བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་བཅོ་ལྔ་བ་རྗེ་བློ་བཟང་སྦྱིན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-11-29 11:34:10     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

གདན་རབས་བཅོ་ལྔ་བ་རིགས་པའི་དབང་ཕྱུག་བློ་བཟང་སྦྱིན་པ་ནི་ཨ་རིག་གི་རུས་ལས་སོག་ཡུལ་རྩེ་གཞུང་དུ་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་ལ་འཁྲུངས། བཀྲ་ཤིས་འཁྱིལ་དུ་པོ་ཏི་ལྔ་ལ་མཁས་པར་སྦྱངས་པས་རིགས་པ་སྨྲ་བའི་སྙན་གྲགས་ཀྱི་དབྱངས་སྙན་མངོན་པར་མཐོ། སྐྱབས་མགོན་མཆོག་གི་མཚན་ཉིད་ཞབས་ཕྱི་དང་རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་ཀྱང་མཛད། ཕྱིས་སུ་དགུང་ལོ་བདུན་ཅུ་རྩ་གྲངས་ཀྱི་སྐབས་ཤིག་ཞལ་ནས། སྔ་མོ་རིགས་ལུང་ཞབས་ཕྱིའི་དུས་བགྲོ་གླེང་ཞིག་བཏང་བས། དམ་བཅའ་བས་ཁྱབ་པ་ཀློང་ན་དངོས་འགལ་དུ་འགྲོ་བ་ཞིག་ལ་ཁྱབ་པ་ཀློང་བྱས་པར། གནས་བརྟན་ཚང་ནས་དེའི་ཁྱབ་པ་ཆོས་ཅན། ཁྱོད་ཀློང་ཚུལ་མེད་པར་ཐལ། ཁྱོད་མེད་པའི་ཕྱིར་གྱིས་ཞེས་བསླབས་པས་ང་རང་གིས་ལབ་རྒྱུ་མ་རྙེད། དེ་ནས་བསམ་བློ་ཡང་མ་བཏང་། ས་ཕྱིས་ཤིག་དྲན་ནས་བསམ་བློ་བཏང་བས། འོ་ན་གང་ཟག་གི་བདག་ཆོས་ཅན། ཁྱོད་འཛིན་ཚུལ་མེད་པར་ཐལ། ཁྱོད་མེད་པའི་ཕྱིར། རི་བོང་རྭ་འཛིན་རྟོག་པའི་ཞེན་ཡུལ་ཆོས་ཅན།ཁྱོད་འཇོག་ཚུལ་མེད་པར་ཐལ། ཁྱོད་མེད་པའི་ཕྱིར་སོགས་རིགས་འགྲེ་མང་པོ་འདུགགནོད་བྱེད་དངོས་ནི་ཐལ་འགྱུར་དེའི་རྗེས་ཁྱབ་རྣལ་མ་ངེས་ན་ཐལ་འགྱུར་དེའི་འགལ་ཁྱབ་རྣལ་མ་ངེས་པས་ཁྱབ་པར་ཐལ་བ་ཡོང་དགོས་གསུངས་ཏེ། ཤིན་ཏུ་རྗེས་སུ་ཡི་རང་བའི་གནས་སོ། །ཚོགས་ཆེན་ཞལ་ངོ་དང་བླ་མ་དབུ་མཛད་ཀྱི་གོ་ས་རིམ་པར་བརྒྱུད་དེ་རྒྱུད་པའི་ཁྲིར་ཕེབས་ཤིང་། འཆད་ཉན་འཕྲོས་པ་སོགས་བླ་མ་གནས་བརྟན་པའི་དུས་ལྟར་མཛད། སྔ་ཕྱིར་ཉིད་ཀྱིས་མགོ་འདྲེན་གནང་སྟེ་རྒྱུད་པ་གྲྭ་ཚང་ནས་སྐྱབས་མགོན་མཆོག་ལ་གསང་བདེ་གཉིས་ཀྱི་དབང་དང་། རིམ་ལྔ་གསལ་སྒྲོན་གྱི་གཟབ་བཤད་རྒྱས་པ་ཞུས་ཤིང་། གསལ་སྒྲོན་གྱི་དཀའ་གནད་དུ་མར་གསུང་འཕྲོས་གནང་བ་ལ་ལན་ཐོགས་མེད་དུ་ཕུལ་པས་དེར་འཚོགས་ཐམས་ཅད་རྣམ་དཔྱོད་ཀྱི་རྩལ་ལ་མགུ་བར་གྱུར། ལོ་གཅིག་སྐྱབས་མགོན་མཆོག་གླིང་བསྲེར་ཕེབས་ནས་བགྲོ་གླེང་གནང་བ་ལ་ཅུང་ཟད་ཀྱང་མི་འཁུམ་པར་ལན་ངར་བོ་འབུལ་བ་ཡང་མངོན་སུམ་གྱི་ཡུལ་དུ་གྱུར་ཅིང་། ཁྲི་ཆེན་བསོད་ནམས་དབང་རྒྱལ་བ་དང་རིགས་པའི་དབང་ཕྱུག་དུས་འཁོར་དཔོན་སློབ་བློ་བཟང་རིན་ཆེན་པ་དང་། རྗེ་འདི་པ་རྣམ་པ་གསུམ་གྱིས་གླིང་བསྲེ་མཛད་སྐབས་ཕྱོགས་གླང་ཆོས་གྲགས་གཉིས་རྩོད་པ་ལ་ཞུགས་ཀྱང་འདི་ལས་ལྷག་པའི་རྩོད་ཚུལ་ཡོད་དམ་སྙམ་པའི་སྣང་བ་འཆར། དེ་ནས་སྐྱབས་མགོན་མཆོག་གི་བཀའ་ལྟར་མཛོད་དགེ་སྟོད་དུ་མཆོད་གནས་ཀྱི་བླ་མར་ཕེབས་ནས་ལོ་ཁ་ཤས་བཞུགས། དེ་སྐབས་དགོན་པར་ཡང་སྔ་ཕྱིར་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་ཤིང་། དངུལ་སྲང་བཞི་བརྒྱ་སྐོར་གྱི་རྒྱུ་ཡོན་སྦྱར་ཏེ་རྗེའི་རྣམ་ཐར་བརྒྱ་དང་བཅུ་གསུམ་པའི་རས་བྲིས་ཡིད་འཕྲོག་པ་ཞིག་བཞེངས་ཏེ་ཆུ་ཡོས་ལོ་འདུ་ཁང་དུ་འཇོག་པ་གནང་། ཤིང་འབྲུག་ལོ་ཁྲི་ཆེན་བློ་བཟང་སྙན་གྲགས་པ་སྐུ་བསྙུང་བ་དང་སྐྱབས་མགོན་མཆོག་དབུས་སུ་ཕེབས་པར་བརྟེན། ཇུན་ཝང་ངག་དབང་དར་རྒྱས་ནས་ཨུཪྒེ་གྲྭ་ཚང་གི་བླ་འཚབ་བྱེད་དགོས་གསུངས་ནས་དེར་ཕེབས་ཤིང་མེ་རྟའི་ལོ་ཁྲིར་བཞུགས། བྱི་བའི་ལོ་ཟུསབཞུགས་མཛད་ཀྱང་ཤིང་སྟག་ལོར་ལྷ་ལྕམ་རིག་འཛིན་དབང་མོ་དབུས་སུ་ཕེབས་སྐབས། སྔར་ཝང་ལ་སྲས་མེད་ཀྱང་ཁྱེད་ཨུཪྒེར་བཞུགས་སྐབས་སྲས་འཁྲུངས་པ་ད་ལྟ་ཡང་སྐུ་ཚེ་བརྟན་པ་དང་། ཝང་རིན་པོ་ཆེ་ཡང་རྒྱལ་ཁབ་པེའི་ཅིང་དུ་ལན་མང་པོ་ཕེབས་སྐབས་སོགས་མགུལ་ཆམ་ཡང་བཞེས་མ་མྱོང་བས་རྟེན་འབྲེལ་ལེགས་ལམ་དུ་གྱུར་བའི་སྟབས། ཡང་སྐྱར་ཨུཪྒེ་གྲྭ་ཚང་གི་ཁྲིར་བཞུགས་དགོས་ཞུས་པར་བརྟེན། སླར་ཡང་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་ལོ་གསུམ་ཙམ་བཞུགས་ཤིང་ད་ལྟ་དགོན་གནས་རང་དུ་ཐུགས་དམ་ལ་བརྩོན་པ་མཛད་བཞིན་པ་ལགས་སོ།

                                                                       །རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025

བརྒྱུད་འགོད།