བླ་བྲང་རྒྱུད་སྨད་གྲྭ་ཚང་གི་​གདན་རབས་བཅུ་དྲུག་པ་རྗེ་བློ་བཟང་མཆོག་གྲུབ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-02-19 18:11:48     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

        

                གདན་རབས་བཅུ་དྲུག་པ་རྒྱལ་བའི་སྲས་པོ་བློ་བཟང་མཆོག་གྲུབ་པ་ནི་རྒྱུད་པ་དཔོན་སློབ་རབ་བརྟན་རྒྱ་མཚོ་བའི་དབོན་པོར་རྩེ་གཞུང་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱིར་འཁྲུངས། ཆུང་ངུའི་དུས་ནས་ངོ་མཚར་ཡོན་ཏན་གྱི་ཕུང་བོར་གྲུབ་པ་ཞིག་ཡིན་ཏེ། སྐབས་ཤིག་ཆིང་ཝང་ནས་དབུས་གཙང་དུ་འཁྱེར་རྒྱུའི་གྲྭ་རྒྱུན་བསྡུ་མཁན་གྱི་ཨེལ་ཆི་མངགས་པར། རྗེ་འདི་ཡབ་ཡུམ་གཉིས་ཀྱིས་ས་འགོལ་སར་འབྲོས་བཅུག་པས། ཁོང་ནས་བསམ་བློ་བཏང་བས་དབུས་སུ་སོང་ན་ཆོས་བྱེད་པ་དང་། ཡུལ་དུ་བསྡད་ན་ཕྱུགས་འཆོ་སྐྱོང་བྱེད་དགོས་སྙམ་པ་བྱུང་། དེ་གཉིས་ལས་གང་བཟང་བསམ་ན་ཅིས་ཀྱང་མཐར་འཆི་དགོས་འདུག་པས། འཆི་དུས་བསྐྱུར་ནས་འགྲོ་རྒྱུའི་ཕྱུགས་འཚོ་སྐྱོང་ལས་དེ་དུས་དགོས་པའི་ཆོས་ཤིག་བྱས་ན་བཟང་རྒྱུ་རེད་དེ། འདི་ཚོའི་བློ་རྩེ་ཅི་ཡིན་སྙམ་པ་བྱུང་ཞེས་ཞལ་ནས་གསུངས། ཉིན་གཅིག་ཕུ་བོ་དང་འགྲོགས་ནས་ཉེ་འཁོར་དུ་ཕྱུགས་རྫིར་ཕྱིན་པས་སྐབས་ཤིག་ཕུ་བོ་ན་རེ་ཨ་མ་ཆུ་ལེན་པར་སོང་བས་ངེད་གཉིས་ཡུལ་ལ་འགྲོ་ཟེར་བ་ལ། ཉམས་མཚར་ཡུལ་ཟེར་བ་གང་ལ་ཟེར་བ་ཡིན། ཕ་གཞན་དུ་སོང་། མ་ཆུ་ཁ་ན་འདུག སྦྲ་ཕུག་པའི་མིང་ལ་ཡུལ་བྱས་པ་མ་རེད། དེ་ལས་གཞན་ན་ཡུལ་ཟེར་བ་ཞིག་མི་འདུག་སྙམ་བསམ་བློ་བཏང་བས་ཡུལ་སྟོར་སོང་བའི་སྣང་བ་ཞིག་བྱུང་སྟེ། དེ་ནི་ལྟ་བའི་བག་ཆགས་ཤིག་གི་སྟོབས་ཡིན་ཞེས་ཞལ་ནས་གསུངས། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་པོ་ཏི་ལྔ་ལ་མཁས་པར་སྦྱངས་པས་ཚིག་སྐམ་སྨྲ་བའི་ཁེངས་ལྡན་གྱི་རྟོག་གེ་བ་ཙམ་ཞིག་མ་ཡིན་པར་ངེས་པ་དོན་གྱི་དགེ་བཤེས་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ཞིག་བྱུང་སྟེ་རྡོ་རམས་པའི་མཚན་བཏགས་ཀྱང་མཛད། གསང་སྔགས་ཀྱི་རྒྱུད་སྡེ་གོང་འོག ཐུན་མོང་བའི་རིག་གནས་ཐམས་ཅད་ལ་སྦྱངས་ཤིང་། ཞི་དུལ་གྱི་ཀུན་སྤྱོད། བསླབ་ཁྲིམས་ཀྱི་བསྲུང་མཚམས། སྡེ་སྣོད་གསུམ་གྱི་ཡོན་ཏན་གང་ནས་ཀྱང་བཀའ་གདམས་གོང་མ་རྣམས་ཀྱི་མཆེད་ཟླར་འོས་པ་ཙམ་ཡོད་པས་རྒན་གཞོན་ཐམས་ཅད་ལ་ཁ་ཞེ་མེད་པའི་དད་གུས་ཤིན་ཏུ་ཆེ་བར་སྣང་། བར་སྐབས་ཤིག་གསང་སྔགས་སྨིན་རྒྱས་གླིང་གི་བླ་མ་དབུ་མཛད་པ་ཡང་བྱས། དེ་སྐབས་བྱི་ཚད་ཀྱིས་ཤི་བའི་གཤིན་སྔས་ལ་ཕེབས་པས་མི་གཞན་གྱིས་མ་ལེགས་ཚུལ་ཞུས་པར་སྐྱོན་མེད་མོད། ངེད་ཀྱིས་སྐྱབས་འགྲོ་རྒྱུན་དུ་བྱེད་ཀི་ཡོད་གསུངས་ཏེ་རྣམ་ཐར་ཤིན་ཏུ་ལེགས། གཤིན་སྔས་ལ་ཕེབས་པའི་གཤིན་པོ་ཐམས་ཅད་ཀྱི་མིང་ཐོ་བྲིས་ནས་རང་གིས་བསྔོ་སྨོན་རྒྱུན་མི་འཆད་དང་། གཞན་ལ་ཡང་བསྔོ་བ་ཞུ་བ་སོགས་མཛད། དེ་ནས་སྐྱབས་མགོན་མཆོག་གི་བཀའ་ནན་ལྟར་རྒྱུད་པའི་ཁྲིར་ཕེབས། སྔར་བཀའ་བསྟན་འགྱུར་སོགས་དཔེ་གཟིགས་ཧ་ཅང་ནན་ཆེས་པས་སྤྱན་གསལ་བོ་མིན་སྟབས་བརྩི་བཞག་གཞན་གྱིས་བསྐྱར་ནས་ཐུགས་འཛིན་དང་། འགྲེལ་བའི་བཤད་པ་ཐུགས་ཐོག་ནས་གནང་བ་སོགས་གསུང་རབ་ལ་ནང་བྱན་ཆུད་པའི་མཛད་པ་གསལ་བར་བསྟན། དེ་སྐབས་མི་ཞིག་ཇག་པས་བསད་ཚུལ་གྱི་གཏམ་ཐོས་ཏེ་ཉེ་དུ་རྣམས་ཀྱིས་གདན་འདྲེན་ཞུས་པར་འཕོ་བ་ཞིག་བཏབ་ནས་དེ་མ་ཤི་བ་འདྲ་གསུངས་པ་ལྟར་ཞག་ཁ་ཤས་ཀྱི་འཕྲོ་ནས་སླེབས་བྱུང་བས་ཐམས་ཅད་དད་པ་མངོན་པར་འཕེལ། ཁྲི་ཆེན་བློ་བཟང་སྙན་གྲགས་པའི་དྲུང་དུ་སེ་ར་བ་ལ་གྲགས་པའི་འཕོ་བ་འཇག་ཚུགས་མ་གསན་ནས་བསྐྱངས་སྐབས། ཞལ་ནས་རྣམ་ཤེས་རྡོ་རྗེ་རྩེ་ལྔ་བར་མོས་པའི་སྟབས་རྣམ་རྟོག་གི་ཁྱད་ཀྱིས་སྤྱི་གཙུག་ནས་ཐོན་འགྲོ་རྒྱུ་རེད་སྙམ་པ་འཆར་གསུངས། དུས་རྒྱུན་དུ་སྔ་དྲོ་བདེ་ལམ་དང་འཇམ་དཔལ་ཞལ་ལུང་གི་ཁྲིད་རེས་མོས་དང་། ཕྱི་དྲོ་བདེ་གསང་འཇིགས་གསུམ་གྱི་བདག་འཇུག་རེས་མོས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ཞིག་འབྲལ་སྤང་དུ་བསྣམས་ནས་བསྟོད་སྤྲིན་རྒྱ་མཚོ་ཆག་མེད་མཛད་པ་སོགས་ཐུགས་དམ་ཉམས་བཞེས་བསམ་གྱིས་མི་ཁྱབ་པ་མཛད་ཅིང་། ས་ག་ཟླ་བ་ལ་དཀར་པོ་ཕྱོགས་བརྒྱད་ཆག་མེད་ལྟ་བུ་མཛད་པའི་སྐབས་ཤིག་མནལ་ལམ་དུ་གཟུགས་ཁམས་གནས་རིགས་བཅུ་བདུན་ཡིན་ཟེར་བའི་ལྷ་ཁང་ཡང་ཐོག་རིམ་པ་དེ་སྙེད་ཡོད་པ་ཞིག་ཏུ་རིམ་གྱིས་བྱོན་པ་དང་གཙང་མའི་གནས་ལྔ་ཡིན་ཟེར་བའི་གཞལ་མེད་ཁང་སྔ་མ་ལས་ཀྱང་བཟོ་བཀོད་ཕུན་སུམ་ཚོགས་པ་ལྔའི་ནང་དུ་རིམ་གྱིས་ཞུགས་པ་རྨིས།འགྲེལ་བ་དོན་གསལ་མང་དུ་སྐྱོར་བའི་སྐབས་ཤིག་མནལ་ལམ་དུ་ཉེ་བའི་སྲས་བརྒྱད་སེར་སྦྲེང་གི་ཚུལ་དུ་ག་ཤེད་ཅིག་ཏུ་ཕེབས་པ་ལ་སྤྱན་རས་གཟིགས་ཞལ་ཕྱིར་འཁོར་ནས་ཡང་ཡང་གཟིགས་པས་ཁོང་གི་ཐུགས་ལ་སྤྱན་རས་གཟིགས་ཀྱི་བརྩེ་ཉམས་འདི་འདྲ་ཉེ་སྲས་རྣམས་ལ་ཡང་མི་སྣང་སྙིང་རྗེའི་ལྷ་ཁྱད་པར་ཅན་དུ་གྲགས་པ་ཤིན་ཏུ་བདེན་སྙམ་བྱེད་པ་དང་། ཡང་ཉེ་སྲས་བརྒྱད་དང་རིགས་གསུམ་མགོན་པོས་རང་ཉིད་བཏེག་ནས་བང་ཚད་ལྟ་བ་སོགས་ཡང་ཡང་རྨིས་ཤིང་། ལན་གཅིག་ལྕགས་མཁར་ལ་བཞུགས་དགོས་ཀྱི་ཚགས་བཙུགས་པར་དྲག་ལས་ལ་མི་དགྱེས་པའི་སྟབས་ཀྱིས་གནང་བ་ཞུ་དགོས་དགོངས་པའི་མནལ་ལམ་དུ་ཇོ་བོ་ཨ་ཏི་ཤ་དང་རྗེ་རིན་པོ་ཆེ་གཉིས་བཞུགས་པ་ལ་རྗེ་རིན་པོ་ཆེས་ལྕགས་མཁར་གྱི་སྐོར་ཡིན་རྒྱུའི་གླེགས་བམ་ཞིག་བསྣམས་ནས་འདི་དག་གི་ཚིག་རེ་རེའི་དོན་དུ་བདག་གིས་ངལ་བ་མང་དུ་བྱས་ཀྱང་དེང་སང་ཐམས་ཅད་ཀྱིས་རྩིས་མེད་པར་འདུག་ཅེས་ཞུ་བ་རྨིས་པ་དང་། མགོན་པོའི་བསྙེན་མཚམས་ལ་བཞུགས་སྐབས་ཉིན་གཅིག་སྤྱན་འབྱེད་འཛུམ་གང་བྱས་ཀྱང་དགོན་པའི་རྒྱབ་རི་ལྟ་བུ་ཞིག་གི་ངོས་ཐམས་ཅད་མདོག་ནག་ཅིང་སྤུ་སྡུག་པའི་ཞོལ་ཕོ་མོ་མང་པོས་གང་ཡོད་པའི་སྣང་བ་ཤར་བ་སོགས་དེ་འདྲ་ཤིན་ཏུ་མང་། རྗེ་རང་དང་གྲྭ་ཐོག་གཅིག་པའི་དགེ་བཤེས་བཟོད་པ་རི་ཁྲོད་ཡིད་དགའ་ཆོས་འཛིན་དུ་ལོ་མཚམས་སྐབས་ཞལ་ནས་ཨ་བར་བཟོད་པའི་རྒྱུད་ལ་རྟོགས་པ་ག་འདྲ་ཞིག་སྐྱེས་ཡོད་ཨང་གསུངས་པར། སློབ་མ་རྣམས་ཀྱིས་སྟོང་ཉིད་རྟོགས་ཡོད་མོད་ཞུས་པས། སྟོང་ཉིད་སྔར་ནས་རྟོགས་ཟིན། དེ་ལས་མཐོ་བའི་རྟོགས་པ་ག་འདྲ་སྐྱེས་ཡོད་ཨང་སྙམ་པ་ཡིན་གསུངས་ཤིང་། དགེ་བཤེས་པ་དེ་སྐུ་གཤེགས་སྐབས་རྗེ་འདི་གྲྭ་རྐྱང་ཡིན་ཀྱང་ནང་དུ་གདན་དྲངས་ནས་བྱིན་རླབས་ཞུས་ཏེ་སྨོན་ལམ་བཏང་ནས་སྐུ་གཤེགས་པ་སོགས་ནང་ཕན་ཚུན་གྱི་དག་སྣང་ཤིན་ཏུ་ཆེ་བས་ན་ག་གེ་ར་གླིང་གི་རྣལ་འབྱོར་བའི་ལོ་རྒྱུས་ལྟར་གོ།གཞན་ཡང་ལྟ་བའི་བག་ཆགས་ཡོད་ཚུལ་བཀོད་ཟིན་ལྟར་དང་། ཉེ་དུ་འགས་ལུག་བཤན་པར་བཙོང་བ་ལ་སྐྱོ་ཤས་ཀྱིས་བསྐུལ་བའི་གསུང་མགུར་དུ་བྱང་ཆུབ་ཀྱི་སེམས་ལ་མྱོང་བ་ཐོན་པའི་གསུང་མང་དུ་འདུག་པས། ཐབས་ཤེས་ཁྱད་པར་ཅན་གྱི་བགྲོད་པ་ལ་བརྟེན་ནས་འཁོར་བ་ཕྲ་རགས་ཀྱི་རྒྱ་མཚོ་བརྒལ་བར་ཆས་པའི་རྒྱལ་བའི་སྲས་པོ་ཞིག་ཏུ་གོར་མ་ཆག་ལ། ཆོས་གྲྭར་ཕེབས་སྐབས་སུ་གྲྭ་བ་སློབ་གཉེར་བ་ཐམས་ཅད་ཀྱིས་དཔེ་ཁྲིད་ཞུ་བ་དང་། འགའ་ཞིག་ང་རང་གིས་རྟགས་གསལ་མི་གོ་བར་འདུག་པས་མཆོག་གྲུབ་ཚང་ལ་ཁས་ལེན་ཞུ་དགོས་ཟེར་བ་ཡིན་འདུག་སྟེ། དེ་འདྲ་བ་དེ་ནི་བསླབ་པ་གསུམ་དང་བྱམས་སྙིང་རྗེའི་སྟོབས་སུ་གསུངས་སོ། །སློབ་མ་མང་པོ་ལ་རིག་གནས་ཀྱི་བཤད་པ་གནང་སྐབས་ཤིག་རིག་གནས་འདི་ལ་ཧ་ཅང་ཞེན་པའི་དགོས་པ་མེད་ཅེས་གསུངས་ཏེ། ཇི་སྙེད་རྣམ་པར་འབྱེད་པའི་བློ་གྲོས་མངའ། །ཐུན་མོང་རིག་གནས་གནམ་རུ་སྲ་བ་ཡི། །རྒྱུད་དུ་བཀུག་ནས་རྣམ་དཔྱོད་ལུས་སྟོབས་ཀྱིས། །གང་དུ་འཕེན་པའི་ཉེས་ཅན་འབེན་དེ་གང་། །ཞེས་བསྩལ་པ་སློབ་མ་རྣམས་ཀྱིས་གསུངས་པ་ལྟར་གང་ཤེས་བྱང་ཆུབ་ཀྱི་ལམ་དུ་འཁྱེར་བའི་དམ་པ་ཁྱད་པར་ཅན་ཞིག་ཏུ་སྣང་སྟེ། གསུང་དེ་ཡང་ལྷག་བསམ་རབ་དཀར་གྱི་དྲི་བ་ལྟར་བསམ་དགོས་པ་ཞིག་གོ །རྒྱུད་ཀྱི་ཁྲི་མཛད་སྐབས་ངས་ཡི་གེ་མི་མཐོང་བས་ད་མཛོ་སྔུན་སྦལ་པས་བཅད་དགོས་མི་འདུག་ཅེས་ཡང་ཡང་གསུངས་ཤིང་ཆེར་མ་འགྱངས་པར་ང་བརྒྱད་པ་མེ་བྱའི་ལོ་ཞི་བར་གཤེགས་སོ།

 རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                          དྲ་བའི་སྦྲེལ་ཐགhttp://www.tb1025པཎྜི་ཏ་དཀོན་མཆོག་རྒྱལ་མཚན།

 

བརྒྱུད་འགོད།