ལས་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་གསན། ཐོས་དོན་གདམས་པར་ཤར་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཤིང་། ཁྱད་པར་བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་ཏུ་གྲགས་ཆེ་ཞེས་སྐྱབས་མགོན་མཆོག་གི་གསུང་ལས་དངོས་སུ་ཐོས། ལུང་དང་རྟོགས་པའི་ཡོན་ཏན་གྱི་གཟི་བྱིན་མངོན་པར་མཐོ་བས་རྒྱུད་སྟོད་དང་ཤར་རྩེ་རིམ་པར་བརྒྱུད་དེ་རྒྱལ་བ་གཉིས་པའི་བཞུགས་གདན་གསེར་ཁྲིར་ཞབས་ཀྱི་པདྨོ་རྣམ་པར་བཀོད། ཞལ་སློབ་ཀྱང་ཁྲི་ཆེན་ངག་དབང་མཆོག་ལྡན། ཁྲི་ཆེན་རྒྱལ་མཚན་སེངྒེ་། ཁྲི་ཆེན་ནམ་མཁའ་བཟང་། ཚ་གན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་ཉི་ཟླ་ལྟ་བུའི་མཁས་གྲུབ་མང་དུ་བྱུང་། རྒྱལ་བའི་དབང་པོ་བློ་བཟང་སྐལ་བཟང་རྒྱ་མཚོ་མཚན་ཉིད་གསན་སྦྱོང་སྐབས་ཡོངས་འཛིན་གྱི་གོ་སར་མངའ་གསོལ་ཏེ། དབུ་མ་འདུལ་མཛོད་སོགས་ཀྱི་བརྩི་བཞག་ཕུལ་ཞིང་ཐུགས་རྫོགས་སྐབས་ལས་སློབ་ཀྱང་མཛད། ཟབ་རྒྱས་ཀྱི་བཀའ་ཆོས་གསན་བཞེད་ཀྱི་ངང་ལས་བྱ་ལོ་ཁམས་ཕྱོགས་སུ་ཞི་བར་གཤེགས། གདུང་ཞུགས་ལ་ཕུལ་བར་གདུང་རུས་ལ་ཡིག་འབྲུའི་རྣམ་པ་གསལ་བ་ཞིག་བྱོན་པ་རྒྱལ་དབང་རིན་པོ་ཆེས་བཞེས། ཞུན་ཐིག་ནོར་བུ་དགའ་འཁྱིལ་གྱི་དབྱིབས་ཅན་པདྨ་རཱ་ག་ལྟར་དམར་ཞིང་འཚེར་ལ་བརྗིད་པ་ཞིག་རྒྱུད་སྨད་མཁན་རིན་པོ་ཆེ་ངག་དབང་མཆོག་ལྡན་པས་བསྣམས་ནས་རྒྱལ་དབང་རིན་པོ་ཆེ་དང་གདན་འཛོམས་སྐབས་གོང་བཞེས་གནང་། ཡང་ཐུགས་ལྗགས་སྤྱན་གསུམ་དང་། དབུ་ཐོད་ལ་འཇིགས་བྱེད་རང་བྱོན།སྐུ་སྨད་ཀྱི་པུར་རུས་ལ་འཇམ་དབྱངས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་འོད་སྐོར་དང་བཅས། ཡ་མ་རཱ་ཛའི་སྔགས་ཕྲེང་གདུང་རུས་ཀྱི་ངོས་ལ་བྲིས་པ་ལྟར་ཕེབས་པ། གསང་བདག་གི་སྐུ་དང་སྔགས། གཞན་ཡང་རིང་བསྲེལ་གྱི་ཕུང་པོར་གྱུར་ཅེས་ཕྱག་མཛོད་བློ་བཟང་ཚུལ་ཁྲིམས་དང་དགེ་སློང་ཆོས་གྲགས་རབ་བརྟན་གཉིས་ཀྱིས་བསྒྲིགས་པའི་སྐུ་གདུང་གི་དཀར་ཆག་ལས་བཤད་དོ། །དེ་ལྟ་བུའི་དམ་པ་དེ་ཉིད་གཤེགས་ནས་རིང་པོ་མ་ལོན་པ་ན་སྐུ་མཆེད་ཅིག་གི་རྨི་ལམ་དུ། རྗེ་དེ་ཉིད་ཡིན་ཟེར་བའི་བླ་མ་པཎ་ཞྭ་གྱོན་པ་འབྲུག་ལ་ཞོན་པ་ཞིག་ནམ་མཁའ་ནས་བབས་ཏེ་རང་ལ་ཐིམ་པའི་རྨི་ལྟས་བྱུང་བ་ལྟར་ལྕགས་ཕག་ལོ་སྔར་གྱི་རིགས་རུས་དེ་ཉིད་ལ་སླར་ཡང་ལང་ཚོ་གསར་བའི་ཟློས་གར་མངོན་པར་བསྟན། གྲུབ་དབང་སྡེ་ཁྲི་རིན་པོ་ཆེར་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་། མཚན་བློ་བཟང་བསྟན་འཛིན་རྒྱ་མཚོར་གསོལ། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་བསྡུས་གྲྭ་ནས་རིམ་གྱིས་གསན་སྦྱོང་མཛད། མཐོང་ན་མི་མཐུན་པ་མེད་པའི་ཞལ་གྱི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་དད་གུས་ཀྱིས་ཡིད་དབང་མེད་དུ་འཕྲོག་པ་ཞིག་ཡིན་པར་ཞལ་མཐོང་བའི་སྐྱེ་བོ་ཀུན་གྱིས་མགྲིན་གཅིག་ཏུ་གླེང་། ལུང་རྟོགས་ཀྱི་ཡོན་ཏན་ཉ་གང་བའི་བསྟན་འཛིན་རྒྱུ་སྐར་གྱི་བདག་པོ་ཞིག་འཆར་བར་རྩོམ་པའི་མོད་ལ་སྡེ་ཁྲི་རིན་པོ་ཆེ་སྐུ་གཤེགས་པ་སོགས་ཀྱི་རྐྱེན་དུ་མའི་དབང་གིས་ཐུགས་ལ་སྐྱོ་སྣང་ཤར་བའི་མུར་ལྷ་འབྲུམ་བཞེས། ཞབས་འབྲང་རྣམས་ནས་ཞབས་པད་བརྟན་པའི་གསོལ་བ་བཏབ་པར། གསུང་ལས། ནམ་མཁའ་ནས་ཚོན་སྐུད་ཁ་དོག་སྣ་ལྔ་བ་སྣེ་མོར་ཤ་ཟུང་བཏགས་པ་འདྲ་བ་ཞིག་བྱུང་ནས་རང་གི་ལུས་ལ་རེག་པའི་སྣང་བ་འཆར་གི་འདུག་པ་ཁྱེད་ཚོས་ཨེ་ཤེས་གསུངས། མི་ཤེས་ཞུས་པར་གཏི་ཐུག་གསུངས་ཏེ་བཀྱོན། དེ་གོང་བདག་ལ་བློ་རྩེ་གཏད་ས་མེད་པ་འདྲ་བའི་སྐྱོ་སྣང་ཤར་གསུང་སྟེ། དོན་ལ་བསམ་བཞིན་དུ་ཡེ་ཤེས་གོང་འཕོ་མཛད་རྒྱུའི་བརྡར་མངོན་ཞིང་།མེ་ཡོས་ཧོར་ཟླ་གཉིས་པའི་ཚེས་བཅུ་བདུན་ལ་ཞི་བར་གཤེགས། སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོས་སྤྲུལ་སྐུ་མྱུར་འབྱོན་བསླབ་གསུམ་ཞི་དུལ་མ་འཕྲལ་དུ་གསར་རྩོམ་གནང་ཞིང་སྤེལ་བར་མཛད་པ་ལྟར་སླར་ཡང་ཡོས་ལོ་དེ་ཉིད་ཀྱི་མཇུག་ཏུ་སྔར་གྱི་ཡུལ་ཕྱོགས་དེར་ཁྱུ་མཆོག་གི་རིགས་སུ་རྗེ་འདི་ཉིད་སྐུ་བལྟམས། ངོ་མཚར་བའི་ལྟས་དང་ལྷ་དང་བླ་མའི་བཀའ་ལུང་མཐུན་ཞིང་སྐུ་ཚེ་དུ་མར་གོམས་པའི་བག་ཡོད་ཀྱི་ཀུན་སྤྱོད་ལྷུན་གྱིས་གྲུབ་པའི་དབང་གིས་ཁྲི་ཆེན་དེ་ཉིད་ཀྱི་སྤྲུལ་སྐུར་ངེས་ཤེས་འདྲོངས་པ་བྱུང་། སྐྱབས་མགོན་རྡོ་རྗེ་འཆང་འབུམ་གླིང་གི་གནས་གཟིགས་ལ་ཕེབས་པའི་ལམ་ནས་ཆེད་གཉེར་གྱིས་ཕེབས་ཏེ་གཙུག་ཕུད་བཞེས་ནས་མཚན་འཇིགས་མེད་གྲགས་པར་གསོལ། དགུང་ལོ་ལྔ་བའི་ཚེ་བན་སྒར་དུ་གདན་དྲངས་ནས་དེར་བཞུགས་ཤིང་། དགེ་སློང་བསམ་གཏན་ལས་ཀློག་བསླབས་པས་འབྲི་འདོན་གཉིས་ཀ་ཚེགས་མེད་དུ་བྱང་བ་བྱུང་། དེ་དུས་སྐུ་ན་ཤིན་ཏུ་ཕྲ་ཡང་ཡབ་ཡུམ་སོགས་ལ་ཆགས་ཞེན་གཏན་ནས་མེད་པ་དང་། ཐུགས་རབ་ཤིན་ཏུ་ཆེ་བས་ཡི་གེ་སོགས་ལ་དཔྱད་པ་ཞིབ་མོ་འཇུག་པ་ཞིག་ཡོད་ཅིང་། ཀློག་གི་སློབ་དཔོན་དེ་ལ་ཡི་གེ་ཟེར་བ་འདི་གང་ནས་བྱུང་བ་ཡིན་དྲིས་པས་དབུས་ནས་བྱུང་བ་རེད་ཟེར། འོ་ན་དབུས་ལ་གང་ནས་བྱུང་བ་རེད་དྲིས་པས་ཁོས་ལབ་རྒྱུ་མ་རྙེད་པར་ངོ་མཚར་བ་བྱུང་། དགུང་ལོ་བརྒྱད་པའི་ཚེ་ཁྲི་ཆེན་རྒྱལ་མཚན་སེང་གེ་ནས་རང་གི་བླ་མའི་སྤྲུལ་སྐུ་ཡིན་པའི་གནད་ཀྱིས་ཕུ་དུད་བྱ་བའི་གནས་སུ་དགོངས་ཏེ་རྒྱ་མཁར་སྒར་དུ་གདན་དྲངས།བསུ་བ་རིམ་པར་བཏང་ཞིང་གཟིམས་ཆུང་གི་ཕྱི་ལོགས་སུ་ཁྲི་ཆེན་ཉིད་ཕྱག་འཁར་བསྣམས་ནས་བསུ་བར་བྱོན།ནང་དུ་ཕེབས་ནས་ཁྲི་ཁར་བཞུགས་འཕྲལ་བརྐྱངས་ཕྱག་གསུམ་འཚལ་ནས་མཇལ་ཁ་ཞུས།དེ་དུས་ཁོང་དགུང་ལོ་ཧ་ཅང་མཐོ་བས་ཕྱག་འཚལ་དཀའ་བ་བྱུང་བར་ཞབས་ཕྱི་འགའ་ཞིག་གིས་ཕྱག་གནང་མི་དགོས་འོ་བརྒྱལ་ཞུས་པར་ང་བླ་མའི་སྤྲུལ་སྐུ་ལ་ཕྱག་འཚལ་རྒྱ་བྱུང་བ་འདི་སྐལ་བ་བཟང་གསུངས་ནས་མཇལ་ཁ་ཞུས།དེ་ནས་རྒྱ་མཁར་སྒར་དུ་ཆོས་གྲྭར་ཕེབས་དགོས་ནན་ཅན་སྟབས་དེ་ཉིད་དུ་ཆོས་གྲྭར་ཕེབས་ཤིང་ཁྲི་ཆེན་དེ་ཉིད་ཀྱི་དྲུང་དུ་ཆོས་བཀའ་འགའ་ཞིག་ཀྱང་གསན།བཅུ་གསུམ་པར་སྐྱབས་མགོན་རྡོ་རྗེ་འཆང་དབུས་ནས་མདོ་སྨད་དུ་བྱོན་པར་ཆིབས་བསུར་ཕེབས་ནས་རྩེ་གཞུང་དུ་མཇལ་ཞིང་ཞལ་མཐོང་བ་ཙམ་གྱིས་ཕ་དང་བུ་ཕྲད་པ་ལྟ་བུར་གྱུར།བཀྲ་ཤིས་འཁྱིལ་དུ་ཕེབས་དགོས་གསུངས་པར། སྔོན་གྱི་སྐུ་ཚེ་དུ་མར་འབྲེལ་བའི་ཐུགས་སྨོན་གྱི་བདེན་པ་མངོན་དུ་གྱུར་ཏེ་གསུང་དང་བླངས་མཛད་ནས་དགུང་ལོ་བཅུ་བཞི་བར་གདན་ས་ཆེན་པོ་འདི་ཉིད་དུ་ཞབས་ཀྱི་པད་མོ་ཉེ་བར་བཀོད་ཅིང་། ཧོར་ཟླ་གཉིས་པའི་ཡར་ཚེས་དགེ་བར་རིགས་སྨྲ་བྱེ་བའི་མདུན་ས་གྲྭ་ཚང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས། ཉིན་དེར་མཁས་མཆོག་བྱེ་བས་མངོན་པར་བཏེག་པའི་འཆད་ཉན་ཆོས་ཀྱི་ཁྲི་ལ་སྐྱབས་མགོན་མཆོག་གི་ཞབས་སེན་མངོན་པར་བཀོད་པའི་དྲུང་དུ་གསུང་གི་བདུད་རྩིའི་ཐོག་མ་མྱང་སྟེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་མདོ་སྡེའི་གཏམ་གྱི་བདུད་རྩིའི་ཐོག་མ་ཀུན་ཤེས་ཀོའུ་དཻ་ནྱ་ལ་བསྩལ་པ་དང་ཆོས་མཚུངས་པར་གྱུར།དེ་ནས་བཟུང་དགུང་ལོ་ཉེར་གསུམ་པ་ས་གླང་གི་བར་དུ་བཀྲ་ཤིས་འཁྱིལ་རང་དུ་ཐུགས་སྦྱོང་གཙོ་བོར་མཛད་ཅིང་། སྐྱབས་མགོན་རྡོ་རྗེ་འཆང་གི་སྤྱན་སྔར་ཟབ་རྒྱས་ཀྱི་གདམས་པ་ཡང་མང་དུ་གསན། སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་ཅི་གསུངས་བཀའ་བཞིན་དུ་བསྒྲུབས་པས་ཕྱིས་སུ་སྐྱབས་མགོན་རྡོ་རྗེ་འཆང་གི་ཞལ་ནས། ཧོར་ཚང་གསེར་ཁྲི་ཚང་འདི་བས་ཆུང་དུས་ནས་ངའི་ངོ་དཀར་ནག་འབའ་ཞིག་འཚོས་ཏེ་ངག་གཅོག་མ་མྱོང་གསུངས། རྗེ་འདི་ཉིད་ཀྱི་ཞལ་ནས། སྐྱབས་མགོན་མཆོག་ནས་དེ་ལྟར་གསུངས་པ་དེ་རང་གི་སེམས་ལ་འཛིན་རྒྱུ་ཞིག་ཡིན་གསུངས།སྐྱབས་མགོན་མཆོག་གི་བཀའ་ལྟར་དབུས་སུ་ཕེབས་རྒྱུའི་ཆེད་ས་གླང་ལོར་སོག་ཡུལ་དང་མཛོད་དགེར་འབུལ་སྡུད་ཕྲན་ཚེགས་ཙམ་གནང་ནས་ལྕགས་སྟག་ལོ་གངས་ཅན་མཁས་པའི་མདུན་སར་ཕེབས་ཏེ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ས་ཁྱིའི་ལོ་བར་དུ་བཀའ་པོཏ་ཆེན་པོ་ལྔའི་ཐུགས་གཉེར་རྡོ་རུས་ཐུག་པ་གནང་བས་བསྟན་པའི་གནད་ལ་གཞན་གྱིས་བཀྲི་བར་མི་ནུས་པའི་ངེས་ཤེས་རྙེད།རྗེ་གོང་མ་དེ་ཉིད་རྒྱལ་དབང་གོང་མའི་ཡོངས་འཛིན་དུ་སོང་གཤིས་གཞུང་ས་ནས་གཞན་ལས་ཁྱད་དུ་ཐོན་པའི་བཀུར་གཟོས་ཚད་མེད་པ་གནང་། པོ་ཏ་ལར་པཎ་ཆེན་ཆོས་ཀྱི་རྒྱལ་པོས་རྒྱལ་དབང་མཆོག་ལ་བཀའ་ཆོས་གང་གནང་ཆག་མེད་དུ་གསན་ཅིང་། ལམ་རིམ་ཆེན་མོ་དང་བདེ་ལམ་གྱི་གསུང་བཤད་ལ་ཟིན་བྲིས་ཀྱང་ཁྱད་དུ་འཕགས་པ་ཞིག་བཏབ། བསྟན་པའི་གནད་ལ་ངེས་པ་རྙེད་པ། ལས་འབྲས་ཀྱི་བླང་དོར་ལ་ཅུང་ཟད་ཀྱང་མི་གཡེལ་བ། ཡོན་ཏན་གྱི་གཏེར་དུ་གྱུར་ཀྱང་ཁེངས་དྲེགས་མི་མཛད་པ། ཆོས་དང་སྲིད་ཀྱི་ཆ་ནས་མངོན་པར་མཐོ་ཡང་དམན་ཆ་ལ་དགྱེས་པ་སོགས་བསྔགས་པར་འོས་པའི་ཡོན་ཏན་གྱི་གཏེར་དུ་གཟིགས་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ནས་ཀྱང་དགྱེས་གཟིགས་བླ་ན་མེད་པ་མཛད།དེ་ལྟར་རང་གི་ཡོན་ཏན་དང་གཞན་གྱི་བཀུར་གཟོས་སྐུ་ཕྲེང་རིམ་བྱོན་གྱི་གོ་བབ་གང་ནས་ཀྱང་བླ་ཆེན་སྤྱི་ལུགས་ཀྱི་འགྱིང་བག་ཅིག་འདོར་ན་བཞེད་དགུར་འགྲུབ་མོད་ཀྱང་། དགུང་ལོ་བཅུ་བཞི་བ་ལྕགས་འབྲུག་ནས་སོ་གཉིས་པ་ས་ཁྱིའའི་བར་དུ་མདོ་དབུས་གཉིས་ཀར་རྟག་ཏུ་དམན་ཆ་ཁོ་ན་ལྷུར་བཞེས་ཏེ་ཐོས་བསམ་ལ་བརྩོན་པ་འདི་ནི་སྔོན་གྱི་དམ་པའི་རྣམ་ཐར་རྨད་དུ་བྱུང་བ་དེང་སང་གི་ཆེར་རློམ་རྣམས་ཀྱིས་རྨི་ལམ་ཙམ་དུ་རྙེད་པར་དཀའ་བ་ཞིག་ཏུ་སྣང་། པོ་ཏ་ལར་གནང་བའི་གསུང་མགུར་ལས། སྐྱབས་གསུམ་ངོ་བོ་འཇམ་དབྱངས་བཞད་པ། །གཡམ་ལ་རྒྱུགས་པའི་བླ་མ་མིན་ནོ། །གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི། །ཐར་ལམ་སྟོན་པའི་ས་མཁན་ལགས་སོ། །ཨའོ། །བཀྲ་ཤིས་སྒོ་མང་མ་དགོན་བུ་དགོན། །ཆགས་སྡང་སྤེལ་བའི་རྟེན་གཞི་མིན་ནོ། བླང་དོར་དྲང་ངེས་དགག་སྒྲུབ་བྱེད་པའི། །ཐོས་བསམ་སྒོམ་པའི་འབྱུང་ཁུངས་ལགས་སོ། །ཨའོ། །མཐུན་གྲོགས་ཡང་རྩེ་རྡོ་རྗེ་སྤུན་གང་། །འདི་སྣང་ཞེན་པའི་ཅོལ་ཆུང་མིན་ནོ། །རིམ་གཉིས་ཟབ་མོར་ནང་བྱན་ཆུད་པའི། །གཅིག་ཆོག་ཞེ་ཕུགས་གཏད་ས་ལགས་སོ། །ཨའོ། །གསེར་མདོག་ཅོད་པན་འཆང་བའི་རིང་ལུགས། །འཇོག་ས་བྲལ་བའི་མདོ་མེད་མིན་ནོ། །སྐལ་བཟང་དབང་བོ་ཡང་རབ་རྣམས་ཀྱི། །རྫོགས་བྱང་ཆེན་པོའི་གཞུང་ལམ་ལགས་སོ། །ཨའོ། །བདག་རང་རྣམ་སྣང་དགྱེས་པའི་རྡོ་རྗེ། །བློ་རྩེ་ཞིག་པའི་མགོ་འཐོམ་མིན་ནོ། །གཏན་གྱི་མདུན་༼འདུན༽མ་ཆོས་ལ་གཏད་ནས། །རང་ཚོད་ཐིགས་ལོའི་བན་རྒན་ལགས་སོ། །ཞེས་གསུངས་པ་འདི་བཀའ་སྡེ་སྣོད་གསུམ་གྱི་དོན་ཐམས་ཅད་རང་གི་རྣམ་ཐར་དུ་དྲིལ་ནས་འདོམས་པའི་མན་ངག་ཟླ་བྲལ་དུ་ཤེས་པར་གྱིས། སྔ་ཕྱིར་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན། བ་རི་ཉི་ཐང་བླ་མ་ངག་དབང་དོན་འགྲུབ།བྲག་རྒྱབ་དཔོན་སློབ་བློ་བཟང་ཆོས་འཕེལ་སོགས་ལས་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་ཡང་མང་དུ་གསན། དབུས་སུ་ཐོག་མར་ཕེབས་སྐབས་འབྲས་སྤུངས་ཆོས་སྐྱོང་ལ་སྐྱབས་འཇུག་ཅིག་ཞུས་པའི་ལན་དུ་འཕྲིན་ལས་རྣམ་བཞིའི་སྒོ་ནས་དུས་རྒྱུན་སྡོངས་གྲོགས་བྱེད་གསུངས་པ་ལ། རྒྱུས་ཡོད་རྣམས་ཀྱིས་ཆོས་སྐྱོང་འདིས་འཕྲིན་ལས་བྱེད་ཟེར་རྒྱུ་ཞིག་སྲིད་མཐའ་ཙམ་ལས་མི་འོང་བ་ལ་ད་རེས་འདི་འདྲ་བྱུང་པ་ཡ་མཚན་ཟེར་ཞིང་། ཕྱིས་སུ་ནམ་ཞུས་ན་ཡང་འཕྲིན་ལས་བྱེད་ཟེར་བ་ཞིག་མི་འོང་མི་སྲིད་གསུངས། ས་ཕག་གི་ལོ་མདོ་སྨད་དུ་ཆིབས་བསྒྱུར་བར་ལ་མོ་ཞབས་དྲུང་རིན་པོ་ཆེ་ནས་སྐུ་གོང་མའི་བཀའ་དྲིན་ལ་དགོངས་ནས་བཀུར་གཟོས་ཆེན་པོ་གནང་ཞིང་། ཝང་ནས་ཀྱང་མཐུན་རྐྱེན་ཁུར་བཞེས་གནང་། སྐྱབས་མགོན་མཆོག་ནས་ཀྱང་བསུ་བ་སྔ་ཕྱི་རིམ་པ་དུ་མ་དང་གྲྭ་ཚང་ནས་སེར་སྦྲེངས་རྒྱས་པ་སོགས་བྱེད་དགོས་ཀྱི་བཀོད་ཁྱབ་གནང་བ་ལྟར་ངུར་སྨྲིག་འཛིན་པའི་དགེ་འདུན་ཉིས་སྟོང་གིས་གུས་པའི་བཀུར་སྟི་དང་བཅས་ཧོར་ཟླ་བརྒྱད་པའི་ཚེས་དགུའི་ཉིན་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་དུ་ཕྱག་ཕེབས། སྐྱབས་མགོན་མཆོག་དང་ཞལ་མཇལ་བ་ལ་ཤིན་ཏུ་རིངས་པར་གྱུར་ཏེ་གཟིམས་ཤག་ཏུ་ཡང་མ་ཕེབས་པར་བླ་བྲང་ཐུབ་བསྟན་ཕོ་བྲང་དུ་བྱོན། ཡབ་རྗེ་མཆོག་གི་ཞབས་པད་སྤྱི་བོར་བླངས་ཏེ་ཐེག་པ་མཆོག་གི་ཡོངས་འཛིན་གྱི་བསྟེན་ཚུལ་མཁྱེན་པའི་རྣམ་ཐར་དུ་སྣང་། སྐྱབས་མགོན་མཆོག་ནས་ཀྱང་དགྱེས་ཚོར་ཆེ་བར་མཛད་དེ་རྒྱ་མཚོའི་གླིང་གི་ཚོང་བ་གཉེན་དང་འཕྲད་པའམ་ཕ་དང་བུ་ཕྲད་པ་བཞིན་གསུང་འཕྲོས་ཞིབ་ཏུ་མཛད་ཅིང་ཤངས་ལེན་གྱི་སྟོན་མོ་ཡང་རྒྱས་པར་བསྟབས།ལོ་དེར་བཀྲ་ཤིས་འཁྱིལ་དུ་སྐུའི་བཅད་རྒྱ་ལྟ་བུ་མཛད་ནས་བཞུགས་ཤིང་ལྕགས་བྱིའི་ལོ་སྐྱབས་མགོན་མཆོག་གི་བཀའ་ལྟར་མཛོད་དགེ་སྟོད་དུ་ཕྲག་ལུང་གོང་འོག་ཅེས་སྔོན་གྱི་དམ་པ་རྣམས་ཀྱི་སྒྲུབ་གནས་ཡ་མཚན་ཞིག་ཡོད་པ་དེར་དབེན་གནས་དགའ་ལྡན་རབ་རྒྱས་ཀྱི་གཞི་འདིང་བར་མཛད། སྐབས་སྐབས་སུ་བཀྲ་ཤིས་འཁྱིལ་དུ་བྱོན་ནས་ཡབ་རྗེ་མཆོག་གི་སྤྱན་སྔར་སྒྲུབ་ཐབས་རིན་འབྱུང་། སྣར་ཐང་བརྒྱ་རྩ། འཇམ་དབྱངས་ཆོས་སྐོར་སོགས་ཀྱི་རྗེས་གནང་། མི་འཁྲུགས་པ་ལྷ་དགུ་དང་ལྷ་བཅུ་གསུམ་སོགས་ཀྱི་དབང་། བཀའ་གདམས་གླེགས་བམ། བཀའ་གདམས་གཞུང་དྲུག་སོགས་ཀྱི་ལུང་དང་། གཅིག་བརྒྱུད་ཀྱི་གདམས་ངག་མང་པོ་སོགས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཕ་ཟས་བུ་སྐལ་གྱི་ཚུལ་དུ་བཞེད་དགུར་མནོས་ཤིང་། གསང་ཆེན་གདམས་པའི་གཏེར་མཛོད་བྲག་དཀར་དཀའ་བཅུ་བ་ངག་དབང་གྲགས་པ་རིན་པོ་ཆེའི་དྲུང་ནས་ཀྱང་སྒྲུབ་ཐབས་རྒྱ་མཚོ་སྒྲུབ་ཐབས་བརྒྱ་རྩ་སོགས་ཀྱི་རྗེས་གནང་། རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས། འཁྲུལ་འཁོར་ལྕགས་མཁར། སྦྱིན་སྲེག་སོགས་ཀྱི་ཁྲིད། མགོན་པོའི་བེའུ་བུམ། དབེན་ས་བཀའ་འབུམ་གསུང་འབུམ་མང་པོའི་ལུང་། ཁྲི་ཆེན་བསོད་ནམས་དབང་རྒྱལ་བའི་དྲུང་ནས་ཟབ་ཁྲིད་དུ་མ་དང་གསུང་འབུམ་འགའ་ཞིག་གི་ལུང་། བཀྲ་ཤིས་དགེ་འཕེལ་གྱི་གནས་བརྟན་རི་ཁྲོད་པ་ངག་དབང་མཁྱེན་རབ་ལ་བླ་མ་བྱམས་པ་རིན་པོ་ཆེའི་གསུང་འབུམ། རྗེ་སྐལ་ལྡན་རྒྱ་མཚོའི་མགུར་འབུམ། གཅོད་ཁྲིད། འཕོ་ཁྲིད་ཉམས་མྱོང་མ། གཏུམ་མོ་ཞག་གསུམ་མའི་ཁྲིད་སོགས་མང་དུ་གསན། དོན་གཉེར་ཅན་དུ་མས་ཞུས་ངོར་སྔ་ཕྱིར་ལམ་ཁྲིད་དང་། སྐྱབས་འགྲོའི་ཁྲིད། ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད། འཕོ་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། ཚེ་ཁྲིད།རྗེ་གསུང་འབུམ། རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་པའི་གསུང་འབུམ་སོགས་ལུང་ཁྲིད་དབང་རྗེས་གནང་མཐའ་ཡས་པ་གནང་། དེ་འདྲའི་སྐབས་མ་གཏོགས།ལྕགས་བྱི་ནས་ས་བྱའི་བར་དུ་སྐབས་ཕལ་ཆེར་དབེན་གནས་དགའ་ལྡན་རབ་རྒྱས་རང་དུ་བཞུགས་ནས་ཐུགས་དམ་ཟབ་མོ་གཞན་གྱི་བློར་ཤོང་དཀའ་བ་མཛད་པས་ཉམས་རྟོགས་མངོན་དུ་གྱུར་བའི་ཞལ་བཞེས་ཀྱང་མཛད་སྣང་སྟེ། དེ་ཀའི་སྒྲུབ་ཕུག་ཏུ་བཅད་རྒྱ་ཞིག་གི་སྐབས་སུ་གསུང་མགུར་གནང་བ་ལས། བྲག་ལུང་ཆོས་རྫོང་དཔལ་གྱི་ལྟེ་བའི་སྟེང་། །བྲག་དཀར་ལྷ་རི་སྙིང་བོའི་མགུལ་གྱི་གནས། །མ་བཅོས་ལྷུན་འགྲུབ་རང་བྱུང་ཕུག་འདི་ལ། །སྒྲུབ་ཁངཏིང་འཛིན་ཕུག་ཏུ་ཁོ་བོ་སྨྲ། །བསྔགས་པར་འོས་པའི་དབེན་གནས་དམ་པ་འདིར། །དམ་པ་རིམ་བྱོན་གསེར་རིའི་ཕྲེང་རྣམས་ཀྱིས། །ཡང་ཡང་ཞབས་ཀྱིས་བཅགས་ཤིང་རྗེས་བཟུང་བའི། །བྱིན་རླབས་རྟགས་མཚན་མང་པོ་མངོན་སུམ་སྣང་། །ཞེས་གསུངས་པས་སོ། །ས་བྱའི་ལོ་གཡེར་གཤོང་སྤྲུལ་བའི་སྐུ་དགེ་འདུན་ཟླ་བ་གྲགས་པ་མཆོད་ཡོན་བཀའ་བགྲོས་ཐོག་ནས་ཚོགས་ཆེན་གྱི་ཁྲིར་བསྐོ་བཞག་གནང་ཡང་ཁོང་ནས་གྲྭ་ཚང་ལ་མང་འགྱེད་དང་བཅས་དགོངས་པ་ནན་གྱིས་ཞུས་པ་ལྟར་ཁྲོལ་ཆ་མཛད་དེ་ཡབ་རྗེ་མཆོག་གི་དགོངས་བཅད་ཀྱིས་རྗེ་འདི་བ་ཚོགས་ཆེན་གྱི་ཁྲིར་བསྐོ་བཞག་གནང་བ་ལྟར། ནག་ཟླའི་བཅོ་ལྔའི་དུས་ཆེན་གྱི་ཉིན་འདུས་པ་རྒྱ་མཚོའི་མགོན་དུ་གྱུར། གདན་ས་བ་ལ་ཆོས་སྲིད་ཟུང་གི་ཐུགས་བྲེལ་ཆེ་བའི་སྟབས་ཀྱིས་སྔར་སྐུ་འཁྲུགས་ཀྱི་བསྙུན་གཞི་ཡོད་པ་བབ་ལྕི་བར་སོང་ཡང་དགུང་ཞོགས་ལ་བཞེས་སྨན་རྒྱུན་མི་འཆད་དུ་བསྟེན་ཁོང་ནས་བརྩི་བཞག་འཆག་མེད་དང་། གཏོང་སྒོ་ཡང་སྔར་ལས་མི་ཞན་པ་དངོས་གཙང་བར་མཛད་པ་སོགས་རང་གི་ཕྱག་ལེན་དུ་ཐེབས་དགོས་པའི་རིགས་ལ་གུ་ཡངས་ཕྲ་མོ་ཙམ་ཡང་མི་མཛད་ལ། འགྲིག་འགལ་སོགས་ལ་སྒེར་དམིགས་ཀྱི་ཆོགས་གཏམ་དང་གསུང་ལྕི་བར་གནང་སྟེ། སྲིད་པའི་ཟུག་རྗུ་གཅོད་བྱེད་ལམ། །ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །ཞེས་པའི་ཚུལ་དུ་དགོངས། འོན་ཀྱང་སྐྱེ་བོ་མིག་དང་སེམས་མེད་པ་འགའ་ལ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་། སྣ་མེད་རྣ་སྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར། །ཞེས་གསུངས་སོ། །སྐྱབས་མགོན་མཆོག་ནས་སྔར་མི་ཏྲའི་དབང་གདན་ས་འདིར་གནང་སོང་ཡང་རྡོར་ཕྲེང་གནང་བཞེད་དང་། དགོན་པ་ནས་ཀྱང་ཞུ་མུར་ལུས་ཡོད་པ་འདི་སྐབས་ལྕགས་ཁྱིའི་ལོ་ཆེད་གཉེར་གྱིས་ཞུ་མཁན་བྱུང་བའི་དབང་གིས་གྲྭ་ཚང་ནས་ཀྱང་ཞུ་རྒྱུ་རང་འགྲིག་ཏུ་སོང་བ་དང་། སྔར་དགེ་ལུགས་པ་རང་ནས་བརྒྱུད་པའི་བཀའ་འགྱུར་གྱི་ལུང་རྒྱུན་ཞིག་མདོ་དབུས་གཙང་གསུམ་དུ་འབད་པས་ཚོལ་བ་གནང་ཡང་མ་རྙེད་པ་དེ་འདི་སྐབས་ཆ་ཧར་བཀའ་འགྱུར་བ་གདན་ས་འདིར་ཕེབས་ནས་གནང་རྒྱུ་བྱུང་བ་དང་། བྱམས་སྐུ་མཐོང་བ་དོན་ལྡན་ཡང་སྐབས་འདིར་བཞེངས་པ་སོགས་ཆོས་སྲིད་ཀྱི་འབྱོར་བ་དབྱར་མཚོ་ལྟར་འཕེལ་བ་བྱུང་། ལྕགས་ཁྱིའི་ལོ་རིགས་གྲྭའི་རྗེས་སུ་སྐྱབས་མགོན་མཆོག་གི་དྲུང་དུ་བྱོན་ནས་ཡུལ་དབུས་ན་བླ་མ་ཚོས་རིགས་གྲྭ་གཉིས་བཏང་ཕྱིན་བླ་མའི་གྲས་སུ་ཟུར་བཞུགས་བྱས་ཆོག་པ་ལྟར་བདག་གིས་ཀྱང་རིགས་གྲྭ་གཉིས་སོང་བས་ད་ཆ་ལོ་འདིར་ཁྲི་ཁུར་སྤོས་ཆོག་པ་ཞིག་ཐུགས་རྗེ་ཆེ་དགོས་ཞུས་པར། ཡབ་རྗེ་མཆོག་གི་ཞལ་ནས། དེང་སང་བདག་ཐག་ཉེ་རིང་གང་དུ་སོང་ན་ཡང་ཁྱེད་གདན་སར་བཞུགས་ཡོད་པ་འདིས་སེམས་ཤིན་ཏུ་བདེ་བ་ཞིག་ཡོང་གི་འདུག་པས་རེ་ཞིག་དེ་འདྲ་གསུངས་པའི་བབ་འབྲེལ་མི་འདུག་གསུངས་པར། གསུང་གྱེན་ལྡོག་བྱེད་ཕངས་པ་ཞིག་བྱུང་ནས་རེ་ཞིག་སྡོད་དགོས་པ་བྱུང་ཞེས་ཞལ་ནས་གསུངས། ལྕགས་ཕག་ལོ་དབྱར་དུས་ཤིག་ནས་ད་ལོའི་ལོ་འདི་དུས་ངན་པ་ཞེས་སྐྱོ་བའི་གསུང་ཡང་ཡང་འབྱོན་ཞིང་རེས་འགའ་སྤྱན་ཆབ་ཀྱང་འདོན་པར་སྣང་སྟེ། རྡོ་རྗེ་འཆང་ནས་ཞིང་གཞན་དུ་ཐུགས་དགོངས་གཏད་པ་ཐབས་གང་གིས་ཀྱང་ཟློག་དཀའི་ཚུལ་དེ་དགོངས་པར་སྣང་། ལོ་དེའི་དགུན་སྐྱབས་མགོན་མཆོག་ནས་ཀ་མདོ་བཀྲ་ཤིས་ཆོས་རྫོང་དུ་མཛད་པའི་ཐ་མ་བསྟན་པར། སྐུ་གདུང་གདན་འདྲེན་གྱི་སྐོར་དང་གདུང་མཆོད་ཀྱི་སྐོར་སོགས་ལ་ཐུགས་ཁུར་ཆེ་བཞེས་མཛད། སྔར་ཟླ་མཆོད་གང་ཡིན་ལ་འཇུག་པ་གསུང་རྒྱུན་སྙོམས་པར་བཅད་ཀྱང་སྐུ་སྔ་ཕྱི་གཉིས་ཀྱི་ཟླ་མཆོད་ལ་འཇུག་པ་ཡང་བསྐྱར་ཚུགས་པ་གནང་། ཆུ་བྱི་ལོ་སྨོན་ལམ་གསུང་ཆོས་སོགས་གང་རྒྱས་དང་སྐྱེས་རབས་ཀྱི་བཤད་པ་སོགས་ནམ་མཁའ་ལྟར་རྒྱ་ཆེ་བ་བསྩལ་ཏེ། བསྟན་པའི་ཉི་མ་ནུབ་སོང་དུས་འདིར་ཕྲན་ཚོས་མཛུབ་མོས་གནམ་ག་ལ་ཐེག་རུང་ཐུགས་དགོངས་རྫོགས་ཕྱིར་རང་གིས་གང་ཤེས་ཞུས་པ་ཡིན་གསུངས། ལོ་དེའི་སྔ་མའི་ཆོ་འཕྲུལ་གྱི་བཅོ་ལྔའི་ཉིན་སྐྱབས་མགོན་མཆོག་ནས་བསྟན་འབར་མའི་བསྔོ་བ་རྒྱས་པ་གནང་བ་རྟེན་འབྲེལ་ལ་དགོངས་ནས་ཕྱིན་ཆད་ཀྱང་རྒྱས་པ་བྱེད་དགོས་པའི་སྲོལ་ཚུགས། དཔྱིད་ཆོས་ཀྱི་སྐབས་ཁྲི་ཁུར་འཇོག་པའི་གསུང་གནང་བར། དྲག་ཞན་ཐམས་ཅད་དང་ཁྱད་པར་གྲྭ་མང་གིས་ངུ་ངག་དང་བཅས་བཞུགས་དགོས་ཀྱི་ཞུ་བ་ནན་ཏན་རིམ་བཞིན་ཕུལ་བར། ད་རེས་འདི་བཞིན་བྱས་ན་རང་གཞན་ལ་ལེགས་ཚུལ་སོགས་ཟློག་དཀའ་བའི་གསུང་འགངས་ཅན་དུ་མ་ཕེབས་པས་བྱ་ཐབས་དང་བྲལ། ཡབ་རྗེ་མཆོག་གི་གསུང་ཟུར་སོགས་གང་ཅི་ནས་ད་རེས་ཀྱི་བླ་མ་འདི་གུང་ཐང་རིན་པོ་ཆེར་འོས་གསུངས་ནས་དེ་སྐོར་ལ་ཐུགས་ཁུར་ཆེ་བཞེས་གནང་། གྲྭ་ཚང་ལ་མང་འགྱེད་ཀྱི་ཐོག་བླ་བྲེ་དང་ཞིང་ས་སོགས་སྦྱོར་འཇགས་མཛད། དེ་འཕྲལ་བཅད་རྒྱར་བཞུགས་ཤིང་བར་སྐབས་སུ་རྡོ་རྗེ་ཕྲེང་བའི་དབང་སོགས་ཆོས་བཀའ་མང་དུ་གནང། ཆུ་གླང་ལོར་བྲག་དཀར་རྒྱུད་པའི་ཁྲིར་གདན་འདྲེན་གྱི་ཞུ་བ་ཕུལ་བར་གཉའ་གོང་བྲག་དཀར་གྱི་དབེན་གནས་འདི་ཉིད་འཁོར་ལོ་སྡོམ་པའི་ཕོ་བྲང་མངོན་སུམ་དུ་བཞུགས་པའི་གནས་ཆེན་ཡིན་པ་དང་། གྲུབ་དབང་སྐལ་ལྡན་རྒྱ་མཚོས་ཀྱང་གནས་འདིར་ཉམས་རྟོགས་ཁྱད་པར་ཅན་བརྙེས་པ་སོགས་ཀྱིས་ཐུགས་ཕྲོགས་ཏེ་དབེན་གནས་དེ་ཉིད་དུ་ཐུགས་དམ་མཛད་པར་དགོངས་ནས་ཞལ་གྱིས་བཞེས་ནས་དེར་ཕེབས། འཆད་ཉན་སོགས་བླ་མ་དབུ་མཛད་པས་བཀའ་གནང་ལྟར་བསྒྲུབས་ཤིང་གཏོང་སྒོ་ཆེ་ཕྲ་ཐམས་ཅད་འཕར་མའི་ཚུལ་དུ་གནང་སྟེ། བྲག་དཀར་ལྷ་སྡིངས་ཀྱི་དབེན་གནས་དམ་པར་ལོ་ལྔའི་རིང་ཐུགས་དམ་དམར་བར་མཛད། ཟུར་བཞུགས་མཛད་ནས་གདན་ས་བཀྲ་ཤིས་འཁྱིལ་རང་དུ་ཐུགས་དམ་ཉམས་བཞེས་ལ་ཉིན་མཚན་འཁོར་མོ་ཡུག་ཏུ་གཞོལ་ཞིང་ས་མོ་ལུག་གི་ལོ་ལུང་དང་རིགས་པ་སྨྲ་བའི་དབང་ཕྱུག་སྒྲུབ་པ་སྙིང་བོར་མཛད་པའི་བྱ་བཏང་བཀའ་འགྱུར་པ་འཇིགས་མེད་རབ་རྒྱས་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཡབ་རྗེ་མཆོག་གི་གསུང་འབུམ། རྭ་པོད་ཀྱི་ལུང་སོགས་གསན། མི་ཏྲ་རྡོར་ཕྲེང་སོགས་ཀྱི་དབང་། བརྒྱ་རྩ་གསུམ་དང་རིན་འབྱུང་སོགས་ཀྱི་རྗེས་གནང་། ལམ་རིམ་དང་བསྐྱེད་རྫོགས་ཀྱི་ཁྲིད་སོགས་སྐབས་སུ་གང་བབས་ཀྱི་ཆོས་ཀྱི་འཁོར་ལོས་གདུལ་བྱ་རྣམས་ཡང་དག་པའི་ལམ་ལ་བཀྲི་བཞིན་པར་ཞབས་པད་ལྷུན་ཆགས་པར་བཞུགས་པ་འདི་ལགས་སོ། །དེ་ཡང་སྐྱབས་མགོན་རྡོ་རྗེ་འཆང་ལ་རང་ཉིད་ཀྱི་ཐུགས་ཟིན་པའི་བུ་ཆེན་མང་དུ་ཡོད་ཀྱང་གསང་སྔགས་ཀྱི་བསྟན་པའི་བཀའ་བབས་ནི་རྗེ་འདི་ཉིད་ཡིན་ཏེ། མི་ཏྲ་བརྒྱ་རྩའི་དབང་གནང་སྐབས་རྗེ་འདི་ཉིད་སྐུ་མདུན་དུ་ཕེབས་པར། ཁྱེད་ལ་ཆས་འཇུག་ཨེ་ཡོད་གསུངས། ཡོད་ཞུས་པས་ཅི་འདྲ་ཞིག་ཡིན་གསུངས།ལེགས་པོ་ཞིག་ཡོད་ཞུས་ཀྱང་ངས་ཁྱེད་ལ་ཆས་འཇུག་ཅིག་སྟེར་གསུངས་ནས་ཚེམ་དྲུབ་མ་ཞིག་གནང་། དབང་གི་སྐབས་སུ་སྐྱབས་མཆོག་རང་ཉིད་ཀྱི་མདུན་དུ་ཉར་ཚགས་གནང་ནས་ཉིན་རེ་ཞིང་ཕྱག་ཏུ་བསྣམས་ནས་སྒྲོན་པར་མཛད་པ་མིག་གིས་མཐོང་། དེ་སྐབས་ཡབ་རྗེ་ཉིད་ནས་དཀྱིལ་འཁོར་སྒྲུབ་ལུགས་དབང་རྫས་བཀྲམ་ལུགས་ཚུན་ཆད་ཀྱི་ཕྱག་ལེན་ཤོག་དྲིལ་དུ་བྲིས་ནས་གནང་ཞིང་དབང་སྐུར་ཚུལ་སོགས་ཀྱི་ཞལ་བཀོད་ཀྱང་མང་དུ་བསྩལ། རྒྱལ་བ་རྒྱ་མཚོའི་དབང་གི་ཉིན་དེ་རིང་ཕྱག་ལེན་རྒྱས་པའི་ཉིན་འདིར། བྱུང་ན་སློབ་མ་ཐམས་ཅད་ཁྲུས་སྟེགས་ལ་འགོད་དགོས་པ་ཡིན་ཀྱང་།སློབ་མའི་གཙོ་བོ་གཅིག་ཁྲུས་སྟེགས་ལ་བཀོད་པས་འཐུས་གསུངས་པས། ཚོགས་ཆེན་ཁྲི་རིན་པོ་ཆེ་ནས་གདན་སའི་བབ་དང་སློབ་མའི་བགྲེས་གཞོན་སོགས་ཀྱིས་འོས་པ་ཡིན་ཀྱང་རྗེ་འདི་ཉིད་ཁྲུས་སྟེགས་ལ་བཀོད། རྡོ་རྗེ་འཆང་རང་ཉིད་ཀྱི་སྐུ་ལ་བཞེས་རྒྱུའི་རུས་རྒྱན་རྫོགས་པར་བསྒྲོན། དབང་རྫས་རེ་རེའི་གྲངས་བཞིན་རྗེ་འདི་བ་གཅིག་པུར་ཕྱག་ལེན་ཆ་ཚང་བ་རེ་སྒེར་དུ་ཁྲིད། ཚོགས་པ་ཐམས་ཅད་ཀྱི་སྔོན་དུ་རྗེ་འདི་བའི་ཕྱག་གི་རྡོ་རྗེ་ནས་རྡོ་རྗེ་འཆང་རང་གི་ཕྱག་གཡས་པས་བསྣམས་ནས་ཁྲིད་བཞིན་དུ་སྐོར་བ་ལན་གསུམ་མཛད་པའི་མཐར། ལྷ་ལ་གཏད་པ་སོགས་བ་སྤུ་གཡོ་བར་འོས་པའི་མཛད་པ་མིག་གི་ཡུལ་དུ་གྱུར་ཏོ། །འཕྲལ་སྣང་ལ་ཡང་ཐུགས་ཤིན་ཏུ་སྒམ་པས་ཆགས་སྡང་ཉེ་རིང་གི་གཏམ་ཟུར་ཙམ་ཡང་མི་གནང་ཞིང་དྲུང་དུ་གླེང་པ་ལ་ཡང་ཐུགས་མི་མཉེས་པར་མ་ཟད། བཞེད་དོན་གང་གི་སྐབས་སུ་ཡང་ཐུགས་ལ་བབས་མ་བབས་ཀྱི་གསུང་ཟུར་ཙམ་མེད་པར་བཟང་ངན་ཐམས་ཅད་རྒྱ་མཚོའི་ཀློང་དུ་རྡོ་བ་སྐྱུར་བ་ལྟར་ལྷོད་ཀྱིས་བཞག་སྟེ་དགོངས་པའི་གཏད་སོ་གཡོ་འགུལ་མེད་པར་བཞུགས་ཙ་ན། བཞེད་དགུ་ལྷུན་འགྲུབ་ཏུ་འོང་བ་ཞིག་ཡིན་ཏེ། ཞལ་ནས་ཀྱང་། མཉམ་མེད་ཇོ་བོ་ཆེན་པོས། གང་ཡང་འདོད་ཁར་མི་མཆི་ཕ་རོལ་ལས་ལ་ལྟོས་པས་ལྷོད་ཀྱིས་གློད་ལ་ཞོག། ཅེས་པ་འདི་སེམས་ལ་འཛིན་དགོས་གསུངས།སྐུ་གསུང་ཐུགས་ཀྱི་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦ་གང་ཐུབ་མཛད་པའི་བཀའ་གདམས་གོང་མའི་རྗེས་འགྲོ་མཐོང་ཐོས་དྲན་རེག་འདྲེན་པའི་ཐུགས་རྗེའི་མངའ་བདག་ཉིད་དུ་ཡིད་ཆེས་པར་ཡོད་ཅིང་། ཕུག་རོན་ལ་གནང་བའི་གསུང་མགུར་ལས། ར་བ་ཁོར་ཡུག་འཇའ་ཚོན་ཇི་བཞིན། །ལ་ལ་ཙམ་མིན་རྟག་པར་འདི་བཞིན། །ཤ་ཚའི་སེམས་བསྟུན་བློ་ཕུགས་གཏད་ན། །ས་ལམ་བགྲོད་པའི་ཡིད་སྨོན་འཆའོ། །ཞེས་གསུངས་པས་ཀྱང་ཤེས་སོ།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025

 

བརྒྱུད་འགོད།