བླ་བྲང་​གདན་རབས་བཅུ་དགུ་བ་རྗེ་དཀོན་མཆོག་བདེ་ཆེན།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-02-27 17:01:48     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

         གདན་རབས་བཅུ་དགུ་བ་འགྲོ་བའི་འདྲེན་མཆོག་དཀོན་མཆོག་བདེ་ཆེན་པ་ནི།མཛོད་དགེ་སྨད་ཀྱི་སར་རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ལ་འཁྲུངས། འཁྲུངས་དུས་ཀྱི་རྟགས་མཚན་དང་། ལྷ་དང་ཆོས་སྐྱོང་དུ་མའི་ལུང་བསྟན་ལྟར་རྒྱུད་པ་དཔོན་སློབ་ངག་དབང་དཔལ་ལྡན་པའི་སྤྲུལ་སྐུར་ཐག་བཅད་དེ་བཀྲ་ཤིས་འཁྱིལ་དུ་གདན་དྲངས། འདི་ཀའི་ཆོས་གྲྭར་བླ་ཆེན་དང་སྤྲུལ་སྐུ་སྤྱི་ལུགས་ཀྱི་འགྱིང་བག་སྤངས་ཏེ་སློབ་གཉེར་ཕུར་ཐག་མཛད། ཁྱད་པར་དུ་གྲྭ་ཚང་རང་གི་ཡིག་ཆའི་ཐལ་འཕྲེང་ཟུར་བཀོལ་དུ་མ་དང་། ལེགས་བཤད་གསེར་འཕྲེང་གི་སྐབས་དང་པོ་ཡོངས་རྫོགས། ལེགས་བཤད་སྙིང་པོ་སོགས་ཐུགས་འཛིན་བྱས་ཏེ། སྐྱོར་སྦྱངས་མཚན་སྐྱོང་རྒྱུན་དུ་མཛད། ཞལ་ནས་ཀྱང་། སྟོན་ཀ་དྲོ་གྲང་སྙོམས་ཤིང་ཉིན་མཚན་མཉམ་པ་རིག་པ་དྭངས་པ་སོགས་ཀྱིས་སྐྱོར་སྦྱངས་རྩལ་དུ་བཏོན་པས་སྟོན་ཀ་རེ་རེར་ཡང་མཚན་སྐྱོང་སུམ་ཅུ་རྩ་གྲངས་རེ་གྲངས་བཅད་བྱས་ནས་སོང་བ་ཡིན་ཞེས་ཚོགས་གཏམ་སྐབས་གསུངས། སྐྱབས་མགོན་རྡོ་རྗེ་འཆང་དང་མཆོག་སྤྲུལ་རིན་པོ་ཆེ་ཚངས་སྲས་དགྱེས་པའི་རྡོ་རྗེ་སོགས་ཀྱི་དྲུང་དུ་དབང་ལུང་མན་ངག་མཐའ་ཡས་པ་གསན། མཁན་ཆེན་རྡོ་རྗེ་འཆང་ལ་མི་ཏྲ་བརྒྱ་རྩ་གསན་སྐབས་ཡེ་ཤེས་འབེབས་པའི་ཚེ་ཐལ་སྐད་བཏང་སྟེ་སྡེབ་ལེགས་ ཀྱི་ཚིགས་བཅད་མང་པོ་ཐོགས་མེད་དུ་སྤེལ་བ་ནི་རྒྱུད་ནས་བཤད་ཚོད་ཀྱི་ཡེ་ཤེས་པ་བབས་པའི་འཕྲས་རྟགས་སུ་སེམས། ཡུལ་དབུས་སུ་སྒོ་མང་ཆོས་གྲྭ་ལོ་ངོ་གསུམ་ཙམ་འགྲིམས་ཀྱང་སྐྱབས་མགོན་མཆོག་མདོ་སྨད་དུ་ཕེབས་རྒྱུར་སེམས་སྐྱོ་ནས་གཞན་གྱི་ངག་ལ་མ་ཉན་པར་ནན་གྱིས་མདོ་སྨད་དུ་འོང་བ་ཡིན་ཏེ།མར་ལམ་སྐྱབས་མགོན་མཆོག་གི་ཞབས་ཕྱི་ཐུགས་ཟིན་ངེས་ཤིག་བསྒྲུབ་རྒྱུ་བྱུང་ཞེས་ཞལ་ནས་གསུངས། བཀྲ་ཤིས་འཁྱིལ་དུ་རྒྱུད་ཀྱི་ཁྲི་བ་ལོ་བདུན་མཛད་ཅིང་། ཆོས་རྫོང་གི་རྒྱུད་པ་དང་། བླ་རི་མགུལ་དགོན་པ་སོགས་ལ་ཡང་ཞལ་བདག་རེ་གནང་། སྐྱབས་མགོན་མཆོག་གི་ཞབས་ཕྱིར་རྒྱ་ནག་ཏུ་ཕེབས་སྐབས་དེ་ཕྱོགས་སུ་སྙན་གྲགས་ཆེར་རྒྱས་ཤིང་ཟང་ཟིང་གི་འདུ་འགོད་དབྱར་གྱི་ཆར་སྤྲིན་འདུས་པ་བཞིན་དུ་བྱུང་། སླར་བཀྲ་ཤིས་འཁྱིལ་དུ་བྱོན་ནས་རྒྱུད་ཁང་ཞིག་གསོས་དང་། རུང་ཁང་ཚོགས་ཁྲོ་དང་བཅས་པ། དམ་ཅན་གྱི་བཙན་ཁང་རྟེན་དང་བརྟེན་པར་བཅས་པ་ཡོངས་རྫོགས། རྒྱུད་ཁང་དུ་ཆུ་དར། བླ་རེ། ཆས་འཇུག མཆོད་རྫས་སོགས་སྔ་ཕྱིར་ཕྱག་རྗེས་རླབས་ཆེ་བ་བསྐྲུན། དགོན་པའི་ཤར་རི་མཎྜལ་ཀླད་དུ་གཟིམས་སྤྱིལ་བཏིང་སྟེ་འགོལ་བཞུགས་དང་ཐུགས་དམ་མཛད་ཀྱང་ལུང་བསྟན་འགའ་ཞིག་ལས་གནས་དེར་ཁང་བ་མི་ལེགས་ཞེས་ཡོད་ཚུལ་གླེང་བ་ཐོས་སོ། །བར་སྐབས་སྐྱབས་མགོན་མཆོག་གི་བཀའ་ལྟར་གཙང་དགོན་དང་། བྲག་དཀར་དགོན་གཉིས་འཛིན་མཛད་ཅིང་། བྲག་དཀར་དགོན་པར་འདུ་ཁང་སྤྱི་ཁང་སོགས་གསར་བསྐྲུན་དང་། གཙང་དགོན་པ་ཆོས་སྲིད་གང་ནས་ཀྱང་གྲྭ་ཟུར་མ་ཉམས་པ་མཛད་པས་བཀའ་དྲིན་ཆེ་བར་མགྲིན་གཅིག་ཏུ་གླེང་། དེ་སྐབས་སུ་ཡང་གཉའ་གོང་བྲག་དཀར་དང་གསེར་ཆེན་སྟག་རྫོང་དུ་གྲགས་པའི་བྲག་ཕུག་སོགས་དབེན་གནས་དུ་མར་ཐུགས་དམ་ཉམས་བཞེས་ཉིན་མཚན་ཁོར་མོ་ཡུག་ཏུ་མཛད། སྐབས་ཤིག་ཕྱག་རྫས་གང་ཡོད་གསེར་དུ་བསྒྲིལ་ནས་བྱ་བཏང་གི་ཚུལ་དུ་གནས་སྐོར་མཛད་དེ་མདོ་སྨད་ཀྱི་སྒྲུབ་གྲྭ་བཞི་སྡེ་ཞིག་ཡན་ཆད་ཀྱི་ཆོས་སྡེ་ཆེ་ཕྲ་ཐམས་ཅད་ལ་མང་འགྱེད་སྤྱི་འཇོག་སོགས་བབ་བསྟུན་གྱི་བསྙེན་བཀུར་མཛད་དེ་ཟང་ཟིང་གི་དངོས་པོ་རྫོགས་བྱང་གི་གཏེར་དུ་སྦས། དེ་ཀའི་ཞར་ལ་དན་ཏིག་ཤེལ་གྱི་ཡང་དགོན་སོགས་སྒྲུབ་གནས་དུ་མར་སྐུ་མཚམས་མཛད་དེ་གནས་འབྲེལ་བཞག སླར་གཙང་དགོན་པར་རེ་ཞིག་བཞུགས་སྐབས་བདུད་ཤུལ་ཕྱོགས་ཀྱི་དགྲ་ཇག་གིས་དཔོན་སློབ་ལ་གནོད་འཚེ་ཆེ་བར་བརྟེན། ཟླ་བ་བཅུ་གཅིག་པའི་ནང་དུ་ཇུན་ཝང་ངག་དབང་དར་རྒྱས་ནས་དམག་དཔུང་བཏེག་པ་དང་ལྟན་ཅིག་དེ་ཕྱོགས་སུ་ཕེབས། མགོན་པོའི་གཏོར་ཆེན་མཛད་ཅིང་གོ་རའི་དུག་མཚོའི་ནང་དུ་ཁྲག་གྲོད་པ་གང་བླུགས་ཏེ་དམོད་བཅོལ་མཛད་མ་ཐག་འཁྱག་རོམ་གས་པའི་གསེབ་ནས་ཆུ་ཁྲག་མདོག་གཅིག་འཕྱུར་བས་སྦལ་སྦྲུལ་གྱི་རོ་དུ་མ་ཕྱི་རོལ་ཏུ་ཕུད་པ་དེར་འཁོད་ཚང་མས་མཐོང་། ཆེར་མ་འགྱངས་པར་དམིགས་ཡུལ་རྣམས་ཀྱང་མི་དམིགས་པའི་རྒྱས་ཐེབས་སོ། །ཞལ་ནས། ཁོ་བོས་དམག་མི་རྣམས་ལ་བྲག་དཀར་སྤུན་གསུམ་གྱི་རི་འབེན་དུ་ཞོག་ལ་མེ་མདའ་ཕོངས་ཞེས་ལབ་ཀྱང་ཁོང་ཚོ་སྐྲག་ནས་མ་ནུས། དེ་ལྟར་བྱས་ན་མི་མ་ཡིན་འདི་ཚོ་ལ་བཟོ་རྟ་ཆེར་མེད་ཅེས་གསུངས། ཕྱིས་བྲག་དཀར་གཞི་བདག་ཁོག་ཞུགས་ཀྱིས་དེ་དུས་ཁོང་ཚོ་ཨར་ལ་གཏད་ཚུལ་གྱི་གཏམ་མང་པོ་དང་རྡོ་རྒན་སུམ་སྣ་ན་ཕ་བོང་གཉན་པོ་ཞིག་ཡོད་པ་བར་སྐབས་ཤིག་ནས་མེད་སོང་ཡང་ཕྱིས་སུ་ཀོ་ར་གབ་རོན་ཞིག་ན་ཡོད་པ་མིག་གིས་མཐོང་ཞེས་ཨ་རིག་གི་མིས་བཤད་པ་ལན་གཅིག་མ་ཡིན་པར་ཐོས་སོ། །གཙང་དགོན་གྱི་སྐྱོང་ཁུར་བཞག་ནས་ཀྱང་བྲག་དཀར་ལྷ་ལྡིངས་༼སྡིངས༽སོགས་དབེན་གནས་དུ་མར་སྒྲུབ་པ་སྙིང་བོར་མཛད་བཞིན་པ་ལས་མེ་ལུག་ལོར་སྐྱབས་མགོན་མཆོག་གི་བཀའ་ལྟར་ཚོགས་ཆེན་ཁྲིར་ཕེབས་ཏེ་འཆད་ཉན་དང་གཏོང་སྒོ་སོགས་སྔར་སྲོལ་མ་ཉམས་པ་མཛད། སྔར་དབུ་མ་འཇུག་པའི་སེམས་བསྐྱེད་བཅུ་བ་ཡན་ཆད་ལས་ཚོགས་འདོན་མི་མཛད་ཀྱང་ས་སྤྲེལ་ལོ་རིགས་གྲྭའི་སྐབས་སྐྱབས་མགོན་མཆོག་ལ་དགོངས་བསྟུན་ཞུས་ཏེ་མཇུག་ཡོངས་རྫོགས་ཚོགས་འདོན་དུ་བཙུགས། ཚུགས་སྟོན་དུ་ཐོས་བསམ་གླིང་ལ་ཇ་སྲང་བརྒྱད་རེའི་འགྱེད་བཏང་ཕྱིན་ཆད་འགྲིག་ལྟ་བུ་ཞིག་ཏུ་སོང་། ས་བྱའི་ལོ་དགོངས་པ་ནན་ཞུས་བྱས་ཏེ་ཟུར་བཞུགས་མཛད། དེ་ནས་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་རིབ་ཙམ་ཕེབས་་ཤིང་། ཕལ་ཆེར་མཎྜལ་བདེ་ཆེན་ཀླད་དང་། དོམ་ལུང་སྟག་མོ་རྫོང་སོགས་དབེན་གནས་དུ་མར་འགོལ་བཞུགས་མཛད་དེ་ཞལ་འདོན་དཔེ་གཟིགས་ཕྱག་སྦྱངས་སོགས་དང་ཡིག་དྲུག་ཞལ་འདོན་གཙོ་བོར་མཛད་ཅིང་། ཕྱོགས་གར་ཕེབས་སུ་དགེ་བསྐུལ་མཛད་པའི་མ་ཎི་དང་སྨྱུང་གནས་ཀྱི་ཐོ་ཡི་གེར་བྲིས་པ་ལ་ཡིག་དྲུག་ཐེར་འབུམ་ཆེན་པོ་གཅིག་ལྷག་ཙམ་སྣང་། གསོལ་ཚིགས་ཐམས་ཅད་ཀྱི་རུས་དུམ་བསགས་ནས་གཟུངས་སྔགས་ཀྱི་ཞལ་ཕུ་རྒྱུན་དུ་མཛད་ཅིང་། སྐབས་རེར་རུས་ཆོག་བྱས་ཏེ་བྱེ་མ་རི་རྩེར་འཐོར་བར་མཛད་པ་དང་། རྒྱན་འཇུག མཛོད་རྩ། འཇུག་པ་རང་འགྲེལ་རྣམས་རྒྱུན་དུ་ཞལ་འདོན་མཛད་པ་སོགས་བསྔགས་པར་འོས་པའི་རྣམ་ཐར་གོང་འཕེལ་དུ་བཞུགས་པ་ལས་དགུང་ལོ་དྲུག་ཅུ་བ་མེ་འབྲུག་ལ་ཞི་བར་གཤེགས་སོ།།

  རྩོམ་སྒྲིག་པ།. ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025

 

 

བརྒྱུད་འགོད།